“ཨ་ཁུ་དཔོན﹙ཨ་མདོའི་ཡུལ་དུ་སྔགས་པ་རལ་ཁུར་ཅན་ལ་དཔོན་ཞེས་བརྗོད﹚། དཔེ་ཆ་རླུང་གིས་ཁུར་ཐལ།”བྱིས་པས་འུར་བརྒྱབ་བྱུང་།
མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་གྱི་འཐོར་རླུང་ལྡོམ་པོ་དེར་ཅི་འདྲའི་ཨུ་ཚུགས་ཆེ་བ་ལ་ཨང་། དེས་ནི་ཡིག་ངོ་མི་ཆོད་ཀྱང་ཨུ་ཚུགས་བྱས་ཏེ་མགོ་སྦྲ་སྨུག་པོའི་འདབ་ཁའི་སྲུབས་ཀ་ནས་འཚངས་ཡོང་ཞིང་། པྲ་ཆལ་ཆེ་བའི་གཟུགས་མེད་ཀྱི་ལས་པས་ཆོས་དཔེ་སྣ་ཐུང་ཚི་སྟུག་སྣེ་ཟད་མ་དེའི་ཤོག་ལྡེབས་དག་ཤོག་སྒྲ་དང་བཅས་ས་རུ་སྤུར་སོང་། སྔོན་ཏག་ཏག་ལ་ཆོས་དཔེ་དུམ་པ་དེ་གསོམ་ཤིང་གི་མདུན་ཅོག་སྣུམ་སྟུག་མ་དེའི་ཐོག་ཁ་ཕྱེ་ནས་བཞག་ཡོད་པ་དང་། ཆབ་གསང་དུ་བསྐྱོད་པའི་བདག་པོ་ཕྱིར་ཡོང་བར་ངང་སྒུག་བྱས་ནས་བསྡད་ཡོད། ཡིན་ནའང་། རླུང་གིས་ད་ལྟར་ཉོག་དྲའི་འདུ་འཛི་བསླངས་སོང་། རླུང་གིས་ད་དུང་ཐབ་ཀའི་མར་སྒྱིད་དུ་བྱི་ལ་སེར་ལྡང་མར་སྙད་རྐོ་བཞིན་པའི་བྱིས་པའི་ཡ་ཐོད་ཀྱི་སྐྲ་ལོ་རིང་བོ་དེ་ཡང་འཕྱོ་ཙམ་འཕྱོ་ཙམ་བྱས་སོང་། དེ་ནས། བྱིས་པས་སྒོ་ཡོལ་ལོགས་སུ་བཀྱགས་ཏེ་སྐེ་ཕྱི་རུ་བསྲིངས་ནས་ཐག་མི་རིང་བའི་དེའུ་འབུར་གྱི་ཕྱོགས་སུ་སྐད་བརྒྱབ་བྱུང་། དེའུ་འབུར་གྱི་འདབས་སུ་མགོ་རུ་སྔགས་དཀྲིས་ཆེན་པོ་བརྒྱབ་ཅིང་བོད་ལྭ་དབོ་ལུག་ཏུ་གྱོན་པའི་རྒྱབ་གཟུགས་ཤིག་རླུང་ཁར་འགྲེང་སྟེ་གཅིན་པ་གཏོང་བཞིན་འདུག
“དེ་དུས་ཕལ་ཆེར་སྟོན་མཇུག་གི་དུས་ཤིག་ཡིན་པ་འདྲ།”གྲྭ་རྒན་བློ་བཟང་གིས་ཆོས་ཀྱི་གླེགས་བུ་དུམ་པ་དེ་གླེགས་རས་དམར་སྨུག་དེའི་ཁུད་དུ་གཅུད་བཞིན་དེ་སྐད་ཁ་བརྡ་བྱས་བྱུང་།
ལོ་ངོ་ལྔ་བཅུའི་དུས་ཚོད་རླུང་གིས་ཁུར་སོང་། དང་ཐོག་སྐད་རྒྱག་མཁན་གྱི་བྱིས་པ་དེ་ངའི་ཁ་གཏད་དུ་སྡོད་སྐབས། ད་ནི་རླུང་གིས་ཉོག་དྲ་ཅི་ཡང་བསྐྱལ་མ་སོང་ཡང་། དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་དེས་ཉོག་དྲ་བསླངས་འདུག དུས་ཚོད་པྲ་ཆལ་གྱིས་དང་ཐོག་གི་བྱིས་པ་དེའི་གདོང་ལ་གཉེར་མའི་རྗེས་ཤུལ་ཕབ་འདུག་ཅིང་། སྨ་ར་དང་སྨིན་མར་ཡང་དཀར་རྩི་བྱུགས་འདུག ཡང་ཞིང་གཡོ་བའི་རླུང་ཡིན་ནའང་འདྲ། སྙོབ་ཏུ་མེད་པའི་དུས་ཚོད་ཡིན་ནའང་འདྲ། དེ་དག་ལ་གཟུགས་ཀྱིས་སྟོངས་ནའང་སྟོབས་ཤུགས་ཀྱིས་ཁེངས་འདུག མ་གཞིར་གཟུགས་ཀྱིས་སྟོངས་པ་དག་ནི་བློ་ཚོད་ཀྱིས་མི་ཐུབ་པ་ཞིག་ཡིན་ནམ།
“དེ་དུས་ཕལ་ཆེར་སྟོན་མཇུག་གི་དུས་ཚིགས་ཤིག་ཡིན་པ་འདྲ།”གྲྭ་རྒན་བློ་བཟང་གིས་དེ་ལྟར་ལབ་ཅིང་སྨ་ར་དཀར་པོ་དེར་བྱིལ་བྱིལ་གཏོང་བཞིན“དཔོན་དྲིན་ཅན་པོས་ངའི་འབོད་སྐད་ཐོས་རྗེས་གཅིན་ཐོག་ནས་ཚུར་འཁོར་ཡོང་། ཁོང་གི་བོད་ལྭ་དམར་སྨུག་དེའི་ཐུ་སྣེ་རླུང་གིས་བསྐྱོད་ཅིང་། ཚུར་ཡོང་བའི་གོམ་པའི་འདེགས་འཇོག་ལ་ཤུགས་ཀྱིས་ཁེངས་འདུག ཚུགས་ཀ་དེ་ད་ལྟ་ད་རུང་མིག་ལམ་དུ་འཁོར་ནས་ཡོང་། ཨང་ཨང་། དཔོན་ཟིལ་རྔམ་ཅན་ཞིག་ཡོད་ཨང་།”གྲྭ་རྒན་བློ་བཟང་གིས་ལག་པ་འདར་སིག་སིག་ངང་གླེགས་ཐག་ལ་མདུད་པ་བརྒྱབ་ཅིང་“དེང་སང་གནའ་མི་དེ་འདྲ་མཐོང་དཀོན་པོ་འདུག”ཟེར།
“ཟུར་རྩྭའི་དཔོན་རྒན་ཟེར་ན་འཕྲང་དམར་ལུང་ཁོག་ཏུ་མཚན་སྙན་ཤིན་ཏུ་ཆེ།མ་གཞི་ནས་ཟུར་རྩྭ་ཚང་ལ་རིག་རྒྱུད་ཡག་པོ་ཞིག་ཡོད་ཅེས་གནའ་མི་ཚོས་བཤད་མྱོང་། ཁྱོད་ཀྱང་……”ངའི་ཁ་གཏད་ཀྱི་གྲྭ་རྒན་གྱིས་དེ་ལྟར་ངའི་མེས་པོ་སྟེ་བདག་ལ་ཆ་རྒྱུས་ཏོག་ཙམ་ཡང་མེད་པའི་ཨ་ཁུ་དཔོན་གྱི་ལོ་རྒྱུས་ཁ་བརྡ་བྱས་བྱུང་། དུས་ཚོད་ནི་གཟུགས་མེད་པའི་རླུང་དང་འདྲའམ། ཁ་བརྡའི་ནང་གླེང་བཞིན་པའི་ཟུར་རྩྭའི་དཔོན་རྒན་ཟེར་བ་དེ་ད་ནི་ཡུལ་ཁམས་འདིའི་ཕྱོགས་གང་ཞིག་ཏུ་ཡལ་ཚར་ནས་མཐོང་རྒྱུ་མི་འདུག རྣམ་ཀུན་རླུང་བུ་རི་སུལ་བརྒྱུད་ནས་གཡུགས་པ་ན་མངོན་པར་གསལ་བའི་རྗེས་ཤུལ་ཅི་ཡང་བཞག་མེད་ཚོད་ཡིན་ཀྱང་། ཐག་རིང་དུ་ཡལ་སོང་བའི་རླུང་དེ་ཡིས་ཅི་ཞིག་ཁུར་སོང་བ་ཁོ་ཐག་རེད། མ་མཐའ་ཡང་རྡུལ་ཕྲ་རབ་ཅིག་ཡིན་ཀྱང་ཁུར་སོང་བ་ངེས་གཏན་རེད།
ད་ལྟའི་བར་དུ། ངའི་སྣང་ངོར་དུས་ཚོད་ཀྱི་རྐང་རྗེས་ལ་ཡིད་འཇོག་ཞིབ་མོ་ཅི་ཡང་བྱ་རྒྱུ་མ་བྱུང་། ང་ཐག་རིང་གི་གྲོང་ཁྱེར་ཆེན་པོ་དེ་ནས་ཕ་ཡུལ་དུ་འཁོར་ཞག་ལ་ཡོང་ཐེངས་རེར། ངའི་ཚོར་སྣང་དུ་རང་གི་ལྟེ་ཁྲག་འཕོ་སའི་རི་གྲོང་སྐྱ་བོ་དེར་མངོན་སུམ་གྱི་འཕོ་འགྱུར་ཅི་ཡང་མི་འདུག འཕོ་འགྱུར་ཅི་ཡང་མེད་པས། ཕ་ས་གོར་མོ་དེ་ཡིད་ལ་འཆར་ཐེངས་རེར་ང་ཡང་ད་ལྟའི་ན་གཞོན་ཕལ་མོ་ཆེ་དང་མཚུངས་པར་ལེ་བདའ་དང་སྐྱོ་སྣང་གིས་ཁེངས་ཡོད་ཅིང་། རེ་ཆད་ཀྱི་མིག་ཟུང་ཞིག་གིས་རང་གི་ཡིན་པར་འདོད་པའི་རིན་ཐང་ཏིལ་འབྲུ་ཙམ་ཡང་རྙེད་མེད། དེ་ལྟ་ནའང་། ཕ་ཡུལ་གྱི་འཇམ་ཐིང་ཐིང་གི་གྱང་ར་སྐྱ་བོ་དེ་དག་གིས་མ་གཞི་ནས་དེ་འདྲ་ཞིག་ཡིན་དགོས་པའི་རྣམ་འགྱུར་ཅིག་བཟུང་འདུག་ཅིང་། རི་དང་ལུང་སུལ་དེ་དག་གྲམ་གཞུང་སྔོན་མོ་དེ། ཐ་ན་རི་སུལ་གྱི་འཕྲེད་ལམ་སྐྱ་བོ་དེའི་འགྲམ་གྱི་རྡེའུ་འབུམ་དེའི་རྡེའུ་དཀར་དེ་དག་གི་གྲངས་ཀ་ལ་ཡང་འགྱུར་བ་ཅི་ཡང་མེད་པ་ལྟར་སྔར་མལ་དུ་ང་ལ་བསུ་བ་བྱེད། རི་སུལ་གྱི་འཕྲེད་ལམ་སྐྱ་བོ་དེ་དེད་ནས་ཇ་ཡུན་ཙམ་བསྐྱོད་ན་ལུང་བའི་ཕུ་རུ་སླེབ་ཐུབ་པ་དང་དེ་རུ་གྲྭ་ཤལ་སྐྱ་བོ་ཁ་ཤས་ཁ་ལྷོ་ལྟར་ཆགས་ཡོད་ལ། གསེར་འོད་གཉོམ་པོར་འཕྲོ་བའི་རྒྱ་ཕིབས་ཀྱི་འོག་ཏུ་འདུ་ཁང་ཆུང་ཆུང་ཞིག་དང་། དེའི་མདུན་དུ་བསང་ཁྲི་ཆུང་ཆུང་ཞིག བསང་ཁྲིའི་ཉེ་འཁོར་དུ་ཁྱི་ལྡོམ་ཁ་ཤས་ཀྱིས་མགོ་བོ་སར་བཞག་ནས་ཉལ་འདུག ང་ནི་འཕྲེད་ལམ་སྐྱ་བོ་དེ་དེད་ནས་དགོན་པར་ཡོང་བ་དང་། གྲྭ་རྒན་བློ་བཟང་གི་གྲྭ་ཤག་ཏུ་འཛུལ་ནས་ཡུན་རིང་འགོར་སོང་།
“ཁྱོད་ཀྱང་ད་ལྟའི་འདི་འདྲའི་དཔེ་ཆ་པ་ཞིག་ཏུ་གྱུར་པ་ལ་ཡང་གཅིག་བཤད་ན་མི་རྒྱུད་འདེད་ཀྱི་ཡོད་པ་རེད།”གྲྭ་རྒན་བློ་བཟང་གིས་དེ་ལྟར་བཤད་བྱུང་། གྲྭ་རྒན་བློ་བཟང་དང་ངེད་གཉིས་ཁོང་གི་གྲྭ་ཤག་དེའི་ཚ་ཐབ་ཏུ་ཁ་གཏད་ལ་བསྡད་ནས་ཁ་བརྡ་བྱེད་ཐེངས་རེར། ངའི་སྣང་བ་ཞིག་ལ་དུས་ཚོད་ཀྱི་རླུང་བུ་དེ་ངེད་གཉིས་སྡོད་སའི་གྲྭ་ཤག་དེར་གཏན་ནས་གཡུགས་མ་མྱོང་བའི་འཁྲུལ་སྣང་སྐྱེས། དོན་དམ་དུ། ང་ཤར་གྱི་གྲོང་ཁྱེར་ཆེན་པོ་དེ་རུ་སུས་ཀྱང་བརྗེད་སོང་བའི་ཅ་ག་ལྟར་ལུས་རྗེས། ཕ་ཡུལ་དུ་འཁོར་ཞག་ཏུ་ཡོང་ཐེངས་ཤིན་ཏུ་ཉུང་། ཐེངས་སྔོན་མར་ཡོང་བ་ཡང་ཕལ་ཆེར་ལོ་གཉིས་ཀྱི་ཡར་སྔོན་རེད། ཡིན་ནའང་། ང་གྲྭ་ཤག་དེའི་ཚ་ཐབ་ཐོག་གྲྭ་རྒན་བློ་བཟང་གི་ཁ་གཏད་དུ་སྡོད་སྐབས། བྱུང་རིམ་དང་རྣམ་པ་ཡོད་ཚད་ལོ་གཉིས་ཀྱི་ཡར་སྔོན་ནམ་ཡང་ན་དེ་ལས་ཀྱང་སྔ་བའི་དུས་སྐབས་དེ་དག་བསྐྱར་དཔར་བྱས་པ་དང་ཤིན་ཏུ་མཚུངས་ཤིང་། དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་དེ་ངའི་འདུ་ཤེས་སུ་ཡོངས་སུ་འཁྲུགས་སོང་། དབེན་འཇགས་ཀྱི་གྲྭ་ཤག་དེ། གཙང་དག་ཡང་དག་གི་ཁང་མིག་དེ། བདུག་སྤོས་ཀྱི་བསུང་ངད་དེ། མཐིལ་ཤིང་སྐྱ་བོ་དེ། ཕྱིས་ནས་འོད་ཡུག་ཡུག་བྱེད་པའི་ཆ་སྒམ་དེ། ཚ་ཐབ་དེ། མདུན་ཅོག་དེ། ཆོས་དཔེ་དེ། གྲྭ་རྒན་དེ། དེ་ཡོད་ཚད་ཅི་འདྲའི་རྒྱུས་ཡོད་ཅིག་རེད་ཅང་། ཐ་ན་སྒེའུ་ཁུང་བརྟོལ་ནས་འཕྲོས་ཡོང་བའི་ཉི་ཐིག་དེ་དང་། ཉི་ཐིག་གི་ནང་དུ་སོག་སོག་འགུལ་བའི་རྡུལ་ཕྲན་དེ་དག་དཀར་ཡོལ་འབྲུག་རིས་མ་དེ། དེ་དག་ཡོད་ཚད་ལ་ཡར་སྔོན་ལྟར་འགྱུར་བ་ཅི་ཡང་མི་འདུག འགྱུར་བ་ཅི་ཡང་བྱུང་མེད་པ་ཡིན་ནམ། གལ་ཏེ་དུས་ཚོད་ཀྱི་རླུང་ཤ་དེ་གཡུགས་ནས་སོང་མྱོང་ཚེ། ཅི་ཞིག་ཁུར་སོང་བ་ངེས་གཏན་ཡིན། ངས་ཕྱིའི་བཀོད་པ་དག་བསྐྱུར་ཏེ་གྲྭ་རྒན་བློ་བཟང་ལ་ཞིབ་ཏུ་བལྟས་དུས་གཞི་ནས་དུས་ཚོད་ཀྱིས་ཅི་ཞིག་ཁྱེར་སོང་བ་ཚོར། ཁོང་གི་མིག་ཟུང་གི་འོད་མདངས་ཅུང་ཟད་ཡུལ་འདུག་ལ། སྨ་ར་སྔར་ལས་དཀར་ཞིང་། གདོང་གི་གཉེར་མ་ཡང་མངོན་སུམ་དུ་ཇེ་མང་ཇེ་ཟབ་ལ་སོང་འདུག
“ད་ལོ་ཁྱོད་ལ་ཡང་ཚོ་སོགས་པའི་བཟོ་ལྟ་ཞིག་མངོན་འདུག”གྲྭ་རྒན་བློ་བཟང་གིས་ཀྱང་ངའི་འགྱུར་བ་ཚོར་ནས་དེ་སྐད་ལབ་ཅིང་“ད་ནི་དཔོན་དྲིན་ཅན་པོའི་བྱད་གཟུགས་དང་འདྲ་འདྲ་ཡོང་གིན་འདུག”ཟེར།
“དཔོན་དྲིན་ཅན་པོ་ཁྱོད་ཀྱི་ན་ཚོད་འདི་འདྲའི་སྐབས་སུ། ཏག་ཏག་ལ་ལྔ་བཅུ་ང་བརྒྱད་ལོར་ཁེལ་ཅིང་། དེ་དུས་ཚྭ་འདམ་གཞོང་བར་བཙོན་ལ་ཁྲིད……”གྲྭ་རྒན་བློ་བཟང་གིས་ཐེངས་སྔོན་མར་ང་ལ་བཤད་མྱོང་བའི་ངའི་མེས་པོ་དེའི་ལོ་རྒྱུས་བསྐྱར་བཤད་བྱས་བྱུང་། རྒྱུ་མཚན་ཅི་ཞིག་ཡིན་པ་མི་ཤེས་ཀྱང་། ངའི་མེས་པོའི་མི་ཚེའི་ལོ་རྒྱུས་དེ་ཡར་སྔོན་གྲྭ་རྒན་བློ་བཟང་གིས་ངག་ནས་ཐོན་ཐེངས་རེར། ངའི་སེམས་ཀྱི་ཁ་ཤུན་ཞིག་ནས་གནས་སྐབས་ཀྱི་རླབས་རིས་ཤིག་མ་གཏོགས་མི་ལང་མོད། ལོ་འདི་གཉིས་ཀྱི་རིང་ལ་ང་ཐག་རིང་དུ་སྡོད་ཀྱང་སེམས་སུ་རྒྱུན་པར་གྲྭ་རྒན་བློ་བཟང་གི་གྲྭ་ཤག་དེ་ཡང་ཡང་འཁོར་ཅིང་། གྲྭ་རྒན་བློ་བཟང་གི་ཁ་བརྡའི་ཁྲོད་ཀྱི་ངའི་མེས་པོ་དེའི་མི་ཚེའི་ལོ་རྒྱུས་དྲན་ཡོང་ལ། འཁྱོམ་འགུལ་དྲག་པོ་ཞིག་གིས་སེམས་ཁ་བདེ་ལ་འབབ་མི་ཐུབ།
གྲྭ་རྒན་བློ་བཟང་གི་ཕྱིར་དྲན་ལྟར་ན། ངའི་མེས་པོ་དེ་ཡིན་ངེས་པ་ནི་ངའི་ཕ་དྲིན་ཅན་པོའི་ཨ་ཞང་ཡིན་པ་འདྲ། དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་དེའི་བཀོད་སྒྲིག་གི་དབང་གིས་མེས་པོ་དེ་དང་ངེད་གཉིས་ཡུལ་དུས་ཀྱི་བསྣོལ་མཚམས་དེ་ནས་སྔ་ཕྱི་ཤོར་སོང་བས། ང་འཇིག་རྟེན་མི་ཡུལ་འདིར་བསླེབས་དུས་ཁོང་འཇིག་རྟེན་གཞན་ཞིག་ལ་ཕྱིན་འདུག་ཅིང་། ཕ་ས་གོར་མོ་འདི་ན་ཁོང་དུས་ཚོད་ཀྱི་རླུང་གིས་ཁུར་ཟིན་འདུག
ཡིན་ནའང་། གྲྭ་རྒན་བློ་བཟང་གིས་ཟུར་རྩྭའི་དཔོན་རྒན་ཐག་རིང་དུ་གཏན་ནས་སོང་མེད་རབས་ཟེར། “ཁོང་གི་རྣམ་ཤེས་སྦྲང་མ་འདྲ་བོ་དེ།”གྲྭ་རྒན་བློ་བཟང་གིས་འདར་སིག་སིག་གིས་ཇ་དཀར་ལག་ཏུ་བླངས་ཏེ་ཇ་ཁར་གཡེང་བའི་འབྲི་མར་སེར་པོ་དེར་ཕུ་འདེབས་བཞིན“ཁོང་གི་རྣམ་ཤེས་སྦྲང་མ་འདྲ་བོ་དེར་གར་འགྲོ་གང་འདུག་གི་རང་དབང་འབྱོར་ཡོད་པས། ཐག་རིང་ལ་གཏན་ནས་སོང་མེད།”ཡིད་ཆེས་བརྟན་པོ་ཞིག་གིས་གྲྭ་རྒན་བློ་བཟང་གི་རྣམ་འགྱུར་དད་པས་ཁེངས་འདུག ཁོས་ག་ལེར་ཇ་དཀར་མདུན་ཅོག་ཏུ་བཞག་ཅིང་། དེ་ནས་གསང་བ་ཅི་ཞིག་བརྗོད་འདོད་ཀྱི་ཉམས་འགྱུར་གྱི་ལུས་ནང་དུ་སྒུར་པ་དང་། མགོ་བོ་མདུན་ལ་གཏུགས་ཏེ་ཡར་སྔོན་གཟི་མདངས་ཉམས་པའི་མིག་ཟུང་རིག་རིག་བྱེད་བཞིན་ངའི་གདོང་ལ་ཞིབ་ལྟ་བྱེད་ཅིང་། དེ་ནས་“ཁྱོད་ཀྱིས་བྱ་སྟོར་ཐེངས་དེ་དྲན་ནམ”ཟེར། ཁོའི་མིག་མདངས་དེས་ངའི་མིག་ལ་ཡུད་ཙམ་བལྟས་ནས་བསྡད། དེ་ནི་ཅི་ཞིག་གི་མཐིལ་བརྟོལ་ནས་གང་ཞིག་འཚོལ་བའི་མིག་མདངས་རྣོན་པོ་ཞིག་རེད། ང་ལ་ཁ་གཏད་ཀྱི་གྲྭ་རྒན་དེས་རང་གི་སེམས་ཀྱི་ཆེས་རྣོ་ས་ཞིག་ལ་བལྟས་བྱུང་བའི་ཚོར་བ་བྱུང་། དོགས་མི་བདེ་བར་གྱུར། དེ་ལྟར་སྡོད་པའི་རིང་ལ་གྲྭ་རྒན་བློ་བཟང་གི་གདོང་དུ་མཐོང་དཀོན་པའི་པྲ་ཆལ་གྱི་འཛུམ་ཞིག་ལངས་ཤིང་། དེ་ནས་གད་མོ་དང་བཅས་ཏེ་“བྱ་སྟོར་ཐེངས་དེ་སུ་ཞིག་གིས་བརྗེད་སྲིད་དམ”ཟེར།
“དཔོན་དྲིན་ཅན་པོ་བྱ་སྟོར་བྱས་པའི་ཕྱི་ལོར། ཟུར་རྩྭ་ཚང་ལ་བུ་ཆུང་གསེར་གྱི་རྡོ་ལི་འདྲ་བོ་ཞིག་སྐྱེས་སོང་།”གྲྭ་རྒན་བློ་བཟང་གིས་ཡར་སྔོན་ང་ལ་ལབ་མྱོང་བའི་སྐད་ཆ་དེ་དག་བསྐྱར་ཟློས་བྱེད་མགོ་བརྩམས། ཁོ་ནི་གནའ་ཡི་ལོ་རྒྱུས་འཆད་པར་སྤྲོ་སྣང་གིས་ཁེངས་པའི་བགྲེས་པོ་ཞིག་རེད། ཁོང་གི་ཡིད་དུ་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་མི་དེ་དག་དང་བྱུང་རིམ་དེ་དག་ཕྲ་ཞིང་ཞིབ་པར་ཉར་འདུག་པ་ནི་ཧ་ལས་དགོས་པའི་ཚད་དུ་གདའ་ཞིང་། དེ་ནི་ཁོ་ཁ་སང་སོ་མར་ལོ་བཅུ་ཕྲག་འགའི་ཡར་སྔོན་གྱི་དུས་ཚོད་ཀྱི་སྲུབས་ཀ་ཞིག་ནས་ཕྱིར་བུད་པ་དང་འདྲ་ཞིང་། ཡང་ན་ཁོ་ཏག་ཏག་ལ་དུས་སྐབས་འདིར་ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་གྱི་དུས་ཚོད་དེར་འདྲེས་ཤིང་སིམ་ནས་བསྡད་ཡོད་པ་དང་ཡང་འདྲ།
“ཁྱོད་སྐྱེས་མ་ཐག་གཡེར་བྱས་པས་རྣ་སུན་ཆེན་པོ་བསྐུར་སོང་།”གྲྭ་རྒན་བློ་བཟང་སྤྲོ་སྣང་གིས་གད་མོ་དགོད་བཞིན“ཅི་ཁག དཔོན་དྲིན་ཅན་པོ་དེ་ཡང་ཆོས་འདོན་ཤེད་ཆེ་བ་ཞིག་ཡིན་པས། ལུས་རྟེན་བརྗེས་ཀྱང་གོམས་གཤིས་ཁ་ཤས་ཤིག་ནི་རྡོ་ལ་བརྐོས་པའི་རི་མོ་བཞིན་བག་ཆགས་ཟབ་པོ་ཡོད་ངེས”ཟེར། དང་ཐོག ང་གྲྭ་རྒན་བློ་བཟང་གི་ཁ་བརྡ་བྱེད་སྟངས་དེ་ལ་གཏན་ནས་མི་ལོབས། ཁོའི་སྨྲ་བརྗོད་དུ་མི་གཉིས་ཀྱི་ལོ་རྒྱུས་མི་གཅིག་གི་ལོ་རྒྱུས་སུ་གྱུར་ཞིང་། ཟུར་རྩྭའི་དཔོན་རྒན་དང་ངེད་གཉིས་ཟུར་གཉིས་ནས་ངོས་གཅིག་ཏུ་གྱུར་སོང་།
དང་ཐོག ངས་གྲྭ་རྒན་བློ་བཟང་གི་ཁ་བརྡའི་ནང་དོན་གསལ་བོར་མ་གོ་ཡང་། ཕྱིས་སུ་ཁོས་ཁ་ཇེ་གསལ་དུ་བཏང་ནས་“དཔོན་དྲིན་ཅན་པོའི་རྣམ་ཤེས་སྦྲང་མ་འདྲ་བོ་དེ་བར་དོའི་འཕྲང་ལམ་རིང་མོ་འགྲིམ་དུས་ཕྱིར་འཁོར་སོའི་ལམ་ཀ་རྙེད་སོང་། དེ་ནི་རྣམ་ཤེས་གར་འགྲོ་གང་འདུག་ལ་རང་དབང་འབྱོར་པས་ཡིན་ལ། མཐར་གཏུགས་ན་རང་ས་རང་ཡུལ་རང་མི་བསྙེགས་ནས་འཁོར་ཡོང”ཞེས་བརྗོད་བྱུང་།
“ཕྱིར་འཁོར་ཏེ་ཡོང་དུས་རབ་ཡིན་ན་དཔྱིད་དབྱར་ཞིག་ལ་ཁེལ་ན་ཡག དེ་མིན་རྣམ་ཤེས་ཀྱི་སྦྲང་མ་འབབ་སའི་མེ་ཏོག་རྐང་ཞིག་ཀྱང་རྙེད་རྒྱུ་མ་རེད།”ངས་དེ་ལྟར་ཀུ་རེ་བརྩེས།
“ཁྱོད་འདི། ད་དུང་ཡང་བན་རྒན་ང་ལ་སྙད་རྐོ་རྒྱུ་འགྱུར་མི་འདུག”གྲྭ་རྒན་བློ་བཟང་གིས་ངོ་ཤེས་རྙིང་བ་ཞིག་ལ་ཁ་བརྡ་བྱེད་པ་ལྟར་ལབ་བྱུང་།
“ངས་ནམ་ཞིག་ཁྱེད་ལ་སྙད་བརྐོས་སམ།”ངས་སླར་ཡང་དེ་ལྟར་ལབ།
“དཔོན་དྲིན་ཅན་པོའི་རྣམ་ཤེས་སྦྲང་མ་འདྲ་བོ། སླར་ཡང་ཟུར་རྩྭ་ཚང་གི་གསར་བཞད་མེ་ཏོག་དེའི་སྟེང་བབས་སོང་བ་འདི་རེད། ཨོཾ་མ་ཎི་པདྨེ་ཧཱུྃ།”གྲྭ་རྒན་བློ་བཟང་གིས་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་བྱས་བྱུང་།
“……”ངས་སྐད་ཆ་དེར་ལན་ཅི་ཡང་མ་བཏབ། དོན་དམ་དུ་ངས་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས། དེ་ནི་ལོ་གང་མང་གི་ཡར་སྔོན་ཞིག་ཡིན་ལ། དེ་དུས་ང་ལྟེ་ཁྲག་འཕོ་སའི་ཕ་ས་གོར་མོ་དེ་ནས་ལམ་ལ་ཆས་རྩིས་ཡོད་ཅིང་། ལམ་ལ་མ་ཆས་པའི་སྔོན་དུ་ང་འཕྲེད་ལམ་བརྒྱུད་ནས་དགོན་པར་ཐེངས་ཤིག་ཕྱིན་པ་ཡིན་ལ། དེ་དུས་གྲྭ་རྒན་བློ་བཟང་གིས་ང་ལ་ཐོག་དང་པོར་ཁ་གསལ་བོས་ངའི་རྣམ་ཤེས་འདི་ཟུར་རྩྭའི་དཔོན་རྒན་ལས་འཕོས་པའི་སྐོར་ཁ་བརྡ་བྱས་བྱུང་།
ང་བྱིས་པ་ཡིན་དུས། གྲོང་ཚོའི་ནང་གི་ལོ་ལོན་ཚོ་ཉིན་ཁར་བསྡད་དེ་མ་ཎི་འཁོར་ལོ་སྐོར་བཞིན་འདུག སྣང་བ་ཞིག་ལ་དེ་དུས་དུས་ཚོད་ཀྱི་རླུང་བུ་ད་ལྟའི་འདི་འདྲའི་མགྱོགས་མོ་ཞིག་མིན་པ་འདྲ། ཉིན་མཚན་ནི་རྒན་པོ་ཚོའི་ལག་ཏུ་སྐོར་བའི་མ་ཎི་འཁོར་ལོ་དང་འདྲ་བར་བསྐྱར་ཟློས་དང་མཐའ་མེད་དུ་འཁོར་ཅིང་། ང་ནི་ལོ་ལོན་དེ་དག་གི་མཐའ་ནས་རིམ་གྱིས་ནར་སོན་པ་ཡིན།
ལོ་ལོན་ཚོས“ཁྱོད་ཨ་ཁུ་དཔོན་གྱི་རྣམ་ཤེས་ཡིན”ཟེར།
ཡང་རྒན་པོ་ཚོས་ང་ལ་“ཟུར་རྩྭའི་དཔོན་རྒན། ཚུར་ཤོག་དང་མ་ཎི་མཉམ་དུ་འདོན”ཟེར།
དེ་དུས་ངས་སྐད་ཆ་དེ་དག་ལ་སྣང་འཇོག་ཅི་ཡང་མ་བྱས། ངས་རྣམ་ཤེས་ཟེར་བའི་ནང་དོན་ཁྱོན་ནས་གོ་མ་བྱུང་།
“ཨ་ཁུ་དཔོན། དཔེ་ཆ་རླུང་གིས་ཁུར་ཐལ།”གྲྭ་རྒན་བློ་བཟང་ངའི་ཁ་གཏད་དུ་བསྡད་དེ་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་གྱི་སྟོན་མཇུག་གི་ཉིན་མོ་དེ་ཁ་བརྡ་བྱས་བྱུང་།
སྟོན་མཇུག་དེར། ཟུར་རྩྭའི་དཔོན་རྒན་འབྲོག་ཁྱིམ་ཞིག་གིས་བཅའ་བ་རིམ་གྲོ་ཞིག་བསྲིབ་པར་གདན་དྲངས་ཤིང་། ཟིལ་རྔམ་ཆེ་བའི་དཔོན་རྒན་དེས་སྐད་ཤུགས་ཆེན་པོས་ཆོས་བཏོན་ནས་ཉིན་ཕྱེད་ཅིག་འདས་པ་ན། ཁྱིམ་བདག་མས་གསོལ་ཇ་དྲངས་པ་མང་དྲགས་པས་གཅིན་སྦོས་ནས་ཆབ་གསང་དུ་ཡང་ཡང་བསྐྱོད་དགོས་བྱུང་། དེའུ་འབུར་གྱི་འདབས་ལ་གཏད་ནས་གཅིན་པ་ཤག་སེ་གཏོང་སྐབས་སྟོན་རླུང་གྲང་མོ་ཞིག་གཡུགས་ཡོང་སྟེ་ཟུར་རྩྭའི་དཔོན་རྒན་གྱི་གཡེང་ཤམ་བྱས་ཡོད་པའི་བོད་ལྭའི་འདབས་ཁ་འཕྱོ་ཙམ་འཕྱོ་ཙམ་བྱས་བྱུང་། སྐབས་དེར་ཟུར་རྩྭའི་དཔོན་རྒན་གྱིས་རྒྱབ་ཕྱོགས་ཀྱི་སྦྲ་སྒོ་ནས་བྱིས་པའི་འབོད་སྒྲ་ཐོས་སོང་།
“ཨ་ཁུ་དཔོན། དཔེ་ཆ་རླུང་གིས་ཁུར་ཐལ།”བྱིས་པས་དེ་ལྟར་འུར་བགྱིས།
ཟུར་རྩྭའི་དཔོན་རྒན་གྱིས་བྱིས་པའི་འབོད་སྐད་ཐོས་རྗེས། ཁ་ཚུར་འཁོར་ནས་སྦྲ་སྒོའི་ཕྱོགས་སུ་བསྙེགས་ཡོང་། ཁོང་གི་གོམ་པའི་འདེགས་འཇོག་ལ་ཤུགས་ཀྱིས་ཁེངས་འདུག ཁོང་གི་རྒྱབ་ལྗོངས་སུ། ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་རི་ལྡེབས་དེ་དབེན་འཇགས་སུ་གནས་ཤིང་། ཐག་མི་རིང་བའི་ན་ཁུད་དེ་རུ་ནོར་ནག་ཁ་ཤས་ཀྱིས་འཁྱིལ་ཆུ་འཚོལ་ཞིང་། རིའི་གདོང་སྣའི་སྤེན་མའི་གསེབ་ཏུ་ལྷ་བྱ་གོང་མོ་ཞིག་གིས་“བཅུ་དྲུག་བཅུ་དྲུག་བཅུ་དྲུག”ཅེས་སྐད་རྒྱག་བཞིན་འདུག
ཟུར་རྩྭའི་དཔོན་རྒན་སྦྲའི་ཡར་སྒྱིད་ཀྱི་གསོམ་ཤིང་གི་མདུན་ཅོག་སྣུམ་སྟུག་མ་དེའི་མདུན་ནས་སྐྱིལ་ཀྲུང་དུ་བསྡད་རྗེས། ལག་པའི་མཁྲིག་མར་དཀྲིས་པའི་བ་སོའི་ཕྲེང་བ་དེ་འགྲོལ་བཞིན་“ཨ་ཞི་ལུ། ཁྱོད་ཚུར་ཤོག་དང”ཞེས་མར་སྒྱིད་དུ་སྣབས་ཡ་མཆུའི་ཐོག་ནར་ཡོད་པའི་བྱིས་པར་ལག་བརྡ་བྱས།
བྱིས་པས་བྱི་ལ་སེར་ལྡང་མ་བཏང་སྟེ་ཡར་སྒྱིད་ཀྱི་ཕྱོགས་སུ་མངོན་ཆུང་གིས་ཡོང་།
“ཁྱོད་ཡོང་ཞོར་དུ་ངའི་ཆོས་དཔེའི་ལྡེབས་མ་དེ་དག་བསྒྲུགས་ནས་ཤོག”ཟུར་རྩྭའི་དཔོན་རྒན་གྱིས་དེ་སྐད་ལབ་པ་ན། བྱིས་པ་དེས་ས་རུ་ཐར་ཐོར་དུ་ཡོད་པའི་ཆོས་དཔེའི་ལྡེབས་མ་དེ་དག་ཡར་བསྒྲུགས་ཏེ་དཔོན་རྒན་གྱི་ཕྱག་ཏུ་ཕུལ།
ཟུར་རྩྭའི་དཔོན་རྒན་གྱིས་ཐོད་པར་གཉེར་མདུད་ཟབ་མོ་ཞིག་བརྒྱབ་སྟེ་ས་རུ་ཐོར་པ་ཡར་བསྒྲུགས་ཡོང་བའི་ཤོག་ལྡེབས་དེ་དག་གི་སྔ་ཕྱིའི་གོ་རིམ་སྒྲིག་སྐབས། དེ་རྣམས་ནི་ཞི་ལུ་དེས་སྔ་མོ་ནས་གོ་རིམ་མ་འཆོལ་པར་བསྐྱར་སྒྲིག་བྱས་ཡོད་པ་མཐོང་།
“མཚར་རོ།། མཚར་རོ།།”ཟུར་རྩྭའི་དཔོན་རྒན་གྱི་ངག་ནས་དེ་སྐད་ཤོར།
ཡིན་ནའང་། ཞི་ལུ་དེ་ནི་སྣབས་ཡ་མཆུའི་ཐོག་ལུག་ཡོང་སྟེ་ཅི་ཡིན་མི་ཤེས་པའི་རྨོངས་ཚུགས་ཤིག་གིས་དཔོན་རྒན་གྱི་མདུན་སར་འགྲེང་ཡོད།
“ཕེ། སྣབས་དེ་བདག་བྱོས་དང་།”ཟུར་རྩྭའི་དཔོན་རྒན་གྱིས་དེ་སྐད་བྱིས་པར་ཕྱོགས་ནས་ལབ་ཅིང་། དེ་ནས“ཕར་སོང་ཕར་སོང་། གོང་མོས་‘བཅུ་དྲུག་བཅུ་དྲུག’ཅེས་བྱ་སྲེག་པར་གྲོ་བྲེ་བཅུ་དྲུག་བསྐྱིས་པ་དེའི་བུ་ལོན་འདེད་བཞིན་ཡོད་པ་མ་ཐོས་སམ། ཁྱོད་སོང་ལ་དེར་བྱ་སྲེག་པ་འདི་ན་མི་འདུག་ཅེས་ཤོད་དང”ཟེར།
བྱིས་པས་སྣབས་སྣ་ཁུང་དུ་འཇིབ་ཙམ་བྱས་རྗེས་སྦྲ་སྒོའི་ཕྱོགས་སུ་བསྐྱོད་པ་དང་། ཅང་མ་འགོར་པར་དཔོན་རྒན་གྱིས་བྱིས་པས་བྱ་སྲེག་པའི་ལད་མོ་བྱས་ཏེ་“ཆོག་གི་ཆོག་གི”ཞེས་འབོད་པ་ཐོས་བྱུང་།
“ད་ལྟ་བསམས་ན།”གྲྭ་རྒན་བློ་བཟང་གིས་ཇ་དཀར་མཆུ་འགྲམ་དུ་ཁྱེར་ནས་ཧུབ་གང་འཐུངས་པ་དང་། ཁོས་འོ་ཇ་སྒོག་གེར་མིད་སྐབས་མགུལ་གྱི་ཤ་གཉེར་དེ་ཡང་ཡར་འགུལ་མར་འགུལ་ཞིག་བྱས་བྱུང་། དེ་ནས་“ད་ལྟ་བསམས་ན། དཔོན་དྲིན་ཅན་པོས་ང་སྦྲ་སྒོར་སོང་ཤུལ་ནས་ངའི་མི་ཚེ་འདིའི་ལམ་ཀ་གང་ཡིན་མངོན་མཁྱེན་བྱུང་བ་འདྲ”ཞེས་ལབ་ཅིང་། ཡང་ང་ལ“ཁྱོད་ཀྱིས་ཇ་ཐུངས་ཇ་ཐུངས”ཞེས་ལག་པས་མགྲོན་རྩིས་བཏོན་པའི་ཉམས་བྱུང་།
ཡིན་པ་ནི། ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་སྟོན་མཇུག་གི་ཉིན་མོ་དེར། ཟུར་རྩྭའི་དཔོན་རྒན་གྱི་ཆོས་དཔེ་རླུང་གིས་ཁུར་པ་བྱིས་པ་དེས་བསྐྱར་དུ་བསྒྲིགས་པའི་རྟེན་འབྲེལ་ལ་བརྟགས་ནས་ངའི་ཁ་གཏད་ཀྱི་གྲྭ་རྒན་དེའི་མི་ཚེ་དེ་ནས་བཟུང་ཆོས་ལ་བཅོལ་པ་ཞིག་རེད། དཔོན་དྲིན་ཅན་པོས་བྱིས་པ་དེའི་ཕ་མ་གཉིས་ལ་སྐད་བཏང་ནས་རང་གི་རྟེན་འབྲེལ་ལ་བརྟགས་པའི་བསམ་ཚུལ་དེ་བརྗོད་པ་ན། བཟའ་ཚོ་དེ་གཉིས་ཡིད་འགུལ་ཐེབས་ཏེ་མིག་ལ་མཆི་ཞག་འཁོར་ནས་མཐོང་ལམ་བསྒྲིབས་པ་རེད།
“བོད་རྟེན་འབྲེལ་གྱི་བདག་པོ་ཟེར་སྲོལ་ཡོད་པ་རེད། ད་ཡིན་ན་ཞི་ལུ་འདི་དམ་པའི་ཆོས་ལ་བཅོལ་ན། ཕྱིས་སུ་ཆོས་པ་དགའ་མོ་ཞིག་འཁྱོངས་ངེས་གཏན་རེད། ལར་ཡིན་ན་ཁོའི་སྐྱེ་བ་སྔོན་མ་དེ་ཡང་ཆོས་པ་ཞིག་ཡིན་ཚོད་གདའ།”ཟུར་རྩྭའི་དཔོན་རྒན་ཡར་སྒྱིད་དུ་སྐྱིལ་ཀྲུང་ངང་བསྡད་དེ་མར་སྒྱིད་ཀྱི་བཟའ་ཚོ་དེ་གཉིས་ལ་ཁ་བརྡ་བྱེད་སྐབས། བྱིས་པ་དེས་ད་དུང་ཡང་སྦྲའི་ཕྱི་རོལ་ཏུ་“ཆོག་གི་ཆོག་གི”ཞེས་བྱ་སྒྲེག་པའི་ལད་མོ་བྱེད་བཞིན་ཡོད།
“ཅང་མ་འགོར་པར། ང་བརྒྱད་ལོའི་ལས་འགུལ་བསླེབས་ཤིང་། དཔོན་དྲིན་ཅན་པོ་ཚྭ་འདམ་གཞོང་བར་བཙོན་ལ་ཁྲིད་ནས་ཕྱིན་སོང་།”གྲྭ་རྒན་བློ་བཟང་གིས་དེ་ལྟར་ཕྱིར་དྲན་བྱས། “བཙོན་ནས་ཕྱིར་ཡོང་དུས། ཁོང་གི་སྔགས་རལ་རྩ་བ་ནས་བཞར་འདུག ཡང་སྔོན་གྱི་དཔོན་ཟིལ་རྔམ་ཅན་དེ་སྐམ་རིད་ཉམ་ངན་དུ་གྱུར་འདུག་ཅིང་། ཁོང་གིས་གསུངས་པ་ལྟར་ན། དེ་ནི་ཚྭ་འདམ་གཞོང་བའི་བཙོན་ཁང་དེར་ས་རླན་ཆེ་བའི་ཁར་ལྟོགས་སྐོམ་དང་། ཉིན་མཚན་མེད་པའི་ངལ་ལས་བཅས་ཀྱིས་ཕོ་བ་ནད་པར་བཏང་བ་རེད་ཟེར། ཨྃ་མ་ཎི་པདྨེ་ཧཱུྃ། གྲྭ་རྒན་བློ་བཟང་འདས་དོན་དུ་གཡེངས་ནས“བཙོན་དུ་ལོ་བཅུ་ལྷག་ལ་ལུས་སོང”ཟེར།
གྲྭ་རྒན་བློ་བཟང་གི་ཕྱིར་དྲན་ལྟར་ན། ཟུར་རྩྭའི་དཔོན་རྒན་དེ་ང་བརྒྱད་ལོར་ཚྭ་འདམ་གཞོང་བར་བཙོན་དུ་ཁྲིད་ནས་ལོ་བཅུ་ལ་བཀག་པ་དང་། ལོ་བཅུའི་རྗེས་ནས་བཙོན་ཐར་བྱུང་ཡང་རིག་གནས་གསར་བརྗེའི་མགོ་བརྩམས་མ་ཐག་ཡིན་པས། སླར་ཡང་འཐབ་རྩོད་རབ་དང་རིམ་པའི་ཁྲོད་གྲལ་རིམ་དགྲ་བོར་བརྩིས་ཏེ་ཞྭ་མོ་བསྐོན་ནས་མཐར་གཅོད་མང་བོ་མྱངས་རབས་ཟེར།
ངས་རླུང་དྲན་ཡོང་། གྲྭ་རྒན་བློ་བཟང་གི་ཁ་གཏན་ནས་ཁུ་སིམ་མེར་སྡོད་སྐབས་ངས་སླར་ཡང་གཟུགས་ཀྱིས་སྟོངས་པའི་རླུང་དྲན་ཡོང་། རླུང་ལྟ་བུའི་ལས་འགུལ་དེ་དག རླུང་ལྟ་བུའི་དུས་ཚོད་དེ་དག ད་ནི་རླུང་ཤ་དེ་དག་གཡུགས་ནས་ཡུལ་ཁམས་འདིའི་ཕྱོགས་ཀུན་ཏུ་ཡལ་ཚར་འདུག རླུང་གིས་ཉོག་དྲ་ཅི་ཞིག་བསྐྱལ་ཡོད་དམ། མ་མཐའ་ཡང་། རླུང་གིས་བདག་གི་མེས་པོ་དེ་དུས་ཚོད་ཀྱི་ཕྱོགས་གང་ཞིག་ཏུ་ཁུར་ནས་ད་ནི་མཐོང་སྣང་དུ་མི་འདུག
ཡིན་ནའང་། གྲྭ་རྒན་བློ་བཟང་གིས་ང་ལ་ཟུར་རྩྭའི་དཔོན་རྒན་ཐག་རིང་དུ་གཏན་ནས་སོང་མེད་ཟེར། ཁོས་ང་ལ་མི་ལོ་སུམ་ཅུའི་ཡར་སྔོན་གྱི་བྱ་སྟོར་ཐེངས་དེ་ཡང་བསྐྱར་གླེངས་བྱུང་།
“དཔོན་དྲིན་ཅན་པོའི་ཕོ་ནད་དེ་སངས་དྲག་ཏུ་འགྲོ་རྒྱུ་མ་བྱུང་། ཁོང་མ་གཤེགས་པའི་ལོ་གཉིས་ཀྱི་ཡར་སྔོན་ཞིག་ནས་བཟུང་། གྲོང་མི་རྣམས་ཀྱིས་ཁོང་ཁྱིམ་སྒོ་ནས་འགྲོ་བ་མཐོང་མ་མྱོང་། ཁོང་ཉིན་མཚན་མེད་པར་ཁྱེད་ཚང་གི་གཞོགས་ཁང་ཆུང་ཆུང་དེར་འཛུལ་ནས་སྡོད།”གྲྭ་རྒན་བློ་བཟང་གིས་ཧ་ཅང་ལྐོག་གྱུར་གྱི་ཉམས་ཤིག་གིས“དེ་དུས་ད་དུང་ཆོས་ཤིག་གང་ནས་འདོན་ཆོག་གམ། ཡིན་ནའང་དཔོན་དྲིན་ཅན་པོ་གཞོགས་ཁང་དེར་འཛུལ་ནས་ནམ་གུང་དཀྱིལ་དུ་ཡར་ལངས་ཏེ་ཁ་ཏོན་ཆག་མེད་དུ་བཏོན་ཡོད་ཚོད་རེད། གནས་ཚུལ་དེ་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་གསལ་བོར་ཤེས་ལ། ཧེ་ཧེ། ཁྱོད་ཀྱིས་ཀྱང་མི་ཤེས་ཟེར་རྒྱུ་ཅི་ཡོད་ཨང”ཟེར།
“ཕྱིས་སུ། ནད་བབ་ཇེ་སྡུག་ཏུ་གྱུར་སོང་།”གྲྭ་རྒན་བློ་བཟང་གིས་དེ་ལྟར་ཟེར།
ལོ་སུམ་ཅུ་ལྷག་གི་ཡར་སྔོན་དུ། ཟུར་རྩྭའི་དཔོན་རྒན་གྱི་ཕོ་ནད་ཇེ་སྡུག་ཏུ་གྱུར་ནས་ཉལ་སར་ལྷུང་སོང་། ཉལ་སའི་ནང་དུ་ཡོད་པའི་བགྲེས་སོང་དེ་ཤིན་ཏུ་ཉམ་ཐག་ཏུ་གྱུར་ཡོད་ཅིང་། ཁོང་གིས་ངའི་ཕ་མ་གཉིས་ལ་སྐད་བཏང་སྟེ་མཇུག་མཐའི་རེ་བ་ཞིག་ཞུས་སོང་། དེ་ནི་ས་སྲོད་ཀྱི་དུས་ཤིག་ཡིན་འདུག སྲོད་དུས་ཀྱི་ཉི་འོད་སེར་ཞིང་འཇམ་པོ་ཞིག་ནུབ་ཀྱི་རྫ་རྒན་སྒང་གི་ཕྱོགས་ནས་འཕྲོས་ཡོང་བ་དང་། གཞོགས་ཁང་གི་དྲ་མ་བརྒྱུད་ནས་རྩིག་ལྡེབས་སུ་འཕྲོས་ཡོད།
“ཉི་འོད་འདི་འཇམ་པ་ལ་ཨང་།”ཟུར་རྩྭའི་དཔོན་རྒན་ཉལ་སའི་ནང་དུ་ཉལ་ནས་དེ་ལྟར་སྐད་ཤུགས་ཆུང་ངུས་ལབ་པ་དང་། དེ་ནས“སྲོད་ཀའི་ཉི་འོད་འཇམ་པོ་འདི་ནི་ཚེ་ཕྱི་མའི་ཉི་འོད་རེད། ད་ནི་ཚེ་ཕྱི་མའི་ཉི་འོད་ཀྱང་ཤར་སོང་བས། དཔོན་རྒན་ང་ཡང་འགྲོ་བའི་དུས་ལ་བབ་སོང”ཟེར། ཁོང་གིས་ངའི་ཕ་མ་གཉིས་ལ་ལག་བརྡ་བྱས་ཏེ་ཁོང་མལ་སའི་ནང་ནས་ཡར་སྐྱོར་ཅིག་གི་བརྡ་བཏང་།
མལ་སའི་ནང་ནས་ཡར་ཙོག་པུར་བསྡད་རྗེས། ཟུར་རྩྭའི་དཔོན་རྒན་གྱིས་ག་ལེར་སྐྱིལ་ཀྲུང་གྲུ་བཞི་ཤོ་ལྟ་བུ་ཞིག་བཅོས་པ་དང་། དེ་ནས་སླར་ཡང་ངའི་ཕ་མ་གཉིས་ལ་ཕྱོགས་ནས“ང་འགྲོ་བའི་དུས་ལ་བབ་སོང་། མ་གཞིར་མི་སུ་ཡིན་རུང་སྐྱེས་པའི་མཐའ་མར་འཆི་བ་དེ་སུས་ཀྱང་བཟློག་ཏུ་ཡོད་པ་མ་རེད། ལྟོས་དང་། གྱང་ལྡེབས་སུ་སྦྱར་པའི་སྐུ་པར་འདི་དག་གི་མཚོན་པའི་གཙོ་འཛིན་དེ་དག་ཀྱང་ད་ནི་སྔ་གཞུག་བྱས་ནས་གཤེགས་པ་མ་ཡིན་ནམ”ཞེས་གད་མོ་ཆུང་ཆུང་ཞིག་དགོད་བཞིན་མཛུབ་མོས་གཞོགས་ཁང་གི་རྩིག་ལྡེབས་སུ་སྦྱར་ཡོད་པའི་རླབས་ཆེན་གཙོ་འཛིན་དེ་དག་གི་སྐུ་པར་བསྟན་བྱུང་།
ཟུར་རྩྭའི་དཔོན་རྒན་གྱིས་མཇུག་མཐར་ངའི་ཕ་མ་གཉིས་ལ“མི་ཚེ་ཐུང་ཐུང་རླུང་ཤ་ཞིག་གཡུགས་པ་འདྲ། རྣམ་ཤེས་འདི་ཡང་རླུང་དང་འདྲ། དེ་བས་ང་སོང་རྗེས། ཁྱོད་ཚོས་ངའི་ཕུང་བོ་རླུང་ལ་བཅོལ་རོགས”ཟེར་བ་དང་། དེ་ནས་ག་ལེར་ལག་ཟུང་གིས་ཐལ་མོ་སྦྱོར་བའི་ཕྱག་རྒྱ་བཅོས་ཤིང་། མིག་ཟུང་ག་ལེར་ཟུམ་སོང་།
“ང་གླང་རྫི་ནས་ཕྱིར་ཡོང་དུས། ཁྱོད་ཀྱི་ཕ་རྒན་གྱིས་ཁང་ཀླད་ནས་ང་ལ་དགོང་མོར་ནང་ལ་ཐེངས་ཤིག་ཤོག་དང་ཟེར།”གྲྭ་རྒན་བློ་བཟང་གིས་ས་སྲོད་དེ་དེ་ལྟར་གླེངས་བྱུང་། “དེ་དུས་ང་ལ་གྲྭ་ཆས་བཙན་གྱིས་འདོར་དུ་བཅུག་སྟེ་ཐོན་སྐྱེད་རུ་ཁག་གི་ཕྱུགས་རྫིར་མངགས་ཡོད། ངས་ཁྱོད་ཀྱི་ཕ་རྒན་གྱིས་སྐད་བཏང་བ་ཐོས་རྗེས་སེམས་སུ་མི་ལེགས་པའི་དོན་བྱུང་བ་ཤེས་སོང”ཟེར།
“རྒྱང་མིག་ཆད་དུས། ང་ཁྱོད་ཚང་ལ་ཕྱིན་པ་ཡིན། དཔོན་དྲིན་ཅན་པོ་དེ་ལྟར་མལ་སའི་ནང་དུ་སྐྱིལ་ཀྲུང་དུ་བཞུགས་ཤིང་ལག་ཟུང་ཐལ་མོ་སྦྱར་ནས་ཕྱིན་ཚར་འདུག”གྲྭ་རྒན་བློ་བཟང་གིས་ལག་རས་ཆུང་ངུ་ཞིག་གིས་མིག་མཐའི་མཆི་མ་འབྱིད་བཞིན“ཁོང་གི་སྔགས་རལ་དེ་སླར་ཡང་རིང་བོར་སྐྱེས་འདུག་ཅིང་། མ་བསླེས་པར་ཡུན་རིང་དུ་བསྐྱུར་པས་གདོང་གི་ཕྱེད་ཀ་ཡང་བསྒྲིབས་འདུག ཁོང་ཐུགས་དམ་ལ་བཞུགས་འདུག ངས་ཁྱོད་ཀྱི་ཕ་མ་གཉིས་ལ་དེ་སྐད་ལབ་པ་ཡིན།”
ངའི་ཕ་མ་གཉིས་ཀྱིས་གྲྭ་རྒན་བློ་བཟང་གི་སྐད་ཆ་དེ་གོ་རྗེས་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར་སོང་། ལྷ་འདྲེ་གདོན་བགེགས་ལ་འཐབ་རྩོད་བྱེད་པའི་ལོ་ཟླ་དེ་རུ། ཆོས་ལ་གཏོགས་པའི་བཟོ་ལྟ་དེ་འདྲ་ཞིག་མི་གཞན་གྱིས་མཐོང་ཚེ་ཇི་ལྟར་བྱ་ཨང་སྙམ། དེ་ནི་འཇིགས་རུང་གི་རླུང་དམར་འུར་འུར་དུ་ལྡང་བའི་ལོ་ཟླ་ཞིག་སྟེ། ལོ་ཟླ་དེ་རུ། བདག་གི་མེས་པོ་ནི་དེ་ལྟར་བུད་སོང་རུང་། ཤུལ་དུ་ལུས་པ་དག་ལ་སྐྲག་སྔངས་འགོག་མེད་ཅིག་བཞག་སོང་།
“ད་ལྟ་ཡང་ང་འགྱོད་པས་མནར་མནར་ལ་ཡོད། ཨྃ་མ་ཎི་པདྨེ་ཧཱུྃ། མཐོལ་བཤགས་བྱས། དེ་དུས་ང་ཚོ་ཚང་མ་མི་གཞན་གྱིས་ངང་ཚུལ་དེ་མཐོང་འགྲོ་བར་སྐྲག་ནས། དཔོན་དྲིན་ཅན་པོའི་རྐང་ལག་ནས་འཐེན་ཏེ་ཐུགས་དམ་གྱི་ཕྱག་རྒྱ་དེ་དགྲོལ་རྩིས་བྱས་པ་ཡིན། ཡིན་ནའང་ཇི་ལྟར་ཤུགས་བཏོན་རུང་བཀྲོལ་མ་ཐུབ། ཉེས་པ་རེད་ཨང་……”གྲྭ་རྒན་བློ་བཟང་གི་མགྲིན་པ་ཅི་ཞིག་གིས་བརྣངས་ནས་སྐད་ཆ་ཡག་པོར་ལབ་མ་ཐུབ།
མཇུག་མཐར། ངེད་ཚང་གི་ཤ་ཉེ་ཚང་མས་གྲོས་ཁ་བྱས་རྗེས་མཚན་མོ་དེར་དཔོན་རྒན་གྱི་ཕུང་བོ་དུར་ཁྲོད་དུ་བསྐྱལ་ཅིང་བྱ་འབབ་པར་རེ་སྒུག་བྱས་ནས་བསྡད།
ཡིན་ནའང། ཇི་ལྟར་བསྒུགས་རུང་བྱ་གཅིག་ཀྱང་འཁོར་རྒྱུ་མ་བྱུང་། དེ་ནི་དགུན་ལྗོངས་ཤིག་སྟེ། ལྷགས་རླུང་གིས་ཁ་ཤུ་འདེབས་བཞིན་དུར་ཁྲོད་དུ་སྨྱོ་རྒྱུག་བྱེད་ཅིང་། ཟུར་རྩྭའི་དཔོན་རྒན་གྱི་སྔགས་རལ་དེ་འཕྱོ་ཙམ་འཕྱོ་ཙམ་བྱེད། ངའི་མེས་པོ་དེ་ནི་ངག་རྒྱུན་ཁྲོད་ཀྱི་སྒོམ་ཆེན་ཞིག་དང་མཚུངས་པར་དེ་ལྟར་དུར་ཁྲོད་དུ་སྐྱིལ་ཀྲུང་དུ་བཞུགས་ཤིང་ཐལ་མོ་སྦྱར་ཏེ་སྡོད་ཅིང་། ཐག་རིང་ནས་བལྟས་ན་མི་གསོན་པོ་ཞིག་གིས་ཆོས་འདོན་བཞིན་པ་དང་མཚུངས།
“བྱ་ཉིན་བདུན་ལ་མ་བབས། ད་ནི་ཇི་ལྟར་བྱ་ཨང་། ”གྲྭ་རྒན་བློ་བཟང་གིས་ང་ལ་བྱ་སྟོར་དེའི་བརྒྱུད་རིམ་ཁ་བརྡ་བྱས་བྱུང་། “བྱ་ཉིན་བདུན་ལ་མ་བབས་པས། ང་ཚོ་ཚང་མ་རྣམ་རྟོག་ལངས། གསོན་དུས་གསོན་ངོ་ཆེ་བའི་དཔོན་རྒན་དེ། ཤི་དུས་བྱ་ཞིག་ཀྱང་མི་འབབ་པ་ནི་མི་ཚེ་ལ་གཏམ་ཚེ་བཞག་པ་མ་ཡིན་ནམ། ང་ཚོས་དེ་ལྟར་སེམས་ཚེགས་བྱས་པ་ཡིན །”
དེ་ལྟར་སེམས་ཚེགས་བྱས་པའི་མཐའ་མར། ཕུང་བོ་སྲུང་མཁན་ཚོས་གྲྭ་རྒན་བློ་བཟང་ཕྱིན་ནས་ཕུང་བོར་ཁ་བརྡ་ཞིག་བྱོས་ཟེར་བ་དང་། གལ་ཏེ་ད་དུང་བྱ་མ་བབས་ན་ད་ནི་ས་ལ་བཅོལ་པ་ལས་ཐབས་མི་འདུག་ཟེར།
“ངས་དཔོན་དྲིན་ཅན་པོར་ད་ཁྱེད་ཀྱིས་རྟགས་ཤིག་མ་བསྟན་ཚེ། ང་ཚོས་ས་ལ་བཅོལ་བ་ལས་ཐབས་མི་འདུག་ཅེས་བཤད་པ་ཡིན། ད་ལྟའི་གཞོན་རབས་པ་ཚོར་དོན་ལ་ལ་ཞིག་ལབ་ན་ང་གྲྭ་རྒན་གྱིས་སྨྱོ་བཤད་རྒྱག་བཞིན་འདུག་ཟེར་ངེས། ཡིན་ནའང་། ངས་དེ་ལྟར་དཔོན་དྲིན་ཅན་པོའི་ཕུང་བོར་ཁ་བརྡ་བྱས་མ་ཐག ཁོང་གི་སྣ་ཁུང་ནས་སེར་ཁུ་ཞིག་བཞུར་ཡོང་བ་དང་། དེ་ནས་ཐུགས་དམ་ལ་བཞུགས་པའི་ཕྱག་རྒྱ་དེ་རྡོ་ཕུང་ཉིལ་བ་བཞིན་གྲོལ་སོང་། དཀོན་མཆོག་མཁྱེན།”གྲྭ་རྒན་བློ་བཟང་གིས་ལག་ཟུང་དབང་མེད་དུ་ཐལ་མོ་སྦྱར་ཏེ“དཀོན་མཆོག་མཁྱེན། སྐབས་དེར། སྲིན་པོ་རྫ་རྒན་གྱི་ཕྱོགས་ནས་བྱ་ནི་ནག་སོག་སོག་འཕུར་ཡོང”ཟེར།
“ད་སྐབས་ཀྱི་མི་ཞིག་ལ་སྐབས་དེའི་གནས་ཚུལ་བཤད་ན་ཡིད་ཆེས་རྒྱུ་མ་རེད། ཡིན་ནའང་། ང་གྲྭ་རྒན་གྱིས་དངོས་སུ་མཐོང་བས། ཡིད་ཆེས་དེ་ད་ལྟའི་བར་དུ་འགྱུར་མེད། ཁྱོད་ཀྱང་འགྱུར་མེད་ཁོ་ཐག་ཡིན།”གྲྭ་རྒན་བློ་བཟང་གིས་ང་ལ་དེ་སྐད་ལབ་བྱུང་བ་དང་། “ཕྱི་ལོར། ཁྱེད་ཚང་ལ་བུ་ཆུང་གསེར་གྱི་རྡོ་ལི་འདྲ་བོ་ཞིག་སྐྱེས་སོང་། དཔོན་དྲིན་ཅན་པོའི་རྣམ་ཤེས་སྦྲང་མ་འདྲ་བོ་ཕྱིར་ཁྱོད་ཀྱི་ཐོག་ཏུ་བབས་སོང་།”ཁོའི་སྨྲ་བརྗོད་དུ་ཡང་བསྐྱར་ང་དང་ཟུར་རྩྭའི་དཔོན་རྒན་གཉིས་ཟུར་གཉིས་ནས་ངོས་གཅིག་ཏུ་གྱུར་སོང་།
ཇ་འཐུངས་རྒྱུ་མང་དྲགས་པས། ངས་གྲྭ་རྒན་བློ་བཟང་ལ་ཁ་བརྡ་བྱེད་པའི་མཚམས་བཞག་སྟེ་ཕྱི་ལོགས་སུ་ཆབ་གསང་དུ་བསྐྱོད། མཐོ་སར་ཆགས་པའི་དགོན་པ་ཆུང་ཆུང་དེའི་མདུན་ཕྱོགས་སུ་ཡོད་པའི་ཕ་ཡུལ་གྱི་རི་ལུང་སྐྱ་ཐིང་ཐིང་བྱེད་ཅིང་། བྱང་རླུང་གྲང་མོ་ཞིག་སྒང་གཤོང་ཀུན་ལ་སྨྱོ་ཧམ་ཆེན་པོས་རྒྱུག་བཞིན་འདུག ང་རླུང་ཁར་ཡུད་ཙམ་ལ་འགྲེང་སྟེ་བསྡད། རླུང་ཁར་འགྲེང་བའི་ཚོར་བ་དེ་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད། དེ་ནི་གཟུགས་མེད་ཀྱི་ནུས་སྟོབས་གང་ཞིག་ལ་གཟུགས་ཅན་ཞིག་གིས་མྱོང་ཚོར་བྱེད་པའི་ཚོར་བ་ཞིག་རེད། རླུང་གིས་ཅི་ཞིག་ཁུར་སོང་ངམ། ཡང་ན་དུས་ཚོད་ཀྱིས་ཅི་ཞིག་ཁུར་སོང་ངམ། ཟུར་རྩྭའི་དཔོན་རྒན་དེ་ད་ནི་གང་དུ་སོང་ངམ། དེ་རླུང་ལ་བཅོལ་ཡོད་དམ།
“ཨ་ཁུ། དཔེ་ཆ་རླུང་གིས་ཁུར་ཐལ།”བྱིས་པ་ཞིག་གིས་འུར་བརྒྱབ་བྱུང་།
ཉིན་དེར། ང་རླུང་ཁར་འགྲེང་སྟེ་སེམས་ཀྱི་གནད་དོན་དེ་དག་ལ་གཡེངས་ནས་སྡོད་སྐབས། རྒྱབ་ལོགས་ཀྱི་གྲྭ་ཤག་ཅིག་ཏུ་བྱིས་པ་ཞིག་གི་འབོད་སྐད་གྲག་ཡོང་བ་ཐོས་ཤིང་། ཁ་ཕྱིར་འཁོར་ནས་མིག་འཚོལ་བྱེད་དུས། དགོན་པ་ཆུང་ཆུང་དེའི་གྲྭ་ཤག་དེ་དག་ལྷིང་འཇགས་སེ་གནས་འདུག་ཅིང་། སྐད་འདོན་མཁན་གྱི་བྱིས་པ་དེ་མཐོང་ཡུལ་དུ་འཆར་རྒྱུ་མ་བྱུང་།