གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།བོད་བྱང་ཐང་གི་ལ་གླུའི་སྐོར་ཐོག་མར་གླེང་།
སྤེལ་དུས།2009-12-22   ཡོང་ཁུངས་།《བོད་ལྗོངས་ཞིབ་འཇུག》   རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ། འབྲུག་མོས་ཞུ་དག་བྱས།

ནང་དོན་གནད་བསྡུས།རྩོམ་ཡིག་འདིའི་ནང་དུ་བོད་རང་གི་ཆེས་གདོད་མའི་སྙན་རྩོམ་གྱི་རྣམ་པར་མངོན་པའི་བྱང་ཐང་ལ་གླུའི་བྱུང་བ་དང་། རིན་ཐང་། རྣམ་པའི་ཁྱད་ཆོས། ཚིག་སྦྱོར་སྒྱུ་རྩལ། དེ་བཞིན་ད་ལྟའི་ཆར་འཚོལ་བསྡུ་ལེགས་སྒྲིག་བྱེད་སྟངས་སོགས་ཀྱིཐད་ལ་དཔྱད་གླེང་ཅུང་ཞིབ་པར་བྱས་ཡོད།
བརྡ་ཆད་གཙོ་བོལ་གླུ། གདོད་མའི་སྙན་རྩོམ། དམངས་ཁྲོད་རྩོམ་རིག ཚིག་སྦྱོར་སྒྱུ་རྩལ། འཚོལ་བསྡུ་ལེགས་སྒྲིག
        
བོད་དུ་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་དམངས་ཁྲོད་རྩོམ་རིག་གི་ཐོག་མའི་མྱུ་གུ་འབུས་ཡོད་ལ། ཕན་ཚུན་སྐད་ཀྱི་གོ་བརྡ་འཕྲོད་པ་ནས་དར་ཁྱབ་བྱུང་ཡོད་ཅེས་བཤད་ན་མི་ཆོག་པ་མེད་པ་ཞིག་ཡིན་པས། བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྤྱད་ན་འཛད་དུ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་དང་མཚུངས། འཛད་མེད་ནོར་བུའི་བང་མཛོད་ཆེན་མོ་དེའི་ཡན་ལག་ཏུ་གྱུར་བའི་བོད་བྱང་འབྲོག་གི་ལ་གླུ་ནི་ནང་དོན་གཏིང་ཟབ་ལ། ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། མི་གཅིག་གིས་བརྩམས་པའི་བརྩམས་ཆོས་ཤིག་མ་ཡིན་ལ། དུས་རབས་གཅིག་ཁོ་ནའི་ནང་དར་བ་ཞིག་དེ་བས་མ་ཡིན་པར། དུས་རབས་དུ་མའི་ནང་དུ་ངལ་རྩོལ་མི་དམངས་ཁྲི་སྟོང་མང་པོས་འཚོ་བའི་བདེ་སྡུག་གི་ཚོར་བ་སྣ་ཚོགས་དབྱངས་སུ་གྱེར་ཞིང་། ངག་ཏུ་བཀུག་པ་ལས་བྱུང་བ་ཞིག་ཡིན་ལ། མི་རབས་ནས་མི་རབས་སུ་གཙོ་བོ་ངག་ཐོག་ནས་བརྒྱུད་སྤྲོད་དང་རྒྱུན་འཛིན་བྱས་པའི་སྟེང་དུ་རང་རང་འཚོ་བའི་ཁྲོད་ཀྱི་བདེ་སྡུག་གི་ཚོར་སྣང་ཟབ་མོ་ཁ་སྣོན་བྱས་པ་ལས་བྱུང་བ་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་ཁ་སྣོན་དང་ལེགས་བཅོས་ཐེངས་མང་བྱས་པ་བརྒྱུད། ད་ལྟ་ང་ཚོའི་རྣ་བར་ལྷང་ལྷང་དུ་ཐོས་རྒྱུ་ཡོད་པའི་ལ་གླུ་དེ་ཉིད་བྱུང་བ་ཡིན། བྱང་འབྲོག་ལ་གླུ་ནི་རྒྱ་གར་གྱི་སྙན་གཞུང་མེ་ལོང་མའི་འཕྲིན་ལས་བོད་ལ་དར་ཁྱབ་མ་བྱུང་བའི་གོང་ནས་བྱུང་ངེས་ཡིན་པ་མ་ཟད། བྱང་ཁུལ་གྱི་འབྲོག་པ་ཚོའི་ངག་རྩོམ་ཁོ་ན་ཡིན་སྟབས། སྙན་གཞུང་མེ་ལོང་མའི་ཤན་མ་ཞུགས་པའི་བོད་རང་གི་རང་བྱུང་སྙན་རྩོམ་ཞིག་ཡིན། དེའི་ཚིག་གི་རྐང་པ་གཅོད་སྟངས་དང་། འགྲོས་སྡེབས་སྟངས་ཐད་བཀག་རྒྱའི་རྣམ་པ་མེད་ཅིང་། བརྗོད་དོན་མཚོན་པའི་དཔེ་རྣམས་བོད་རང་གི་རི་ལུང་དང་རི་སྐྱེས་སྲོག་ཆགས། འཚོ་བའི་གོམས་གཤིས། རང་བྱུང་ཁམས་ཀྱི་རྣམ་པ་བཅས་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན།

དང་པོ། བྱང་འབྲོག་ལ་གླུའི་བྱུང་བ་དང་དབྱེ་བའི་སྐོར་གླེང་བ།

ཀ བྱང་འབྲོག་ལ་གླུའི་བྱུང་བ།

འཛམ་བུ་གླིང་གི་མི་རིགས་མི་གཅིག་པ་དུ་མར་སྐད་བརྡ་དང་། གོམས་སྲོལ་མི་འདྲ་བ་དུ་མ་ཡོད་པར་བརྟེན་ནས་རང་རང་སོ་སོའི་ཁྱད་ཆོས་མངོན་པར་གསལ་བའི་རྩོམ་རིག་སྣ་ཚོགས་འཕེལ་རྒྱས་བྱུང་ཡོད་ཀྱང་། རྩོམ་རིག་གི་རྩོམ་ལུས་སྣ་ཚོགས་ཀྱི་ཁྲོད་ནས་དར་སྔ་ཤོས་ནི་སྙན་རྩོམ་ཡིན་པར་འདོད་ཀྱི་ཡོད། དེ་ལྟར་རྩོམ་ལུས་མི་འདྲ་བའི་རྩོམ་རིག་གི་རྣམ་པའི་ཁྲོད་སྙན་རྩོམ་དར་བ་སྔ་ཤོས་ཡིན་ན། སྙན་རྩོམ་གྱི་ནང་ནས་དར་སྔ་བ་ནི་གླུ་ཚིག་ཡིན་པ་དང་། གླུ་ཚིག་གི་ནང་ནས་ངལ་རྩོལ་གྱི་གླུ་ཚིག་དར་སྔ་བ་ལྟར། ངལ་རྩོལ་སྐབས་ངལ་བའི་འགྲོས་དང་མཐུན་པར་རང་བཞིན་དུ་ངག་ནས་ཕྱུང་བའི་དབྱངས་ཀྱི་སྟེང་ཚིག་སྦྱར་བ་ནི་གདོད་མའི་གླུ་ཚིག་ཐོག་མ་དེ་ཡིན་ ཏེ། དབྱིན་ཇིའི་སྙན་ངག་ཞིབ་འཇུག་པ་ཆའོ་ཀྲི་ཐང་མུའུ་སུན་གྱིས་གདོད་མའི་དུས་སྐབས་སུ་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་རིམ་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ། ལུས་ཀྱི་གྲུབ་ཆ་དང་ངག་གི་གྲུབ་ཆ་རེད། སྔ་མ་དེ་འཕེལ་རྒྱུས་སུ་སོང་བ་ལས་ཟློས་གར་དང་། ཕྱི་མ་དེ་འཕེལ་རྒྱས་སུ་སོང་བ་ལས་སྐད་ཆ་བྱུང་བ་རེད། སྐད་ཆ་ནི་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་ང་རོ་ཙམ་ཡིན་ལ། ཕྱིས་འཕེལ་རྒྱས་སུ་ཕྱིན་ཏེ་གླུ་སྙན་ངག་ཡི་སྐད་ཆ་དང་། སྤྱིར་བཏང་གི་སྐད་ཆ་བྱུང་བ་རེད་ ཅེས་པ་ལྟར་ལགས། བྱང་འབྲོག་གི་ལ་གླུ་ནི་བོད་ཀྱི་འབྲོག་ཁུལ་ངལ་རྩོལ་མི་དམངས་ཚོས་བླངས་པ་ཞིག་ཡིན་པས། ཆེས་སྔ་མོ་ནས་དར་བར་ཐེ་ཚོམ་བྱེད་དགོས་མེད་དེ། ཆོས་འབྱུང་མཁས་པའི་དགས་སྟོན་ལས། ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་བའི་ནང་།།……མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།།ཅེས་གསུངས་པ་ལྟར་བོད་ཀྱི་ཡུལ་འདི་ཐོག་མར་ཆུ་ཡི་གླིང་ཡིན་པ་ནས་རིམ་བཞིན་ཆུ་བྲི་ནས་རི་ལུང་ཆགས་སྐབས་ཐོག་མར་བོད་ཀྱི་ནུབ་བྱང་མངའ་རིས་དང་། བྱང་ཐང་ཁུལ་འདི་འབུར་དུ་ཐོན་པའི་བཞེད་དགོངས་དག་ལས་ཀྱང་བོད་ཀྱི་འགྲོ་བ་མིའི་རིགས་ཐོག་མར་འབྱུང་ས་ནི་ས་གཞི་རི་ལུང་ཐོག་མར་ཆགས་སའི་གནས་དེ་དག་ཡིན་པའང་བསྙོན་དུ་མེད་དེ། དུས་ཕྱིས་ཀྱི་གནའ་རྫས་རྟོག་ཞིབ་པས་མངའ་རིས་ས་ཁུལ་དང་། ནག་ཆུའི་ཤེལ་ཚྭ་སོགས་ནས་རྡོ་ཆས་གསར་རྙིང་དུས་ཀྱི་དངོས་པོ་མང་དུ་བཙལ་རྙེད་བྱུང་བས་ཀྱང་དཔང་རྟགས་བྱེད་ཐུབ། དེ་ལྟར་དམངས་ཁྲོད་ངག་རྩོམ་ནི་མིའི་རིགས་ལ་སྐད་བརྡ་བྱུང་བ་ནས་དར་བ་ཞིག་ཡིན་ལ། ལ་གླུ་དར་སའི་ཁུལ་འདི་དག་བོད་ཀྱི་འགྲོ་བ་མིའི་རིགས་ཐོག་མར་འབྱུང་སའི་ས་ཆ་ཡིན་པའི་ཐོག་ནས་ཀྱང་ལ་གླུ་འདི་ཉིད་ཆེས་གདོད་མའི་དུས་ནས་བྱུང་བ་ཤིན་ཏུ་གསལ། དེང་སྐབས་གནའ་རྫས་རྟོག་ཞིབ་རིག་པས་ཁུངས་སྐྱེལ་དངོས་དཔང་ལ་གཞིགས་ནས་བོད་མིའི་འགྲོ་བ་བྱུང་ནས་མ་མཐར་ལོ་ངོ་ཁྲི་ཕྲག་བརྒལ་ཡོད་ཅེས་གསུངས་ཤིང་།ནག་ཆུའི་ཉི་མ་རྫོང་གི་རྒྱ་གླིང་བྲག་བརྐོས་རི་མོ་དང་མངའ་རིས་རུ་ཐོག་རྫོང་ཁོངས་ཀྱི་རི་གསུམ་ཆུས་ཀྱི་རི་མོ་ལུང་། རུ་ཐོག་ཆུས་ཀྱི་ལོ་རི་ནམ་མཁའ། རྡོ་དམར་ཆུས་ཀྱི་ཆ་ཁ་སང་བཅས་ལས་ཐོན་པའི་རྡོ་ཆས་གསར་དུས་བྲག་བརྐོས་རི་མོ་ བཅས་ལ་ཞབས་བྲོ་འཁྲབ་པའི་རྣམ་པ་ཞིབ་ཅིང་ཕྲ་བ་བྲིས་ཡོད་པ་དེ་དག་ཐོན་ནས་བོད་ལ་ད་ལྟའི་གོང་གི་ལོ་ལྔ་སྟོང་སྐབས་སུ་གླུ་དང་གཞས་དར་ཡོད་པ་ཙམ་མ་ཟད་དམངས་ཁྲོད་དུ་དར་ཁྱབ་ཤུགས་ཆེན་བྱུང་ཞིང་། ཁོ་ཚོས་ལས་དང་བྱ་བ་ག་གེ་མོ་ཞིག་གི་འགོ་མོ་འཛུགས་སྐབས་གླུ་གཞས་དེ་ཚོ་ལེན་གྱི་ཡོད་པའང་ཤེས་ཐུབ། གོང་གསལ་གྱི་དངོས་དཔང་དེ་དག་ཐོག་ནས་བོད་ཀྱི་སྙན་རྩོམ་ནི་འཛམ་གླིང་མི་རིགས་ཁག་གི་ཁྲོད་ནས་དར་སྔ་ཤོས་ཤིག་ཡིན་ལ། བོད་ཀྱི་སྙན་རྩོམ་གྱི་ཐོག་མའི་རྣམ་པ་ནི་ངལ་རྩོལ་མང་ཚོགས་ཀྱི་གླུ་གཞས་དེ་དག་ཡིན་པའི་ཆ་ནས་བྱང་འབྲོག་གི་ལ་གླུ་དེ་ཡང་བོད་ཀྱི་རྩོམ་རིག་ཁྲོད་ནས་དར་སྔ་ཤོས་ཤིག་ཡིན་པ་ཤེས་ཐུབ།
    
བོད་ཀྱི་དམངས་ཁྲོད་རྩོམ་རིག་ཡིག་ཐོག་ཏུ་དར་བའི་ལོ་རྒྱུས་ལ་བོད་ཀྱི་རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་བྱུང་བ་ཡིན་ཞེས་ལ་དྭགས་རྒྱལ་རབས་སུ་གསུངས་ཀྱང་། ཏུན་ཧོང་ཡིག་ཚང་དུ་བོད་ཀྱི་རྒྱལ་རབས་དགུ་པ་པུ་དེ་གུང་རྒྱལ་གྱི་རིང་ལ་བྱུང་བའི་མགུར་བཀོད་ཡོད་པས། གླུ་བྱུང་བའི་དུས་སྐབས་ནི་དེ་དག་ལས་ཀྱང་ཤིན་ཏུ་སྔ་བ་རིགས་པས་གྲུབཐུབ་ཅིང་། བོད་བྱང་རྒྱུད་ལ་མཚོན་ན་གཡུང་དྲུང་བོན་གྱི་གསུང་རབས་སྣ་ཚོགས་ད་ལྟའི་བར་མིག་གི་མཐོང་ཡུལ་དུ་གནས་ཡོད་ཅིང་། བོན་ཆོས་གསུང་མཁན་སྟོན་པ་གཤེན་རབ་མི་བོ་ཆེ་ཉིད་བོན་རང་གི་ལུགས་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་༡༦༠༠༨ལ་འཁྲུངས་པར་བཞེད། འོན་ཀྱང་དེང་དུས་མཁས་པ་ཚོས་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན། སྤྱི་ལོའི་སྔོན་གྱི་༡༩༡༧ལོར་འཁྲུངས་པར་ངེས་པས། གོང་གསལ་གྱི་ལོ་ཚིགས་གོང་མ་ལྟར་ན་བོད་ཀྱི་ནུབ་བྱང་རྒྱུད་དུ་ཡི་གེ་བྱུང་བའི་ལོ་རྒྱུས་ཆེས་ཤིན་ཏུ་སྔ་ལ། ཕྱི་མ་ལྟར་ནའང་ད་བར་ལོ་ངོ་༣༩༠༠ལྷག་ཙམ་ཟིན་ཡོད་པ་ཤེས་ཐུབ། ལོ་རྒྱུས་དེ་དག་གི་ཐོག་ནས་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱིའི་ཕྱོགས་ནས་བཤད་ན་ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་ཀྱང་ཤིན་ཏུ་རིང་པོ་ཡིན་པར་ངེས་ཏེ། བོན་གྱི་ཆོས་གཞུང་དག་ཏུའང་དམངས་ཁྲོད་ཀྱི་ལྷ་སྒྲུ་དང་། ཤོད་རྒྱུན་སྣ་ཚོགས་དཔེར་བཀོད་ཡོད་པ་དག་ལས་ཤེས་ཐུབ་ཅིང་། དམངས་ཁྲོད་རྩོམ་རིག་གི་བྱེ་བྲག་ཏུ་གཏོགས་པའི་ལ་གླུ་ལ་མཚོན་ནའང་གནའ་སྔ་མོ་ནས་ཡིག་ཐོག་ཏུ་བཀོད་མྱོང་རྩ་བ་ནས་མེད་པ་མིན་ཏེ། ལ་གླུ་ཆས་དར་ཆེ་བའི་ས་ཆ་དེ་དག་ནི་བོན་གྱི་རིག་གཞུང་དར་ཁྱབ་ཆེ་ཤོས་ཀྱི་ཁུལ་རྣམས་ཡིན། གདོད་མའི་གླུ་ཚིག་ཏུ་འཇོག་ཅིང་ནང་དོན་མང་པོ་བོན་ཆོས་ཀྱི་ལྟ་བ་དང་དབྱེར་མེད་དུ་འདྲེས་པའི་སྲིད་པ་ཆགས་རབས་སོགས་ཀྱང་ཚིག་གི་རྣམ་པའི་ཐད་བྱང་འབྲོག་ལ་གླུ་དང་འདྲ་ཆེ་བ་མ་ཟད་ཡིག་རིགས་དར་མྱོང་ཡོད་པའི་ས་ཆ་དེ་དག་ཏུ་ལ་གླུ་དར་ཁྱབ་བྱུང་བའི་ཆ་ནས་ཡིག་ཐོག་ཏུ་འཁོད་མྱོང་རྩ་བ་ནས་མེད་ཅེས་སུ་ཞིག་གིས་ཀྱང་བརྗོད་མི་ཐུབ་པར་སྙམ།
    
འོན་ཀྱང་། ལ་གླུ་ནི་འབྲོག་པ་སྤྱི་དང་ཁྱད་པར་དུ་སྔར་ཞང་ཞུང་བོན་གྱི་མངའ་ཁོངས་སུ་གཏོགས་པའི་མངའ་རིས་ས་ཁུལ་དང་། བོད་བྱང་ཐང་གའི་ཆུའི་ཁུལ། ཁམས་ཁུལ་གྱི་བྱང་ངོས་བཅས་སུ་གཙོ་བོར་དར་ཁྱབ་ཆེ་བ་ལས། བོད་ཀྱི་ལྷོ་ཁུལ་སྤྱི་དང་ཡར་ཀླུང་དབུས་གཙང་སོགས་ཤེས་བྱའི་དཔལ་ཡོན་དར་ཆེ་བར་གྲགས་པའི་ས་ཆ་རྣམས་སུ་ལ་གླུ་ལེན་ཤེས་མཁན་དང་། དགའ་མོས་བྱེད་མཁན་ཤིན་ཏུ་ཉུང་ཞིང་། ཞིང་འབྲོག་གཉིས་ཀྱི་ངོས་ནས་བཤད་ན་འབྲོག་ཁུལ་དུ་དར་ཁྱབ་ཆེ་བ་ལས་ཞིང་ཁུལ་དུ་ལ་གླུ་ལེན་མཁན་དང་ཤེས་མཁན་སྤྱིར་ན་མཐོང་རྒྱུ་མེད། དེའི་ཐོག་ནས་ལ་གླུ་ནི་འབྲོག་པ་ཚོས་ཕྱུགས་འཚོ་སྐབས་གཏོང་བའི་ཆ་ནས་བོད་ཀྱི་ལས་གླུའི་གྲས་སུ་བཅུག་ཀྱང་མི་འགྲིག་པ་མེད་པར་སྙམ།
ཁ ལ་གླུའི་གོ་དོན།
    
ལ་གླུ་ལ་བྱང་འབྲོག་རང་གིས་ལ་ཡས་དང་། ལའུ་སོགས་བརྗོད་ཀྱི་ཡོད་ཅིང་། དོན་དུ་ལ་སྟེ་ཕྱུགས་རིགས་འཚོ་སའི་ས་ཆ་གཙང་ཞིང་མཐོ་ལ་མིའི་རྒྱུ་འགྲུལ་ཉུང་བའི་གནས་དག་ལ་གོ་བ་དང་། གླུ་ཞེས་པ་ནི་དེང་སྐབས་མཁས་པ་མང་པོ་ཞིག་གིས་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པར་འདོད་པས་དེས་ན་ཕྱུགས་རིགས་ཁོ་ན་བདག་སྐྱོང་བྱེད་མཁན་གྱི་འབྲོག་པ་ཚོས་ཕྱུགས་ཟོག་འཚོ་ཞོར་དུ་རི་ཐང་ཀླུང་ཁྲོད་ནས་སྙན་འཇེབས་ཀྱི་དབྱངས་རྟ་སྣ་ཚོགས་བཀུག་པར་ལ་གླུ་ཞེས་པའི་ཐ་སྙད་ཐོགས་ཤིང་། དུས་ཡུན་རིང་པོའི་ནང་ངག་ནས་ངག་ཏུ་བརྒྱུད་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་ནང་དོན་དང་། ཚིག་སྦྱོར། དབྱངས་རྟ་འཐེན་ལུགས་སོགས་ལ་དག་བཅོས་དང་། ཁ་སྐོང་། མཐོར་འདེགས་བཅས་བྱས་པ་བརྒྱུད་ད་ལྟ་ང་ཚོའི་རྣ་ལམ་དུ་ཐོས་པའི་ལ་གླུ་ཞེས་པའི་འབྲོག་ཁུལ་གྱི་རང་བྱུང་སྙན་ངག་དེ་ཉིད་གྲུབ་པ་ཡིན། དེ་ནི་བོད་ཀྱི་ཆེས་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དུས་ཡུན་རིང་པོའི་ནང་གི་བོད་མིའི་བསམ་པའི་འདུ་ཤེས་དང་། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མྱོང་ལུགས་མངོན་པར་གསལ་བ་ཞིག་ཡིན། དེ་ཡང་གླུ་ནི་མི་རིགས་ཀྱི་ཐུན་མོང་མིན་པའི་དབྱངས་རྟ་ཅན་གྱི་བརྗོད་པ་ཀུན་ལ་གོ་བ་ནི་མགུར་གླུ་དང་། སྒྲུང་གླུ ལ་གླུ གླུ་གཞས། གླུ་གར་སོགས་མང་དུ་ཡོད་ཅིང་། ཐ་སྙད་དེའི་སྔོན་དུ་ལ་ཞེས་པའི་ཚིག་འབྲུ་དེ་སྣོན་སྐབས་བོད་མི་རིགས་ཀྱི་གླུའི་བྱེ་བྲག་པ་ཞིག་ཡིན་པ་ཤེས་ཐུབ་ལ། ད་དུང་ཨ་མདོ་ཁུལ་དུ་རི་གླུའམ་ལ་གཞས་ཀྱང་ཟེར་གྱི་ཡོད་ཚུལ་དཔེ་དེབ་འགའ་ནས་བཤད་འདུག་ལ་ཁོ་ཚོའི་ལ་གཞས་དེ་དག་ཀྱང་རྩ་བའི་ཆ་ནས་བོད་བྱང་འབྲོག་གི་ལ་གླུ་དང་དབྱེ་བ་མེད་པ་ཞིག་ཏུ་སྣང་།
ག ལ་གླུའི་དབྱེ་བ།
  
༡ བརྗོད་བྱའི་དོན་གྱི་དབྱེ་བ།
    
ལ་གླུའི་དབྱེ་བ་འབྱེད་ཚུལ་ཐད་དེ་སྔ་བྱང་འབྲོག་གི་ལ་གླུ་ཕྱོགས་བསྡུས་གནང་མཁན་གྱི་ཤེས་ལྡན་པ་རྣམས་ནས་བསྟོད་གླུ་དང་། ཁྲམ་གླུ མཛའ་གླུ མཐུན་གྲུ གླུ་ཤགས་སོགས་སུ་དབྱེ་བ་ཕྱེ་འདུག་ཀྱང་། ཁོ་བོས་ལོ་འགའི་ནང་ལ་གླུ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་བརྒྱུད་རིམ་ནང་། ལ་གླུ་ལ་ངེས་པར་དུ་སྲིད་པའི་གླུ་ཆེན་དང་། ཁྲམ་གླུ མཛའ་གླུ མཚར་གླུ སློབ་གསོའི་གླུ ཟུར་ཟའི་གླུ ཁྲོལ་གླུ གླུ་ཤགས། རིག་རྩོམ་བཅས་དབྱེ་བ་འགའ་ཞིག་ཕྱེ་ན་ལེགས་པ་ཡོད་པའི་ཚར་སྣང་བྱུང་ཞིང་། དེ་ལས་དང་པོ་སྲིད་པའི་གླུ་ཆེན་ལ་ཡང་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་གླུ་ཆེན་དང་། སྲིད་པ་ཐོག་མར་ཆགས་ཚུལ་དང་རང་བྱུང་ཁམས་ཆེ་མོའི་གསང་བ་དག་ལ་འགྲེལ་བཤད་ཀྱི་ཚུལ་དུ་དྲིས་ལན་འདེབས་རེས་ཀྱི་སྒོ་ནས་གཏོང་བའི་ཁྲོལ་གླུ་སྟེ་རྣམ་པ་གཉིས་ཡོད་ཅིང་། རྣམ་ཀུན་འབྲོག་པ་རྣམས་ཀྱིས་ཀྱང་སྲིད་པའི་གླུ་ཆེན་ཞེས་གནའ་སྔ་མོའི་དུས་ནས་དར་ཞིང་། བཀྲ་ཤིས་རྟེན་འབྲེལ་གྱི་དགའ་སྟོན་སྐབས་ལེན་པར་གླུ་དེར་ལ་གླུ་གཞན་དག་ལས་ཆེས་རྩ་འགངས་ཆེ་བའི་དད་མོས་ཀྱི་འདུ་ཤེས་འཛིན་པར་བྱེད།
     ཁྲམ་གླུ་ནི་གནའ་སྔ་མོའི་དུས་ནས་དར་བ་ཞིག་མ་ཡིན་པར། དུས་ཕྱིས་བྱང་ཁུལ་དུ་དབང་སྒྱུར་བས་མང་ཚོགས་ལ་ཚད་ལས་འགལ་བའི་སྡུག་གཅོད་དང་། ཁྲལ་རིགས་སྣ་ཚོགས་འགེལ་དཀྲི་བྱེད་པའི་སྐབས་སུ་དཔའ་དང་བློ་ཁོག་ཆེ་བའི་མང་ཚོགས་འགའ་རེས་ཐབས་ཟད་འུ་ཐུག་དང་ངན་པ་ལང་ཤོར་ལྟ་བུས་ཡུལ་ངེས་མེད་དུ་འཕྲོག་བཅོམ་གྱི་ལས་ལ་ཞུགས་ནས་གོང་གི་དཔོན་པོའི་དབང་ཤེད་དང་། སྟག་ཤར་གདོང་གཏུག་ཏུ་འཛིང་རྒྱུར་མི་སྐྲག་པའི་ཕྱོགས་མེད་ཡུལ་སྡེ་ཀུན་ལ་ཇག་པ་རྒྱག་པའི་སྐྱེ་བོ་ཚོས་རང་གི་མི་ཚེ་འདི་བྱ་བ་དེ་འདྲར་ཞུགས་དགོས་བྱུང་བའི་སྐྱོ་གདུང་དང་། སྐབས་དེའི་ཟ་རྔམ་ཅན་གྱི་དཔོན་རིགས་ཚོར་མ་འདོད་པའི་ཟུར་ཟ། ཡང་ན་རང་གི་དཔའ་ངོམ་ཕོ་ཤེད་དང་ཡང་མེད་ཡིན་ཚུལ་སྟོང་གཏམ་ལ་དྲངས་པའི་ནང་དོན་ལྡན་པ་ཞིག་ཡིན།
    
མཛའ་གླུ་ནི་བོད་བྱང་ཁུལ་གྱི་གཞོན་ནུ་ཕོ་མོ་རྣམས་ལང་ཚོའི་དཔལ་ཡོན་དར་ལ་བབས་ཏེ་ཕན་ཚུན་མཛའ་གཅུགས་ཀྱི་བརྩེ་སེམས་དམ་དུ་འབྲེལ་ཡང་ཕ་མ་སྤུན་མཆེད་སོགས་ཀྱི་མདུན་སར་ངེས་པར་འཛེམ་བྱ་དགོས་པ་སོགས་ཡུལ་གྲུ་སྤྱིའི་གོམས་གཤིས་བཙན་པོར་བརྩི་འཇོག་མི་བྱེད་ཐབས་མེད་ཡིན་སྟབས། ཁོ་ཚོས་སྐྱེ་བོ་གཞན་དག་གིས་བར་ཆད་མེད་པའི་རི་ལ་ཕྱུགས་རིགས་འཚོ་བའི་དུས་ཚོད་དམ་འཛིན་གྱིས་རང་རང་གི་དགའ་བརྩེའི་འདོད་ཞེན་རྣམས་སྙན་འཇེབས་ལ་གླུའི་དབྱངས་རྟར་དྲངས་ནས། ཕ་རོལ་པོར་ངང་གིས་གོ་ཐུབ་པ་བྱེད་པ་ཡིན་ལ། ད་དུང་མི་རྣམས་ཀྱིས་ཕོ་མོའི་བརྩེ་དུང་ལ་དོ་སྣང་བྱེད་པ་དང་རང་དབང་གི་གཉེན་སྒྲིག་ལ་དོ་སྣང་བྱེད་དགོས་པའི་སྤྱོད་བཟང་དེར་བརྩི་འཇོག་བྱེད་པ་དང་། གཞན་དབང་གིས་བཙན་སྒྲིག་དང་བརྩེ་དུང་ལ་བར་ཆད་གཏོང་བར་ཐེར་འདོན་བྱེད་པའི་བརྗོད་བྱའང་མང་དུ་ཡོད།
     མཚར་གླུ་ནི་བོད་ཀྱི་སྤྱི་ཚོགས་ནང་དུ་མི་རིགས་རང་ཉིད་ཀྱི་གོམས་སྲོལ་དང་། འདུ་ཤེས་འཛིན་སྟངས་ཤིག་ཡོད་པར་བརྟེན། སྐྱེ་བོ་རང་རང་གི་སེམས་ནང་བྱེད་འདོད་པའི་བྱ་བ་མང་པོ་ཞིག་ལག་ལེན་དུ་བསྟར་སྐབས། སྤྱི་ཚོགས་ཁྲོད་དུ་ཟུར་ཟའི་སྐད་ཆ་སྣ་ཚོགས་ཡོང་གི་ཡོད་པས་དེ་ལ་ཁ་གཏད་འཇལ་བའི་བརྗོད་བྱ་གཙོ་བོར་བྱས་ཐོག མིའི་རིགས་ཀྱི་སྤྱི་ཚོགས་ནང་བཅོས་མའི་གཡོ་ཟོལ་གྱི་རྣམ་པ་མང་པོས་རང་གི་འདོད་དོན་ངོ་མ་དང་། སེམས་ཀྱི་དགའ་ཕྱོགས་ངོ་མ་བག་ལ་སྐུང་བའི་བྱེད་ལུགས་རྣམས་དམར་རྗེན་དུ་བཏོན་པ་ཞིག་ཡིན།
    
སློབ་གསོའི་གླུ་ནི་བྱ་བ་གང་ལའང་འགྲོ་ལུགས་སྡོད་ཚུལ་སོགས་འཇུག་ལྡོག་ཚུལ་བཞིན་དགོས་པའི་སློབ་སྟོན་གྱི་ནང་དོན་ལྡན་ཞིང་། ལྷག་པར་བྱམས་བརྩེ་མཚུངས་མེད་ཀྱི་ཕ་མར་ཞབས་ཞུ་དགོས་ལུགས་དང་། ཚེ་འདིར་གཤིབ་ཡུན་རིང་བའི་བརྩེ་གྲོགས་ལ་མཐུན་གཤིབ་བྱམས་སྐྱོང་དགོས་ལུགས་སོགས་ཀྱི་བརྗོད་བྱ་ལྡན་པ་ཞིག་ཡིན།
    
ཟུར་ཟུའི་གླུ་ནི་སྤྱི་ཚོགས་ཁྲོད་དུ་ཡ་རབས་ལུགས་བཟང་ལས་འགལ་བའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ཀུན་ལ་སྐྱོན་འདོན་མཚང་འབྱིན་གྱི་ཚིག་མཚོན་འདེབས་པའམ། ཡང་ན་ཁོ་ཚོའི་བྱ་སྤྱོད་དེ་དག་འཇིག་རྟེན་ཐོག་གི་སྐྱེ་བོ་གཞན་དག་ཚོས་མཆིལ་སྣབས་ལྟར་དོར་འོས་ཤིང་། ཁོ་ཚོ་ནི་མིའི་ལུས་སུ་གྲུབ་ཀྱང་བྱ་སྤྱོད་ཁྱི་ལས་ལོད་པའི་མ་རབས་ཐ་ཤལ་ཅན་ཡིན་ཚུལ་གྱི་ནང་དོན་ལྡན་པ་ཞིག་ཡིན་ལ། ད་དུང་ཕོ་མོའི་དགའ་སྐྱོ་ཆགས་སྡང་དང་། བརྩེ་དུང་ལ་བར་ཆད་བཏང་བའི་སེམས་ནད་བཅས་ལ་བྱུང་བའི་བརྗོད་བྱའང་དེའི་ནང་དོན་དུ་བྱེད་པ་ཡིན།
    
ཁྲོལ་གླུ་ནི་གནའ་བོའི་བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་དང་། འཇིག་རྟེན་ལྟ་ཚུལ། འཚོ་བའི་ཤེས་བྱ་སོགས་དྲི་བ་དྲིས་ལན་གྱི་སྒོ་ནས་རིག་པའི་བློ་སྒོ་འབྱེད་ཅིང་། བྱིས་བློའི་དྲི་མ་དག་པར་བྱེད་པའི་ནང་དོན་ལྡན་པ་ཞིག་ཡིན་པས། དེ་ལས་ཤེས་རིག་གི་དཔལ་ཡོན་ཆེར་མ་རྒྱས་པའི་གདོད་མའི་དུས་ཀྱི་མིའི་རིགས་ཀྱི་བསམ་པའི་འདུ་ཤེས་དག་ཀྱང་མངོན་པར་གསལ་ཐུབ་པ་ཡིན།
    
གླུ་ཤགས་ནི་དགའ་སྤྲོའི་འདུ་ལོང་རྒྱས་དུས་དང་། ཡང་ན་ལས་བྲལ་ཁོམ་པ་ཆེ་བའི་དུས་སུ་གླུ་པ་ང་ཡིན་སྙམ་པ་གཉིས་གསུམ་གླུ་ལན་འདེབས་རེས་བྱེད་པ་ཞིག་ཡིན་ཞིང་། ནང་དོན་ནི་ཁྲོལ་གླུའི་རིགས་དང་། དེ་མིན་ཟུར་ཟ་དང་། ངན་སྨྲས། ཁྲེལ་འཕྱ་སོགས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་ལྡན་པ་ཞིག་ཡིན། རིག་རྩོམ་ནི་མི་རབས་ནས་མི་རབས་བརྒྱུད་པའི་ལ་གླུ་མ་ཡིན་པར་རྣམ་རིག་བཀྲ་བའི་གཞོན་ནུ་ཕོ་མོ་ཚོས་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་རྒྱས་པའི་དུས་སམ། གཞན་ལ་ངན་སྨྲས་འཕྱ་ལད་རྒྱག་དུས་དང་། གླུ་ལེན་ཤགས་འགྱེད་བྱེད་སྐབས་འཕྲལ་མར་ཕ་རོལ་པོའི་རྣམ་པ་དང་། ཁྱད་ཆོས་གང་ཡང་རུང་བ་དག་འཇིག་རྟེན་ཐོག་གི་བྱ་དངོས་བཟང་ངན་གང་རུང་ལ་དཔེར་བཀོད་ནས་བསྟོད་སྨད་སྣ་ཚོགས་ཀྱི་བརྗོད་དོན་དབྱངས་སུ་གྱེར་བ་ཞིག་ཡིན། དེ་སྔ་བྱང་འབྲོག་ཁུལ་དུ་དེ་ལྟ་བུའི་རིག་རྩོམ་མང་དུ་ཡོད་ཅིང་། དེ་དག་ལ་ལ་ནི་ཚིག་སྦྱོར་གནད་དུ་ཁེལ་ཞིང་ཚིག་ཉུང་དོན་འདུས་པ། གླུ་ལེན་ཡུལ་གྱི་ཕ་རོལ་པོའི་སེམས་ལ་ཕོག་ཐུག་གི་རང་བཞིན་ཆེས་ཆེར་ལྡན་པའི་རྣོ་ངར་གྱི་རྗོད་ཚིག་ལྡན་པ་ཡིན། དཔེར་ན། ནག་ཆུའི་ཤེལ་ཚྭ་ཁུལ་དུ་བྱུང་བའི་རིག་རྩོམ་ལས། སྡེ་སྒོབ་སྡེའི་དཀྱིལ་ནས་ཡོང་བའི་དུས།། ལུག་གྭ་ཙ་སེར་རྐང་འཁྱིལ་འཁྱིལ་རེད།། ནོར་ནག་ཆུང་སྤྲིན་ནག་འཁྲིགས་འཁྲིགས་རེད།། སྡེ་སྔོ་སྡེའི་དཀྱིལ་ལ་སླེབས་པའི་དུས།། ལུག་གྭ་ཙ་སེར་གངས་ཞུ་ཞུ་རེད།། ནོར་ནག་ཆུང་རམ་པ་རྩ་འདོན་རེད།།ཅེས་དང་། གླུ་ལེན་ཡུལ་གྱི་མི་སྣར་དམའ་འབེབས་གཏོང་བའི་རིག་རྩོམ་དུ། ངོ་སྔོན་པོ་ཞ་ཉེའི་མདེལ་སྐྱོགས་རེད།། སྣ་ནག་རོག་སྒྱིད་བུ་སྤུན་གསུམ་རེད།། མགོ་བྱ་རྡོ་འདྲ་ལེའི་ཏིལ་དག་ལ།། ཞྭ་ཚར་དཀར་བུ་མོར་གོ་རེ་བ་མེད་གཏན་རེད།།ཅེས་དང་། ཁ་ཤ་མཐུག་ལེ་བེམ་བོ་གཡག་ལ་ཁལ་འགེལ་སྐབས་གཡག་སྒའི་འོག་གི་གདན་ལ་བེམ་བོ་ཞེས་ཟེར་རེད།། གདོང་པ་ཉག་ལེ་གཡག་སྒ་རེད།། མི་ཁྱོད་ལ་སྒ་གདན་ཆ་གཅིག་འདུག།ཅེས་པ་ལྟ་བུ་ཤིན་ཏུ་མང་ངོ་།
 
༢ ཚིག་སྦྱོར་རྣམ་པའི་དབྱེ་བ།
    
ལ་གླུའི་ཚིག་སྦྱོར་ནི་བོད་ཀྱི་གདོད་མའི་རང་བྱུང་སྙན་ངག་སྟེ། ཆེས་སྔ་མོའི་དུས་ནས་བོད་མི་རིགས་ཚོའི་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་དབྱངས་སུ་གྱེར་བ་ཞིག་ཡིན། དེ་ལ་དཔེ་དོན་སྦྱོར་བའི་ཚིག་སྦྱོར་གྱི་རྣམ་པའི་ཐད་ནས་རང་བཞིན་བརྗོད་པ་དང་། གྲངས་བརྗོད་ཀྱི་རྒྱན། ཟླ་བོ་དངོས་པོའི་དཔེ། བསྡུས་བརྗོད། དཔེ་རྒྱན། གཟུགས་ཅན་གྱི་རྒྱན་སོགས་ཀྱི་རྣམ་པ་ཡོད་དེ། དེ་ཡང་། སྐྱིད་ཟེར་ལེ་ཁྲམ་པ་བུ་ལུ་རེད།། རྗེས་ར་མདའ་སེམས་པའི་མཛེར་རུ་རེད།། སྐྱིད་ཟེར་ལེ་ཨ་ཕོ་ལུག་རྫི་རེད།། དགྲ་རི་སྤྱང་སེམས་པའི་མཛེར་རུ་རེད།། སྐྱིད་ཟེར་ལེ་སྨན་ཆུང་གོ་མ་རེད།། ཆུང་ལན་ཆགས་སེམས་པའི་མཛེར་རུ་རེད།།ལྟ་བུ་རང་བཞིན་བརྗོད་པའི་རྒྱན་དང་། བན་བླ་མའི་ལུས་ལ་སྤམ་གསུམ་གདའ།། དབུས་ལྷ་སའི་ཆོས་ར་གོང་མ་ལ།། ཁྲོམ་མང་འཛོམས་ཉུང་འཛོམས་ཆོས་རའི་ཁྲོམ།། མགོ་བསོད་ནམས་ཅན་ལ་ཆོས་ཞྭ་སྤམ།། ལུས་བསོད་ནམས་ཅན་ལ་ཆོས་གོས་སྤམ།། རྐང་བསོད་ནམས་ཅན་ལ་འབོལ་ལྷམ་སྤམ།། སྟག་ཤར་པའི་ལུས་ལ་སྤམ་གསུམ་གདའ།། དབུས་ལྷ་སའི་ཁྲོམ་ར་བར་མ་ལ།། ཁྲོམ་མངང་འཛོམས་ཉུང་འཛོམས་ཁྲིམས་རའི་ཁྲོམ།། མགོ་བསོད་ནམས་ཅན་ལ་ཝ་ཞྭ་སྤམ།། ལུས་བསོད་ནམས་ཅན་ལ་ཚར་ཚགས་སྤམ།། རྐང་བསོད་ནམས་ཅན་ལ་གཞི་ཁྲ་སྤམ།། དབུས་ལྷ་སའི་ཁྲོམ་ར་འོག་མ་ལ།། ཁྲོམ་མང་འཛོམས་ཉུང་འཛོམས་གཡུ་ཁྲའི་ཁྲོམ།། མགོ་བསོད་ནམས་ཅན་ལ་གཡུ་བྱུར་སྤམ།། ལུས་བསོད་ནམས་ཅན་ལ་ལྗང་ཆུང་སྤམ།། རྐང་བསོད་ནམས་ཅན་ལ་དར་ལྷམ་སྤམ།།ལྟ་བུ་གྲངས་བརྗོད་ཀྱི་རྒྱན་དང་། མཛོ་གྭ་ཁྲའི་རྭ་ཅོ་གཡས་པ་ལ།། མར་དཀར་སེར་པད་མ་བྲིས་བཞག་ཡོད།། དྲོ་ཉི་མ་བསྟེན་ནས་མི་ཞུ་ལེ།། རྭ་སྨུག་མོའི་གུར་ཁང་ཕུབ་བཞག་ཡོད།། ལུག་དམར་ཙའི་སོག་པ་གཡས་པ་ལ།། ཙག་དམར་པོའི་གཡུང་དྲུང་བྲིས་བཞག་ཡོད།། ཆུ་ཆར་པ་བབས་ནས་མི་དག་ལེ།། བལ་དཀར་པོའི་གུར་ཁང་ཕུབ་བཞག་ཡོད།།ལྟ་བུ་བསྡུས་བརྗོད་ཀྱི་རྒྱན་དང་། ངས་ཁྱེར་ལེའི་བཞོན་པའི་རྟ་ལ་ནོར་ཡང་མེད།། རྟ་ཁྲ་དུང་དཀར་་གཡང་ཆགས་རེད།། ངས་འཕེན་ལེའི་སྦོས་ལ་ནོར་ཡ་མེད།། ཁྲ་རིང་དངུལ་དཀར་རྒྱང་སོ་རེད།། ངས་མཐུན་ལེའི་རོགས་ལ་ནོར་ཡ་མེད།། ཆུང་འདྲིས་དུང་དཀར་སོ་ཞོ་རེད།།ཅེས་དཔེ་རྒྱན་དང་། དགུང་ཨ་སྔོན་གོས་ཆེན་ཕྱུ་པ་རེད།། སྤྲིན་དཀར་ལུ་གོས་ཆེན་རི་མོ་རེད།། གློག་དམར་ཆུང་གོས་ཆེན་རྐེད་རགས་རེད།། སྐར་ཉི་ཟླ་གོས་ཀྱི་རྒྱན་ཆ་རེད།། ས་དོག་མོ་གསེར་གྱི་བུམ་པ་རེད།། རྩྭ་རྩི་ཐོག་བུམ་པའི་ཁ་རྒྱན་རེད།  ཆབ་ཆུ་བོ་བུམ་པའི་བུམ་དར་རེད།། གངས་གཡའ་རྫ་བུམ་པའི་མགུལ་དཀྲིས་རེད།།ལྟ་བུ་གཟུགས་ཅན་གྱི་རྒྱན་དང་། ནོར་ནག་ཆུང་གྲིབ་སོ་ཁུག་ཁུག་རེད།། ང་ནོར་རྫི་སྣང་བ་སྐྱིད་ལོད་ལ།། ལུག་གཡང་དཀར་སྤྲིན་དཀར་འཕྱུར་འཕྱུར་རེད།། ང་ལུག་རྫི་སྣང་བ་སྐྱིད་ལོད་ལ།། རྟ་འདོ་བ་གསེར་རྡོག་འགྲིལ་འགྲིལ་རེད།། ང་རྟ་རྫི་སྣང་བ་སྐྱིད་ལོད་ལ།། ཕྱུགས་དཀར་ནག་རྒྱ་མཚོ་ལུད་ལུད་རེད།། ཕ་འབྲོག་པ་སྣང་བ་སྐྱིད་ལོད་ལ།།ལྟ་བུའམ། བྲག་དཀར་རྟ་སོ་རང་འགྲིག་ལ།། ཆར་སྤྲིན་སྨུག་པ་འཐིབ་འཐིབ་རེད།། བྱ་རྒྱལ་ལྡིང་ཕྱོགས་མ་ལོག་ཨ།། དཀར་ཆུང་ལུ་གུའི་ཚར་རུ་ལ།། གོས་ཆེན་སྨུག་ཁྲ་འཐིབ་འཐིབ་རེད།།ལྟ་བུ་ཟུང་ལྡན་གྱི་རྒྱན་དང་འདྲ་མང་དུ་ཡོད། གཞན་ཡང་། དམར་རྒྱ་མཚོའི་གཏིང་གི་ནོར་བུ་དེ།། ཉ་གསེར་གཤོག་འཁྱུག་ནས་མ་ལོན་རེད།། སྡུག་སྦལ་པ་འཁྱུག་ནས་ལོན་ལེ་མ།། ཁ་འདམ་དྲི་འཁྱོག་སེ་ཉལ་ནས་སྡོད།།ལྟ་བུ་འཆར་ཡན་གྱི་ཉམས་འགྱུར་ལྡན་པའི་དཔེ་སོགས་རྣམ་པ་འདྲ་མིན་མང་དུ་ཡོད།
    
གང་ལྟར་ལ་གླུའི་ཐུན་མོང་མིན་པའི་དཔེ་དོན་སྦྱོར་ཚུལ་ནི་དོན་དང་འཚམས་པའི་མཚོན་བྱེད་ཀྱི་དཔེ་རེ་ལ་ཚིག་རྐང་གསུམ་བཞི་བྱས་པ་གཉིས་གསུམ་རེ་སྔོན་དུ་བཀོད་རྗེས། མཚོན་བྱ་དོན་གྱི་དཔེ་ཅན་དེ་ཚིག་རྐང་སྔ་མའི་དཔེ་དང་གྲངས་མཚུངས་པའི་སྒོ་ནས་གཤམ་དུ་བཀོད་པ་ཡིན། དཔེ་དོན་འགོད་སྟངས་དེ་ནི་བོད་ཀྱི་གནའ་རབས་སྙན་ངག་གི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡིན་པ་ཡང་། སྔ་རབས་ཀྱི་མགུར་གླུའི་རིགས་དང་། གླིང་སྒྲུང་ཁག་ལ་གཟིགས་དང་དེའི་རིགས་མང་དུ་མཐོང་རྒྱུ་ཡོད་དོ།

གཉིས་པ། བྱང་འབྲོག་ལ་གླུའི་རིན་ཐང་གི་རང་བཞིན་གླེང་བ།

བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཁུངས་སྣེའི་རིན་ཐང་ལྡན་པ།  བོད་དུ་ཡི་གེ་བྱུང་བའི་ལོ་རྒྱུས་ཐད་ངོས་འཛིན་གཅིག་གྱུར་མེད་ཀྱང་ཡ་ཐོག་ཞང་ཞུང་བོན་གྱི་དུས་ལ་ཡི་གེ་ཡོད་པའི་དབང་དུ་བཏང་ན། རིང་ཤོས་ལ་ལོ་སུམ་སྟོང་ལྷག་ཙམ་ལས་མེད་པའི་(བོན་རང་གི་ལྟ་བ་ལྟར་ན་ཆིག་ཁྲི་བདུན་སྟོང་ལྷག་ཙམ་སོང་བར་འདོད་)ངོས་འཛིན་བྱེད་བཞིན་ཡོད་མོད། ངག་ཐོག་གི་དམངས་ཁྲོད་རྩོམ་རིག་འདི་དག་ནི་མཐོ་སྒང་གླིང་དུ་འགྲོ་བ་མིའི་རིགས་ཕན་ཚུན་སྐད་བརྡ་སྤྲོད་ཤེས་ཙམ་ནས་བྱུང་བར་ངོས་འཛིན་བྱས་ན་ཆོག་ཕྱིར། ཡིག་ཐོག་རྩོམ་ཡིག་ལས་ཆེས་སྔ་བའི་ལོ་རྒྱུས་ཡོད་སྟབས། དམངས་ཁྲོད་རྩོམ་རིག་དེ་དག་གིས་བོད་ཀྱི་ཡ་ཐོག་འགྲོ་བ་མིའི་རིགས་ཀྱི་འཚོ་བ་དང་། དད་མོས། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ། རུས་རྒྱུད་ཚོ་ཁག་བར་གྱི་འཐབ་རྩོད་སོགས་མངོན་གྱི་ཡོད་པ་མ་ཟད། དེ་དག་ནི་རྩོམ་པ་པོས་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་། དབང་སྒྱུར་པར་སྤྲེལ་ལད་འཁྲབ་ནས་ལོ་རྒྱུས་ཀྱི་གདོང་རིས་ངོ་མ་སྒྲིབ་པའི་ལོ་རྒྱུས་རྩོམ་རིག་དག་དང་མི་འདྲ་བར། མང་ཚོགས་ཚོས་ངག་ནས་ངག་ཏུ་བརྒྱུད་དེ་དུས་སྐབས་སོ་སོའི་དགའ་སྡང་ཕྱོགས་ཞེན་བྱེད་ཡུལ་དངོས་དང་། འགལ་བ་དངོས་གང་ལེགས་མཚོན་ཡོད་སྟབས། ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དོན་ངོ་མའི་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ཡོད་ལ། བྱང་འབྲོག་ལ་གླུར་མཚོན་ནའང་ཆེས་སྔ་མོའི་དུས་ནས་དར་བའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པའི་ཆ་ནས་གོང་ཞུས་ཀྱི་རིན་ཐང་དེ་ལྡན་ཡོད།
    
ཡ་རབས་སྤྱོད་བཟང་གི་བསླབ་བྱའི་དོན་སྙིང་ལྡན་པ། བོད་མི་རིགས་ནི་ཡ་རབས་སྤྱོད་བཟང་རིགས་ལ་གཙིགས་ཆེར་འཛིན་པའི་མི་རིགས་ཤིག་ཡིན། ལ་གླུ་དར་ཁྱབ་ཆེ་བའི་བྱང་འབྲོག་ཁུལ་སོགས་འབྲོག་པ་རྣམས་ལ་མཚོན་ན་ཡང་། མདུན་ངོས་ནས་ཞེ་ས་དང་གུས་ཞབས་ཀྱི་རིགས་ཆེར་ཤེས་ཀྱི་མེད་རུང་། ཡ་རབས་སྤྱོད་བཟང་དེ་མི་རབས་ནས་མི་རབས་སུ་མི་ཉམས་པར་གནས་དགོས་པའི་འདུ་ཤེས་འཛིན་གྱི་ཡོད་སྟབས། བྱིས་ན་སྨྲ་ཤེས་ཙམ་ནས་ཕ་མས་ཡ་རབས་སྤྱོད་བཟང་བྱེད་དགོས་པའི་བསླབ་བྱ་ནན་ཏན་བྱེད་ཀྱི་ཡོད། དེ་ལྟ་བུའི་སྤྱི་ཚོགས་ཁོར་ཡུག་ནས་ཐོན་པའི་བྱང་འབྲོག་ལ་གླུའི་བརྗོད་བྱར་ཡང་དེ་མཐུན་གྱི་བསླབ་བྱའི་ནང་དོན་ལྡན་ཡོད། དེ་ཡང་ལ་གླུ་ནི་ན་ཆུང་ཕོ་མོའི་བར་གྱི་བརྩེ་དུང་གི་བརྗོད་བྱ་གཙོ་ཆེར་བཟུང་ཡོད་སྟབས། མང་ཆེ་བ་ཞིག་ནི་བརྩེ་དུང་སྐོར་གྱི་བསླབ་བྱའམ། གཞོན་ནུ་ཕོ་མོའི་བར་དང་། ཁྱིམ་གཅིག་གི་བཟང་ཚང་བར་ལ་མཛའ་གཅུགས་ཚུལ་ལྡན། བརྩེ་དུང་ལྟར་མེད་དགོས་པའི་ནང་དོན་ཅན་གྱི་བསླབ་བྱའི་རིགས་ཡིན་པ་དཔེར་ན། སྦོས་ཁྲ་རིང་དངུལ་དཀར་སོ་བ་ཅན།། ཁྱོད་ཉིན་རེར་སྦོས་རེ་མ་འཕེན་ཨ།། ཁྱོད་ཉིན་རེ་སྦོས་རེ་འཕེན་སོང་ན།། ཕྱི་ལྕགས་དཀར་བཅུས་དཀྲིས་ཞིག་འགྲོ་རེད། ནང་རྒྱ་ལྕགས་སྦུ་གུ་འཐོར་འགྲོ་རེད།། སྦོས་འཕེན་རེ་མེད་གདའ་ལུས་འགྲོ་རེད།།ཅེས་བཟའ་ཚང་ཞིག་ལ་མཚོན་ན། མི་ཚེ་མཉམ་གཤིབ་བྱེད་རིང་ཕྱོགས་གཉིས་ཀས་མི་གཞན་དག་དང་ཚུལ་མིན་གབ་མཐུན་གྱི་ལོག་གཡེམ་རིགས་གཏན་ནས་བྱེད་མི་ཉན་པར་བསྟན་ཡོད།
    
ཕ་མར་གུས་བཀུར་དང་ཞབས་ཞུ་མཐའ་འཁྱོངས་བྱེད་དགོས་པའི་འདུ་ཤེས་དེ་བོད་རིགས་མང་ཚོགས་ཁྲོད་གཏིང་ཤིན་ཏུ་ཟབ་མོ་ལྡན་པས་ལ་གླུའི་བརྗོད་བྱར་དགའ་གྲོགས་དང་། ཆུང་མ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཕ་མར་གདུག་སྡང་བྱེད་མི་རུང་བའི་ནང་དོན་ལྡན་པ་དཔེར་ན། དྲིན་ཕ་མ་གསེར་ཕྱེ་བསིལ་མ་རེད།། གསེར་ས་ལ་འཐོར་ན་བསྒྲུག་རྒྱུ་མེད། རོགས་ཨ་མཐུན་རི་མགོའི་རྡོ་དང་འདྲ། རྡོ་རེ་རེ་བོར་ཀྱང་གཉིས་རེ་སྒྲུགཅེས་དགའ་གྲོགས་ཀྱི་ཁ་ལ་བལྟས་ནས་ཕ་མ་བདག་མེད་དུ་བསྐྱུར་མི་རུང་བའི་བསླབ་བྱ་ནན་པོ་བྱས་པ་མ་ཟད། ཕ་མ་དང་བཟའ་ཚང་ངམ་དགའ་གྲོགས་གཉིས་ལས་སུ་ཞིག་རྩ་ཆེར་འཛིན་དགོས་པའི་གསས་ལུགས་བསྟན་པ་ལྟ་བུ་མང་དུ་ཡོད་དོ།
    
སྔ་མོའི་དུས་ཀྱི་བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་འཚོལ་བའི་རིན་ཐང་ལྡན་པ། མི་རིགས་སོ་སོར་ཐུན་མོང་མ་ཡིན་པའི་བསམ་པའི་འདུ་ཤེས་དང་། དགའ་སྡང་གི་འཛིན་ཕྱོགས་ལྡན་པ་མ་ཟད། དེ་དག་ནི་བཅོས་སུ་མི་གཏུབ་པའི་སེམས་པའི་གཏིང་རུམ་དུ་མི་རབས་ནས་མི་རབས་བརྒྱུད་ཉར་བ་ཞིག་ཡིན་པས། བསམ་བློའི་འདུ་ཤེས་དེ་དག་ལས་མི་རིགས་སོ་སོའི་ཤེས་རིག་ཇི་ཙམ་དར་ཚུལ་དང་། སྤྱོད་པ་བཟང་ངན་ལ་ལྟ་ཚུལ་ཇི་ལྟར་འཛིན་གྱི་ཡོད་མིན་སོགས་རྒྱུ་ཆ་མི་ཉུང་བ་འདོན་སྤྲོད་ཐུབ་ཀྱི་ཡོད། དེ་ཡང་བྱང་འབྲོག་ལ་གླུའི་བརྗོད་བྱའི་ངོས་ནས་བོད་མི་རིགས་ཀྱི་ནང་བསམ་པའི་འདུ་ཤེས་སྐོར་ཟོལ་ལྷད་ཀྱི་གཡའ་མ་ཕོག་པ་མང་དུ་བསྟན་ཡོད་པ་དཔེར་ན། བཟང་བླ་མ་ནོར་བུ་རིན་པོ་ཆེ།། མཁྱེན་ཡོན་ཏན་ནོར་བུའི་ཕྱི་རེད་མོད།། བྱམས་སྙིང་རྗེ་ནོར་བུའི་ནང་རེད་མོད།། ལུས་ཆོས་གོས་ནོར་བུའི་རྒྱན་རེད་མོད།། དབུ་གསེར་ཞྭ་སྒྲོན་དང་ཕེབས་ཇུས་རེད།། ཤི་དམྱལ་བའི་འདྲེན་སྟོན་མཛད་མི་རེད།། དེ་ཨེ་རེད་ཨེ་བསམ་དགའ་ལུ་རོགས།། གོང་དཔོན་པོ་ནོར་བུ་རིན་པོ་ཆེ།། སྐུ་གཟི་བརྗིད་ནོར་བུའི་ཕྱི་རེད་མོད།། ཁྲིམས་གཞུང་དྲང་ནོར་བུའི་ནང་རེད་མོད།། མཚན་སྙན་གྲགས་ནོར་བུའི་རྒྱན་རེད་མོད།། ཕྱག་ཁྲིམས་ཡིག་ཁྱེར་དང་ཕེབས་ཇུས་རེད།། སྡེ་ཁྲ་མའི་འགོ་འདོན་མཛད་མི་རེད།། དེ་ཨེ་རེད་ཨེ་བསམ་དགའ་ལུ་རོགས།། རྟ་ འདོ་བ་ནོར་བུ་རིན་པོ་ཆེ།། ཤེད་སྤུ་གྲ་ནོར་བུའི་ཕྱི་རེད་མོད།། འགྲོས་གོམ་པ་ནོར་བུའི་ནང་རེད་མོད།། སྒ་གསེར་སྒ་ནོར་བུའི་རྒྱན་རེད་མོད།། སྲིབ་གསེར་སྲབ་བཀོན་དང་འགྲོ་ཇུས་རེད།། འགྲུལ་ཐག་རིང་ས་ཐག་གཅོད་མཁན་རེད།། དེ་ཨེ་རེད་ཨེ་བསམ་དགའ་ལུ་རོགས།། སྟག་ཤར་བ་ནོར་བུ་རིན་པོ་ཆེ།། དཔའ་དཔུང་པ་ནོར་བུའི་ཕྱི་རེད་མོད།། གཏམ་སྨྲ་བ་ནོར་བུའི་ནང་རེད་མོད།། རྐེད་འཁོར་གསུམ་ནོར་བུའི་རྒྱན་རེད་མོད།། མགོ་ཝ་ཞྭ་གྱོན་དང་འགྲོ་ཇུས་རེད།། སྡང་དགྲ་བོའི་གཉའ་གནོད་བྱེད་མི་རེད།། དེ་ཨེ་རེད་ཨེ་བསམ་དགའ་ལུ་རོགས།། སྨན་བུ་མོ་ནོར་བུ་རིན་པོ་ཆེ།། མཛེས་གོ་ལོ་ནོར་བུའི་ཕྱི་རེད་མོད།། མཛངས་ལས་བགྱིས་ནོར་བུའི་ནང་རེད་མོད།། མཆོར་རྒྱན་གོས་ནོར་བུའི་རྒྱན་རེད་མོད།། མགོ་གཡུ་ཕྲ་རྒྱན་དང་འགྲོ་ཇུས་རེད།། གདོང་གནས་ས་ཕྱུག་པོ་མཚོ་འདྲི་རེད།། དེ་ཨེ་རེད་ཨེ་བསམ་དགའ་ལུ་རོགས།།ཞེས་ནོར་བུ་རིན་པོ་ཆེ་ཞེས་སྲིད་པའི་གླུ་ཆེན་དེའི་ནང་དུ་ཚད་ལྡན་གྱི་བླ་མ་དང་། ཁྲིམས་ལྡན་གྱི་དཔོན་པོ། གྱི་ལིང་གི་རྟ་བཟང་། དགྲ་འདུལ་གྱི་སྟག་ཤར། མ་བཟང་གི་བུ་མོ་བཅས་ཚད་མཐོན་པོ་གང་འདྲ་ཞིག་ཡིན་མིན་བཤད་ཡོད་པ་དང་། ཚད་དང་མཐུན་པ་དག་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བར་སྦྱར་བའི་ཐོག་ནས་བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་ཁྲོད་དུ་གཞན་ལས་ལྷག་པའི་འཇོན་ཐང་ལྡན་ཞིང་ཡ་རབས་སྤྱོད་བཟང་གི་སྐྱེ་བོ་ཚོར་དགའ་གུས་དང་། ཁོ་ཚོར་ཚད་མཐའི་སློབ་སྦྱོང་བྱེད་ཀྱི་ཡོད་ལུགས་མཚོན་པ་མ་ཟད། བོད་མི་རིགས་འདི་ཉིད་ཆོས་ལུགས་ལ་དད་མོས་ཟབ་ལུགས་དང་། ཁྲིམས་ལ་བརྩི་བཀུར་ཆེ་ལུགས། ཡ་རབས་དང་ལས་བརྩོན་གྱི་མི་སྣར་གུས་བཀར་བྱེད་ལུགས་བཅས་མཚོན་པ་བཅས་དེའི་རིགས་མང་དུ་ཡོད་དོ།
    
ཡང་དེ་སྔའི་དབང་སྒྱུར་གྲལ་རིམ་གྱི་གདུག་རྩུབ་ཆེ་བའི་མཐར་གཅོད་ལ་ངོ་རྒོལ་བྱེད་པའི་བསམ་པའི་འདུ་ཤེས་བརྗོད་སྐབས་སུ། དཔོན་བཙན་པོས་ང་ལ་སྡང་སྡང་གིས།། ང་རང་ཡུལ་མི་འདུག་མི་ཡུལ་འགྲིམས།། དཔོན་བཟང་པོའི་བཀའ་དྲིན་ང་ལ་མེད།། གསལ་ཉི་མས་ང་ལ་སྡང་སྡང་གིས།། ང་ཉིན་ལ་མི་འགྲོ་མཚན་ལ་འགྲོ།། གསལ་ཉི་མའི་བཀའ་དྲིན་ང་ལ་མེད།།ཅེས་དང་། བུ་ཁྲམ་པ་མི་སྡོད་འགྲོ་ལེ་ཡིན།། སྡེ་ཁྲ་ལོ་བྲལ་ནས་འགྲོ་ལེ་ཡིན།། སྡེ་ཁྲ་ལོར་མ་དགའ་མ་རེད་དེ།། དཔོན་ངན་པས་སྡང་ནས་འགྲོ་དགོས་བྱུང་།། བུ་ཁྲམ་པ་མི་སྡོད་འགྲོ་ལེ་ཡིན།། དྲིན་ཕ་མ་བྲལ་ནས་འགྲོ་ལེ་ཡིན།། དྲིན་ཕ་མར་མ་དགའ་མ་རེད་དེ།། དཔོན་ངན་པས་སྡང་ནས་འགྲོ་དགོས་བྱུང་།། བུ་ཁྲམ་པ་མི་སྡོད་འགྲོ་ལེ་ཡིན།། ཆུང་རྩེད་རོགས་གཡུགས་ནས་འགྲོ་ལེ་ཡིན།། ཆུང་རྩེད་རོགས་མ་དགའ་མ་རེད་དེ།། དཔོན་ངན་པས་སྡང་ནས་འགྲོ་དགོས་བྱུང་།།ཞེས་པ་ལྟ་བུས་སྔར་དུས་ཀྱི་མཐོ་རིམ་དབང་སྒྱུར་དཔོན་རིགས་ཀྱིས་མངའ་འབངས་མི་སེར་ལ་གདུག་སྡང་སྣ་ཚོགས་བྱེད་པར་ངོ་རྒོལ་གྱི་བསམ་པའི་འདུ་ཤེས་དྲག་ཏུ་མཚོན་པར་བྱས་ཡོད།

གསུམ་པ། བྱང་འབྲོག་ལ་གླུའི་ཁྱད་ཆོས་སྐོར་གླེང་བ།

བྱང་འབྲོག་ལ་གླུ་ལ་ནང་གསེས་རིགས་མི་འདྲ་བ་མང་དུ་མཆིས་པ་ལྟར་ནང་དོན་ཡང་རྒྱ་ཆེ་ལ་གཏིང་ཟབ་པོ་ཡོད། དེ་ལ་མི་རིགས་ཀྱི་ཁྱད་ཆོས་དང་། མང་ཚོགས་ཀྱི་ཁྱད་ཆོས། གདོད་མའི་ཁྱད་ཆོས་བཅས་མངོན་པར་གསལ་བ་མ་ཟད། ལྷག་པར་དུ་དེས་བོད་མི་རིགས་ཀྱི་ནང་བསམ་བློའི་འཁྱེར་སོ་དང་། ཕྱི་ལུས་ངག་གི་རྣམ་པ་ཀུན་སྤྱོད་དང་། མི་ཚེའི་རིན་ཐང་གི་ལྟ་ཚུལ། འཇིག་རྟེན་གྱི་ལྟ་ཚུལ་བཅས་ཀྱང་ལྷང་ངེར་གསལ་སྟོན་བྱེད་ཐུབ་ཀྱི་ཡོད།
    
གདོད་མའི་རང་བཞིན་ལྡན་པ། ཆེས་སྔ་མོའི་དུས་སུ་མིའི་རིགས་ཀྱིས་ཕྱི་རོལ་འཇིག་རྟེན་ཁམས་ཀྱི་བྱ་དངོས་དང་། རང་བྱུང་ཁམས་ཀྱི་འཕོ་འགྱུར་སྣ་ཚོགས་ལ་འགྲེལ་བཤད་ལེགས་པོ་ཞིག་བྱེད་དཀའ་ཡང་། ལོ་ངོ་དུ་མའི་ནང་ཕ་མེས་ཡང་མེས་ཚོའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་འབྲས་བུ་ལས་སྔོན་མེད་ལྟ་ཚུལ་མང་པོ་ཞིག་གསར་འདོན་བྱས་ཡོད་ཅིང་། དེ་དག་ལས་ལ་ལར་དེང་སྐབས་ཚན་རིག་གི་དཔལ་ཡོན་ཆེས་ཆེར་དར་སྐབས་ཀྱང་རིན་ཐང་གི་རང་བཞིན་དང་། གཏན་ཚིགས་ཀྱི་གཟི་འོད་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་ནི་དཔེར་ན། བོད་མི་རྣམས་སྤྲ་ལས་མཆེད་པ་ཡིན་ལུགས་ཀྱི་གཏམ་རྒྱུད་དང་། བོན་གྱི་འཇིག་རྟེན་ཆགས་ཚུལ་འཆད་སྐབས་ཀྱི་སྲིད་པའི་སྒོ་ང་རྣམ་ལྔ་ལས་གྲོལ་ལུགས་ལྟ་བུའོ། དེས་ན་ང་ཚོས་བྱང་འབྲོག་ལ་གླུའི་བརྗོད་དོན་ལ་དབྱེ་ཞིབ་བྱེད་སྐབས་ཀྱང་དེ་ལྟར་མཐོང་ཐུབ་སྟེ། འགའ་ཞིག་ནི་མིའི་རིགས་བྱིས་བློའི་འདུ་ཤེ་ལས་ཐར་ཐུབ་མེད་པའི་དུས་ཀྱི་འཇིག་རྟེན་ལྟ་ཚུལ་དང་། འགའ་ཞིག་ནི་རང་བྱུང་ཁམས་ལ་འཛིན་པའི་རྟོགས་ཡན་སྣ་ཚོགས་ཡིན་རུང་། མང་པོ་ཞིག་ལ་ཚན་རིག་གིས་དཔྱད་རིན་ཡོད་པའི་གཏན་ཚིགས་ཀྱི་རང་བཞིན་དང་བློ་སྒོ་འབྱེད་པའི་ནུས་པ་ཡོད།
    
དེ་ཡང་བྱང་འབྲོག་ལ་གླུའི་བྱེ་བྲག་ཏུ་གཏོགས་པའི་ཁྲོལ་གླུ་ལས། ང་ཡང་དག་ལེའི་གླུ་པ་མ་ཡིན་ཏེ།། དགུང་ཨ་སྔོན་གོང་མ་ཤར་ལ་ཡོད་།། ཤར་སྨིན་དྲུག་ཁྲ་མོ་འཆར་ལེའི་དཔེ་ལ་ལྟོས།། ང་ཡང་དག་ལེའི་གླུ་པ་མ་ཡིན་ཏེ།། ས་དོག་མོའི་མཆིན་པ་ནུབ་ལ་ཡོད།། གསེར་སེར་པོ་འདོན་ལེའི་དཔེ་ལ་ལྟོས།།ཞེས་གནམ་ས་གཉིས་ཀྱི་ཤར་ནུབ་སོ་སོའི་ཁྱད་ཆོས་གླེང་བའི་ནང་དུ་སྨིན་དྲུག་འཆར་ས་དང་། དེའི་ཕྱོགས་དེ་ཤར་ཡིན་པ་བསྟན་པ་ལྟ་བུ་དང་། ཡང་། གངས་ཁྲའི་དཀྱིལ་ལ་ཡོས་ཁྲ་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན།། སེར་ཆུང་ཉི་མ་ཐོངས་ནས་ཞོག། གངས་ཁྲ་ཞུ་ནས་ཡོས་ཁྲ་བསྡད།། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།། རྩྭ་སྔོན་དཀྱིལ་ལ་ཁབ་སྔོན་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན།། ཟལ་ཁྲའི་འབྲི་མོ་ཐོངས་ནས་ཞོག། གངས་ཁྲ་ཞུ་ནས་ཡོས་ཁྲ་བསྡད།། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།། རྩྭ་སྔོན་དཀྱིལ་ལ་ཁབ་སྔོན་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན།། སྐྱ་སེར་རླུང་བུ་ཐོངས་ནས་ཞོག། བྱེ་མ་ཁྱེར་ནས་མུ་ཏིག་བཞག། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།།ཅེས་བློ་རིག་འབྱེད་ཅིང་རྣམ་དཔྱོད་འཕེལ་བར་བྱེད་པའི་རིགས་དང་། གྭ་ཐལ་ཐལ་ཐལ་ལ་འཆར་མཁན་དེ།། གྭ་ཐལ་ཐལ་དཀར་གསལ་ཟླ་བ་རེད།། སྲོད་མུན་པ་རུབ་དུས་མར་མེ་རེད།། སེར་ལམ་ལམ་ལམ་ལ་འཆར་མཁན་དེ།། སེར་ལམ་ལམ་སེར་ཆུང་ཉི་མ་རེད།། ཡུལ་རྒྱལ་ཁམས་དྲོད་ལ་འབེབས་མཁན་རེད།། ཁྲ་ཐུམ་ཐུམ་ཐུམ་ལ་འཆར་མཁན་དེ།། ཁྲ་ཐུམ་ཐུམ་སྐར་མ་སྨིན་དྲུག་རེད།། དབྱར་ཆར་པར་དུས་སྒོ་འཛོམས་དུས་རྒྱག་མི་རེད།།ཅེས་ནམ་ཟླ་ཉིན་ཞག་གི་ཁྱད་ཆོས་སམ་དུས་གཟེར་སྟོན་པའི་རིགས་མང་དུ་ཡོད། ལ་གླུ་ལ་ཞིབ་ཏུ་དཔྱོད་སྐབས་གདོད་མའི་དུས་སུ་མིའི་རིགས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་འཛིན་པའི་ལྟ་ཚུལ་དང་། འགྲེལ་བཤད་བྱེད་ལུགས་རྣམས་ལྷང་ངེར་མཐོང་ཐུབ་པ་མ་ཟད། ལྷག་པར་དུ་རྣམ་དཔྱོད་ཀྱི་དཔལ་ཡོན་ཆེར་མ་རྒྱས་པའི་གདོད་མའི་དུས་ཀྱི་བོད་མི་རིསག་ཀྱི་བློ་གྲོས་དང་གཤིས་རྒྱུད་གང་ཡིན་གསལ་པོར་ཤེས་ཐུབ་ཀྱི་ཡོད་ལ། དེ་དག་ལས་ལ་ལར་གཏན་ཚིགས་ཀྱི་རང་བཞིན་དང་། ཆོད་སྡོམ་གྱི་རང་བཞིན་ཆེས་ཆེར་ལྡན་པ་མ་ཟད། གླུ་ཚིག་དེ་དག་གི་ཐོག་ནས་བོད་མི་རིགས་ལ་ཆེས་གནའ་དུས་ནས་དངོས་པོའི་རང་གཤིས་དང་། དུས་བཞིའི་འཕོ་འགྱུར་འགྲོ་ལུགས་བཅས་ལ་དོ་སྣང་དང་། དབྱེ་ཞིབ་བྱེད་པའི་བློ་རྩལ་ཡོད་པའང་ཤེས་ཐུབ། ད་དུང་དེ་དག་མང་པོ་ཞིག་ལ་ད་ལྟའི་དུས་ལ་ཡང་སློབ་སྦྱོང་དང་། ཞིབ་འཇུག་གི་རིན་ཐང་ལྡན་ཞིང་། ཕྱོགས་ལ་ལའི་ཐད་ལ་རིག་པ་སྒོ་འབྱེད་ཀྱི་ཤེས་བྱ་ཡང་ལྡན་ཡོད།
    
ངག་ཐོག་ནས་བརྒྱུད་སྤེལ་བྱེད་པའི་ཁྱད་ཆོས་ལྡན་པ། བྱང་འབྲག་ལ་གླུ་ནི་དམངས་ཁྲོད་རྩོམ་རིག་སྤྱི་དང་འདྲ་བར་རྩོམ་པ་པོ་ཞིག་གིས་ཡིག་ཐོག་ཏུ་བྲིས་པ་མ་ཡིན་པར། མང་ཚོགས་རང་ཉིད་ཀྱི་ངག་ཐོག་ཁོ་ན་ནས་བརྩམས་ཤིང་གཅིག་ལ་གཅིག་བརྒྱུད་ཀྱི་དུས་རིམ་ནང་ཁ་སྣོན་དང་བཟོ་བཅོས་མང་པོ་བྱས་ནས་གྲུབ་པ་ཞིག་ཡིན་པས། མང་ཚོགས་ཀྱི་ཁ་སྐད་དངོས་དང་རྒྱང་ཐག་ངེས་ཅན་ཆོད་པའི་ཡིག་ཐོག་རྩོམ་རིག་དང་མི་འདྲ་བར་མང་ཚོགས་ཚོའི་རྣ་ལམ་དུ་བྱང་བའི་ཁ་སྐད་ཁོ་ནའི་རང་བཞིན་ཤུགས་ཆེ་ལྡན་ཞིང་། དུས་ཀྱི་འཁོར་བསྐྱོད་དང་བསྟུན་ནས་མིའི་རིགས་ཀྱི་སྐད་ལུགས་ལ་འགྱུར་བ་འགྲོ་སྐབས་ལ་གླུའི་རྗོད་ཚིག་དག་ཀྱང་ཕལ་ཆེ་བ་དེ་དང་མཉམ་དུ་འགྱུར་བ་འགྲོ་བཞིན་ཡོད་སྟབས། གནའ་ནས་ད་བར་དུ་ལ་གླུའི་རྗོད་ཚིག་རྣམས་ཁུལ་སོ་སོའི་མང་ཚོགས་ཁྲོད་གོ་སླ་ཤོས་ཀྱི་སྐད་ཆ་ཞིག་ཏུ་གྱུར་ཡོད།
    
དེས་ན་ལ་གླུ་དབྱངས་སུ་གྱེར་སྐབས་མང་ཚོགས་ཚོའི་ཡིད་ཀྱི་ཚོར་འདུ་དྲག་པོ་སློང་མི་དགོས་པ་དང་། ཨུ་ཚུགས་ཀྱི་སྒོ་ནས་ཡིད་འཛིན་བྱེད་མི་དགོས་པར་ཤར་མར་ངག་ཐོག་ཏུ་ལེན་ཐུབ་པའི་ཁྱད་ཆོས་ཀྱང་སྐད་ཆ་ཡོང་རྫོགས་མང་ཚོགས་ཀྱིས་གོ་བདེ་ལ་ཁ་བྱང་ལག་བྱང་དུ་སོང་བ་ཤ་སྟག་བཀོལ་ཡོད་པས་ཡིན། དེའི་ཕྱིར་དམངས་ཁྲོད་རྩོམ་རིག་འདི་དག་གིས་མང་ཚོགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ལ། མང་ཚོགས་ཀྱིས་དེ་དག་ལ་དགའ་མོས་ཤུགས་ཆེན་བྱེད་པའི་འགག་རྩའང་དེར་ཐུག་ཡོད།
    
སྐབས་འདིར་བཤད་པའི་ངག་ཐོག་རང་བཞིན་ཞེས་པ་ནི་ཡིག་ངོར་ཕབ་ཡོད་མེད་ཁོ་ནའི་གནད་དོན་བཤད་པ་ཞིག་མིན་ཏེ། གང་ཡིན་ཟེར་ན། དམངས་ཁྲོད་རྩོམ་རིག་ལ་སྔ་དུས་ནས་འབྲོག་པ་ལ་ལས་བརྗེད་ཐོར་ཟིན་བྲིས་སུ་བཏབ་ཡོད་པ་དང་། ད་ལྟའི་འཚོལ་བསྡུ་ལེགས་སྒྲིག་གི་སྐབས་སུ་ཡིག་ངོས་སུ་ཕབ་པ་ཡང་མང་ཙམ་ཡོད་པས་རེད། དམངས་ཁྲོད་རྩོམ་རིག་དེ་དག་ཐོག་མར་ངག་ཐོག་ནས་བརྩམས་པ་དང་། རྩོམ་མཁན་རྣམས་ནི་འཚོ་བར་ཟབ་འཇུག་ལེགས་ཤིང་། འཚོ་བའི་དྲོ་བ་རྒྱུན་རིང་མྱང་བའི་ཉམས་མྱོང་ཅན་ཡིན་ཀྱང་། ཡི་གེའི་རིག་གནས་ལ་རྨོངས་པ་ཤ་སྟག་ཡིན་པ་དང་། དེ་ཡང་མི་གཅིག་གིས་བརྩམས་པ་ཞིག་མ་ཡིན་པར་དུས་ཡུན་རིང་པོའི་ནང་འཚོ་བའི་དགའ་སྡང་སྣ་ཚོགས་ལ་མྱོང་བ་གཏིང་ཟབ་པའི་སྐྱེ་བོ་དུ་མས་ཁ་སྣོན་དང་ལེགས་བཅོས་བྱས་པ་བརྒྱུད། ཚིག་སྦྱོར་གོ་བདེ་ཞིང་འཚོ་བ་དངོས་དང་ཐག་གཉེ་ལ་ཁ་སྐད་ཀྱི་རང་བཞིན་ཤུགས་ཆེར་ལྡན་པ་ཞིག་ཡིན་པས་ཡིག་ཐོག་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་དང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་ང་ཚོས་བལྟས་པ་ཙམ་གྱིས་ཤེས་ཐུབ། འོན་ཀྱང་ཉེ་སྔོན་འཚོལ་བསྡུ་དངམ་ལེགས་སྒྲིག་བྱེད་མཁན་འགའ་རེས་དམངས་ཁྲོད་རྩོམ་རིག་ནང་གི་ཁ་སྐད་རྣམས་ཡིག་སྐད་དུ་བཅོས་ཆེས་དྲགས་ནས་དམངས་ཁྲོད་རྩོམ་རིག་གི་སྒྱུ་རྩལ་རིན་ཐང་ཉམས་པ་འགའ་ཡང་འདུག་པས། ང་ཚོས་འཚོལ་བསྡུ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་དམངས་ཁྲོད་ཀྱི་ངག་ཐོག་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་མི་བོར་བར་ཚིག་སྦྱོར་རྣམས་ཐབས་མཁས་ཀྱི་སྒོ་ནས་ཡི་གེར་འགོད་པ་དང་། ཡང་ན་མཆན་འགྲེལ་འདེབས་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ་དམངས་ཁྲོད་རྩོམ་རིག་གི་ཐུན་མིན་ཁྱད་ཆོས་མི་ཡལ་བ་དང་། ཕྱོགས་མེད་སྐྱེས་བུ་ཀུན་གྱིས་གོ་ཐུབ་པ་བྱ་རྒྱུ་གཉིས་ཀའི་ཐད་ནས་བསམ་བློ་གཏོང་དགོས་པ་ཡིན།
     
འབྲོག་པའི་ཡུལ་སྲོལ་གོམས་གཤིས་ཀྱི་མཚོན་དོན་མངའ་བ། མི་རིགས་དང་ཡུལ་གྲུ་གང་འདྲ་ཞིག་ཡིན་ཀྱང་ནམ་རྒྱུན་འཚོ་བའི་སྤྱོད་སྲོལ་དང་། དགའ་སྡང་ཞེན་ལུགས་སོགས་སོ་སོར་ཐུན་མོང་མིན་པའི་ཡུལ་ལུགས་སྣ་ཚོགས་ཡོད་པ་ལྟར། རང་རེ་བོད་རིགས་མང་ཚོགས་རྣམས་ལའང་སྤྱི་མཐུན་གྱི་ཡུལ་སྲོལ་གོམས་གཤིས་ཡོད་ལ། བྱེ་བྲག་ཡུལ་ལུང་སོ་སོར་གོམས་གཤིས་སྣ་ཚོགས་ཀྱང་ཡོད་པ་སྨོས་ཅི། ལ་གླུ་དར་ཆེ་བའི་བྱང་འབྲོག་ཁུལ་སོགས་ཀྱི་འཚོ་བའི་ཡུལ་སྲོལ་མང་པོ་ཞིག་ནི་ལ་གླུའི་བརྗོད་བྱའི་ཁྲོད་ནས་གསལ་ལེར་མངོན་གྱི་ཡོད་པ་དཔེར་ན། ཕོར་པ་རྫབ་ཡ་དངུལ་ཤན་དེ།། འཐུང་འདོད་ཚད་མི་ལ་གཡར་ལེ་མིན།། གཞན་ང་ལ་ཁྱད་ཁྱད་མི་གདའ་སྟེ།། སོ་སུམ་ཅུ་སྲིན་ལ་སྡང་སེ་རེད།།ཅེས་པའི་ཐོག་ནས་རྣམ་ཀུན་ཁ་ཕོར་མ་བཀྲུས་པར་ཕན་ཚུན་གཡར་རེས་མི་བྱེད་པའི་ཡུལ་སྲོལ་གོམས་གཤིས་མཚོན་ཐུབ་པ་མ་ཟད། དེའི་ཐོག་ནས་སྔར་དུས་ཀྱི་འབྲོག་པ་རྣམས་ལ་ནད་རིམས་མི་འབྱུང་བའི་སྔོན་འགོག་གི་འདུ་ཤེས་ལེགས་པོ་ཡོད་པའང་མཚོན་ཐུབ། ཡང་འབྲོག་པ་རྣམས་རྣམ་ཀུན་འཚོ་བའི་ནང་དངོས་པོ་གང་དང་གང་ལ་དགའ་ཞེན་ཆེ་ལུགས་མཚོན་པའི་སྐོར་ལ། སྟོད་རྒྱ་གར་དར་ལོ་གོས་ལོ་རེད།། དར་ལོ་ལེ་གོས་ཆེན་འབྲུག་མ་རེད།། གོས་ལོ་ལེ་སྣམ་བུ་སྤུ་ཕྲུག་རེད།། སྨད་རྒྱ་ནག་ཇ་ལོ་ཤིང་ལོ་རེད།། ཇ་ལོ་ལེ་རྒྱ་ཇ་ཁམ་པ་རེད།། ཤིང་ལོ་ལེ་བྱང་ཆུབ་ལྗོན་ཤིང་རེད།། བར་དབུས་གཙང་རྟ་ལོ་དྲེལ་ལོ་རེད།། རྟ་ལོ་ལེ་གྲོ་སྐྱིད་འགྲོས་མ་རེད།། དྲེལ་ལོ་ལེ་རྒྱ་དྲེལ་སྨུག་ཆུང་རེད།།ཅེས་དར་གོས་ཀྱི་ནང་ནས་གོས་ཆེན་འབྲུག་མ་དང་། སྣམ་ཕྲུག་གི་ནང་ནས་སྤུ་ཕྲུག ཇ་ཡི་ནང་ནས་རྒྱ་ཇ་ཁམ་པ། ཤིང་གི་ནང་ནས་བྱང་ཆུབ་ལྗོན་ཤིང་། རྟ་ཡི་ནང་ནས་གྲོ་སྐྱིད་འགྲོས་མ། དྲེལ་གྱི་ནང་ནས་རྒྱ་དྲེལ་སྨུག་ཆུང་བཅས་ལེགས་པར་བརྩི་ཞིང་དེ་དག་ལ་དགའ་མོ་ཆེ་ལུགས་མཚོན་པ་ལྟ་བུའོ།
    
དེ་མིན་དངོས་པོ་འགའ་ཞིག་ལ་རྣམ་ཀུན་མི་རྣམས་ཀྱིས་འདང་རྩིས་ཆེན་པོ་བྱེད་ཀྱང་དོན་དུ་དེ་ལ་གོད་ཆགས་ཕོག་སླ་ཞིང་། ཕན་འདོགས་ཆེར་མེད་ལུགས་མཚོན་པའི་སྐོར་ལ་ཡང་། དཀར་གསལ་གསལ་དཀར་ཡོལ་འབྲུག་མ་རེད།། སྣང་བཞག་ན་ཆག་སྐྱོན་མང་པོ་རེད། དམར་སིལ་སིལ་ཝ་དམར་གྲ་ལོ་རེད།། སྣང་བཞག་ན་ནོག་ཁ་དང་སེ་རེད།།ཅེས་པ་ལྟ་བུ་དང་། ཡང་། སྟག་ཤར་བ་མ་འཕངས་མདའ་རེད་མོད།། སྨན་བུ་མོ་མ་བཀུག་གཞུ་རེད་མོད།། ད་ལོ་མདའ་འཛོམས་གཞུ་འཛོམས་རེད།། སང་གནངས་མདའ་འགྲོ་གཞུ་འདུག་རེད།།ཅེས་དེ་སྔོན་འབྲོག་ཁུལ་དུ་ཕྱི་ཇག་རྐུན་མང་པོས་རྒྱུ་དངོས་འཕྲོག་བཅོམ་ཤུགས་ཆེན་བྱེད་སྐབས་ཁུལ་དེའི་སྐྱེས་པ་རྣམས་དུས་རྒྱུན་དགྲ་ཇག་གི་ཁ་གཏད་དུ་ཐོན་ཆོག་བྱས་ནས་འདུག་དགོས་པའི་ལམ་སྲོལ་མཚོན་པ་མ་ཟད། བོད་སྤྱིའི་ལུགས་སྲོལ་ལྟར་བུ་མོ་དམག་འགྲོ་མི་བྱེད་པའི་གོམས་སྲོལ་ཡང་མཚོན་པ་ལྟ་བུའོ།
    
མ་རབས་ཀྱི་སྤྱོད་པར་ཟུར་ཟའི་རང་བཞིན་ལྡན་པ། ཕྱི་ངོས་ནས་མཁས་ཚུལ་དང་། བཟང་ཚུལ་མང་པོ་སྟོན་གྱི་ཡོད་ཀྱང་དོན་དུ་ནང་ཆོས་ཀྱི་དགོངས་པ་དང་ཆེས་ཆེར་འགལ་བའི་སྤྱོད་ངན་ལྐོག་ནས་བསྟར་མཁན་གྱི་སེར་མོ་བ་ཁག་གཅིག་དང་། མདུན་ནས་མངའ་འབངས་མི་སེར་ལ་བྱམས་སྐྱོང་དང་དོ་ཁུར་གྱི་སེམས་པ་བཟང་ཞིང་སྤྱོད་ལམ་སྤམ་ཚུལ་སྟོན་རུང་། གཏིང་ནས་མི་དམངས་ཀྱི་རྒྱུ་དངོས་ལ་དགའ་དད་ཆེ་བ་དང་། ལྐོག་རྔན་བཟང་རྒྱུར་བརྔམས་པའི་དཔོན་ངན་སོགས་ཚུལ་མིན་ཐ་ཤལ་ཅན་གྱི་སྐྱེ་བོ་རྣམས་ལ་ཟུར་ཟ་སྣ་ཚོགས་ཀྱི་སྒོ་ནས་རྒོལ་གཏམ་གཏོང་བའི་བརྗོད་བྱ་ཤུགས་ཆེན་ལྡན་ཡོད་པ་དཔེར་ན། རྒྱབ་ཆོས་གོས་སེར་པོས་བཏུམས་གདའ་སྟེ།། སྤྱན་སྨན་ཆུང་གདོང་ལ་ཧྲིག་ཧྲིག་རེད།། བཀའ་འཁྲིམས་ཡིག་ལག་ལ་ཁྱེར་གདའ་སྟེ།། ལྐོག་རྔན་པ་ནེའུ་ལེ་ཙིག་གུག་རེད།། གདོང་ཚེ་རོགས་གློ་ལ་ཁྲིད་གདའ་སྟེ།། རོགས་གབ་མཐུན་རྒྱང་ནས་རོག་རོག་རེད།།ལྟ་བུ་དང་། རྐེད་རགས་ཁྲ་ཁྲ་ཡག་མདའ་ཟེར།། རྐེད་རགས་ཁ་ཚར་ཚོད་ཚོད་རེད།། སྟག་ཤར་གཞོན་པ་ཡག་གདའ་ཟེར།། གཏམ་ངན་མི་ཁ་ཚོད་ཚོད་རེད།།ཅེས་གཏམ་ངན་དང་མི་ཁ་སྡང་པའི་རྒྱུ་རྐྱེན་དངོས་སུ་མི་བརྗོད་པར་མི་ཁ་ཕོག་ན་ལེགས་པོ་མིན་པའི་སྐད་ཆ་དངོས་སུ་གླེང་བའི་ཞོར་ལ་བཟའ་ཟླ་ཡོད་པའི་སྐྱེ་བོ་འགའ་ཡི་མ་རབས་སྤྱོད་ངན་ཐེར་འདོན་བྱས་པ་ལྟ་བུ་དང་། ཁྱོད་གཡག་གུ་ཟལ་ཁྲ་པར་མིག་ཅན།། ཨོལ་ཐག་ཁྲ་ཆུང་མཆོར་ལོད་ཀྱིས།། བདག་ཡོད་ཟོག་ཅིག་འདྲ་ཞེ་གདའ།། ཁྱོད་སྡུག་མིག་རྒྱང་གིས་གཅོད་ལུགས་ཀྱིས།། བདག་མེད་ཟོག་ཅིག་འདྲ་ཞེ་གདའ།།ཞེས་བཟའ་ཟླ་ཡོད་རུང་མི་གཞན་དང་གབ་མཐུན་བྱ་རྒྱུར་དགའ་བའི་བུད་མེད་འགའ་ཞིག་གི་མ་རབས་སྤྱོད་ངན་ལ་ཟུར་ཟ་འཕྱ་སྨོད་བྱས་པ་སོགས་དེ་ལྟ་བུ་མང་དུ་ཡོད་དོ།

བཞི་པ། བྱང་འབྲོག་ལ་གླུའི་ཚིག་སྦྱོར་སྒྱུ་རྩལ་སྐོར་གླེང་བ།

བོད་དུ་དར་ཁྱབ་ཆེ་བའི་སྙན་གཞུང་མེ་ལོང་མ་དེ་ཉིད་རྒྱ་གར་ལ་ཆ་མཚོན་ན་སྤྱི་ཚོགས་དང་དུས་རབས། མི་རིགས་ཀྱི་ཁྱད་ཆོས་ལ་སོགས་པར་མཐུན་པར་ཡིན་དུ་མཆི་ཡང་། བོད་ལ་མཚོན་ན་དེ་འདྲ་མཐུན་པོ་ཞིག་ཡིན་མི་སྲིད་པ་ནི། སྙན་གཞུང་དེའི་དཔེ་མང་པོ་ཞིག་བོད་རང་ལ་ཆ་རྒྱུས་མེད་པའི་རིགས་བྱེད་གཏམ་རྒྱུད་དམ། ཡང་ན་རྒྱ་གར་ཡུལ་གྱི་རི་ལུང་སོགས་ཡིན་པ་དང་། སྙན་གཞུང་དེ་ལས་བྱུང་བའི་དཔེའི་རིགས་རྣམས་བཀོད་པའི་སྙན་རྩོམ་ཕལ་མོ་ཆེ་ཡང་གོ་ཤིན་ཏུ་དཀའ་བས་བོད་ཀྱི་མང་ཚོགས་ཁྲོད་རྩོམ་རིག་དེ་དག་གིས་ཕན་ནུས་ལྡན་པའི་ཞབས་འདེགས་ཞུ་ཐུབ་མེད། བྱང་འབྲོག་ཁུལ་གྱི་ལ་གླུ་ནི་སྙན་གཞུང་མེ་ལོང་མའི་ཤུགས་རྐྱེན་མ་ཕོག་པའི་བོད་རང་གི་རང་བྱུང་སྙན་ངག་གསོན་པོར་གནས་པ་ཞིག་ཡིན་པ་མ་ཟད། དེའི་ཚིག་སྦྱོར་སྒྱུ་རྩལ་ཐད་ལ་ཡུལ་གྲུ་གཞན་གྱི་སྙན་ངག་རྩོམ་ཚུལ་གྱི་རྣམ་པ་མ་འདྲེས་པར་ཡོད་པའི་ཆ་ནས་དཔེའི་མཚོན་ཚུལ་དང་། དཔེ་དོན་སྦྱོར་ལུགས་བཅས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་། དཔེ་རྣམས་བོད་རང་གི་འཚོ་བའི་གོམས་སྲོལ་དང་། ནང་སེམས་ཀྱི་དགའ་སྡང་འཁྱེར་ཕྱོགས་དང་ཡོངས་སུ་མཐུན་ཞིང་། ཡོད་ཚད་བོད་རང་ལ་ཡོད་པའི་དངོས་པོ་ཤ་སྟག་ཡིན་པས་བརྗོད་དོན་མཚོན་པར་བྱེད་པའི་དཔེ་གང་འདྲ་ཞིག་ཡིན་རུང་། རང་རིགས་ཀྱི་ཀློག་མཁན་དག་གི་མིག་མདུན་དུ་ཁྲ་ལམ་མེར་མངོན་ཐུབ་ཀྱི་ཡོད། དེས་སྙན་ངག་མེ་ལོང་མའི་རྩོམ་སྲོལ་བཟུང་བའི་མ་ལ་ཡའི་རླུང་དྲི་དང་། ནྱ་གྲོའི་ལོ་འདབ། གང་གཱའི་ཆུ་རྒྱུན། རྐེད་མེད་མའི་སྟངས་སྟབས་ཞེས་པའི་དཔེ་རྒྱུན་རྣམས་ལྟར་གོ་བ་ཙམ་གྱིས་གང་འདྲ་ཞིག་ཡོད་དམ་སྙམ་པའི་ཐེ་ཚོམ་གྱི་དྲ་བར་འཐོམ་དུ་མི་འཇུག་པར་ཀློག་པ་པོ་ཆུ་ཚད་མཐོ་དམན་ཀུན་གྱིས་གོ་ཐུབ་ཅིང་། ཐ་ན་བསྡུས་བརྗོད་རྒྱན་དག་ཀྱང་རྗོད་བྱེད་ཀྱི་དཔེ་ཐོས་པ་ཙམ་གྱིས་ནང་དོན་ཕལ་ཆེ་བ་གསལ་ལེར་རྟོགས་ཐུབ་ཀྱི་ཡོད།
    
དཔེའི་མཚོན་ཚུལ་ཕུན་སུམ་ཚོགས་ཤིང་བརྗོད་དོན་གསལ་ལེར་མངོན་པའི་ཁྱད་ཆོས་ལྡན་པ། དཔེ་ལ་བརྟེན་ནས་བརྗོད་དོན་དངོས་དེ་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་པ་པོའི་ཡིད་དབང་འཕྲོག་པར་བྱེད་རྒྱུ་ནི་སྙན་རྩོམ་གྱི་དམིགས་ཡུལ་ངོ་མ་དེ་ཡིན་ལ། དཔེ་སྣ་ཚོགས་བཀོལ་བའི་དགོས་པ་དངོས་དེའང་ཡིན། སྙན་ངག་མེ་ལོང་མ་ལས་བྱུང་བའི་བོད་ཀྱི་སྙན་རྩོམ་རྣམས་དཔེའི་རྣམ་གྲངས་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་ཚོགས་ཡོད་རུང་མང་པོ་ཞིག་ནི་རྒྱ་གར་བའི་ཤན་ཞུགས་ཆེ་བས་བོད་རང་གི་འཚོ་བ་དངོས་དང་། བོད་མི་རིགས་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་མི་མཐུན་པ་མ་ཟད། མང་ཚོགས་ཕལ་པ་ཚོས་ཧ་ཅང་གོ་དཀའ་བའི་གནས་སུ་གྱུར་ཡོད། འོན་ཀྱང་ལ་གླུ་དེ་དག་ལ་མཚོན་ན་མཚོན་བྱེད་ཀྱི་དཔེ་ཕུན་སུམ་ཚོགས་ཤིང་། བོད་རང་གི་འཚོ་བ་དང་ཐག་ཉེ་བ། རྣམ་ཀུན་བོད་རིགས་མང་ཚོགས་ཚོའི་མཐོང་ཐོས་མྱོང་གསུམ་གྱི་གོམས་འདྲིས་ལྡན་པ་ཤ་སྟག་ཡིན་སྟབས་མཚོན་བྱེད་ཀྱི་དཔེ་རྣམས་གོ་བ་ཙམ་གྱིས་བརྗོད་དོན་བློའི་ཡུལ་དུ་གསལ་ལེར་འཆར་ནུས་པ་དང་། དེ་ལ་རིགས་གནས་ཀྱི་ཆུ་ཚུད་ཡོད་མེད་ཀུན་གྱིས་མྱོང་རོལ་ཐུབ་པའི་ཁྱད་ཆོས་ལྡན་ཡོད།
  
༡.བརྗོད་བདེ་ཞིང་དཔེ་དོན་གོ་སླ་བ།
    
ལ་གླུའི་ནང་གི་ཚིག་སྦྱོར་སྤྱི་ལ་བལྟས་ན་སྦྱོར་དཀའ་བ་དང་། མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་ཕལ་སྐད་སྤྱིར་བཏང་གི་ཐོག་ནས་སྡེབ་ལེགས་པོས་ཚིག་འབྲུ་ཟོར་ཡང་ཞིང་བརྗོད་དོན་ངོས་གཙང་ལ། བོད་རང་གི་མིང་སྦྱོར་ལུགས་དང་ངག་གི་བརྗོད་པ་སྡེབ་སྟངས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱི་ཉམས་འགྱུར་ཐོན་པར་བྱས་ཡོད་པས་རིག་གནས་ཀྱི་ཆུ་ཚད་མཐོ་དམན་ཀུན་གྱིས་གོ་དོན་རྟོགས་ཐུབ་ཅིང་། བློར་འཇགས་བདེ་བ་དང་། ངག་ནས་ཤར་མར་འདོན་བདེ་བའི་ཁྱད་ཆོས་ལྡན་ཡོད་པ་དཔེར་ན། རི་མཐོན་པོ་ཨ་མདོའི་སྒྲོ་གད་རེད།། མཐོ་དར་ལྕོག་མེད་ལེ་ཡ་མཚན་རེད།། ཆུ་ཆེན་པོ་རྨ་ཆུ་འབྲི་ཆུ་རེད།། ཟམ་རྒྱ་ཟམ་མེད་ལེ་ཡ་མཚན་རེད།།ཅེས་པ་ལྟ་བུར་མཚོན་ཨ་མདོའི་སྒྲོ་གད་རི་བོ་དང་། རྨ་ཆུ་འབྲི་ཆུ་དག་ནི་བོད་རང་གི་ལ་གླུ་དར་སའི་ས་ཆ་དངོས་ལ་ཡོད་སྟབས་སྙན་ངག་མེ་ལོང་མའི་ནང་གི་འབིགས་བྱེད་རི་བོ་དང་། གང་གཱའི་རྒྱུན་བཟང་ཞེས་པ་ལྟར་བློ་ངོར་ཇི་འདྲ་ཡོད་དམ་སྙམ་པའི་ཐེ་ཚོམ་མི་འཆར་བར་རི་ཆུ་འདི་དག་འདི་འདྲ་དང་འདི་ལྟར་ཡོད་ཨང་སྙམ་པའི་ཚོར་ཤེས་ཀྱིས། མི་དམངས་དཀྱིལ་དུ་རྫིག་ཉམས་སྟོན་པའི་དཔོན་པོ་དག་ལ་ཡ་རབས་ཀུན་སྤྱོད་མེད་ལུགས་དངོས་སུ་བརྗོད་མེད་ཀྱང་གོ་བདེ་བའི་དཔེའི་མཚོན་ཚུལ་དེས་བརྗོད་དོན་དངོས་ལྷང་ངེར་རྟོགས་ཐུབ་ཀྱི་ཡོད། ཡང་། ང་ལྷ་གཡག་གྭ་བ་མ་ཡིན་ཏེ།། སྒ་རིག་ཚད་སྒང་ལ་རྒྱག་ལེ་མིན།། ང་ལྷ་རྟ་ངང་པ་མ་ཡིན་ཏེ།། ཆས་རིག་ཚད་ཁ་ལ་ལྡག་ལེ་མིན།། ང་ཕ་བཟང་བུ་མོ་མ་ཡིན་ཏེ། རོགས་རིག་ཚད་འདུན་མ་གཏམ་ལེ་མིན།།ཞེས་པའི་ནང་འབྲོག་པར་རང་གི་འཚོ་བ་དངོས་ནང་རྒྱུས་མངའ་ཆེ་བའི་ལྷ་གཡག་གྭ་བ་དང་། ལྷ་རྟ་ངང་པ་གཉིས་ཕ་བཟང་བུ་མོའི་དཔེ་རུ་བཀོད་ཐོག དེ་དག་ལ་སྒ་རྒྱག་ཆས་སྟེར་གང་བྱུང་དུ་མི་བྱེད་པ་བཞིན་ཚུལ་མཐུན་གྱི་བུ་མོ་ཚོས་དགའ་རོགས་གང་བྱུང་བུ་མི་སྒྲིག་པའི་ཡ་རབས་སྲོལ་བཟང་ལྡན་ལུགས་མཚོན་པར་བྱས་པ་ལྟ་བུ་དང་། མཛའ་གླུ་ཞིག་ལ། རོགས་ཆུང་འདྲིས་གུར་ནང་མར་མེ་རེད། གཏམ་མི་ཁ་གུར་རྒྱབ་ཆར་པ་རེད།། གུར་ནང་མར་མེ་མ་སྐྱོན་ན།། གུར་རྒྱབ་ཆར་པ་བབས་ནའང་བབས། །ཞེས་ཆུང་དུས་ཀྱི་དགའ་གྲོགས་ཕན་ཚུན་དགའ་མཐུན་སྒྲིག་པ་དེ་གུར་ལ་དཔེར་བཀོད་པ་དང་། དགའ་རོགས་དེ་ཉིད་གུར་ནང་གི་མར་མེའི་དཔེར་བཀོད་པ། མི་གཞན་གྱིས་དབྱེན་སྦྱོར་དཀྲུགས་ཤིང་བྱེད་པ་ཆར་པ་ལ་དཔེ་བླངས་ཐོག གུར་བཟང་པོ་ཡོད་ན་ཆར་ཆུ་འགོག་ནུས་པས་ནང་གི་མར་མེ་གསོད་མི་ནུས་པ་ལྟར་ཆུང་གྲོགས་ཕན་ཚུན་མཐུན་གཤིབ་ཡག་པོ་བྱུང་ཚེ་ཕྱིའི་དབྱེན་སྦྱོར་ལ་སྐྲག་མི་དགོས་པའི་མཚོན་དོན་སྦྱར་བ་ལྟ་བུའོ།
 
༢.དཔེ་དོན་འབྲེལ་ཆགས་ལ་མཚོན་ཚུལ་གནད་དུ་ཁེལ་བ།
    
ལ་གླུའི་རིགས་ཀུན་ལ་དཔེ་སྣ་ཚོགས་སྦྱར་ཡོད་པ་རྣམས་དོན་དང་མཐུན་ལ་གསོན་ཉམས་ལྡན་ཤུགས་ཆེ་ཞིང་། ལ་གླུ་རང་གི་ཐུན་མོང་མིན་པའི་རྩོམ་སྲོལ་ལྟར་དཔེ་གླེང་ནས་དཔེ་ཅན་ཤུགས་ལ་གོ་བའི་མཚོན་ཚུལ་གྱིས་ཀློག་པ་པོའི་ཡིད་དབང་འཕྲོག་པར་བྱེད་ཀྱི་ཡོད། དཔེར་ན། གོས་ཆེན་སྨུག་ཁྲའི་གོས་ཁྲ་དེ།། གོས་ཉམས་དཔྱད་དུས་གོས་གསར་རེད།། གྱོན་ཉན་མི་གདའ་རས་རྫལཚལ་རེད།། རྟ་བཟང་གྱི་ལིང་རྐྱང་པོ་དེ།། རྟ་ཉམས་དཔྱད་དུས་རྟ་གསར་རེད།། ཁྱེར་བཞོན་ཉན་མི་གདའ་བོང་གོག་རེད།།ཅེས་གོང་གི་དཔེ་དེ་གཉིས་ལས་འཕྲད་མ་ཐག་ཏུ་བརྩེ་དུང་ཟབ་མོ་ལྡན་ཚུལ་སྟོན་ཞིང་རིམ་བཞིན་འདྲིས་གཤིབ་བྱེད་པའི་བརྒྱུད་རིམ་ནང་བློ་མི་བརྟན་ཞིང་གྱ་གྱུར་མང་བའི་དགའ་གྲོགས་ཤིག་གི་རང་གཤིས་གསལ་པོར་མཚོན་ཐུབ་པ་མ་ཟད། དཔེ་དང་དོན་ཕུན་ཚུན་འབྲེལ་ཆགས་ཀྱི་རྣམ་པ་ཆེས་ཆེར་མངོན་པ་ལྟ་བུ་དང་། རྟ་རྐྱང་པོའི་གོམ་པ་རླུང་དང་འདྲ།། རླུང་གྱ་གྱུར་ཡོང་བསམ་ཞེ་ལ་མེད།། རོགས་ཆུང་འདྲིས་སེམས་པ་དུང་དང་འདྲ།། དུང་ནག་ཐིག་ཕོག་བསམ་ཞེ་ལ་མེད།།ཅེས་རླུང་དང་དུང་གཉིས་དཔེར་བཀོད་ནས་རང་གི་བློ་རྟ་དང་ཆུང་མར་བསྟོད་པ་འཐེན་ཡོད་པ་ལས། དཔེ་དང་དོན་འབྲེལ་ཆགས་ལ་བརྗོད་དོན་དངོས་གནད་དུ་མཚོན་ཡོད་པ་ལྟ་བུ་མང་དུ་ཡོད་དོ།
    
དཔེ་དོན་སྦྱོར་ཚུལ་སྣ་མང་ཕུན་སུམ་ཚོགས་པ། བྱང་འབྲོག་གི་ལ་གླུར་དཔེ་དོན་སྦྱོར་ཚུལ་གྱི་གཞུང་ལུགས་མེད་ལ། དེ་ཉིད་སྙན་ངག་རིག་གཞུང་ལ་སྦྱངས་པ་བྱས་པའི་སྐྱེ་བོས་བརྩམས་པ་མ་ཡིན་ཡང་སྙན་གཞུང་སྦྱང་བརྩོན་བྱས་པའི་མིས་བྲིས་པ་ལྟར་དཔེ་དོན་སྦྱོར་ཚུལ་སྣ་མང་ཕུན་སུམ་ཚོགས་པའི་སྒོ་ནས་སྒྱུ་རྩལ་གྱི་མཛེས་རིས་རྨད་དུ་བྱུང་བར་བཞེངས་བསྐྲུན་བྱས་ཡོད།
 
༡ དཔེ་དང་དཔེ་ཅན་སོ་སོར་བཀོད་པ།
    
ལ་གླུའི་ནང་སྙན་གཞུང་མེ་ལོང་མ་ལྟར་ཚིག་རྒྱན་སྦྱོར་སྟངས་ཆེས་ཤིན་ཏུ་མང་པོ་མེད་ཀྱང་དེ་དག་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གངས་རྫ་གཡའ་སྤང་དང་། རྒྱ་མཚོ་དང་གཙང་ཆབ། རྐྱང་འབྲོང་དགོ་གཙོད་སོགས་རྣམ་ཀུན་མིག་ལམ་དུ་མཐོང་བའི་བྱ་དངོས་ཤ་སྟག་དཔེར་བཀོད་པ་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་བརྟེན་ནས་བརྗོད་དོན་དངོས་གོ་བདེ་བ་དང་། ཉན་པ་པོའི་ཡིད་སེམས་འགུགས་པའི་སྒྱུ་རྩལ་གྱི་མཚོན་ཚུལ་ལེགས་པོས་མཛེས་པར་བྱས་ཡོད། དེ་ཡང་སྙན་གཞུང་མེ་ལོང་མའི་ནང་གི་དཔེ་རྒྱན་དང་ཕྱོགས་འདྲ་བའི་ལ་གླུ་ལང་དུ་ཡོད་རུང་། ལ་གླུ་རང་གི་གྱེར་དབྱངས་དང་འཚམ་ཞིང་། དམིགས་བསལ་ཁྱད་ཆོས་ལྡན་པའི་སྒོ་ནས་ཚིགས་བཅད་རྐང་པ་གསུམ་བཞི་རེ་ཡོད་ན་སྔ་མ་རྣམས་དཔེ་ཁོ་ན་དང་། ཕྱི་མ་གཅིག་པུ་དཔེ་ཅན་བརྗོད་པ་ཡིན་ཏེ། ཕྱི་ལྕགས་དཀར་ལྕགས་ཀྱི་དྭངས་མ་རེད།། དགུང་ཙན་དན་ཤིང་གི་དྭངས་མ་རེད། རྫས་སྔོན་པོ་རིལ་ལིའུ་དྭངས་མ་རེད། དེ་དྭངས་གསུམ་བར་ལ་ལྷད་གཅིག་གདའ།། འདོ་རག་ཆུང་འགྲོས་ཀྱི་དྭངས་མ་རེད།། སྲབ་གསེར་སྲབ་རྒྱན་གྱིས་དྭངས་མ་རེད།། སྒ་གསེར་སྒ་བཀྲག་གི་དྭངས་མ་རེད།། དེ་དྭངས་གསུམ་བར་ལ་ལྷད་གཅིག་གདའ།། རོགས་ཆུང་འདྲིས་མཛེས་ཀྱི་དྭངས་མ་རེད།། མཛངས་ལས་བགྱིས་ལས་ཀྱི་དྭངས་མ་རེད།། གཏམ་མི་ཁ་འཛོམས་པའི་དྭངས་མ་རེད།། དེ་དྭངས་གསུམ་བར་ལ་ལྷད་གཅིག་གདའ།།ཞེས་གླུ་ཚིག་འདིའི་ཤོ་ལོ་ཀ་སྔ་མ་གཉིས་དཔེ་དང་ཕྱི་མ་གཅིག་པུ་དཔེ་ཅན་ཡིན་ཞིང་། དཔེའི་ཁྱད་ཆོས་དང་། དཔེ་ཅན་གྱི་ཁྱད་ཆོས་མཚུངས་པར་སྦྱར་བའི་སྒོ་ནས་རྒྱན་གྱི་ཉམས་བཏོན་ཏེ་ཉན་མཁན་ལ་སྔར་མེད་ཀྱི་སྙན་རོ་མྱོང་དུ་བཅུག་ཡོད། དེ་ཡང་བྱང་འབྲོག་ཚོས་རྣམ་ཀུན་དགའ་ཞེན་ཆེ་ཤོས་བྱེད་པའི་མེ་མདའ་དང་། རྟ་ཕོར་དཔེ་བླངས་ཐོག་དེ་གཉིས་དང་དེའི་ཡན་ལག་ཏུ་གཏོགས་པའི་ཁྱད་ཆོས་རྣམས་བརྗོད་དོན་དངོས་དང་ཕན་ཚུན་མཚུངས་སྦྱོར་དུ་བཀོད་ཚུལ་དེ་དག་ནི་ལ་གླུ་རང་གི་རྩོམ་ཚུལ་དམིགས་བསལ་ཅན་ཞིག་ཡིན་ནོ།།
 
༢ དཔེ་ཅན་དཔེའི་གཟུགས་སུ་བཀོད་པ།
   
ལ་གླུའི་ཚིག་རྒྱན་ཁྲོད་དཔེ་ཅན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་མང་ཙམ་ཡོད་ཅིང་། དེ་དག་སྙན་གཞུང་མེ་ལོང་མའི་ནང་གི་གཟུགས་ཅན་གྱི་རྒྱན་ལྟར་དཔེ་དང་དཔེ་ཅན་ཐ་དད་དུ་མ་བྱས་པར་བརྗོད་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་དང་། ད པེ་རྒྱན་དང་ཕྱོགས་མཚུངས་པའི་སྒོ་ནས་གཟུགས་སུ་དངོས་སུ་མ་བཀོད་པ་ཅི་རིགས་ཡོད་དེ། དཔེར་ན། སྔོ་སྐྱ་གྲོ་སྐྱ་ར་ཐོང་མགོ། རྒྱན་ལོ་ལེའི་རྟ་གཅིག་མི་གདའ་མོད།། ཟིང་ལིང་མེ་མདའ་ལྕགས་ཐུར་མགོ། ཤ་ཟོས་ལེའི་སྦོས་ཤིག་མི་གདའ་མོད།།ཅེས་རྟ་དང་མེ་མདའ་གཉིས་ར་དང་། ལྕགས་ཧྲེང་གི་གཟུགས་སུ་བཀོད་པ་དང་། ཡང་། སྔོ་སྐྱ་ཤ་ཡོད་གློག་རེད་ཡ།། སྒ་ཆས་དབྱར་ཁའི་འཇའ་རེད་ཡ།། ཤ་ཤེད་མེད་ལེའི་སྔོ་སྐྱ་ལ།། ཕུགས་གཏད་མེད་ལེའི་སྒ་ཆས་རེད།། མགོ་སྦྲ་ཨ་སྔོན་དགུང་རེད་ཡ།། ཆོན་ཐག་རག་ཤའི་ཕྲེང་རེད་ཡ།། བློ་གཏད་མེད་ལེའི་མགོ་སྦྲ་ལ།། ཐང་ཤ་མེད་ལེའི་ཆོན་ཐག་རེད།།ཅེས་སྔོ་སྐྱ་རྟ་ཕོ་ལ་གློག་ལྟར་ཤ་ཤེད་ཡལ་སླ་ཞིང་། བདག་པོ་འབྱོར་དཀའ་བས་སྒ་ཆས་ལེགས་པོ་ཞིག་ནམ་མཁའི་འཇའ་ལྟར་ལག་ཏུ་ལོན་ཐབས་མེད་པ། བུག་པ་མང་བའི་སྦྲ་གུར་ནི་ནམ་མཁར་སྐར་ཚོགས་ཤར་བ་དང་འདྲ་ཞིང་ཆོན་ཐག་ཧྲུལ་པོ་མདུད་པ་གྲངས་མེད་བརྒྱབ་པ་དེ་ཕྲེང་བ་རག་ཤ་དང་འདྲ་བའི་ཆ་ནས་དཔེ་ཅན་རྟ་དང་། སྒ་ཆས། སྦྲ་གུར། ཆོན་ཐག་བཅས་གློག་དང་། འཇའ་ཚོན། ནམ་མཁའ། རག་ཤའི་ཕྲེང་བ་བཅས་ཀྱི་གཟུགས་སུ་བཀོད་པ་ལྟ་བུ་འགའ་རེ་ཡོད་ལ། དཔེ་རྒྱན་དང་ཆོས་མཚུངས་པར་ཚིག་རྐང་སོ་སོའི་མཇུག་ཏུ་མཚུངས་གསལ་གྱི་ཚིག་རེ་སྦྱར་བ་དཔེར་ན། དགུང་ཨ་སྔོན་གོས་ཆེན་ཕྱུ་པ་རེད།། སྤྲིན་དཀར་ལུ་གོས་ཆེན་རི་མོ་རེད།། གློག་དམར་ཆུང་གོས་ཆེན་རྐེད་རགས་རེད།། སྐར་ཉི་ཟླ་གོས་ཀྱི་རྒྱན་ཆ་རེད།། ས་དོག་མོ་གསེར་གྱི་བུམ་པ་རེད།། རྩྭ་རྩི་ཐོག་བུམ་པའི་ཁ་རྒྱན་རེད།། ཆབ་ཆུ་བོ་བུམ་པའི་བུམ་དར་རེད།། གངས་གཡའ་རྫ་བུམ་པའི་མགུལ་དཀྲིས་རེད།།ཅེས་མཇུག་ཏུ་མཚུངས་གསལ་གྱི་ཚིག་རེ་ཡོད་པའི་ཆ་ནས་མེ་ལོང་མའི་དཔེ་རྒྱུན་དང་འདྲ་ཆེ་རུང་། ལ་གླུ་རང་གི་དཔེ་རྒྱུན་དུ་ཚིག་རྐང་སྔ་མ་རྣམས་དཔེ་དང་ཕྱི་མ་གཅིག་པུ་དཔེ་ཅན་དུ་བཀོད་པའི་རྒྱན་དང་མི་འདྲ་བར་ཚིག་རྐང་གཅིག་གི་ནང་དུ་ཡིག་འབྲུ་སྔ་མ་རྣམས་དཔེ་ཅན་དང་ཕྱི་མ་རྣམས་དཔེ་རུ་བཀོད་པའི་ཆ་ནས་ཁྱད་པར་ཆེ་སྟབས་ཁོ་བོས་ནི་དེ་དག་ལ་གླུའི་སྙན་རྩོམ་ཁྲོད་ཀྱི་གཟུགས་ཅན་རྒྱན་དུ་འདོད་པ་ཡིན་མོད། སྙན་གཞུང་མེ་ལོང་མ་དང་བོད་ཀྱི་དམངས་ཁྲོད་ཀྱི་སྙན་རྩོམ་ལ་རྒྱུས་མངའ་ཆེ་བའི་མཁས་དབང་ཚོས་དབྱེ་ཞིབ་གནང་བར་ཞུ།
  
༣ དཔེ་ཁོ་ནས་བརྗོད་དོན་མཚོན་པར་བྱས་པ།
    
བྱང་འབྲོག་ལ་གླུའི་ཁྲོད་བརྗོད་དོན་དངོས་བསྡུས་ནས་དཔེ་ཁོ་ནས་མཚོན་པར་བྱས་པའི་རིགས་ཤིན་ཏུ་མང་ཞིང་དེ་དག་སྙན་གཞུང་མེ་ལོང་མའི་ནང་གི་བསྡུས་བརྗོད་རྒྱན་ལྟར་བརྗོད་དོན་བསྡུས་པའི་ཆ་ནས་འདྲ་ཡང་། ཤོ་ལོ་ཀ་གཅིག་གི་ནང་དུ་དཔེ་གཅིག་ཁོ་ནའི་ཁྱད་ཆོས་བརྗོད་ནས་བརྗོད་དོན་དངོས་བསྡུས་པའི་སྙན་གཞུང་མེ་ལོང་མའི་བསྡུས་བརྗོད་ཀྱི་རྒྱན་ལྟར་མ་ཡིན་པར། ཤོ་ལོ་ཀ་འགའ་ཞིག་གམ། ཚིག་རྐང་དུ་མའི་ནང་དུ་དཔེ་མང་པོའི་ཁྱད་ཆོས་བཀོད་དེ་བརྗོད་དོན་དངོས་གཅིག་བསྡུས་པ་དཔེར་ན། ནེའུ་ལེའི་ནེ་ཕྲུག་འཕུར་མ་ལྷེབ།། ནམ་འཕང་གཅོད་རྒྱུ་མི་གདའ་སྟེ།། ཁ་ཨབ་ཤ་རག་ན་གྲ་མ་རེད།། རྟ་རྒན་གྲོ་རུ་ཤ་མེད་དེ།། གཙང་པོ་གཅོད་རྒྱུ་མི་དགོས་ཏེ།། ཁ་དབྱར་རྩྭ་རག་ན་གྲ་མ་རེད།།ལྟ་བུ་དང་། ཡང་སྙན་གཞུང་མེ་ལོང་མའི་ནང་གི་བསྡུས་བརྗོད་རྒྱན་ལྟར་དཔེ་གཅིག་གིས་བརྗོད་བྱ་གཅིག་མཚོན་པར་བྱས་པ་དཔེར་ན། ཚེས་གཅིག་གི་ཟླ་བ་སྔོ་ལྷང་མ།། སྔོ་ལྷང་ཡང་ཟླ་བ་ཚུར་ཡོང་རེད།། ཚེས་བཅོ་ལྔའི་དུང་ཟླ་འོད་ཆེན་མ།། འོད་ཆེ་ཡང་ཟླ་བ་ཕར་འགྲོ་རེད།།ཅེས་དང་། གངས་ཁ་བ་ཉིན་འབབ་མཚན་འབབ་ལ།། དམའ་རྒྱ་མཚོའི་གཏིང་ལ་མི་འབབ་གདའ།། ཡང་མིན་ན་ཁ་བ་སྙོམས་ཆུང་རེད།། ཡང་མིན་ན་རྒྱ་མཚོ་ཁ་བཙན་རེད།།ཅེས་པ་ལྟ་བུ་ཚིག་སྦྱོར་གོ་བདེ་ལ་ནང་དོན་དངོས་དང་འབྲེལ་ཆགས་པ། དཔེ་ལ་བརྟེན་ནས་ཉན་མཁན་གྱི་བློ་ངོར་བརྗོད་དོན་ལམ་ཙམ་འཕྲལ་དུ་རྟོགས་ཐུབ་པའི་བསྡུས་བརྗོད་ཀྱི་རྒྱན་རྨད་དུ་བྱུང་བ་ནི་རྩོམ་པ་པོ་ཕལ་གྱི་སོར་རྩེ་ལས་ཐོན་དཀའ་བའི་སྙན་རོ་ལྡན་པ་མང་དུ་ཡོད་དོ།
 
༤ གྲངས་རྒྱན་ལ་བརྟེན་ནས་བརྗོད་དོན་གསལ་བར་མཚོན་པ།
     
གྲངས་བརྗོད་ཀྱི་ཐབས་ལ་བརྟེན་ནས་བརྗོད་དོན་གསལ་བར་སྟོན་པའི་རྩོམ་ཚུལ་ནི་བོད་རང་གི་ཆེས་སྔ་མའི་དུས་ཀྱི་རྩོམ་སྟངས་དམིགས་བསལ་ཅན་ཞིག་ཡིན་པས། བོད་ཀྱི་དམངས་ཁྲོད་ལ་གླུ་སོགས་ལས་མཆེད་པའི་ནང་ཆོས་ཀྱི་མགུར་གླུ་ལ་ཡང་རྩོམ་ཚུལ་དེའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། བྱང་འབྲོག་ལ་གླུའི་ནང་དུ་གྲངས་རྒྱན་དེ་དག་ནི་སྲིད་པའི་གླུ་ཆེན་གྱི་ནང་གསེས་བསྟོད་གླུ་དང་། ཁྲོལ་གླུ་ཕལ་ཆེ་བའི་ཚིག་རྒྱན་སྤྲས་སྟངས་ཤིག་ཡིན་ཏེ། དཔེར་ན། སྦྲ་རུ་བའི་ཕྱི་ལ་འཛོམས་གསུམ་ཡོད།། གསེར་རྣ་མཆོག་ཅན་གྱི་འདོ་བ་རྟ།། གཡུ་གཞུང་མིག་ཅན་གྱི་ཟལ་ཁྲའི་ནོར།། དུང་གྲ་ལོ་ཅན་གྱི་གཡང་དཀར་ལུག། སྦྲ་རུ་བའི་ཕྱི་ཡི་འཛོམས་གསུམ་རེད།། སྦྲ་རུ་བའི་ནང་ལ་འཛོམ་གསུམ་ཡོད།། ཕ་བསགས་པ་ཅན་གྱི་རྒན་པོ་ཡོད།། མ་ཟས་སྟེར་ཅན་གྱིས་མཛངས་མ་ཡོད།། བུ་ལས་འཕྲོ་ཅན་གྱི་སྟག་ཤར་ཡོད།། ཐབ་རྒྱ་ཐབ་སྟེང་ལ་འཛོམས་གསུམ་ཡོད།། ཁྲོད་དཀར་ལུང་བཞི་འོ་མའི་མདོག། རྒྱ་ཇ་ཡུ་དམར་རྒུན་འབྲུམ་མདོག། འབྲི་མར་སེར་པོ་སྤོས་ཤེལ་མདོག། ཐབ་རྒྱ་ཐབ་སྟེང་གི་འཛོམས་གསུམ་རེད།།ཅེས་གྲངས་གསུམ་རེའི་ཐོག་ནས་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྦྲ་གུར་གྱི་ཕྱི་ནང་བར་གསུམ་ལ་བསྟོད་དབྱངས་གྱེར་བ་ལྟ་བུ་དང་། ཡང་ཁྲོལ་གླུའི་ནང་། ས་སྟོད་ལ་བཙན་པོ་རྣམ་གསུམ་ཡོད།། དཔེ་བླངས་ན་འདྲ་མ་གང་ལ་ཟེར།། ས་ལྷོ་ལ་ཕྱུག་པོ་རྣམ་གསུམ་ཡོད།། དཔེ་བླངས་ན་འདྲ་མ་གང་ལ་ཟེར།། ས་ཤར་ལ་གསལ་པོ་རྣམ་གསུམ་ཡོད།། དཔེ་བླངས་ན་འདྲ་མ་གང་ལ་ཟེར།། ས་བྱང་ལ་བདེ་མོ་རྣམ་གསུམ་ཡོད།། དཔེ་བླངས་ན་འདྲ་མ་གང་ལ་ཟེར།། འཁྲོལ་ཤེས་ན་གླུ་པ་འདྲ་འདྲ་རེད།། འཁྲོལ་མ་ཤེས་གླུ་ལ་གླུ་ལེན་ལོངས།།ཞེས་པའི་གླུ་ལན་དུ། ས་སྟོད་ཀྱི་བཙན་པོ་རྣམ་གསུམ་དེ།། སྟོད་རྒྱ་གར་རྒྱལ་པོ་ཁྲིམས་སྒོ་བཙན།། སྟོད་གངས་དཀར་ཏི་སེ་གནས་སྒོ་བཙན།། སྟོད་སྟར་གོ་ཁྲ་བོ་བཀའ་དབྱིངས་བཙན།། ས་ནུབ་ཀྱི་བཙན་པོ་རྣམ་གསུམ་རེད།། ས་ལྷོ་ཡི་ཕྱུག་པོ་རྣམ་གསུམ་དེ།། ལྷོ་སྤང་རི་སེར་པོ་ནོར་གྱིས་ཕྱུག། བོད་ཤིང་སྒོ་ཁམ་པ་འབྲུ་ཡིས་ཕྱུག། རྒྱ་དར་རྩེའི་ཚོང་ར་དར་གྱིས་ཕྱུག། ས་ལྷོ་ཡི་ཕྱུག་པོ་རྣམ་གསུམ་རེད།། ས་ཤར་གྱི་གསལ་པོ་རྣམ་གསུམ་དེ།། ནམ་སྐྱ་རེངས་གཏོང་དུས་རི་རྩེ་གསལ།། དཀར་ཟླ་བ་ཚེས་དུས་མུན་པ་གསལ།། དྲོ་ཉི་མ་བསྟན་དུས་གླིང་བཞི་གསལ།། ས་ཤར་གྱི་གསལ་པོ་རྣམ་གསུམ་རེད།། ས་བྱང་གི་བདེ་མོ་རྣམ་གསུམ་དེ།། འདོ་ཕྲུག་རྟ་ཕོ་རྒྱུག་ས་བདེ།། གཡང་དཀར་ལུག་གི་འཚོ་ས་བདེ།། བུ་ཁ་རྒྱུ་ཅན་གྱི་ཤོད་ས་བདེ།། ས་བྱང་གི་བདེ་མོ་རྣམ་གསུམ་རེད།། འདོ་ཕྲུག་རྟ་ཕོ་རྒྱུག་ས་བདེ།། གཡང་དཀར་ལུག་གི་འཚོ་ས་བདེ།། བུ་ཁ་རྒྱུ་ཅན་གྱི་ཤོད་ས་བདེ།། ས་བྱང་གི་བདེ་མོ་རྣམ་གསུམ་རེད།།ཅེས་གྲངས་གསུམ་ཁོ་ནར་ངེས་པའི་རྣམ་གྲངས་བཀོད་དེ་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་བརྗོད་དོན་གོ་རིམ་ལྡན་པར་གླེང་བ་ལྟ་བུ་མང་དུ་ཡོད་དོ།
  
༥ འཆར་ཡན་དང་ཡིད་འགྱུར་གྱི་མཚོན་ཚུལ་རྨད་དུ་བྱུང་བ།
    
འགུལ་མེད་ཀྱི་དངོས་པོ་དང་། སེམས་མེད་སྲོག་བྲལ་རྣམས་ལ་འགུལ་བསྐྱོད་ཀྱི་ནུས་པ་མངའ་བ་དང་། ཚོར་ཤེས་ཀྱི་དགའ་སྡང་ལྡན་ལུགས་སུ་བཀོད་ནས་ཀློག་པ་པོའི་ཡིད་སེམས་འགུགས་པར་བྱེད་རྒྱུ་ནི་གནའ་དེང་རྩོམ་རིག་མང་པོ་ཞིག་གི་མཚོན་སྟངས་ཤིག་ཡིན་ལ། ཀློག་པ་པོ་དག་གི་ཡིད་ཀྱི་རྒྱ་མཚོའི་ངོགས་སུ་འཇགས་མེད་ཀྱི་རྦ་རླབས་སྐྱོམ་པར་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། ལ་གླུའི་ནང་དུའང་རྩོམ་ཚུལ་དེའི་རིགས་བེད་སྤྱད་ཡོད་པ་མ་ཟད། འཆར་ཡན་སྒྱུ་རྩལ་གྱི་མཚོན་ཚུལ་ཕུལ་དུ་བྱུང་བ་ཡང་ཡོད་དེ། དཔེར་ན། དམའ་རྒྱ་མཚོའི་གཏིང་གི་ནོར་བུ་དེ།། ཉ་གསེར་གཤོག་འཁྱུག་ནས་མ་ལོན་རེད། སྡུག་སྦལ་པ་འཁྱུག་ནས་ལོན་ལེ་མ།། ཁ་འདམ་དྲི་འཁྱོག་སེ་ཉལ་ནས་སྡོད།། དགུང་ཨ་སྔོན་དཀྱིལ་ལོ་ནོར་བུ་གདའ།། བྱ་ཐང་དཀར་ལྡིང་ནས་མ་ལོན་རེད།། སྡུག་ནེའུ་ལེ་ལྡིང་ནས་ལོན་ལེ་མ།། ཁ་ཙིག་དྲི་འཁྱོག་སེ་ཉལ་ནས་སྡོད།། བར་ན་དམར་གཞུང་ལ་ནོར་བུ་གདའ།། རྟ་འདོ་བ་བརྒྱུགས་ནས་མ་ལོན་རེད།། སྡུག་ཅོག་རོང་བརྒྱུགས་ནས་ལོན་ལེ་མ། རྒྱབ་སྒལ་རལ་ཛར་རེ་ཉལ་ནས་སྡོད།།ཅེས་རྒྱ་མཚོའི་དཀྱིལ་དུ་ཉ་དང་སྦལ་པ་འཁྱུག་པ་དང་། ནམ་མཁའི་དཀྱིལ་དུ་ཐང་དཀར་དང་ནེའུ་ལེ་ལྡིང་པ། ན་ཐང་ཁྲོད་དུ་རྟ་དང་བོང་བུ་རྒྱུག་པ་དེ་དག་ནོར་བུ་སུ་ཐོབ་ཏུ་བརྩོན་ལེན་བྱེད་པའི་འཆར་ཡན་གྱི་རྩོམ་ཚུལ་བཀོད་ནས་བརྗོད་དོན་དངོས་སྦས་པ་ལྟ་བུ་དང་། རྫ་རི་རག་པ་ཨ་གསར་ཅན།། ཉིན་མ་ཤར་གོང་ནས་ཉི་རྩེ་གདའ།། ཆུ་འགོ་ལུ་མ་ཨ་གསར་ཅན།། དགུན་མ་ཚེས་གོང་ནས་ཁ་འཁྱགས་གདའ།། སྨན་ཆུང་བུ་མོ་ཨ་གསར་ཅན།། ལོ་མ་སླེབས་གོང་ནས་རོགས་ལུ་འཚོམ།།ཞེས་རྫ་རི་དང་། ཆུ་མིག་བཅས་སེམས་ལྡན་གྱི་གཟུགས་སུ་བཀོད་ནས་དེ་དག་གི་ཁྱད་ཆོས་གཅིག་ཁོ་ན་གླེང་སྟེ་དཔེ་དང་མཐུན་པར་སྦྱར་བ་ལྟ་བུ་དང་། ཡང་ཡིད་གདུང་གི་ཉམས་འགྱུར་དྲག་པོར་བརྗོད་པ་དཔེར་ན། གྲོགས་ཉི་ཟླ་བཟང་གསུམ་བླ་མ་རེད།། མཇལ་བསམ་སྟེ་ཨ་སྔོན་དགུང་ལ་གདའ།། སྤྲིན་དཀར་སེར་གོས་ཆེན་ཚར་ཚག་རེད།། གོན་གྱོན་བསམ་སྟེ་ནམ་མཁའི་དབྱིངས་ལ་གདའ།།ཞེས་རང་ལ་ཐོབ་རྒྱུའི་བློ་འདོད་ཡོད་ཀྱང་ལག་ཏུ་ལོན་ཐབས་དཀའ་བའི་ཡིད་གདུང་བརྗོད་པ་ལྟ་བུའོ།
    
དྲིས་ལན་འདེབས་རེས་ཀྱི་སྒོ་ནས་བརྗོད་དོན་གསོན་ཉམས་ལྡན་པར་བསྟན་པ། དྲིས་ལན་འདེབས་རེས་ཀྱི་རྣམ་པའི་སྒོ་ནས་བརྗོད་དོན་གསལ་བར་སྟོན་པའི་རྩོམ་ཚུལ་ནི་བོད་རང་གི་ཆེས་གནའ་བོའི་རྩོམ་ཚུལ་ཞིག་ཡིན་པ་ནི་མགུར་འབུམ་ཁག་དང་། གེ་སར་སྒྲུང་ཡིག་བཅས་སུ་མང་དུ་ཡོད། ལ་གླུ་ལ་མཚོན་ན་སྒྲུང་གླུ་དང་། མགུར་གླུ་དག་གི་ཨ་མ་ལྟ་བུ་ཡིན་པས་འདྲི་ལན་འདེབས་རེས་ཀྱི་རྣམ་པ་དེས་ལ་གླུའི་ཁྱད་ཆོས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།
    
དེ་ལ་ཡང་།སྲིད་པའི་གླུ་ལེན་གྱི་གྲས་སུ་གཏོགས་ཤིང་གདོད་མའི་འཇིག་རྟེན་ཁམས་ལ་འགྲེལ་བཤད་བྱེད་པའི་ཁྲོལ་གླུ་དང་། ན་གཞོན་ཕན་ཚུན་དང་ཡུལ་སྡེ་ཕན་ཚུན་བར་ཤགས་འདེབས་བྱེད་པའི་གླུ་ཤུགས་བཅས་རིགས་གཉིས་ཡོད། སྔ་མ་ནི་བརྗོད་དོན་གསལ་པོར་རྟོགས་ཆེད་གཅིག་གིས་དྲི་བ་བླངས་པ་དང་། གཞན་དེས་ལན་འདེབས་པའི་རྣམ་པའི་ཐོག་ནས་བརྗོད་སྙིང་རྒྱས་བཤད་བྱེད་པའི་ཐབས་ཤེས་ཤིག་ཡིན་ལ། ཕྱི་མ་ནི་ང་བཟང་ཁྱོད་ཞན་གྱི་རྩོད་ཤགས་འདེབས་རེས་བྱེད་པ་ཞིག་ཡིན། དེ་གཉིས་ཀ་ལ་འདྲ་བའི་ཆ་ནི་དྲི་ལན་འདེབས་རེས་བྱེད་པ་དེ་ཡིན་ལ། མི་འདྲ་བའི་ཆ་ནི་སྔ་མས་དྲི་བའི་ནང་དོན་རྒྱས་བཀྲོལ་བྱེད་པ་དང་། ཕྱི་མས་ཕ་རོལ་པོའི་སྐད་ཆར་རྒོལ་ལན་སློག་པ་དེ་ཡིན།
    
དེ་ལས་ཁྲོལ་གླུ་ལ་མཚོན་ན་དྲི་བར་ལན་འདེབས་བྱེད་པའི་ཁྲོད་རྒྱས་པར་བཀྲལ་བའམ། དངོས་པོའི་རང་བཞིན་དང་། ཁྱད་ཆོས་གང་འདྲ་ལྡན་ཚུལ་དྲིས་ལན་བྱས་པ་མང་ཞིང་། དེ་དག་དོན་དངོས་དང་མཐུན་ཆེ་ཞིང་། འཚོ་བའི་ནང་འཕྲད་མང་བ། ཡིད་དབང་འགུགས་པའི་མཚོན་ཚུལ་སྣ་ཚོགས་ལྡན་ཡོད་པ་དཔེར་ན། ཁྲོལ་གླུ་སྐུལ་བ་པོས། གངས་ཁྲའི་དཀྱིལ་ལ་ཡོས་ཁྲ་བོར།། འཚོལ་མཁན་མཁས་པ་ཅི་འདྲ་ཡོད།། རྩྭ་སྔོན་དཀྱིལ་ལ་ཁབ་སྔོན་བོར།། འཚོལ་མཁན་མཁས་པ་ཅི་འདྲ་ཡོད།། བྱང་བྱེ་མའི་དཀྱིལ་ལ་མུ་ཏིག་བོར།། འཚོལ་མཁན་མཁས་པ་ཅི་འདྲ་ཡོད།།ཅེས་ཟེར་སྐབས་དྲི་ལན་འདེབས་མཁན་གྱིས།། གངས་ཁྲའི་དཀྱིལ་ལ་ཡོས་ཁྲ་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན།། སེར་ཆུང་ཉི་མ་ཐོངས་ནས་ཞོག། གངས་ཁྲ་ཞུ་ནས་ཡོ་ཁྲ་བསྡད།། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།། རྩྭ་སྔོན་དཀྱིལ་ལ་ཁབ་སྔོན་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན།། ཟལ་ཁྲའི་འབྲི་མོ་ཐོངས་ནས་ཞོག། རྩྭ་སྔོན་བཟས་ནས་ཁབ་སྔོན་བཞག། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།། བྱང་བྱེ་མའི་དཀྱིལ་ལ་མུ་ཏིག་བོར།། དེ་འཚོལ་མཁན་མཁས་པ་ཅི་འདྲ་ཟེར།། དེ་འཚོལ་ལེའི་འཚོལ་ལུགས་མ་ཤེས་ན། སྐྱ་སེར་རླུང་བུ་ཐོངས་ནས་ཞོག། བྱེ་མ་ཁྱེར་ནས་མུ་ཏིག་བཞག། དེ་འཚོལ་ལེའི་འཚོལ་ལུགས་དེ་འདྲ་རེད།།ཅེས་ལན་འདེབས་སྲོལ་ཡོད། དེ་ལ་གཏན་ཚིགས་ཀྱི་རང་བཞིན་དང་། རྒྱུ་མཚན་གྱི་རང་བཞིན་ཆེར་ལྡན་པས་ཉན་པ་པོའི་བློ་ཡིད་འཕྲོག་ཐུབ་པ་དང་། རིག་པའི་བློ་སྒོ་འབྱེད་ཐུབ་ཀྱི་ཡོད།
    
ཡང་ཁྲོལ་གླུ་འགའ་ཞིག་ནི་དམངས་ཁྲོད་གབ་ཚིག་རྩོམ་རིག་དང་ཡང་འདྲ་ཤས་ཆེ་བ་ཡོད་དེ། དཔེར་ན། ཁྲོལ་གླུ་སྐུལ་མཁན་ནས། ཆབ་ཆུ་མོ་རལ་གྲི་ཤུབས་མེད་ལ། ཤུབས་རྡུང་མཁན་མཁས་པ་ག་འདྲ་ཡོད།། ས་དོག་མོ་གུར་ཆེན་ཚོས་མེད་ལ།། ཚོས་རྒྱག་མཁན་མཁས་པ་ག་འདྲ་ཡོད།། རྡོ་སྤོ་ཐོ་སེང་གེ་སྲབ་མེད་ལ།། སྲབ་སྐོན་མཁན་མཁས་པ་ག་འདྲ་ཡོད།།ཅེས་པའི་དྲི་བ་འདོན་སྐབས། ཆབ་ཆུ་བོ་རལ་གྲི་ཤུབས་མེད་ལ།། ཤུབས་རྡུང་མཁན་དགུན་ཟླ་སྤུན་གསུམ་རེད།། ས་དོག་མོ་གུར་ཆེན་ཚོས་མེད་ལ།། ཚོགས་རྒྱག་མཁན་དབྱར་ཟླ་སྤུན་གསུམ་རེད།། རྡོ་སྤོ་ཐོ་སེང་གི་སྲབ་མེད་ལ།། སྲབ་སྐོན་མཁན་གངས་དང་ཁ་བ་རེད།།ཅེས་ལན་འདེབས་པ་པོས་གབ་ཚིག་གི་གབ་བྱ་རྣམས་གླུ་ལན་གྱི་ནང་དུ་གསལ་པོར་བརྗོད་པ་ཡིན། དེའི་ཚིག་སྦྱོར་གོ་བདེ་ཞིང་འབྲེལ་ཆགས་པ། རྣ་བར་སྙན་པ་ཞིག་ཡིན་པ་མ་ཟད། དཔེ་དེ་དག་སྙན་གཞུང་མེ་ལོང་མའི་གཞུང་ལ་སྦྱང་བརྩོན་གནང་བའི་སྙན་ངག་མཁན་ཚོགས་བེད་སྤྱོད་མཛད་པ་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན།
    
གླུ་ཤགས་ནི་གླུ་ལན་འདེབས་རེས་བྱེད་ཀྱི་ཡོད་རུང་ཁྲོལ་གླུ་དང་མི་འདྲ་བར་སྡེ་ཚོ་ཕན་ཚུན་བར་དང་གཞོན་ནུ་ཕོ་མོ་ཕན་ཚུན་བར་དུ་ཤགས་འགྱེད་བྱེད་པའི་ལག་ཆ་ཞིག་ཡིན་སྟབས། ཕན་ཚུན་སྐྱོན་མཚང་འདོན་རེས་སམ། འཕྱ་ལད་རྒྱག་རེས། འདྲ་མིང་འདོགས་རེས་བཅས་བྱེད་པ་ལས། ཁྲོལ་གླུ་ལྟར་བརྗོད་དོན་གང་ཞིག་རྒྱས་བཀྲོལ་བྱས་པའི་རྣམ་པ་ཙམ་ཡང་མེད། ད་དུང་གླུ་ཤགས་མང་པོ་ཞིག་ནི་ངག་ནས་ངག་ཏུ་བརྒྱུད་དེ་བསླབ་སྦྱང་བྱས་པ་མ་ཡིན་པར། སྐབས་འཕྲལ་ཕ་རོལ་པོའི་གཟུགས་དབྱིབས་དང་། བྱད་བཞིན། བྱེད་ལུགས་སོགས་ལ་གཞིགས་ནས་ཟུར་ཟའི་དཔེ་སྣ་ཚོགས་འཕྲལ་དུ་གསར་རྩོམ་བྱེད་པ་ཡིན་ཏེ། དཔེར་ན་མི་གཉིས་གླུ་ཤགས་འདེབས་ལན་བྱེད་སྐབས་གཅིག་གིས། ངོ་སྔོན་པོ་ཞ་ཉེའི་མདེལ་སྐྱོགས་རེད།། སྣ་ནག་རོག་སྒྱིད་བུ་སྤུན་གསུམ་རེད།།ཅེས་ཕ་རོལ་པོའི་བྱེད་བཞིན་ལ་དམའ་འབེབས་བཏང་བར། གཞན་དེས་གླུ་ལན་དུ། ངོ་སྔོན་པོ་ཞ་ཉེའི་མདེལ་སྐྱོགས་ཟེར།། དཔེ་མར་དཔེ་མ་རེད་ཡར་དཔེ་རེད།། མདེལ་སྐྱོགས་ཡིན་ན་ཡག་ལེ་རེད། ཁྲ་རིང་སྦོས་ཀྱི་ཁོག་རྫོངས་རེད།། རྐྱང་འབྲོང་གཉིས་ཀྱི་གཉའ་གནོན་རེད།། དགྲ་ཤ་བ་ཆམ་ལ་འབེབས་བྱེད་རེད།། སྣ་ནག་རོག་སྒྱིད་བུ་སྤུན་གསུམ་ཟེར། དཔེ་མར་དཔེ་མ་རེད་ཡར་དཔེ་རེད།། སྒྱིད་བུ་ཡིན་ན་དགའ་ལེ་རེད།། སྐྱ་ཁྲ་ལྷ་ཡི་བབས་རྟེན་རེད།། སྔོན་ཁྲ་ཀླུ་ཡི་བབས་རྟེན་རེད།། ཐབ་ཇ་ཆང་གཉིས་ཀྱི་འབྱུང་གནས་རེད།།ཅེས་དམའ་འབེབ་བྱས་པའི་དཔེ་དག་ལེགས་པའི་དཔེ་ཤ་སྟག་ཏུ་བསྒྱུར་ནས་རྒོལ་ལན་འཇལ་བ་ལྟ་བུ་དང་། ཡང་བྱེད་ལུགས་བྱེད་སྟངས་ཐོག་ནས་དམའ་བེབས་བཏང་བའི་རིག་རྩོམ་ཞིག་ལ། བཟང་བླ་མའི་བཟང་གཏོར་ཟོས་ཟོས་ཀྱིས།། ལུས་འདོམ་གང་གཏོར་གཟུགས་དོན་ཡག་རེད།། བཟང་བླ་མའི་བཟང་ཕྲེང་སྐོན་སྐོན་གྱིས།། གདོང་རིལ་རིལ་ཕྲེང་གཟུགས་དོན་ཡག་རེད།།ཅེས་ཁྲེལ་ལད་རྒྱག་ཡུལ་རིག་མ་བསྟེན་མཁན་བླ་མ་ཞིག་གི་ཟུར་བསྟེན་བུད་མེད་དེའི་ལུས་ཤ་རྒྱགས་པའི་གཟུགས་དབྱིབས་དང་། བླ་མ་དགའ་གྲོགས་སུ་བསྟེན་པའི་བྱེད་ལུགས་ལ་ཁྲེལ་འཕྱ་བྱས་པ་ལྟ་བུའི་རིགས་སྔར་དུས་འབྲོག་ཁུལ་གྱི་གླུ་ཤགས་སུ་མང་དུ་ཡོང་མོད། དེ་དག་ནི་སྐབས་འཕྲལ་རིག་རྩོམ་བྱས་ཤིང་། སླར་ཡང་མི་གཞན་ལ་གླུ་ཤགས་འདེབས་སྐབས་དོན་མཐུན་ཅན་འཕྲད་ཉུང་བས་གསར་རྩོམ་བྱ་རིམ་བཞིན་ཡལ་འགྲོ་བའི་ཁྱད་ཆོས་ལྡན་ཡོད།

ལྔ་པ། བྱང་འབྲོག་ལ་གླུ་དེ་ཉིད་མྱུར་སྐྱོབ་བྱ་རྒྱུའི་དགོས་གཏུགས་རང་བཞིན་སྐོར་གླེང་བ།

ལ་གླུ་སོགས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི་ལོ་ངོ་སྟོང་ཕྲག་དུ་མའི་ནང་བོད་རིགས་མང་ཚོགས་ཐུན་མོང་གིས་གསོག་འཇོག་དང་། ཁ་གསབ་བྱས་པའི་ནོར་བུའི་བང་མཛོད་ཆེན་མོ་ཞིག་ཡིན་ཞིང་། དེ་དག་མི་རབས་ནས་མི་རབས་སུ་ངག་ནས་ངག་ཏུ་བརྒྱུད་དེ་ཆུ་འགོ་ལེགས་པའི་ཆུ་བོ་ཞིག་དང་འདྲ་བར་མཚམས་མི་ཆད་པར་བརྒྱུགས་ཏེ་མིའི་རིགས་ཀྱི་བསམ་པའི་ཞིང་ས་རྟག་ཏུ་བརླན་བཞིན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་ལྷག་ཙམ་སོང་བའི་དུས་ཡུན་དང་། བོད་ཀྱི་དམངས་ཁྲོད་རིག་གནས་རྣམས་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཀུན་གྱིས་དོ་ཁུར་དང་ཞིབ་འཇུག་བྱེད་པའི་ཚ་རླབས་འཕྱུར་དང་འཕྱུར་བཞིན་ཡོད་ཅིང་། ལྷག་པར་དུ་ཀྲུང་དབྱང་ནས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་འཚོལ་བསྡུ་དང་། ལེགས་སྒྲིག་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེན་གནང་བས་དུས་རབས་གོང་མའི་དུས་མཇུག་ཏུ་རྒྱལ་ཁབ་ནས་མ་དངུལ་འབོར་ཆེན་བཏང་སྟེ། བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་བསྡུ་ལེགས་སྒྲིག་བྱེད་པའི་ལེགས་སྒྲིག་ཐུབ་མེད་ལ། ལྷག་པར་དུ་བྱང་འབྲོག་གི་ལ་གླུ་འདི་ཉིད་ཉེ་སྔོན་དངོས་རྫས་མིན་པའི་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད་ཀྱང་། ལ་གླུ་མཁས་ཅན་རྣམས་ཐག་རིང་ལུང་ཁུག་ཏུ་ཁ་ཐོར་ངང་གནས་པ་དང་། ཡི་གེ་ཤེས་མཁན་ཉུང་བའི་ཐོག་ཁོ་ཚོ་རང་ཉིད་ནས་ཀྱང་ལ་གླུའི་རིན་ཐང་དེ་ཙམ་མི་རྟོགས་པ་བཅས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ད་བར་འཚོལ་བསྡུ་ལེགས་སྒྲིག་དེ་ཙམ་འཐུས་ཚང་ཞིག་བྱུང་མེད་པས། སླད་ཕྱིན་ང་ཚོས་ཕུལ་དུ་བྱུང་བའི་དམངས་ཁྲོད་རིག་གནས་དེ་ཉིད་ཡུན་གནས་ཡོང་བའི་འབད་བརྩོན་བྱེད་པར་གཤམ་གསལ་གྱི་ཕྱོགས་རྣམས་ལ་དོ་སྣང་བྱེད་དགོས་ཏེ།
    
བྱང་འབྲོག་ལ་གླུ་ཉམས་གུད་འགྲོ་བའི་སྣང་ཚུལ། ཉེ་བའི་ལོའི་ནང་དུ་རྒྱ་བོད་ཀྱི་ཕུལ་བྱུང་གཞས་པ་དང་གཞས་མ་མང་པོའི་སྙན་འཇེབས་ཀྱི་གླུ་གཞས་སྣ་ཚོགས་འོད་སྡེར་དང་། སྒྲ་ཕབ་སྤྱིན་ཤོག་སྣ་ཚོགས་སུ་བླུགས་ནས་ཁྱབ་སྤེལ་ཤུགས་ཆེན་བྱུང་བ་དེས་ཕྱོགས་གཅིག་ནས་མིའི་རིགས་ལ་བསམ་པའི་ལོངས་སྤྱོད་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པོ་སྦྱིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན་དམངས་ཁྲོད་ཀྱི་ལ་གླུ་དང་སྒོར་གཞས་དེ་དག་ཉམས་གུད་དུ་འགྲོ་བའི་ཐད་ལ་མི་མངོན་པའི་ཤུགས་རྐྱེན་བཟོས་ཡོད། དེ་ཡང་སྔར་འབྲོག་ཁུལ་གྱི་ཕོ་གཞོན་མོ་གཞོན་ཚོས་ཉུང་མཐར་ལ་གླུ་བརྒྱ་ཕྲག་ཁ་ཤས་ལེན་མ་ཤེས་ན་ལྐུགས་པ་ལྟ་བུར་བརྩིས་ནས་ན་མཉམ་གྱི་ཁྲོད་དུ་མཐོང་ཆུང་བྱ་སྲོལ་ཡོད་སྟབས། ལ་གླུ་ནི་ན་ཆུང་ཕོ་མོ་ཚོས་མི་ཤེས་ཐབས་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐད་འདུག་ལ། དེ་སྔའི་བགྲེས་སོང་ཚོར་མཚོན་ན་ལ་གླུའི་བང་མཛོད་དུ་གྱུར་པ་ཤ་སྟག་ཡིན། འོན་ཀྱང་ད་ལྟའི་དུས་ཀྱི་གཞོན་སྐྱེས་ཕོ་མོའི་ཁྲོད་དུ་ལ་གླུ་གཅིག་གཉིས་ཤེས་མཁན་ཡང་ཆེས་དཀོན་ཞིང་། ཁོ་ཚོས་གཏོང་ཤེས་པ་ནི་དེང་རབས་ཀྱི་གླུ་གཞས་དེ་དག་ཡིན་འདུག་ལ། ལ་གླུ་ལ་དགའ་ཞེན་དང་། དེ་ཉིད་མི་ཤེས་ཐབས་མེད་དུ་ངོས་འཛིན་བྱེད་མཁན་དེ་བས་ཤིན་ཏུ་དཀོན། གནས་ཚུལ་དེའི་ཐོག་ནས་དེང་རབས་གསར་དར་གླུ་གཞས་དེ་དག་གི་ཤུགས་རྐྱེན་ཁྲོད་སྲོལ་རྒྱུན་དམངས་ཁྲོད་གླུ་གཞས་རྣམས་མགྱོགས་མྱུར་ཡིག་ཐོག་ཏུ་འགོད་མ་ཐུབ་ཚེ་ཉིན་བཞིན་ཉམས་གུད་དུ་འགྲོ་བའི་སྣང་ཚུལ་གསལ་པོར་མཚོན་ཐུབ། དེ་སྔའི་བགྲེས་སོང་ཚོར་མཚོན་ནའང་ཁོ་ཚོས་ལ་གླུ་མང་པོ་ཤེས་ཀྱང་བསྟོད་དབྱངས་ཀྱི་མཐེ་བོང་བསྒྲེང་མཁན་མེད་པ་མ་ཟད། དེང་སྐབས་གསར་དར་སྙན་འཇེབས་ཀྱི་གླུ་དབྱངས་དེ་དག་དར་ཁྱབ་བྱུང་དུས་སྲོལ་རྒྱུན་གྱི་ལ་གླུ་ནི་དགོས་པ་མེད་པར་སྨྲ་བའི་གླེང་ཕྱོགས་ཀྱིས་ཁོ་ཚོའི་ངག་ནས་གཏོང་ཤེས་པའི་ལ་གླུ་རྣམས་སྣང་མེད་དུ་བསྐྱུར་བས། ལ་གླུ་འཚོལ་བསྡུ་བྱེད་མཁན་དང་དངོས་སུ་འཕྲད་སྐབས་དེ་སྔོན་ཤེས་པའི་ལ་གླུ་རྣམས་དུམ་མཚམས་དང་པོ་ཤེས་ཀྱང་དུམ་མཚམས་གཉིས་པ་མི་དྲན་པ་དང་། ཡང་ན་གོང་འོག་འཁྲུགས་ཏེ་རྩ་བ་ནས་ལེན་མི་ཐུབ་པའི་སྣང་ཚུལ་རྒྱུན་དུ་འཕྲད་ཀྱི་ཡོད།
    
དེས་ན་ང་ཚོས་དམངས་ཁྲོད་ལ་གླུ་དེ་དག་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པ་ནི་རིག་གནས་ཤིག་ཡུལ་ལ་ཉེ་བའི་གོང་དུ་མྱུར་སྐྱོབ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ། མི་རིགས་ཤིག་གི་རིན་ཐང་བྲལ་བའི་དམངས་སྲོལ་རིག་གནས་སྲུང་སྐྱོབ་བྱེད་པའི་ལས་དོན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་བདག་གཅེས་དང་། ཏང་གི་སྲིད་ཇུས་ལག་ལེན་བསྟར་བའི་ལས་དོན་གལ་ཆེན་ཞིག་ཡིན་པ་རྟོགས་དགོས་ལ། སྔོན་བྱོན་མེས་པོའི་བསམ་པའི་སྙིང་སྟོབས་དང་སྒྱུ་རྩལ་གྱི་ཉིང་བཅུད་ལག་པར་བླངས་ནས་རང་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་བྱ་གཞག་རླབས་པོ་ཆེ་ཞིག་དང་། ཏང་གི་མི་རིགས་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་བཅས་ལ་ངོས་འཛིན་བྱེད་དགོས་པར་སྙམ།
     
ལ་གླུ་འཚོལ་བསྡུ་བྱེད་པའི་དཀའ་ངལ་སེལ་ཐབས།
    
གཅིག ལ་གླུ་ནི་བོད་བྱང་ཐང་གཙོ་བོར་གྱུར་པའི་བོད་ཀྱི་འབྲོག་པའི་ས་ཁུལ་རྣམས་སུ་དར་བའི་རིག་གནས་ཤིག་ཡིན་སྟབས། ལ་གླུ་འཚོལ་བསྡུ་བྱེད་པར་གཙོ་བོ་འགྲིམ་འགྲུལ་གྱི་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་ས་ཆ་དེ་དག་ནས་ལ་གླུ་འཚོལ་བསྡུ་བྱེད་སྐབས་རྒྱ་མཚོའི་གཏིང་ནས་རྡོ་བ་ལག་སྙོབ་བྱེད་པ་ལྟར་ལ་གླུ་རྙེད་པ་ཉུང་ལ། འགྲིམ་འགྲུལ་གྱི་འགྲོ་གྲོན་ཆེ་བ་དང་། ངལ་རྩོལ་གྱི་ཐོབ་འབྲས་ཞན་པ། དུས་ཚོད་འགྲོ་ཆེ་བ་བཅས་ཡོད། དེར་བརྟེན་ལ་གླུ་འཚོལ་བསྡུའི་ལས་འགན་དེ་ཚོགས་པ་རེ་ཙམ་དང་། མི་རེ་གཉིས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན་ན་ལ་གླུ་ཡོངས་རྫོགས་འཚོལ་བསྡུ་དང་ལེགས་སྒྲིག་ཐུབ་ཐབས་རྩ་བ་ནས་མེད་པས་ངེས་པར་དུ་དམངས་ཁྲོད་རིག་གནས་ལས་དོན་པས་གཙོ་བྱས་ཏེ་ཕྱོགས་ཡོངས་ནས་བསྒྲུབ་དགོས་པ་ཞིག་ཡིན་ཏེ། དེའང་གཤམ་རིམ་གྱི་སྲིད་གཞུང་སྡེ་ཁག་ལ་སྐུལ་སློང་གིས་ཁོ་ཚོས་ལས་དོན་གཞན་དག་སྒྲུབ་ཞོར་ལ་རྒྱ་ཁྱབ་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན་ལྡན་པའི་སྒོ་ནས་འབྲོག་པ་མང་ཚོགས་ཡི་གེ་ཤེས་ཚད་ལ་འཚོལ་བསྡུ་བྱེད་དུ་བཅུག་ཚེ་གཅིག་ནས་དཔལ་འབྱོར་འགྲོ་སོང་ཆུང་བ་དང་། གཉིས་ནས་ལ་གླུ་འཚོལ་བསྡུ་རྒྱ་ཁྱབ་རང་བཞིན་ཅན་དུ་སྤེལ་ཐུབ།
    
དེ་མིན་དེ་སྔོན་ལེགས་སྒྲིག་གསུམ་གྱི་ལས་དོན་སྒྲུབ་སྐབས་མ་གཞི་འབྲས་བུ་མི་དམན་ཙམ་ཐོབ་ཡོད་ཀྱང་། རྒྱ་ཆེ་བའི་དམངས་ཁྲོད་རིག་གནས་དེ་ཉིད་མི་རེ་གཉིས་ཀྱིས་གཤམ་བསྐྱོད་ཐེངས་གཅིག་གཉིས་ལ་འཚོལ་བསྡུ་བྱེད་ཐུབ་ཐབས་མེད་པ་ཞིག་ཡིན་པར་བརྟེན། ད་ལྟའི་ཆར་འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་འགན་ད་དུང་ཧ་ཅང་ལྗིད་པོ་ཡོད།
    
གཉིས། ལ་གླུ་ནི་བྱང་འབྲོག་གི་བགྲེས་སོང་ཕོ་མོ་དག་དང་། ངོ་ཚ་སྨིན་པའི་ཕྱུགས་རྫི་ཕོ་མོ་དག་གིས་ངག་ཐོག་ཏུ་གནས་པ་ཞིག་ཡིན། ང་ཚོས་འཚོལ་བསྡུ་དང་ལེགས་སྒྲིག་གི་ཆེད་དུ་ཁོ་ཚོར་བཀའ་འདྲི་ཞུ་སྐབས། འབྲོག་པ་ཚོས་ལ་གླུ་འདི་ཉིད་རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་གནས་ཚུལ་མ་རྟོགས་པ་དང་། ལ་གླུའི་རིན་ཐང་གི་རང་བཞིན་མ་ཤེས་པ་མ་ཟད་ནང་དོན་ཕལ་ཆེ་བ་ཕོ་མོའི་བརྩེ་དུང་དང་འབྲེལ་ཆེ་བའི་དབང་གིས་མི་དམངས་འདུ་འཛོམས་ཆེ་བའི་གནས་སུ་ཡུལ་ལུང་གི་ངོ་ཚའི་འདུ་ཤེས་སྲུང་ནས་ཁོ་ཚོས་ལ་གླུ་ཚིག་གཅིག་ཀྱང་མ་གསུངས་བ་དང་། ཐ་ན་ངོ་ཚ་ལས་གཡོལ་ཆེད་ངས་ལ་གླུ་གཅིག་ཀྱང་ཤེས་ཀྱི་མེད་ཅེས་སྤྱིར་བཏང་གི་ལ་གླུ་རྣས་ཀྱང་ལེན་གྱི་མེད་ཚུལ་ཤེས་རྟོགས་བྱུང་། དེས་ན་ང་ཚོས་ལ་གླུའི་རིན་ཐང་གི་རང་བཞིན་དང་། རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་དངོས་ཡོད་གནས་ཚུལ་རྣམས་ལུང་ཁུག་གི་ལ་གླུ་མཁས་ཅན་ཚོའི་རྣ་ལམ་དུ་ལེགས་པར་བཤད་ནས་ཁོ་ཚོའི་བསམ་པའི་འདུ་ཤེས་དེ་ལ་གླུ་མྱུར་སྐྱོབ་ཀྱི་བྱ་གཞག་གལ་ཆེན་དང་འབྲེལ་ཐུབ་པར་བྱས་ཐོག་ཁུ་སིམ་དང་། དུས་ཚོད་ལྡན་པའི་སྒོ་ནས་འཚོལ་བསྡུ་བྱེད་དགོས་པ་ལས། གང་བྱུང་དུ་གཤམ་བསྐྱོད་བྱས་ནས་མི་དམངས་འདུ་འཛོམས་བྱེད་དུ་བཅུག་སྟེ་ལ་གླུ་འཚོལ་བསྡུ་བྱས་ན་འབྲས་བུ་ལེགས་པོ་ཐོབ་མི་ཐུབ་པ་ངེས་པར་ཤེས་པ་བྱ་དགོས།
    
གསུམ། དམངས་ཁྲོད་རིག་གནས་ནི་བོད་ཀྱི་ཡིག་ཐོག་རིག་གནས་དང་མི་འདྲ་སྟེ། ཡིག་ཐོག་རིག་གནས་ནི་བོད་ཀྱི་གནའ་བོའི་དཔེ་རྙིང་རྣམས་འཚོལ་བསྡུ་ལེགས་སྒྲིག་དང་། ཡང་ན་བོད་རིག་པའི་ཆེད་ལས་མཁས་པ་ཚོའི་མདུན་ནས་སློབ་གཉེར་བྱས་ན་ཆོག་མོད། འོན་ཀྱང་དམངས་ཁྲོད་རིག་གནས་ཤིག་མྱུར་སྐྱོབ་བྱེད་དགོས་ན། དུས་ཚོད་ཐུང་ཐུང་ནང་མི་རེ་གཉིས་ཀྱིས་མྱུར་སྐྱོབ་ཐུབ་ཐབས་གཏན་ནས་མེད། རྒྱ་ཆེའི་མང་ཚོགས་ནི་དམངས་ཁྲོད་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས། ཁ་ཐོར་དུ་གནས་པའི་དམངས་ཁྲོད་རིག་གནས་དེ་དག་མྱུར་སྐྱོབ་བྱེད་པར་ངེས་པར་དུ་མང་ཚོགས་ལ་བརྟེན་ནས་ལས་དོན་རྒྱ་ཁྱབ་ངང་སྤེལ་དགོས་སྟབས། ང་ཚོས་ངེས་པར་དུ་དེའི་རིན་ཐང་གི་རང་བཞིན་དང་། ཞིབ་འཇུག་གི་རང་བཞིན། དེ་བཞིན་ད་ལྟའི་ཆར་ཉམས་གུད་དུ་འགྲོ་བའི་ཉེན་ཁའི་རང་བཞིན་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོས་རང་འགུལ་ངང་ལ་གླུ་ཡིག་ཐོག་ཏུ་འགོད་པ་དང་། ངག་ལས་ངག་བརྒྱུད་ཀྱིས་རྒྱུན་འཛིན་བྱེད་པའི་འདུ་ཤེས་འཛུགས་དགོས།
    
སྒྲ་ཕབ་འཚོལ་བསྡུ་དང་ཡིག་ཐོག་ཏུ་ལེགས་སྒྲིག་བྱེད་རྒྱུ་ཟུང་འབྲེལ་བྱ་དགོས་པ། ཉེ་བའི་ལོའི་ནང་དེང་རབས་ཀྱི་གླུ་གཞས་གསར་པ་སྣ་ཚོགས་འོད་སྡེར་དང་། སྒྲ་ཕབ་སྤྱིན་ཤོག་ཐོག་ཏུ་ཕབ་ནས་བསམ་པའི་ལོངས་སྤྱོད་དུ་སྤེལ་ཤུགས་ཆེ་སྟབས། དེ་སྔའི་དམངས་གླུ་དེ་དག་ལ་དགའ་ཞེན་བྱེད་མཁན་དང་། ངག་འཛིན་གཏོང་ལེན་བྱེད་མཁན་རང་བཞིན་ངང་ཉུང་དུ་འགྲོ་བཞིན་ཡོད་ལ། གཞོན་སྐྱེས་ཕལ་མོ་ཆེས་དེང་རབས་ཀྱི་གླུ་གཞས་རྣམས་དབྱངས་སུ་གྱེར་རྒྱུ་ལས་དེ་སྔའི་ལ་གླུ་དེ་དག་ཤེས་ཀྱི་མེད། སྙན་འཇེབས་ལྡན་པའི་ལ་གླུའི་བང་མཛོད་འཛིན་པ་པོ་ཕལ་ཆེ་བ་ནི་འབྲོག་པ་བགྲེས་སོང་ཕོ་མོ་རྣམས་ཡིན་ལ། དེ་དག་ཀྱང་མང་ཆེ་བ་ལོ་ན་ཆེས་བགྲེས་པས་ཁོ་ཚོས་ཤེས་པའི་ལ་གླུ་རྣམས་སང་ལོར་འཚོལ་བསྡུ་བྱེད་རྒྱུ་ལྟ་བུར་བཞག་ན་གཏན་ནས་འགྲིག་ཐབས་མེད། དེར་བརྟེན་ང་ཚོས་ལ་གླུ་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་སྐབས་སྔོན་ལ་འཚོལ་བསྡུ་ཙམ་བྱེད་རྒྱུ་ལས། ལེགས་སྒྲིག་བྱེད་པའི་དུས་ཁོམ་ག་ལ་ཡོད་དེ། མང་པོ་ཞིག་རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་ཕྱིར། དེས་ན་སྔོན་ལ་སྒྲ་ཕབ་འཕྲུལ་འཁོར་དུ་འབེབས་གང་ཐུབ་བྱས་ན་ལས་ཕྱོད་ཆེ་ལ་མྱུར་སྐྱོབ་བྱེད་ནུས་མགྱོགས་པ་དང་། དེ་རྗེས་ཡིག་ཐོག་ཕབ་ནས་ལེགས་སྒྲིག་དང་དཔེ་སྐྲུན་བཅས་བྱས་ན་དེ་ནི་བྱ་བའི་འགོ་མཇུག་འཁྱོངས་བདེ་ཞིང་ཚན་རིག་དང་མཐུན་པའི་མྱུར་སྐྱོབ་ཀྱི་ཐབས་ལམ་ཞིག་ཡིན་པར་སྙམ།
    
ལ་གླུ་དཔར་སྐྲུན་དང་ཁྱབ་སྤེལ་གྱི་བྱ་བར་ཤུགས་སྣོན་རྒྱག་དགོས་པ། ཀྲུང་དབྱང་ནས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་ལེགས་སྒྲིག་བྱེད་དགོས་པའི་འབོད་སྐུལ་གནང་བར་བརྟེན། བོད་ཀྱི་དམངས་ཁྲོད་རིག་གནས་ཐད་སྤྱིར་ན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་། དགུ་བཅུའི་ནང་འཚོལ་བསྡུ་ལེགས་སྒྲིག་དང་། དཔེ་སྐྲུན་བྱས་པ་མང་ཞིང་དགའ་འོས་པའི་གྲུབ་འབྲུས་ཐོབ་ཡོད་རུང་། བོད་བྱང་ཐང་གི་ལ་གླུའི་ཐད་ཉེ་སྔོན་ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱི་ནོར་བུ་བཀྲ་ཤིས་ལགས་ནས་བྱང་རྩྭ་ཐང་ལ་གླུར་རྫོགས་མཐའ་མེད་ཅེས་པའི་བྱང་འབྲོག་གི་ལ་གླུ་དང་ལས་གླུ་ཁག་མཉམ་དུ་བསྡུས་ནས་དེབ་ཆུང་ཞིག་བཏོན་པ་དང་། བདེ་སྨོན་བདེ་ཆེན་སྒྲོལ་དཀར་ལགས་ཀྱིས་བོད་ལྗོངས་མཛའ་གཞས་ཞེས་པའི་ནང་དུ་རེ་གཉིས་ཤིག་དང་། དུས་དེབ་ཁག་ཏུ་རེ་ཟུང་བཀོད་ཡོད་པ་ཕུད། དེ་མིན་ལ་གླུ་ཁོ་ན་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་གཅིག་ཀྱང་འདོན་མྱོང་མེད།
    
དོན་དངོས་ཐོག་ལ་གླུ་ནི་རྫོགས་མཐའ་མེད་པའི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པ་དཔེར་ན། ཉེ་བའི་ལོ་འགའི་ནང་ཁོ་བོས་ནག་ཆུའི་ཤེལ་ཚྭ་རྫོང་གཅིག་པུར་འཚོལ་བསྡུ་བྱས་པར་ལ་གླུའི་གྲངས་སུམ་བརྒྱ་ལྷག་འདུག་ཅིང་། དེ་དག་མང་ཆེ་ཤོས་དེ་སྔ་ཡིག་ཐོག་ཏུ་རྩ་བ་ནས་འཁོད་མྱོང་མེད་པ་ཤ་སྟག་ཡིན་ལ། དེ་ཡང་རྫོང་དེའི་ལ་གླུ་ཡོངས་རྫོགས་བསྡུས་པ་ཞིག་རྩ་བ་ནས་མིན། དེའི་ཐོག་ནས་ནག་ཆུ་ས་ཁུལ་གཅིག་པུར་མཚོན་ནའང་འཚོལ་བསྡུ་མ་ཐུབ་པའི་ལ་གླུའི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ་ཤེས་ཐུབ། དེ་མིན་ད་དུང་མངའ་རིས་དང་། གཞིས་རྩེ་ཁུལ་གྱི་འབྲོག་ཁུལ་བཅས་སུ་འཚོལ་བསྡུ་མ་ཐུབ་པའི་ལ་གླུའི་གྲངས་ཧ་ཅང་མང་པོ་ཡོད་ངེས་པས། ལ་གླུ་དེ་དག་འཚོལ་བསྡུ་དང་དཔེ་སྐྲུན་བྱེད་རྒྱུ་ནི་བྱ་བ་རྒྱུ་ཆེན་ཞིག་དང་། ད་ལྟའི་དུས་ལ་མཚོན་ན་འགོ་འཛུགས་མ་ཐག་པའི་ལས་ཀ་ཞིག་ཡིན་པས། དེའི་ཐད་རྩོམ་རིག་ལ་དགའ་ཞེན་ཡོད་མཁན་རྣམས་དང་། ས་གནས་དེ་དག་གི་རིག་གནས་ལས་ཁུངས་ཚོས་དུས་ཚོད་སྐད་ཆ་ཙམ་ཡང་བརྩོན་ལེན་གྱིས་འཚོལ་བསྡུ་ལེགས་སྒྲིག་དང་དཔར་སྐྲུན་འགྲེམས་སྤེལ་གྱི་ལས་ལ་འབུངས་ནས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོའི་ལ་གླུར་ཞིབ་འཇུག་བྱེད་པའི་བློ་ཡིད་འགུག་ཐུབ་པ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོས་ལ་གླུའི་རིན་ཐང་ཤེས་རྟོགས་ཀྱིས་དེར་སྔར་ལས་ལྷག་པའི་གཅེས་འཛིན་བྱེད་པའི་འདུ་ཤེས་འཛུགས་ཐུབ་པ་བྱེད་དགོས།
    
དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་ཞིབ་འཇུག་བྱེད་པའི་མི་རིགས་རང་ཉིད་ཀྱི་དཔུང་ཁག་འཛུགས་དགོས་པ། མི་རིགས་གཅིག་གི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་བྱེད་པར་བྱ་བ་དེར་དོ་ཁུར་ཟབ་པའི་མི་རིགས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གང་མང་དགོས་པ་ཡིན་ཏེ། མི་རིགས་གཞན་པའི་ཤེས་ལྡན་པ་དག་ལ་བྱ་བ་དེར་དོ་ཁུར་ཟབ་མོ་ཡོད་རུང་མི་རིགས་འདིའི་གོམས་སྲོལ་ལ་རྒྱུས་མངའ་ཆེར་མེད་པ་དང་། སྐད་ཡིག་གི་ཚད་བཀག ལོ་རྒྱུས་དང་འཚོ་བ་དངོས་ལ་གཏིང་ཟབ་ཀྱི་འདྲིས་ཆ་མེད་པ་སོགས་ཀྱི་རྐྱེན་པས་ལས་ཕྱོད་དང་སྤུས་ཚད་གང་གི་ཐད་ལའང་འགན་སྲུང་ཡོང་རྒྱུར་དཀའ་ངལ་ཆེ་ཙམ་ཡོད། དེར་བརྟེན་རང་མི་རིགས་ཀྱི་ལོ་རྒྱུས་དང་། སྐད་ཡིག ཡུལ་སྲོལ་གོམས་གཤིས། དམངས་ཁྲོད་རིག་གནས་བཅས་ལ་རྒྱུས་མངའ་ཟབ་ཅིང་། དམངས་ཁྲོད་རིག་གནས་ལ་དགའ་ཞེན་དང་། བསམ་པ་རྣམ་དག་བྱེད་མཁན་གྱི་བསམ་བློའི་བྱང་ཚད་མཐོ་བའི་མི་རིགས་རང་ཉིད་ཀྱི་དངམས་ཁྲོད་རིག་གནས་ཞིབ་འཇུག་བྱེད་མཁན་ཤེས་ལྡན་པའི་ཆེད་ལས་མི་སྣ་སྒྲིག་འཛུགས་དང་། གསོ་སྐྱོང་གང་ལེགས་བྱ་རྒྱུ་ནི། མེས་པོ་གོང་མ་ཚོས་བཞག་པའི་བསམ་བློའི་སྒྱུ་རྩལ་སྤྱད་ན་འཛད་མཐའ་མེད་པ་དེ་དག་འཚོལ་བསྡུ་ལེགས་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཐུབ་པའི་འགག་རྩ་ཞིག་ཡིན།

མཇུག་གི་གཏམ།

དེ་སྔོན་རང་རེའི་བོད་ཀྱི་ཤེས་ལྡན་པའི་ཁྲོད་དུ་མི་རིགས་གཞན་གྱི་རིག་གནས་ལ་དགའ་ཞེན་དང་། བརྩི་འཇོག་ཆེ་བའི་ལམ་སྲོལ་དེས་ཕྱོགས་གཅིག་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་ཆུང་བཅུ་ལ་སོགས་རིག་གནས་ཤེས་བྱའི་མ་ལག་སྤྱད་ན་འཛད་དུ་མེད་པ་ཞིག་གྲུབ་མོད། ཕྱོགས་གཞན་ཞིག་ནས་བལྟས་ན་རང་རིགས་ཀྱི་རིག་གནས་ལ་མཐོང་ཆུང་བྱེད་པའི་འདུ་ཤེས་ཀྱང་ལྡན་པས། ཡོད་ཚད་རྒྱ་གར་སོགས་མི་རིགས་གཞན་གྱི་རིག་གནས་ལ་བསྟུན་ཅིང་ཐུབ་བྱས་ཏེ་བོད་རང་ས་ནས་དར་བའི་རིག་གནས་རྣམས་ཕལ་སྐད་དང་། གྲོང་ཚིག་ཏུ་བརྩི་བའི་ལྟ་བ་དེ་ཚོའི་འོག་ནས་བོད་རང་གི་དམངས་ཁྲོད་རིག་གནས་རྣམས་ཡིག་ཐོག་ཏུ་འཁོད་པ་ཆེས་ཉུང་ཞིང་། ནམ་ཡང་ངག་ཐོག་ཁོ་ནར་གནས་དགོས་པ་བྱུང་།
    
འོན་ཀྱང་། བོད་རིགས་མང་ཚོགས་ཁྲོད་དུ་རིག་གནས་དེ་དག་གི་བག་ཆགས་དང་ཤུགས་རྐྱེན་ཆེན་པོ་ཡོད་སྟབས། ཡོན་ཏན་པའི་དཔུང་ཁག་གི་རྒྱབ་སྐྱོར་མ་ཐོབ་ཀྱང་ད་བར་མ་ཉམས་པར་གནས་ཡོད་པ་མ་ཟད། འདས་པའི་དུས་རབས་རིམ་བྱུང་ནང་བོད་རིགས་དམངས་ཁྲོད་ཀྱི་ནང་སེམས་པའི་གདུང་བ་དང་། དགའ་སྡང་ཡོད་ཚད་ཀྱང་དེ་ལྟའི་རྩོམ་རིག་གིས་མགྲིན་ཚབ་བྱས་ཡོད་པ་ང་ཚོས་དཔྱད་ན་ཤེས་ཐུབ། མི་རིགས་རང་གི་ཁྱད་ཆོས་གཏིང་ཟབ་ལྡན་པའི་དམངས་ཁྲོད་རྩོམ་རིག་ནི་བོད་ཀྱི་རིག་གནས་རྣལ་མར་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེ་ཤོས་དང་། བོད་རིགས་ངལ་རྩོལ་མི་དམངས་ཚོས་ལོ་ངོ་ཁྲི་སྟོང་མང་པོའི་རིང་ནང་སེམས་པའི་དགའ་སྐྱོ་དབྱངས་སུ་གྱེར་བའི་འབྲས་བུ་ཞིག་ཡིན་ན། དེ་ནི་གཡོ་ཟོལ་དང་སྤེལ་ལད་ཀྱི་འཁྲབ་ཆས་སྣ་ཚོགས་གཡོགས་པའི་རྩོམ་པ་པོའི་བརྩམས་ཆོས་དག་དང་གཏན་ནས་མི་འདྲ། དེས་ན་ད་ལྟའི་ཆར་དེ་དག་འཚོལ་བསྡུ་དང་ལེགས་སྒྲིག་ཞིབ་འཇུག་བཅས་བྱ་རྒྱུ་ནི་རང་རིགས་ཀྱི་མེས་པོའི་ལག་རྗེས་དང་། སེམས་འདུན་མི་ཉམས་རྒྱུན་འཛིན་བྱེད་པའི་བྱ་བ་ཞིག་ཡིན་ལ། ཐ་ན་འཛམ་གླིང་ཧྲིལ་པོའི་ངལ་རྩོལ་མི་དམངས་ཀྱི་སེམས་འདུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱ་བ་ཞིག་ཀྱང་ཡིན། ལ་གླུ་ནི་བོད་ཀྱི་དམངས་ཁྲོད་རིག་གནས་ཁྲོད་ཀྱི་འོད་སྣང་ཆེམ་ཆེམ་དུ་འཕྲོ་བའི་ནོར་བུ་ཞིག་ཡིན་རུང་། དེང་སྐབས་དམངས་ཁྲོད་རིག་གནས་ལས་དོན་པའི་ཁྲོད་དུ་དོ་སྣང་བྱེད་མཁན་ཅུང་དཀོན་ལ། ལ་གླུའི་ཐད་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཡང་ཧ་ལམ་མཐོང་རྒྱུ་མེད། དེར་བརྟེན་ཁོ་བོས་ཉེ་བའི་ལོའི་ནང་རང་གི་ཕ་ཡུལ་དུ་ལ་གླུ་འཚོལ་བསྡུ་བྱེད་སྐབས་མཐོང་ཐོས་དཔྱད་གསུམ་གྱི་མྱོང་ཚོར་བྱུང་རིགས་ལས་འཕྲོས་ཏེ། ལ་གླུའི་རིག་གནས་སྐོར་གྱི་དཔྱད་རྩོམ་འདི་བཞིན་ཐོག་མའི་བགྲོ་གླེང་གི་ཚུལ་དུ་ཕུལ་མོད། ཁོ་བོར་མཚོན་ན་བོད་ཀྱི་དམངས་ཁྲོད་རིག་གནས་སྤྱི་ལ་རྒྱུས་མངའ་ཞན་ཞིང་། ཡང་སྒོས་ལ་གླུའི་རིག་གནས་ལ་ཉམས་ཞིབ་བྱས་ནས་དུས་ཡུན་རིང་པོ་སོང་མེད་པ་དང་། དེའི་ཐད་དཔྱད་གཞིའི་རྒྱུ་ཆའང་དཀོན་སྟབས་དཔྱད་རྩོམ་འདིར་མ་ཚང་ཟློས་པ་དང་། འགལ་འཁྲུལ་དུ་སོང་བ་མང་དུ་ཡོད་ངེས་པས་བོད་ཀྱི་ལ་གླུའི་རིག་གནས་ལ་རྣམ་དཔྱོད་ཡངས་པ་ཚོས་དག་སེལ་གྱི་བཀའ་སློབ་གནང་རྒྱུའི་རེ་བ་དང་། དེ་བས་ཆ་ཚང་ཞིང་ཞིབ་ཚུགས་པའི་ལ་གླུའི་སྐོར་གྱི་དཔྱད་རྩོམ་གང་མང་ལྷུག་རྩོལ་གནང་རྒྱུའི་རེ་བ་ཞུ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060