གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། རྒྱ་བོད་སྙན་ཚིག་གི“ཟླ་བའི”ཡིད་བརྙན་གླེང་བ།
སྤེལ་དུས།2015-07-16   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། སེང་མགུལ་མ་ཎི་དོན་གྲུབ།

ནང་དོན་གནད་བསྡུས།རྩོམ་རིག་གི་ཡིད་བརྙན་ལ་གོ་བ་ཇི་ལྟར་ལེན་ཚུལ་དང་རྒྱ་བོད་སྙན་ངག་གི་བསྟན་བཅོས་ཁྲོད་ཟླ་བའི་ཡིད་བརྙན་གྱི་མཚོན་ཐབས་ཅི་འདྲ་ཡིན་པ་མདོར་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ།རྒྱ་བོད་སྙན་ངག ཟླ་བ། ཡིད་བརྙན། མཚོན་ཐབས།
        
དང་པོ། ཡིད་བརྙན་གྱི་གོ་དོན་དང་དེའི་ངོས་འཛིན།
        
ཡིད་བརྙན་ནི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་ཁྱད་པར་བ་ཞིག་སྟེ། ཡིད་ཀྱི་བརྗོད་འདོད་ཀྱི་བསམ་དོན་དེ་གསོན་ཉམས་ལྡན་པའི་དཔེ་ཡི་སྒོ་ནས་མངོན་པར་མཚོན་བྱེད་ཀྱི་དཔེའམ་དངོས་པོའི་གཟུགས་སམ་སྣང་བརྙན་ལ་གོ ། སྣང་བརྙན་དེ་ནི་རྩོམ་པ་པོས་དངོས་ཡོད་འཚོ་བའི་ལག་ལེན་གྱི་མྱོང་ཚོར་དང་ཉམས་རྟོགས་ལས་སྐྱེས་པའི་མཛེས་རྟོག་གི་འདུ་ཤེས་ཕྱི་དངོས་གཟུགས་སུ་བསྐྲུན་ཅིང་རང་གི་ཆགས་སྡང་གི་སེམས་ཀྱིས་གཏམས་པའི་སྒྱུ་རྩལ་སྣང་བརྙན་དངོས་གཟུགས་ལས་མཚོན་པའི་ཚད་མཐོ་བའི་མྱོང་བའི་ཆ་དེར་གོ ། དེ་ནི་སྙན་ངག་གི་རོ་ཉམས་འདོན་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན། སྙན་ངག་པས་གསར་རྩོམ་གྱི་ལས་ཀའི་ཁྲོད་ཐུན་མོང་མ་ཡིན་པའི་ཚོར་འདུའམ་བརྗོད་འདོད་ཀྱི་སྐད་ཆ་དག་གབ་སྦེད་དང་ཉིང་འདུས་ཀྱིས་མཚོན་པའི་རྩོམ་སྟངས་ངོ་མཚར་བ་ཞིག་སྟེ། སྙན་ངག་གི་ཁམས་ལྷུར་ལེན་བྱེད་ཀྱི་སྣང་བའི་དཔེ་དེའི་རིགས་ཡིན། དཔེ་དེའི་རིགས་ནི་ཐུན་མོང་མ་ཡིན་པའི་སྐད་ཆའི་མཛེས་པ་ལྷུམས་སུ་སྦྲུམ་པའི་འདི་སྣང་གི་བརྙན་རིས་དག་ཡིན། དེ་བསསྙན་ངག་ལས་རི་མོའི་གཟུགས་མཐོང་རྒྱུ་ཡོད་པ་ནི་ཡིད་བརྙན་གྲུབ་མཐས་འབད་ཕྱོགས་གཙོ་བོ་ཞིགཏུ་འདོད་ཡོད། བརྙན་རིས་སྣ་ཚོགས་གྱིས་གྲུབ་པའི་ཡིད་གཟུགས་ཀྱི་འཇིག་རྟེན་དེར་ཡིད་ཡུལ་ཞེས་བརྗོད་ལ་སྙན་ངག་གི་མཛེས་དཔྱོད་ཡིད་བརྙན་ནི་ཡིད་ཡུལ་གྱི་གྲུབ་ཚུལ་ལས་མངོན་དགོས་པ་ཡིན།
        
ཡིད་བརྙན་གྱི་གོ་དོན་ནམ་ངོས་འཛིན་ཚུལ་མི་འདྲ་བ་བཞི་ནི་ཡིད་ཡུལ་ཏེ་སྣང་ཁམས།(意境)དང་ནང་སེམས་ཀྱི་ཡིད་གཟུགས་ཏེ་སྣང་དཔེ།(意象)ནང་སེམས་ཀྱི་ཡིད་འགྱུར་ཏེ་སྣང་བརྙན།(形象)དོན་སྤྱིའི་གོ་བ་སྟེ་རྟགས་དང་མཚན་མ།(象征)བཅས་ཡིན།
        
ཀློག་པ་པོས་ཡིད་བརྙན་སྣ་ཚོགས་ཀྱིས་གྲུབ་པའི་ཡིད་ཡུལ་ལས་ད་བཟོད་སྙན་ངག་པའི་སེམས་འདུན་རིགས་ཤིག་གི་མྱོང་བ་དེ་རྟོགས་ཐུབ་པ་ཡིན། དེ་བས་ན་ང་ཚོས་སྙན་ངག་ལ་མྱོང་རོལ་བྱེད་པའི་ཚེ་ཐོག་མར་སྙན་ངག་དེའི་ཡིད་བརྙན་གྱི་ཆར་ངེས་ཤེས་ཟབ་མོ་ཡོད་དགོས།ཀྲུང་གོའི་སྙན་ངག་རིག་པཞེས་པར་སྙན་ངག་གི་མྱོང་རོལ་ནི་ཡིད་བརྙན་ནས་མགོ་རྩོམ་དགོས་ཞེས་གསུང་ཡོད། དེ་ན་ཡིད་བརྙན་ཞེས་པ་ག་རེ་ལ་ངོས་འཛིན་བྱ་དགོས་ཞེས་ན། ཀྲུང་ཕྱིའི་རྩོམ་རིག་གཞུང་ལུགས་སྨྲ་བ་མང་པོས་རང་རང་གི་འདོད་ཚུལ་དཔེ་དང་བཅས་ཏེ་གླེང་ཡོད་ནའང་མཐར་ཐུག་གི་འབབ་ས་ནི་ཡིད་བརྙན་གྲུབ་མཐའི་སྲོལ་འབྱེད་ཕང་ཏིའི་དགོངས་པར་འདྲེས་འདུག་ཅེས་བཤད་ན་ཆོག་སྙམ། ཁོསཡིད་བརྙན་ནི་དུས་ཡུན་སྐད་ཅིག་མའི་ནང་བྱུང་བའི་དཔྱོད་རིག་དང་བརྩེ་གདུང་མཉམ་བསྲེས་ཀྱི་མྱོང་སྣང་གི་ཆོས་དེ་ཡིནཞེས་དང། ཁོས་ཡིད་བརྙན་གྲུབ་མཐའི་གཙོ་གནད་ནི་ཡིད་བརྙན་དེ་སྤྲོས་བརྗོད་དང་རྒྱན་བྱེ་བྲག་པའི་ཚུལ་དུ་བཀོལ་ན་མི་རུང་བར། ཡིད་བརྙན་ནི་མ་གཞི་ནས་ཚད་མཐོ་བའི་སྐད་ཆའམ་སྤྱི་འགྲོས་གྱི་ཚུལ་ལས་བརྒལ་བའི་སྐད་ཆའི་སྦྱོར་ལུགས་ཤིག་ཡིན་པའི་ལྟ་བ་བཏོན་ཡོད། དེ་བས་ནཡིད་བརྙན་ནི་ངོ་མཚར་ཕུལ་དུ་བྱུང་བའི་རྟོག་བཏགས་ཀྱི་ཉམས་དང་སྣང་བ་འཆར་ཡན་དུ་རྒྱུ་བའི་སེམས་་ཀྱི་རྙེད་སྣང་ཁྱད་མཚར་ཅན་སྙན་རོའི་མཁའ་དབྱིངས་སུ་བགྲོད་པའི་གཤོག་ཟུང་ལྟ་བུ་ཡིནཔས།ཧེ་གར་གྱིས་སྙན་ངག་གིས་ངེས་པར་དུ་མིའི་བསམ་བློའི་ཚོར་འདུ་དེ་སྣང་བརྙན་ཅན་གྱི་སྐད་ཆས་ཇི་བཞིན་ཕྱིར་མཚོན་པའི་ཆདེར་གོ་བ་བླངས་ཡོད་ཕྱིར། ཡིད་བརྙན་ནི་ཕྱི་ཡུལ་དངོས་གཟུགས་ཇི་བཞིན་ཞིབ་འབྲི་བྱས་པ་ཁོ་ན་མ་ཡིན་པར་རྩོམ་པ་པོའི་ཡིད་འགྱུར་དྲག་པོའམ་ཚོར་འདུའི་ཤུགས་ནས་བསྟན་ཡོད་པ་དེ་ཡིན།
        
རིག་གནས་ཁོར་ཡུག་དང་སེམས་ཁམས་ཀྱི་སྒྲིག་གཞི་མི་འདྲ་བས་སྙན་ངག་གི་ཡིད་བརྙན་ལ་གོ་བ་ལེན་ཚུལ་དང་ངོས་འཛིན་བྱེད་སྟངས་མི་འདྲ། རྒྱ་ནག་གི་གནའ་བོའི་རྩོམ་གཞུང《文心雕论神思》(刘勰)དུ་ཡིད་བརྙན་ཞེས་པའི་མིང་བརྡ་འདི་བཀོལ་ཡོད་དེ། ཁོས་ཡིད་བརྙན་ནི་སྣང་བ་མཚོན་པའི་ཆ་སྟེ། མཛེས་དཔྱོད་ཀྱི་མྱོང་བར་གོ་བ་བླངས་ཡོད།དེའི་རྗེས་སུ་རྒྱའི་རྩོམ་རིག་གི་གཞུང་ལུགས་མང་པོར་ཡིད་བརྙན་གྱི་མིང་བརྡ་འདི་བེད་སྤྱོད་བྱས་ཡོད། ལྷག་པར་ཐང་རྒྱལ་རབས་ཀྱི་དུས་ལ་ཐོན་པ་ནས་སྙན་ངག་ཁྲོད་སྒྱུ་རྩལ་མཚོན་ཐབས་འདི་བེད་སྤྱོད་གནང་བ་ཁྱབ་ཆེ་བར་གྱུར། སྒྱུ་རྩལ་མཚོན་ཐབས་འདིར་མཛེས་དཔྱོད་ཀྱི་ཁྱད་ཆོས་སམ་ཡིད་འགུག་གི་ནུས་པ་ལྡན་པས་ཀྲུང་གོའི་རྩོམ་རིག་གི་གཞུང་ལུགས་སུ་ཡིད་བརྙན་གྱི་ངོས་འཛིན་དང་གྲུབ་ཚུལ་སོགས་སྟོན་པའི་གཞུང་ལུགས་ཀྱང་རིམ་བཞིན་ཆགས་ཡོད། མཛེས་དཔྱོད་ཀྱི་མཚོན་ཐབས་འདི་སྤྱིར་རྩོམ་རིག་གི་སྣང་བརྙན་བཞེངས་སྐྲུན་དང་ལྷག་པར་དུ་སྙན་ངག་གི་ཡིད་འགྱུར་མཚོན་པའི་དཔེ་འགོད་ཚུལ་ལ་ཆུ་ལ་ཆུ་བཞག་གི་ནུས་པའམ་དཔེ་དོན་གཉིས་ངོ་བོ་གཅིག་ལྟར་རྟོག་བཟོ་བྱས་པའི་གཟུགས་རྒྱན་གྱི་རང་བཞིན་མངའ་བ་ཡིན། དེ་ལ་མེ་ལོང་མའི་རྩ་བར། ཐ་དད་སྣང་མིན་གྱུར་བ་ཡི། །དཔེ་ཉིད་གྱིས་ནི་གཟུགས་ཅན་འདོད། །ཅེས་གསུང་བ་བཞིན་དཔེ་དོན་གཉིས་སོ་སོར་དབྱེར་མི་ཐུབ་པ་སྟེ། དོན་དེ་དཔེའི་ངོས་ནས་མཚོན་པའམ་དཔེའི་ངོས་ནས་དོན་གསལ་བར་བྱེད་པའི་ཆ་དེའི་རིགས་ཡིན།དེ་ནི་སྲོལ་རྒྱུན་གྱི་རྩོམ་སྲོལ་ཁྲོད་ཀྱི་དཔེས་ཚིག་མཛེས་པར་བྱེད་པའམ་སྣང་བརྙན་རེ་གཉིས་ཀྱི་ངོས་ནས་མཚོན་པ་ཙམ་མ་ཡིན་པར་དཔེ་མཚོན་ཡིད་བརྙན་དེ་སྙན་ངག་བསྟན་བཅོས་དེའི་ལྟེ་བའམ་སྲོག་གི་ཚུལ་དང་ལྟེ་བ་དེ་ལས་ངོས་གཞན་ཞིག་གམ་ནུས་པ་གཞན་ཞིག་སྣང་ཐུབ་པའམ་ཟུར་མི་འདྲ་བ་ཞིག་ཏུ་སྲིང་ཆོག་པ་ཞིག་ཡིན། མདོར་ན། སྙན་ངག་ནི་ཡིད་བརྙན་དེའི་རིགས་ལས་ཡོངས་སུ་མངོན་པའམ་གསལ་བར་བྱེད་པ་ཞིག་ཡིན།དེ་བས་ན་ཡིད་བརྙན་གྱི་མཚོན་ཐབས་འདི་དཔེ་མཚོན་སྣང་བརྙན་ལྷུར་ལེན་ཙམ་ལ་གོ་བ་བླངས་ན་ཁྱབ་ཆུང་བ་དོན་གྱིས་ལྷིང་ལ་བུད་འདུག་པས། གནའ་དེང་སྙན་ངག་གི་བསྟན་བཅོས་ཁྲོད་ཡིད་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་འདི་བཀོལ་མེད་ས་ཉུང་། ཐུན་མོང་མ་ཡིན་པའི་དཔེའི་འགོད་ལུགས་འདི་སྙན་ངག་གཙོས་པའི་སྒྱུ་རྩལ་རྩོམ་རིག་གི་མཚོན་ཐབས་ལེགས་ཤོས་སུ་བརྩི་བ་འང་གནད་ཀྱང་འདིར་ཐུག་ཡོད།
        
གཉིས་པ། ཐོག་མའི་ཡིད་བརྙན་གྱི་མཚོན་ཚུལ།
        
གབ་དོན་དང་བསྡུས་བརྗོད། དེ་མིན་ལྷ་སྒྲུང་སོགས་ཀྱི་རྩོམ་རིག་གི་མཚོན་ཐབས་སུ་ཡིད་བརྙན་གྱི་སྒྱུ་རྩལ་ཁྱད་ཆོས་མི་ལྡན་པ་མེད་དེ། འཇིག་རྟེན་འདི་སྣང་གི་བྱ་དངོས་བྱེ་བྲག་པའམ་སྣང་ཚུལ་རེ་གཉིས་ཀྱི་ངོས་ནས་ཆོས་དང་འཇིག་རྟེན་གྱི་ཆོས་ཉིད་དམ་གནས་ལུགས་ཕྲ་རགས་གང་ཡིན་གཏིང་ཟབ་ས་ཞིག་ནས་སྟོན་པ་དེ་རིགས་ནི་ཡིད་བརྙན་ཡིན། ཉི་ཟླ་སྐར་གསུམ་དང་རི་ཆུ་ནགས་གསུམ། གཅན་གཟན་འབུ་རིགས་སོགས་ནི་ཡིད་བརྙན་གྲུབ་པའི་ཐོག་མའི་མ་ཕྱི་ཡིན་ལ་འཇིག་རྟེན་འདི་སྣང་གི་ཆོས་འདི་དག་ཡོད་པས་སྙན་ངག་གི་བརྗོད་བྱའམ་སྲོག་དེ་བྱུང་། འཇིག་རྟེན་ཆགས་ཚུལ་དང་འགྲོ་བ་མི་བྱུང་ཚུལ། འབྲུ་དྲུག་གི་ས་བོན་བྱུང་ཚུལ་སོགས་གདོད་མའི་ལྷ་སྒྲུང་དེ་དག་དང་ངག་རྒྱུན་དང་ཆོས་གཞུང་སོགས་ཀྱི་འཇིག་རྟེན་ཕྱི་མའི་ངོས་འཛིན་མང་བོ་ཞིག་ཀྱང་མིའི་ཡིད་ཀྱི་འདོད་མོས་དང་རེ་སྙེག་མཚོན་པའི་ཐོག་མའི་ཡིད་བརྙན་ཡིན་ལ་ལྷ་ཡུལ་གྱི་བདེ་སྐྱིད་དང་དམྱལ་ཁམས་ཀྱི་སྡུག་བསྔལ་སོགས་ཀྱང་མིའི་ལས་ལས་འཇིག་རྟེན་སྣ་ཚོགས་གྲུབ་པའི་ཡིད་བརྙན་ཡིན། དེ་མིན་རང་བྱུང་གི་ཉི་ཟླ་འཆར་ནུབ་དང་ཐོག་འབྲུག་གློག་གསུམ་གྱི་སྣང་ཚུལ་འདི་དག་ནི་གདོད་མའི་ལྷ་སྒྲུང་ཁྲོད་ཀྱི་མིའི་རང་བྱུང་ཁམས་ལ་བཟུང་བའི་མ་སྨིན་པའི་འདུ་ཤེས་འཛིན་སྟངས་སམ་ནང་དོན་སྟོན་པའི་ཐོག་མའི་ཡིད་བརྙན་གྱི་ཚོགས་པ་ཡིན། དཔེར་ན། རྒྱའི་དམངས་ཁྲོད་གཏམ་རྒྱུད་ཁྲོད་ཕན་གུའུ་ཞེས་པས་གནམ་ས་ཁ་ཕྱེ་པའི་གཏམ་རྒྱུད་དང་། རྒྱ་གར་རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་ཆུ་བོ་གངྒ་མི་ཡུལ་དུ་བབས་ཚུལ། བོད་ཀྱི་སྲིད་པ་སྒོ་ང་ལས་བྱུང་ཚུལ་གྱིས་མཚོན་འདོད་པ་ནི་འགྲོ་བ་མིས་འཇིག་རྟེན་བྱུང་ཚུལ་ལ་བཟུང་བའི་ཐོག་མའི་ངེས་ཤེས་སམ་འགྲོ་བ་མིའི་ཕྱིའི་སྣོད་ཀྱི་འཇིག་རྟེན་འདིའི་གྲུབ་ཚུལ་གྱི་བསྡུས་བརྗོད་ཡིད་བརྙན་ཡིན། དེ་བས་ན་དེང་གི་དུས་སུའང་མི་རེ་རེའི་སེམས་ན་འཇིག་རྟེན་བྱེད་པོ་སུ་ཡིན་དང་མིའི་བདེ་སྡུག་ཡོད་ཚད་གཞན་དང་གཞན་གྱི་བཀོད་སྒྲིག་གམ་ཡང་ན་ལས་དབང་གི་ཆར་རགས་ལས་འདོད་པ་སོགས་ཀྱི་འདུ་ཤེས་གཏིང་ཟབ་མོ་བག་ལ་ཞ་བའི་ཚུལ་གྱིས་གནས་ཡོད་པ་དེ་རེད། ནུབ་གླིང་གི་ལྷ་སྒྲུང་ཁྲོད་ཀྱི་འགྲོ་བ་མིའི་ཐོག་མ་ཡ་ཏིང་དང་ཤ་བ། ཡི་ཏན་སྐྱེད་ཚལ་དང་རིག་པའི་ལྗོན་འབྲས། ད་རུང་ཡེ་ཤུའི་འདས་ལོག་དང་རྡོ་རྗེ་རྒྱ་གྲམ་དག་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ཐོག་མའི་འདོད་ཚུལ་དང་མི་ནི་མ་གཞི་ནས་བླུན་ཞིང་རྨོངས་བ། དཀོན་མཆོག་ཁོ་ན་བདེན་པའམ་བསླུ་མེད་ཡིན་པ། དཀོན་མཆོག་གི་ཐུགས་དང་འགལ་བའི་ལས་བསྒྲུབ་ན་ཉེས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ངེས་པ། ཉེས་པ་དེ་སེལ་ཐབས་ལ་དཀོན་མཆོག་གི་བཀའ་སྲུང་ཇི་བཞིན་བསྒྲུབ་དགོས་པ་སོགས་ཀྱི་གནས་ལུགས་རབ་དང་རིམ་པ་གསུངས་པ་འདི་དག་ནི་ནུབ་གླིང་བའི་འཇིག་རྟེན་གྱི་ངོས་འཛིན་དང་མི་ཚེའི་ལྟ་བ་སོགས་སྟོན་བཞིན་པའི་བསྡུས་བརྗོད་ཡིད་བརྙན་ཡིན། དེ་བཞིན་བོད་རང་གི་ལྷ་སྒྲུང་ཁྲོད་ཀྱི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་སོགས་ནི་མིའི་འགྲོ་བ་ཇི་ལྟར་བྱུང་ཚུལ་གྱི་ངོས་འཛིན་ནམ་འདོད་བློ་མཚོན་བྱེད་ཡིན་ངེས་ལ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་བྱམས་པ་དང་སྙིང་རྗེ་མངའ་བ་སོགས་ནི་བོད་མིའི་འགྲོ་བ་བྱུང་ཚུལ་གྱི་ཡིད་བརྙན་ཡིན། ཡིད་བརྙན་འདི་དག་གིས་བོད་རང་གི་མཆེད་ཁུངས་དེ་བྱང་ཆུབ་སེམས་དཔའ་ཞེས་སྙིང་རྗེའི་བདག་ཉིད་ཅན་དུ་འདོད་པ་ཡིན། ཡིད་བརྙན་འདིའི་རིགས་མི་རབས་མང་པོ་བརྒྱུད་དེ་རིམ་བཞིན་རིག་གནས་ཤིག་གི་རྣམ་པའམ་མཚོན་བྱེད་དུ་གྱུར། ཕྱིས་སུ་ལོ་རྒྱུས་འགྱུར་ལྡོག་གི་རྐྱེན་གྱིས་ཐོག་མའི་ལྷ་སྒྲུང་གི་ཡིད་བརྙན་དེ་དག་ཡིག་ཐོག་དུ་བཀོད་དེ་བརྟན་ཆགས་ཀྱི་གཞུང་ལུགས་སུ་གྲུབ། གཞུང་ལུགས་དེ་དག་ཁྲོད་རྟོག་བཟོ་དང་འཆར་ཡན་གྱི་སྣང་བ་དག་སྙན་རོའི་ཁམས་ལ་བརྟེན་ནས་མཚོན་པར་བྱེད། སྙན་ངག་གི་ཁམས་དེ་ཡིད་བརྙན་གྱི་ཚོགས་པའམ་ཡིད་བརྙན་གྱི་སྤྱི་འདུས་ཕུང་བོས་གྲུབ་པ་ཡིན་པས། དེ་ནི་མཐར་གཏུགས་ན་ཕྱི་ཡུལ་གྱི་སྣང་ཚུལ་དང་རྩོམ་མཁན་གྱི་ཚོར་འདུ་གཉིས་ཡོངས་སུ་འདྲེས་པའི་སྙན་ངག་གི་མཛེས་རྟོག་སྣང་བརྙན་གྲུབ་པའི་དངོས་རྒྱུ་ཡིན། དངོས་རྒྱུ་དེ་ནི་གབ་དོན་ནམ་བསྡུས་བརྗོད་སོགས་ཀྱི་མཚོན་ཐབས་ལ་བརྟེན་ནས་ངོས་འཛིན་གནང་བཞིན་ཡོད།
        
གསུམ་པ། དཔེའི་ངོས་ནས་ཡིད་བརྙན་བཤད་པ།
        
འཇིག་རྟེན་སྤྱི་མཐུན་གྱི་མཛེས་པའི་དཔེ་ཆོས་ལ་ཟླ་བ་དང་རྒྱ་མཚོ། མེ་ཏོག་དང་འདབ་ཆགས་ཀྱི་རིགས་སྣ་ཚོགས་ཀྱི་ཡིད་བརྙན་འགོད་སྟངས་མང་པོ་ཡོད། དེ་བཞིན་རྒྱ་བོད་སྙན་ངག་གི་ཐུན་མོང་གི་ཡིད་བརྙན་ནམ་དཔེའི་འགོད་ལུགས་ལའང་རིགས་འདྲ་བའི་ཆ་མང་། ཡིད་བརྙན་འདི་དག་ནི་རང་བྱུང་གི་ཁོར་ཡུག་དང་མིའི་མཛེས་དཔྱོད་ཀྱི་ཆར་རགས་ལས་པས་དཔེའི་སྦྱོར་ལུགས་དེར་མི་རིགས་དང་ཡུལ་དུས་ཀྱི་ཆོས་ཉིད་མ་ཤེས་ན་ཡུལ་དུས་དང་འགལ་བའི་ཆའང་འབྱུང་སྲིད་པ་ཡིན། སྙན་ངག་མེ་ལོང་གི་སྐྱོན་བཅུའི་གནས་སྐབས་སུ་གངས་ཅན་ཡུལ་ན་གླང་ཆེན་ཡོད་པ་དང་རྒྱ་གར་དུ་ནོར་གནག་ཡོད་པ་ནི་ཡུལ་དུས་གནས་སྐབས་དང་འགལ་བའི་སྙན་ངག་གི་སྐྱོན་དུ་བགྲངས་པའི་འདོད་ཚུལ་བཏོན་འདུག །མི་རིགས་དང་ཡུལ་དུས་གནས་སྐབསལ་མཐུན་པའི་དཔེའི་སྦྱོར་ཚུལ་དེ་མ་ཤེས་ན་ཡིད་བརྙན་གྱི་མཛེས་དཔྱོད་ལྟ་བའི་ཆར་གོ་འཛོལ་འབྱུང་ངེས་པས་ཡིད་བརྙན་གྱི་དཔེ་ཆོས་དེ་ལ་མི་རིགས་ཀྱི་རིག་གནས་སེམས་ཁམས་དང་འདོད་མོས་ལྟ་བའི་རང་བཞིན་ལྡན། དཔེར་ན། ནུབ་གླིང་བས་འབྲུག་ནི་མིའི་རིགས་ལ་གནོད་པ་བྱེད་པའི་ཐན་ལྟས་སུ་བརྩི་བ་དང་རྒྱ་མིས་གོང་མ་རྒྱལ་པོའི་རིགས་རྒྱུད་དམ་བཀྲ་ཤིས་པར་བརྩི། མི་རིགས་གཉིས་ཀྱི་རིག་གནས་སེམས་ཁམས་མི་གཅིག་པས་མཛེས་དཔྱོད་ཀྱི་ལྟ་བའམ་མི་གཅིག་པ་བྱུང་། དེ་བས་འབྲུག་གི་ཡིད་བརྙན་ལ་གོ་བ་ལེན་ཚུལ་ཀྱང་མི་གཅིག་པ་བྱུང་། ཡང་དཔེར་ན། རྒྱས་ཉི་མ་དམར་པོ་ནི་རླབས་ཆེ་བའི་དོན་དག་ཅིག་དང་སྐྱེས་བུ་དམ་པའི་བསྡུས་བརྗོད་ཡིད་བརྙན་གྱི་ཆར་གོ་བ་ལེན་ནའང་རང་ཅག་གིས་ཐན་ལྟོས་སམ་བཀྲ་མི་ཤིས་པའི་སྔ་ལྟས་སུ་འདོད་པ་ལྟར་རེད། འོན་ཀྱང་ཟླ་བ་དང་ཟླ་བའི་ཡིད་བརྙན་ནི་རྒྱ་བོད་སྙན་ངག་གི་བསྟན་བཅོས་སུ་ཁེར་རྐྱང་དང་སྐྱོ་གདུང་མཚོན་པའི་བསྡུས་བརྗོད་ཡིད་བརྙན་དུ་གོ་བར་མཐུན་པའམ་འདྲ་བའི་ཆ་ཡོད་པ་གཤམ་དུ་རེ་རེ་ནས་དྲངས་ན།
        
༡ དགའ་བ་དང་མཛེས་སྡུག་གི་ཆོས་མཚོན་པའི་ཡིད་བརྙན།
        
རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ཞེས་པར། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་རྗེ་བཙུན་སྒྲོལ་མའི་ཞལ་གྱི་དཀྱིལ་འཁོར་དེ་ཉ་གང་བའི་བཅོ་ལྔའི་ཟླ་བ་བཞིན་མཛེས་སྡུག་གི་ཆ་ཀུན་ནས་རྫོགས་པའི་དཔེའི་ངོས་ནས་བསྟན་དེ། བརྗོད་པར་འདོད་པ་ནི་རྗེ་བཙུན་སྒྲོལ་མའི་སྐུའི་བྱིན་རླབས་སམ་མཐའ་ཡས་འགྲོ་བའི་ལུས་ཀྱི་མུན་པ་བསལ་བར་བྱེད་པའི་དོན་གྱི་ཆ་དེ་སྟོན་བཞིན་ཡོད། དེ་བཞིན། སྒྲོལ་དཀར་བསྟོད་པར། པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་སྒྲོལ་མ་དཀར་མོ་ཟླ་བའི་གཟུགས་ཀྱི་གདན་དེ་དཀར་འཇམ་ནག་ནོག་གི་དྲི་མས་མ་གོས་པའི་འོད་ཀྱི་དབུས་ན་བཞུགས་པའི་ངང་ཚུལ་དང་སྐུ་མདོག་ཟླ་བའི་མདངས་སམ་ཟླ་བའི་ཁྲི་ལ་རྒྱབ་བརྟེན་པའི་ཚུལ་འདིས་སྒྲོལ་མ་དཀར་མོའི་མཛེས་སྡུག་གི་བཞུགས་གནས་དང་སྐུ་མདངས་མཚོན་ཡོད་ལ། དཀར་གསལ་ཟླ་བའི་སྐུ་མདོག་གིས་རྣམ་མང་འགྲོ་བའི་ཡིད་ཀྱི་རྨོངས་པའམ་མུན་པ་འཇོམས་པར་མཛད་པའི་མཐུ་ནུས་རླབས་པོ་ཆེ་བསྟན་ཡོད། མཐུ་ནུས་རླབས་པོ་ཆེ་འདི་ཆ་ཡོངས་སུ་རྫོགས་ཤིང་ནག་ནོག་གི་དྲི་མས་མ་གོས་བའི་བཅོ་ལྔའི་ཟླ་བའི་སྣང་དཔེའི་ངོས་ནས་མཚོན་པར་བྱེད་ཡོད། འདི་ནི་སྤྱིར་བཏང་གི་སྣང་བ་དཔེར་གྱུར་པ་ཙམ་ཞིག་མ་ཡིན་པར་རྗེ་བཙུན་སྒྲོལ་མའི་བརྩེ་བས་བསྐྱངས་ཤིང་དྲིན་གྱིས་གསོས་པའི་ཁོ་བོ་ཅག་གིས་རང་གི་ལྷག་པའི་ཡི་དམ་གྱི་ལྷ་གང་དེར་བཅིངས་པའི་རྣམ་དག་གི་སེམས་རྒྱུད་དཀར་པོ་དང་། རྗེ་བཙུན་མ་གང་གིས་བདག་སོགས་མཐའ་ཡས་འགྲོ་བ་ཀུན་ལ་བུ་སྡུག་པའི་མ་བཞིན་བརྩེ་བའི་སྐྱོང་བའི་སྙིང་རྗེ་པད་མ་དཀར་པོ། ས་སྟེང་སྐྱེ་དགུ་ཡོངས་ཀྱི་ཕྲ་རགས་ཀྱི་དེ་ཉིད་གསལ་བར་བྱེད་པའི་དཀར་གསལ་ཟླ་བའི་འོད་སོགས་དཀར་པོའི་ཡིད་བརྙན་གྱི་ཚོགས་པའི་ལམ་ནས་རྗེ་བཙུན་སྒྲོལ་མ་དག་ལ་བསྟོད་པ་མཛད་ཡོད།
        
གཞན་དམངས་གཞས་སུ། ཤར་རི་བོའི་རྩེ་ནས་ཟླ་བ་ཤར། །མུན་སྨུག་པ་ཡལ་ཏེ་ཟླ་བ་དགའ། །ཁོང་ཟླ་བ་དགའ་ན་ང་ཡང་སྐྱིད། །ཞེས་དང་། ཁྱོད་སེམས་ཟླ་བ་དཀར་པོ། །གཞན་སེམས་སྤྲིན་པས་མ་སྒྲིབ། །ང་སེམས་དར་གྱི་མདུད་པ། །བཀྲོལ་ནས་གྲོལ་ས་མ་རེད། །ཞེས་སྨག་རུམ་ལས་བུད་པའི་ཟླ་བ་དེ་སྲོལ་རྙིང་ལས་ཐར་བའི་སྙིང་སྡུག་མཛའ་མོའི་མཛེས་པར་བཀོད་དེ་དེ་ཉིད་ཀྱི་དྲི་མ་མེད་པའི་བརྩེ་དུང་གི་ཚུལ་དེ་མཚོན་པ་ཡིན། ཡང་དཔེར་ན། ནམ་མཁའི་དཀར་གསལ་ཟླ་བ། །གཟུགས་མཐོང་མེ་ལོང་ཡིན་ན། །ནམ་མཁའི་སྟེང་ནས་བླངས་ཏེ། །ཆུང་འདྲིས་ཕྱག་ལ་ཕུལ་ཆོག །དཀར་གསལ་ཟླ་བའི་གཞོན་ནུ། །མཛེས་སོ་བསམ་པ་མ་གནང་། །ཆུང་འདྲིས་བྱམས་པའི་བཞིན་རས། །ཟླ་བ་ལས་ཀྱང་མཛེས་པ། །ཁྱོད་ནི་དཀར་གསལ་ཟླ་བ། །ངང་ནི་མཛེས་ལྡན་ཀུ་མུད། །ཀུ་མུད་ཟླ་བཀྲག་འོག་ཏུ། །སྔར་ལས་སྒེག་ཉམས་དོད་པ། །ལྟ་བུ་སོགས་ཀྱིས་ཆུང་འདྲིས་བྱམས་པའི་མཛེས་སྡུག་གི་བཞིན་རས་དང་སྙིང་དུ་སྡུག་པའི་སེམས་པ་དཀར་པོའི་ངང་ཚུལ་དེ་དཀར་གསལ་ནག་ནོག་གི་དྲི་མས་མ་གོས་པའི་ཚེས་བཅོ་ལྔའི་ཟླ་བའི་ཡིད་བརྙན་ལ་བརྟེན་པ་འདིས་ཀྱང་ལྷག་པར་དུ་སྙིང་སྡུག་མཛའ་མོའི་ཕྱི་ནང་གི་མཛེས་པ་དེ་མཚོན་པར་ནུས་པ་བཞིན། བོད་དམངས་ཁྲོད་ཀྱི་ཁ་དཔེ་ལ་རོགས་ཡག་ནོ་བཅོ་ལྔའི་དུང་ཟླ་རེད། །ཚིག་བཤད་ནོ་ཚིག་བཤད་ནོ་རྗེ་བཙུན་མགུར་མ་རེད། །ཅེས་གྲགས་པ་བཞིན་སྙིང་དུ་སྡུག་ལ་ཡིད་སེམས་མཐུན་པའི་རོགས་ཆུང་ལོའི་སྣང་བརྙན་གྱི་ཆོས་དེ་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་དེའི་མཚོན་བྱེད་དུ་བཀོད་པ་ནི་ན་ཆུང་ཕོ་མོ་ཟུང་གི་དྭངས་གཙང་གི་སེམས་པ་དཀར་པོ་དང་ལུས་ཀྱི་མཛེས་སྡུག་གི་ཆ་ཤས་ཀུན་ནས་རྫོགས་པ། ལྷག་པར་དུ་ལྷིང་འཇགས་ཀྱི་མཚན་མོའི་གནས་སྐབས་ནི་གཞོན་ནུ་ཕོ་མོ་དག་གིས་རང་རང་གི་དུང་བའི་སེམས་པ་ལྷུག་པོ་བརླན་རྒྱུའི་ཁོར་ཡུག་ཁྱད་པར་ཅིག་དང་ཟླ་བའི་གསིལ་ཟེར་གྱིས་གཞོན་ནུའི་ཕོ་མོའི་འདོད་པ་འཕེལ་བར་བྱེད་པ་སོགས་གཏིང་ཟབ་པའི་དོན་རིམ་པ་དུ་མས་སྙིང་སྡུག་མཛའ་མོའི་སྣང་དཔེར་ཟླ་བའི་ཡིད་བརྙན་བཀོད་འབྲི་བྱེད་ཡོད་དོ། །
        
༢ དྲན་གདུང་དང་རེ་སྒུག་གི་ཡིད་བརྙན།
        
ཐང་གི་སྙན་ངག་ཏུ། མལ་ཁྲིའི་མདུན་དུ་འཕྲོས་པའི་གསལ་ཟླའི་འོད། །ས་ལ་བཞག་པའི་བད་དང་ཡང་དག་མཚུངས། །མགོ་བོ་བཀྱགས་ཏེ་དཀར་གསལ་ཟླ་བར་བལྟས། །མགོ་བོ་སྨད་དེ་ཕ་ཡུལ་ཡིད་ལ་དྲན། །༼ ལི་པའེ། ལྷིང་འཇགས་མཚན་མོའི་འཆར་སྣང་།༽ཞེས་པའི་དཀར་གསལ་ཟླ་བ་ནི་ཕ་ཡུལ་དྲན་པའི་ཡིད་བརྙན་དངཟླ་བ་ནི་ཕ་ཡུལ་གྱི་ཟླ་བ་གསལཞེས་པའི་དཔེའི་ངོས་ནས་ཤེས་དགོས་པ་ཡིན། ཆུ་གཏེར་བསྲུབས་ལས་རི་བོང་འཛིན་པ་ཤར། །གནམ་གྱི་མཐའ་ལས་ཟླ་བར་མཉམ་དུ་བལྟ། །བརྩེ་ལྡན་མི་ཡིས་མཚན་མོ་རིང་བར་འཁང་། །མཚན་ཐོག་ཐག་ཏུ་གང་གི་རྗེས་སུ་ཆགས། །སྒྲོན་མེ་གཟིམས་ལ་ཟླ་འོད་ཁེངས་བས་སྤྲོ། །གྱོན་པ་གཡང་ཤམ་ཟིལ་བ་ཆགས་པ་རྟོགས། །ཟླ་འོད་ཁྱོར་བས་ཕུལ་བར་མི་ནུས་པས། །མལ་དུ་ལོག་ཚེ་རྨི་ལམ་སྐལ་བ་བཟང་།། ༼ཀྲང་ཅིའུ་ལེན། ཟླ་བར་བལྟས་ཏེ་རྒྱང་རིང་གི་མགྲོན་པོ་དྲན་པ།༽ཞེས་པས་ཡུལ་གྱར་བའི་ཁེར་རྐྱང་གི་སྡུག་བསྔལ་ལམ་ཕ་ཡུལ་དྲན་པའི་ཚུལ་དེ་མཁའ་དབྱིངས་སུ་རྒྱུ་བའི་ཟླ་བར་བཅོལ་བའམ་མྱུར་ཏུ་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་ཆེ་བ་དེ་མཚོན་ཡོད། གཞན། གཡང་ཊིའི་སྟེགས་བུའི་སྟེང་དུ་བ་མོ་བཞག །མཚན་ཕྱེད་ཡོལ་བས་སེང་འབོབ་གཤེར་བར་གྱུར། །ཕྱིར་དུ་ལོག་རྗེས་རིན་ཆེན་ཡོལ་བ་ཕབ། །དཀར་གསལ་སྟོན་གྱི་ཟླ་བར་རབ་ཏུ་བལྟ། །༼ ལི་པའེ། གཡང་ཊིའི་སྟེགས་བུར་འཁང་བ།༽ཞེས་པས་མཛའ་ན་མོས་རང་གི་ཁྱོ་ག་དེར་བཅིངས་པའི་དུང་བ་དང་ལྷད་མེད་ཀྱི་བརྩེ་བ། ཡང་ན་འགྱོད་གདུང་དང་སྡུག་ཡུས་མེད་པར་མཛའ་བོ་ཕྱིར་ཕེབས་པར་སྒུག་སྡོད་པའི་ཚུལ་ཞིག་མངོན་ཡོད། བོད་ཀྱི་དམངས་གཞས་ལས། ཟླ་བ་འདི་ནི་ཕར་འགྲོ། རྟིང་མའི་ཟླ་བ་ཚུར་ཡོང་། །བཀྲ་ཤིས་ཟླ་བ་དཀར་པོ། །ཟླ་སྟོད་ཕྱོགས་ལ་མཇལ་ཡོང་། །ཞེས་དང་། ཚངས་མགུར་ལས། ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་། །མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང་། །ཞེས་པ་སོགས་ཀྱིས་རང་གི་མཛའ་ན་མོར་ཐུག་འདོད་ཀྱི་འདུན་པ་དང་རེ་སྒུག་གི་མོས་པ་དྲག་པོ་དེ་དཀར་གསལ་ཟླ་བའི་ཡིད་བརྙན་ལ་བརྟེན་ཡོད་པ་བཞིན་ནོ། ། ཐང་གི་སྙན་ངག་དུ། དོ་ནུབ་ཧྥུ་ཀྲོའུ་མཁའ་ཡི་ཟླ་བ་ནི། །ཁབ་ཀྱི་ཆུང་མ་གཅིག་པུས་བལྟ་བྱར་གྱུར། །རྒྱང་གི་གཅེས་ཕྲུག་བུ་དང་་བུ་མོ་ཡིས། །མ་ཡིས་ཁྲང་ཨན་དྲན་པ་ཅིའི་ཕྱིར་རྟོགས། །དྲི་ཞིམ་སྤྲིན་གྱིས་མགོ་ཡི་གཙུག་ཏོར་བརླན། །ཟླ་འོད་བསིལ་བས་གཡང་ཊིའི་དཔུང་བ་སྦྲེབས། །ནམ་ཞིག་མཉམ་དུ་མལ་ཡོལ་ལ་བསྟེན་ཞིང་། །ཟླ་འོད་ཁྱོ་ཤུག་ལ་འཕྲོས་མཆི་རྗེས་བསྐམས།།༼ཏུའུ་ཧྥུ། མཚན་ཟླ།༽ཞེས་པ་འདིས་ཀྱང་རང་གི་ཁྱོ་ག་བུ་ཕྲུག་དང་བྲལ་བའི་ཆུང་མའི་ཁེར་རྐྱང་གི་སེམས་པ་དེ་ཧྥུ་ཀྲོའུ་མཁའ་ཡི་ཟླ་བ་ཁེར་འགྲོ་དེའི་ཚུལ་ལས་ཤེས་ཐུབ་པ་ཡིན། དམངས་གཞས་ལས།ཤར་ནས་ཟླ་བ་ཤར་བྱུང་། །དཀར་པོའི་ཟླ་བ་ཤར་བྱུང་། །ཟླ་བ་ནུབ་ལ་མ་ཕེབས། །གུང་གི་དཀྱུལ་ལ་བཞུགས་དང་། །དཀར་གསལ་ཟླ་བའི་དཀྱིལ་གྱི། །རི་བོང་བློ་ལྡན་ཤེས་རབ། །ཟླ་བའི་ཐུགས་ལ་མེད་ན། །སྤང་རྩྭ་ཟ་བར་ཕྱིན་ཆོག །དཀར་གསལ་ཟླ་བའི་སྐྱོ་རོགས། །སྐར་མ་ཁྲི་ཕྲག་ཡོད་ཀྱང་། །ཟླ་བའི་བློ་ལ་མགུ་བའི། །སྐར་མ་གཅིག་ལས་མི་འདུག །ལྟ་བུས་རང་སེམས་མཐུན་པའི་མཛེས་མ་དེར་བཅིངས་པའི་བརྩེ་བ་དང་གལ་ཏེ་མཛའ་མོའི་སེམས་ན་ཁོ་བོ་མེད་ན་ཟླ་བ་སེམས་ལ་ཉར་བའི་རི་བོང་ངས་རང་སྡུག་རང་གིས་ཉོས་ཆོག །འོན་ཀྱང་། ཟླ་བ་ཁྱོད་ལས་བདག་ལ་རེ་བ་གཞན་མེད་ཅེས་པའི་གབ་དོན་སྦས་པའི་ཚུལ་གྱིས་མཚོན་ཡོད།
        
༣ ཁེར་རྐྱང་དང་སུན་སྣང་གི་ཡིད་བརྙན།
        
མེ་ཏོག་དཀྱིལ་དུ་བཞག་པའི་ཆང་དེམ་གང་། །གཅིག་པུར་རོལ་ལས་སྙིང་ཉེའི་གྲོགས་ཀྱིས་དབེན། །ཆང་ཕོར་བཏེགས་ཏེ་་བསིལ་ལྡན་མགྲོན་དུ་བོས། །གྲིབ་མ་དང་བཅས་གང་ཟག་གསུམ་དུ་གྱུར། །རི་བོང་འཛིན་པས་བཏུང་བར་མི་ཤེས་ལ། །གྲིབ་མ་དོན་མེད་བདག་གི་རྗེས་སུ་འབྲངས། །རེ་ཞིག་ཟླ་གྲིབ་གྲོགས་སུ་བསྟེན་བྱས་ཏེ། །རྩེད་འཇོ་རོལ་བཞིན་དཔྱིད་དུས་བསླེབ་པར་བསྒུག ། བདག་ནི་གླུ་དང་ཟླ་བ་མཐོངས་སུ་ཉུལ། །གྲིབ་མ་གར་དང་འགྲོགས་ཏེ་རབ་རིབ་འགྲིལ། །དྭངས་པའི་མོད་ལ་མཉམ་དུ་དགའ་བདེ་རོལ། །མྱོས་པའི་དུས་སུ་རང་རང་སོ་སོར་འགྲོ །ཆགས་བྲལ་རྒྱུ་བའི་གྲོགས་དང་གཏན་འགྲོགས་ཏེ། །དགུ་ཚིགས་ཕང་བར་འཛོམས་པའི་དུས་ཆད་བཏབ། །༼ལི་པའེ། ཟླ་འོད་འོག་ཏུ་གཅིག་པུ་ཆང་ལ་རོལ།༽ཞེས་པས་སྙན་ངག་པའི་གྲོགས་མེད་ཁེར་རྐྱང་གི་གདུང་བ་དང་ཟླ་བ་ཁེར་འགྲོ་དེའི་གྲིབ་མ་གྲོགས་སུ་འགུག་པའི་ཡིད་བརྙན་བཀོད་འབྲི་བྱེད་པའི་ཁྲོད་ནས་ནམ་ཞིག་གྲོགས་པོ་དང་ལྷན་འཛོམས་ཀྱི་དུས་ཆད་བྱེད་པའི་ཚུལ་མཚོན་ཡོད་པ་དང་།མཚན་དཀྱིལ་ཟླ་འོད་མི་ཁྱིམ་ཕྱེད་དུ་འཕྲོ། །སྐེ་འཁྱོགས་འཕྲེད་དུ་རྒྱུ་ལ་ཆུ་སྨད་གསེག །དོ་ནུབ་དཔྱིད་ཀྱི་དྲོད་འཇམ་གཟོད་མར་ཤེས། །འབུ་སྒྲས་སྒེའུ་ཡོལ་ལྗང་ཁུ་སོ་མ་བརྟོལ། །༼ ལོའུ་ཧྥང་ཕེན། མཚན་མོའི་ཟླ་བ།༽ཞེས་དང་། མཁར་སྒོའི་ཟླ་འོད་བྲང་སའི་ལྗོན་པར་འགོས། །རྗེས་ཆགས་མིག་གིས་སྐྱར་མོའིཚང་ལ་བལྟ། །སྒྲོན་མེའི་འོག་ཏུ་གཡང་ཊིའི་མགོ་ཆ་བླངས། །མེ་ལྕེ་དམར་པོར་ཕྱེ་ལེབ་འཕུར་བ་སྐྱོབ། །༼ཀྲང་ཧོའུ། ནང་མི་ལ་ཕུལ་བ།༽ བསིལ་བྱེད་ཐོག་མར་ཤར་ཚེ་སྟོན་བད་སྲབ། །གོས་ལྭ་སྲབ་ཀྱང་བརྗེ་བའི་བསམ་པ་བྲལ། །ནམ་ཕྱེད་དངུལ་གྱི་ཏམྦུ་ར་འཁྲོལ་བ། །ཁང་བ་སྟོང་བར་འཇིགས་ཏེ་ལོག་མི་བྲ།།༼ཝང་ཝེ། སྟོན་མཚན་གྱི་གཞས།༽ཞེས་པ་སོགས་ཀྱིས་ལྷིང་འཇགས་མཚན་མོའི་གནས་སྐབས་ཀྱི་ཁེར་རྐྱང་དང་སུན་སྣང་།ཡང་ན་རེ་སྒུག་གི་འདུན་པ་དེ་ཟླ་བ་བྲང་སར་ཤར་བའི་ཡིད་བརྙན་གྱིས་ངོས་ནས་གླེང་ཡོད་པ་ལྟར་རོ།།
        
༤ ཡིད་ཆད་དང་སྨྲེང་བའི་ཡིད་བརྙན།
        
སྤྲིན་གསར་ཕྱོགས་བཞིར་འཐོར་ལ་དགུ་ཚིགས་བཞིན། །བསིལ་རླུང་ལྡིང་བས་ཟླ་འོད་ཆུ་གཉེར་བཞིན། །ལོ་གཅིག་ནང་ལས་དོ་ནུབ་ཟླ་འོད་གསལ། །མི་ཡི་ལས་དབང་གཞན་གྱིས་ཅི་བྱར་ཡོད། །ལྷ་མིན་ཉིང་ཁུ་ཡོད་དུས་མ་བཞེས་ན། །ནམ་མཁའི་རི་བོང་འཛིན་པར་ག་ལ་རུང་། །༼ཧན་ཡུས། སྟོན་ཟླ་བརྒྱད་པའི་ཚེས་བཅོ་ལྔར་ཀྲང་ཧྲུའུ་ལ་ཕུལ་བ།༽ཞེས་པས་སྙན་ངག་པས་རང་གི་གྲོགས་པོ་གང་དེར་ཕུལ་པའི་ཞེ་སྨྲེང་བའི་སེམས་འདུན་དང་སྐབས་དེའི་སྤྱི་ཚོགས་ལ་ཡིད་ཆད་པའི་ཡིད་བརྙན་དེ་སྟོན་མཚན་ཟླ་བའི་དཔེའི་ངོས་ནས་གླེང་ཡོད། དེ་བཞིན། དམངས་གཞས་ལས།ཤར་གྱི་དཀར་གསལ་ཟླ་བ། །ཤར་ནི་བདག་ལ་ཤར་བྱུང་། །ནུབ་ཀྱི་སྤྲིན་པ་ནག་པོས། །བདག་ལ་བར་ཆད་མ་ཐོངས། །ཞེས་དང་། ཚངས་མགུར་ལས། ཚེས་ཆེན་བཅོ་ལྔའི་ཟླ་བ། །ཡིན་ལ་འདྲ་བར་འདུག་སྟེ། །ཟླ་བའི་དཀྱིལ་གྱི་རི་བོང་། །ཚེ་ཟད་ཚར་ནས་འདུག་གོ །ཟླ་འོད་རང་མགོར་ཕོག་དུས། །སེམས་ལ་དགའ་བ་མ་སྐྱེས། །ཟླ་བ་གཟའ་ཡིས་ཟ་དུས། །རང་སྙིང་དུམ་བུར་ཕྱིན་སོང་། །ཟླ་བ་དཀར་པོའི་འོག་ལ། །མཚན་འགྲུལ་རྒྱག་ཀ་ཕྱིན་པས། །དགའ་བའི་མི་དང་མ་ཕྲད། །ཀླུ་མོ་བཙན་དང་ཕྲད་བྱུང་།།ཞེས་པ་སོགས་ཀྱིས་དུས་འགྱུར་སྣ་ཚོགས་དང་སྤྱི་ཚོགས་ཀྱི་འགལ་བའི་ཁྲོད་སྙན་ངག་པའི་སྨྲེང་བའམ་འཁང་ར་མཚོན་ཡོད་པ་ཡིན་ལ། ལྷག་པར་ཚངས་མགུར་གྱི་སྦས་དོན་ཐད་ནས་འགྲེལ་ཚུལ་མི་གཅིག་པ་དུ་མ་ཡོད་ཀྱང་། དམངས་གཞས་དང་མགུར་གླུ་སོགས་གང་ཡིན་རུང་སྐབས་དེའི་སྤྱི་ཚོགས་གྱི་ཐོན་འབྲས་ཡིན་སྲིད་པས་སྤྱི་ཚོགས་གང་དེའི་གནས་ཚུལ་དང་འབྲེལ་འདུག་པས་སྙན་ངག་པས་ཟླ་བ་དང་ཟླ་བའི་སྣང་བརྙན་མང་དུ་བཀོད་པ་འདིས་སྙན་ངག་གང་དེའི་སྦས་དོན་སྟུག་པོའམ་སྙན་ངག་གི་ཁམས་ལྷུར་ལེན་པར་སྒྱུ་རྩལ་གྱི་བྱེད་ནུས་བླ་མེད་བསྐྲུན་ཡོད་ལ། གལ་ཏེ་སྙན་ངག་གང་ཞིག་ལ་ཡིད་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་སམ་ཞེན་དོན་སྟུག་པོའི་འགྱུ་བ་དེ་མེད་ན་སྙན་ངག་དེའང་ཡིད་ཀྱི་དྭངས་པ་འདྲེན་ནུས་ཀྱི་སྙན་ངག་ཅིག་ཏུ་ག་ལ་འགྱུར་ནུས་སོ། །
1.མཆན།
①②⑥彼德琼斯英编 <<意象派诗选>>M]漓江出版社出版198612月第1p129 p152 p7
དོར་ཞིས་བརྩམས། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2004ལོའི་ཟླ9པར་པར་ཐེངས་དང་པོ།ཤོག་ལྡེབ།33
དཔའ་མོས་བསྒྲིགས། དེང་རབས་བོད་ཀྱི་སྐྱེས་མའི་བརྩམས་ཆོས་བདམས་བཀོད[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2006ལོའི་ཟླ9པར་པར་ཐེངས་དང་པོ།ཤོག་ལྡེབ།214
傅道彬于岪著 <<文学是什么>>[M]北京大学出版社 20021月第1p173
2.དཔྱད་གཞིའི་ཡིག་ཆ།
1 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྒྲིགས། དམངས་གཞས་ཕྱོགས་བསྒྲིགས[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002ལོའི་ཟླ12པར་པར་ཐེངས་གཉིས་པ།
2 པད་མ་རྣམ་རྒྱལ་གྱིས་བསྒྱུར། ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་མ[M]ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ1པར་པར་ཐེངས་དང་པོ།
3 ལུང་རིན་ཆེན་གྱིས་བརྩམས། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་གསང་རྣམ [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2005ལོའི་ཟླ3པར་པར་ཐེངས་དང་པོ།
4 དབྱུག་པ་ཅན་དང་བོད་མཁས་པས་བརྩམས། སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་བ [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ12པར་པར་ཐེངས་གསུམ་པ།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005