གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། རྩོམ་རིག་ལས་མགུར་གླུའི་ཁྱད་ཆོས་སྐོར།
སྤེལ་དུས།2015-08-19   ཡོང་ཁུངས་།   རྩོམ་པ་པོ། སྟག་བྷེ།
         བོད་བྱིངས་ཀྱིས་ཐུན་མོང་གིས་བཀོལ་ཆོག་པའི་སྒྲ་སྦྱོར་ཡི་གེ་འདི་ཉིད་བོད་རྒྱལ་སྲོང་བཙན་སྒམ་པོའི་རིང་དུ་གསར་བཟོ་མཛད་མིན་ད་ལྟའང་རིག་གཞུང་ཞིབ་འཇུག་སྨྲ་བ་དག་གི་ཁྲོད་ན་རྩོད་པའི་ཚ་རླབས་འཇགས་མེད་ཅིང་གཅིག་མཐུན་གྱི་སྡོམ་ཚིག་ཅིག་བཀོད་མེད་པས། ཕྲན་ཉིད་ཀྱིས་ཀྱང་དེའི་ཕྱོགས་སུ་མཐའ་གཅིག་ཏུ་ཐག་གཅོད་མ་བྱས་པར་སྔོན་བྱོན་མཁས་པའི་ལོ་རྒྱུས་ཆོས་འབྱུང་གི་བསྟན་བཅོས་རྣམས་ཀྱི་རྗེས་སུ་འབྲངས་ནས་ཆོས་རྒྱལ་སྲོང་བཙན་གྱི་རིང་ནས་གསར་དུ་བཟོས་པར་བརྗོད་ན་སྙམ། སྲོང་བཙན་སྔོན་དུ་ཐུན་མོང་གིས་བཀོལ་བའི་ཡི་གེ་མེད་ནའང་སྲིད་འབྱོར་རིག་གསུམ་ཆེས་ཆེར་དར་ལ་ལྷག་པར་དུ་སྐབས་དེའི་སྤྱི་ཚོགས་སྣང་ཚུལ་མཚོན་པའི་ངག་ཐོག་རྩོམ་རིག་མང་པོ་ཞིག་མཆིས། རྩོམ་རིག་བརྩམས་ཆོས་དེ་དག་མི་རྣམས་ཀྱིས་ངག་ནས་ངག་ཏུ་བརྒྱུད་དེ་སྲོང་བཙན་གྱི་སྐབས་ནས་ཡི་གེར་བཀོད་པ་ལས་དུས་དེ་རིང་དུ་ཡི་གེར་བཀོད་པ་ཞིག་མིན་ལ། ཆོས་ལྡན་རྒྱལ་རབས་ཀྱི་རིང་ལད་གཟོད་ཡིག་ཐོག་ཏུ་བཀོད་པ་ལ་སྙན་ངག་དང་མོ་ཡིག སྒྲུང་དང་གཏམ་རྒྱུད། རྡོ་རིང་ཡི་གེ ཅོང་ཡིག་བཅས་དེང་གི་རྩོམ་ལུས་དབྱེ་སྟངས་ལྟར་དབྱེ་ན་རྩོམ་རིག་བརྩམས་ཆོས་ཕུན་སུམ་ཚོགས་ཤིང་བོད་རང་ལ་མཚོན་ནའང་དུས་སྐབས་རེར་གལ་ཆེའི་རྩོམ་ལུས་རེ་དམིགས་ཀྱིས་བརྗོད་ཆོག་ཆོག་ཡིན། སྐབས་དེར་མཚོན་ན་མགུར་གླུས་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ཅིང་། ཆོས་ལྡན་རྒྱལ་རབས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མཚོན་ཐུབ་པར་འདོད་པས་གཤམ་དུ་མགུར་གླུའི་སྐོར་རྐྱང་རྐྱང་གླེང་བར་བྱ་ལ། ཆོས་ལྡན་རྒྱལ་རབས་དུས་སྐབས་ཁོ་ནའི་མགུར་གླུ་གླེང་དགོས་པའི་རྒྱུ་མཚན་འོག་ཏུ་བཀོད་ཡོད།
         དེ་ཡང་ཆོས་ལྡན་རྒྱལ་རབས་ཞེས་བཏགས་པའི་རྒྱུ་མཚན་གང་ཡིན་དང་དེ་དུས་སྐབས་གང་ནས་གང་བར་ངོས་འཛིན་དགོས་པ་ཆབས་ཅིག་ཏུ་བཤད་ན། "བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན(འདིར་ཁྲི་ཐོག་རྗེ་བཙན་ཡིན་དགོས) གྱི་བར་རྒྱལ་རབས་ཉི་ཤུ་རྩ་གསུམ་གི་རིང་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མ་བྱུང་ལ། "ཞེས་ཁྲི་ཐོག་རྗེ་ཐོག་བཙན་གྱི་སྔོན་དུ་བསྟན་པའི་མིང་ཙམ་ཡང་མ་བྱུང་། "དེ་ནས་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ། སྤང་སྐོང་ཕྱག་བརྒྱའི་གླེགས་བམ་སོགས་ནམ་མཁའ་ལས་བབས་པ་ཚིག་དོན་མ་ཤེས་ཀྱང་། མཚན་སྙན་པོ་གསང་བར་བཏགས་ནས་མཆོད་དེ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །"ཞེས་པའི་ཚིག་ངོས་ཀྱི་གོ་དོན་ལྟར་བླངས་ན་དོན་དངོས་དང་མི་མཐུན་པ་ཞིག་ཏུ་སྣང་མོད། དོན་ལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ད་དུང་ཡི་གེ་མེད་ཅིང་གཉན་པོ་གསང་བའི་དོན་རྟོགས་མཁན་མ་བྱུང་ལ་དེ་དག་ལ་མཆོད་པའི་བཀུར་བསྟི་ཙམ་ལས་ཅི་ཡང་མ་བྱས་པས་བོད་བྱིངས་ལ་ནི་དམ་པའི་ཆོས་དར་མེད་དེ། དབུ་བརྙེས་ཞེས་པས་དམ་པའི་ཆོས་ཀྱི་རྟེན་ཙམ་ཡོད་པ་བསྟན། "དེ་ནས་མི་རབས་ལྔ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བློན་པོ་ཐོན་མི་སལྷོ་ཊ་རྒྱ་གར་དུ་བརྫངས་ཏེ་རིག་གནས་ལ་མཁས་པར་སྦྱངས་ནས སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ཆོས་མང་པོ་བོད་སྐད་དུ་བསྒྱུར་ཏེ་བསྟན་པའི་སྲོལ་བཏོད་པ་ཡིན་ནོ"ཞེས་སྲོང་བཙན་གྱི་རིང་ནས་སྔོན་གྱི་གཉན་པོ་གསང་བ་ཁ་ཕྱེས་ལ། ནང་བསྟན་གྱི་དགོངས་པ་དང་མཐུན་པའི་དགེ་བ་བཅུའི་ཁྲིམས་བཅོས་ཤིང་ཐུགས་དམ་གྱི་ལྷ་རྒྱ་གར་དང་བལ་པོའི་ཡུལ་ནས་སྤྱན་དྲངས་པ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང་འཕྲུལ་སྣང་ར་མོ་ཆེ་བཅས་རྟེན་དང་བརྟེན་པའི་གཙུག་ལག་ཁང་བཞེངས་པ་བཅས་ལས་སངས་རྒྱས་བསྟན་པར་རྒྱལ་པོའི་སྲིད་ཀྱིས་རྒྱབ་སྐྱོར་མཛད་ནས་ཁམས་ཀུན་ལ་དར་བར་བྱས་ཏེ་བསྟན་པའི་སྲོལ་བཏོད་པས་ཆོས་ལྡན་རྒྱལ་རབས་ཀྱི་ཐོག་མ་རྒྱལ་པོ་འདི་ནས་འགོ་བརྩམས་ཞེས་བཤད་ཆོག དེའི་རྗེས་ཀྱི་བཙན་པོ་རེ་རེའི་རིང་རིམ་བཞིན་དམ་པའི་ཆོས་དར་ཞིང་རྒྱས་ལ་ལྷག་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་བ་ཅན་གྱི་དུས་སུ་གཙིགས་ཆེན་པོས་ནང་བསྟན་དར་སྤེལ་བྱས་མོད། མཇུག་མཐའི་བཙན་པོ་འུ་དུམ་བཙན་གྱི་རིང"དུས་དེར་སད་དང་སེར་བ་དང་། བཙའ་དང་། མུ་གེ་དང་། མི་ནད་ཕྱུགས་ནད་ལ་སོགས་པ་བྱུང་བས། དེ་ལ་སྙད་བྱས། རྒྱལ་པོའི་ཐུགས་ལ་གདོན་གསོལ་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་སོ"ཞེས་འུ་དུམ་བཙན་གྱིས་གཙུག་ལག་ཁང་གི་རྟེན་བརྟེན་པ་དང་དགེ་འདུན་གྱི་སྡེ་ལ་གང་འདོད་འདོད་ཀྱིས་ཡར་བཤིག་མར་འདྲུད་བྱས་པས། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གང་ཉིད་བཀྲོངས་ཏེ་ལོ་རྒྱུས་སུ་བོད་བཙན་པོ་སིལ་བུར་ཐོར་བའི་དུས་སྐབས་ཞེས་གྲགས་པ་འདིའི་རིང་ལོ་ངོ་བརྒྱ་དང་ལྔ་བཅུ་ཡས་མས་ལ་དམ་པའི་ཆོས་དར་མ་ཐུབ། འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་གྱིས"དེས་ན། སྲོང་བཙན་སྒམ་པོའི་འཁྲུངས་ལོ་ནི་མེ་གླང་སྤྱི་ལོ617ཡིན་པ་དང་། གཤེགས་ལོ་ནི་ལྕགས་ཁྱི་སྤྱི་ལོ650ལོར་འཁེལ་བ་ཐེ་ཚོམ་མེད་དོ"ཞེས་ཡིག་ཚང་དང་སྔོན་བྱོན་མཁས་པའི་བསྟན་བཅོས་ཀུན་གྱི་གུང་བསྒྲིགས་ཏེ་སྡོམ་ཚིག་བཀོད་པའི་སྲོང་བཙན་གྱི་འཁྲུངས་འདས་ལོ་ཚིགས་གཞིར་བཟུང་ན། རྒྱལ་པོ་སྲོང་བཙན་གྱིས་སྤྱི་ལོ617ལོར་རྒྱལ་སྲིད་བཟུང་པ་ནས་རྒྱལ་པོ་འུ་དུམ་བཙན་བཀྲོངས་པའི་སྤྱི་ལོ842བར་གྱི་ལོ་ངོ225ཡི་རིང་ལ་ཆོས་ལྡན་རྒྱལ་རབས་ཞེས་བརྗོད་པའང་མཁས་པ་སྔོན་མ་དག་གིས་བཙན་པོའི་རྒྱལ་རབས་ཞེས་འབོད་པ་ལས་ཀྱང་འཚམ་ཞིང་མཐུན་པར་འདོད་པས་བཏགས་པ་གསལ་ལོ། །དེ་ཡང་མགུར་གླུའི་ཚིག་འགྲེལ་དང་མགུར་གླུ་དེ་དག་གི་བརྗོད་བྱའི་བསམ་བློའི་ཁྱད་ཆོས་ཐད་དབང་ཆ་དང་ཆབ་སྲིད་གོ་གནས་འཕྲོག་རྩོད་སོགས་ལས་བྱུང་བའི་གནད་དག་དཔྱད་པ་པོ་གང་མང་གིས་དཔྱད་ཟིན་པས་འདིར་དེ་དག་བསྐྱར་ཟློས་ཀྱི་ངལ་བ་སྤངས་ཡོད། དེས་ན་ཆོས་ལྡན་རྒྱལ་རབས་ཀྱི་རྩོམ་ལུས་ཁྲོད་མགུར་གླུའི་རྩོམ་རིག་ལ་ད་དུང་ཁྱད་ཆོས་གཞན་གང་དག་ཡོད་ཅེ་ན།
         དང་པོ། གཅིག་གྱུར་གྱི་ཚིག་གི་འགྲོས་ལུགས་ཆགས་པའི་ཁྱད་ཆོས།
         སྲོང་བཙན་སྒམ་པོའི་རིང་ཚིག་རྐང་ལ་གཅིག་གྱུར་གྱི་འགྲོས་ལུགས་ཆགས་པ་དེ་ཡང་ཁོང་གི་རིང་གློ་བུར་དུ་གཅིག་གྱུར་ཆགས་པ་ཞིག་མ་ཡིན་པར་གནམ་རི་སྲོང་བཙན་གྱི་རིང་ནས་རིམ་གྱིས་སྔོན་འགྲོའི་ཆ་རྐྱེན་གྲུབ་ཡོད་དེ། སྲོང་བཙན་སྔོན་གྱི"ཚེག་བར་དོ་མི་མཉམ་པའི་མགུར་གླུ་དེ་དག་རིམ་གྱིས་སྤངས་ཏེ་ཚེག་བར་དོ་མཉམ་པའི་མགུར་ལ་མཐོང་ཆེན་མཛད་པར་སྣང་། ཚེག་བར་དོ་མཉམ་པའི་མགུར་གྱི་ལུས་ནི་ཚེག་ཁྱིམ་གསུམ་དང་ལྡན་པ་ཤ་སྟག་ཡིན་ལ། རྐང་པ་གཅིག་གི་ཡི་གེ་མགོ་མ་གཉིས་ཀྱི་མཇུག་ཏུ་ནི{ནྀ}སྒྲ་ཞིག་སྦྱར་ཏེ་ཡི་གེ་སྔ་ཕྱི་གཉིས་མཚམས་སྦྱར་བ་ནི་ཁྱད་ཆོས་མངོན་གསལ་ཅན་ཞིག་རེད།" གཅིག་གྱུར་གྱི་ཚིག་གི་འགྲོས་ལུགས་ཞེས་པ་དེ་ཡང་གཙོ་བོ་མགུར་གླུ་ཡོངས་ཀྱི་ཚིག་རྐང་རེའི་ཚེག་བར་གསུམ་པ་ངེས་པར་དུ་ནི{ནྀ}སྒྲ་ཡིན་དགོས་ལ། སྐབས་དེའི་མགུར་གླུ་ཡོངས་ཀྱི་ཚེག་བར་སྒྲིག་སྟངས་ནི་ཚིག་རྐང་ཀུན་ལ་ཆ་གཅིག་གི་རྗེས་སུ་ཡ་གཅིག་སྟེ་ནི{ནྀ}སྒྲ་དང་དེའི་རྗེས་སུ་ཡང་བསྐྱར་ཆ་གཅིག དེའི་རྗེས་སུ་ཡ་གཅིག་བཅས་ཆགས་པ་དེ་ཡིན་ཏེ། དཔེར་ན། སད་མར་ཀར་གྱིས་བླངས་པའི་མགུར། "ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་རྡུལ་མཁར་ཞིག། མུ་སུ་ནི་གཞན་ན་ནེ། ཕྱི་བལྟས་ནི་ངམ་དང་བྲག། ནང་བལྟས་ནི་གསེར་དང་དབྱིག བདག་ནི་གཡར་སྔ་རུ། མཆིས་ཆུ་ནི་མ་ཐོའམ། ཡར་གྱི་ནི་བྱེ་མ་ལ། ལྷན་ལྷན་ནོ་འགྲོས་མོ་འདི། སྐྱི་འི་ཎྀ་པུར་ཐབ་སུ། ཟ་དུར་ནོ་བཏབ་ཀྱང་རུང་། །"ཞེས་པ་ལྟ་བུ་སོགས་སྐབས་དེར་བྱུང་བའི་མགུར་གླུ་རྣམས་གཅིག་འདྲ་ཡིན་རྐྱེན་ཆོས་ལྡན་རྒྱལ་རབས་ཀྱི་མགུར་གླུ་ཡིན་ན་ངེས་པར་དུ་གཅིག་གྱུར་གྱི་འགྲོས་ལུགས་ཤིག་ཆགས་ཤིང་དེ་ལྟར་དུ་ལེན་པའི་སྲོལ་ཞིག་གྲུབ་ཡོད་པར་མ་ཟད། འགྲོས་ལུགས་འདི་ནི་གོ་གནས་མཐོ་དམའ་དང་རྒྱུ་འབྱོར་བ་ཡོད་མིན་གྱི་ཁྱད་པར་མེད་དེ། དཔེར་ན་རྗེ་བོ་དང་རྗེ་བོ་ཕན་ཚུན་གྱི་བར་དེ་ལྟར་ཡིན་ལ། བློན་པོ་དང་བློན་པོ་ཕན་ཚུན་གྱི་བར་ཡང་དེ་ལྟར་ཡིན་པར་མ་ཟད། ཐ་ན་རང་ཕྱོགས་དང་ཕ་རོལ་བོ་དགྲ་ཕྱོགས་ཀྱི་བར་ཡང་དེ་ལྟར་ཡིན། "དེ་ཡང་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་དར་ཁྱབ་ཆེ་བར་མངོན། དེའི་ཕྱིར། ཏུན་ཧོང་ཡིག་ཚང་དུ་འབྱུང་བའི་མགུར་གླུ་མང་ཆེ་ཤོས་ནི་ཚེག་བར་གསུམ་ཅན་རེད།"ཕྱོགས་གཞན་ཞིག་ནས་བསམ་ན་རྗེ་བློན་ཐམས་ཅད་དེ་ལྟ་བུའི་ཚིག་འགྲོས་ལ་ལོབས་ཡོད་པས་གོ་བདེ་ཕྱིར་ཡིན་ནམ་སྙམ།
         དེ་ལྟར་བརྩམ་པའི་མགུར་གླུའི་རྩོམ་སྟངས་དེ་རང་དབང་ཅན་མ་ཡིན་ལ། རང་དབང་ཅན་མ་ཡིན་པ་ཟེར་བའང་བརྗོད་བྱ་དང་རྗོད་བྱེད་ཡོངས་ཀྱི་ཆ་ནས་རང་དབང་མིན་པར་གོ་བ་མ་ཡིན་པར་གཙོ་བོ་རྗོད་བྱེད་ཚིག་གི་འགྲོས་ལུགས་ཀྱི་ཆ་ནས་ཡིན་ཏེ། བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་བྱུང་བའི་མགུར་གླུ"འ་བ་ཉི་ཉེ་པས་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག། ཡོས་རོ་རོ་ན་ལྷམ་གྱི་གོང་ནིག། བརླའ་བརྡུངས། སྤུར་བཏབ། འོབ་དེ་མྱེད་སྤུ་དེ་མྱེད།" ཅེས་པའི་མགུར་གླུ་འདིའི་ཚིག་རྐང་གོང་འོག་དོ་མི་མཉམ་ཞིང་ཚིག་རྐང་སོ་སོའི་ཚེག་བར་གྱི་མང་ཉུང་ཡང་མི་འདྲ་སྟེ། ཚིག་རྐང་དང་པོར་ཚེག་བར་གསུམ་དང་གཉིས་པར་ཚེག་བར་དགུ། གསུམ་པར་ཚེག་བར་བརྒྱད། ཚིག་རྐང་བཞི་པ་དང་ལྔ་པར་་ཚེག་བར་གཉིས་རེ། མཇུག་མཐའི་ཚིག་རྐང་དེར་ཚེག་བར་གསུམ་བཅས་ཡིན་པས་ཚིག་རྐང་གོང་འོག་གི་ཆ་ཡ་ཡང་མི་མཉམ་པས་གཅིག་གྱུར་གྱི་འགྲོས་ལུགས་ཤིག་ཆགས་མེད། གཞན་ད་དུང་གནམ་རི་སྲོང་བཙན་གྱི་རིང་མྱང་ཙེང་སྐུ་དང་དབའ་དབྱི་ཚབ་གཉིས་ཀྱིས་བླངས་པའི་མགུར"གཟུས་ནི་ལྷ་བོན་ཏོ། ཁྲོན་མཚན་སློན་ཀོལ་གཟུས་ནྀ་ལྷ་བོན་ཏོ། །སྲིན་བྱ་རྒོད་ཀྱིས་བཏགསྟེ། །ཚེས་པོང་ནག་སེང་གིས་བཏགས་སོ། །རྗེ་བདེན་གྱྀས་ནྀ་བཀོལ་ཏོ། །སྒ་བདེན་གྱྀས་ནྀ་བསྟད་དོ། །མྱྀ་སྨོན་རུམ་དུ་སྤུང་ངོ་། །མཚེ་གཟུགས་རུམ་དུ་འཁྲུངས་སོ། །"ཞེས་པའང་ཚིག་རྐང་རེ་རེའི་ཚེག་བར་གསུམ་པར་ནི་{ནྀ}སྒྲ་མེད་པར་མ་ཟད་ཆ་གཅིག ཡ་གཅིག་ཆ་གཅིག་གི་རྣམ་པ་ཅན་ཡང་མ་ཡིན་ལ། ཚིག་རྐང་གོང་འོག་གི་ཚེག་བར་ཡང་འདྲ་མཉམ་མ་ཡིན།
         དེང་སྐབས་དམངས་ཁྲོད་དུ་དར་བའི་གཞས་ཚིག་གམ་ཡང་ན་ཕྱིས་བྱུང་བོད་ཀྱི་རྩོམ་རིག་དུས་སྐབས་སུ་བྱུང་བའི་མགུར་མ་དང་ཡང་མི་འདྲ་སྟེ། དུས་ཕྱིས་བླ་མ་དང་རྣལ་འབྱོར་བ་མང་པོས་མི་ལ་རས་པར་མིག་དཔེ་བལྟས་ཏེ་མགུར་གླུ་བསམ་གྱིས་མི་ཁྱབ་པ་ཞིག་བརྩམས་ཡོད་དེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ། འཇིགས་མེད་དབང་བོའི་ཞལ་གདམས་མགུར་འབུམ། གུང་ཐང་བསྟན་པའི་སྒྲོན་མེའི་མགུར་དབྱངས། ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར། བྱ་བཏང་ཚོགས་གསུམ་རང་གྲོལ་གྱི་གླུ་དབྱངས་སོགས་མགུར་གླུ་འདི་དག་ཆོས་ལྡན་རྒྱལ་རབས་སམ་དེའི་སྔོན་ནས་བྱུང་བའི་མགུར་གླུ་དང་གཏན་ནས་མི་འདྲ་བར་རྗེ་མི་ལའི་མགུར་འབུམ་གཙོ་བྱས་པའི་ཕྱིས་བྱུང་མགུར་གླུ་ཕལ་མོ་ཆེས་རང་གི་བུ་སློབ་དང་སྐྱེ་བོ་གཞན་པར་ཞལ་གདམས་ཚུལ་གྱིས་ཟབ་མོ་ཆོས་ཀྱི་ལྟ་བ་ཞིག་དྲིལ་སྒྲོག་བྱས་ཡོད། རྟོགས་སླ་བའི་ཕྱིར་དཔེ་ཙམ་དྲངས་ན། རྗེ་ཞབས་དཀར་བའི་མགུར་འབུམ་ཁྲོད་ཁོང་ཉིད་ཀྱིས་མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་དུ་གསུང་བའི་མགུར་ལ། "འགྲོ་རྣམས་སྒྲོལ་བའི་ཁུར་ཆེན་བསྣམས། །འགྲོ་གསུམ་ཐར་བའི་གནས་འདྲེན་པའི། །འགྲོ་མགོན་རྒྱལ་བ་ཐུགས་རྗེ་ཅན། །འགྲོ་ཀུན་ཁ་ལོ་ཆོས་ལ་སྒྱུར། །འགྲོ་བའི་དོན་དུ་གླུ་ཞིག་ལེན། །འགྲོ་ལ་ཕན་པར་བྱིན་གྱིས་རློབས། །……"11ཞེས་པ་དང"མི་ངན་ཕལ་ཆེར་གྱི་ཁ་འདི་འོག་སྒོ་འདྲ། །བཟའ་སྡིགས་མི་གཙང་ལ་ནམ་ཡང་འཛད་པ་མེད། །བཟའ་སྡིགས་མི་གཙང་དྲིས་ཁྱིམ་ཚང་བཟང་བ་སུན། །འོག་སྒོར་ཁ་གཅོད་ཅིག་ཡོད་ན་ཅི་མ་རུང་། ། "12ཞེས་པ། "བོད་ཡུལ་གྱི་ལྷ་སྐལ་སྤྱན་རས་གཟིགས། །བོད་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བོད་ཕྱོགས་ལ་ཕན་པའི་གླུ་ཞིག་ལེན། ཁོད་མི་ལ་ཕན་པར་བྱིན་གྱིས་རློབས། ། "13ཞེས་པ། "སྐྱབས་མཆོག་འཕགས་པ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་བོད་ལ་ཐུགས་རྗེས་གཟིགས། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་གི །མཚན་མཆོག་གང་གིས་བརྗོད་ཀྱང་ཐོས་ཚད་ཀྱི། །འགྲོ་རྣམས་ཚེ་འདིའི་ཉེས་པ་ཀུན་ལས་བསྐྱབས། ། "14ཞེས་པ་སོགས་ཕྱི་མ་དོན་གཉེར་གྱི་ཕྱིར་དུ་དམ་པའི་ལྷ་ཆོས་གཙོ་བོར་གཉེར་དགོས་ཤིང་འཇིག་རྟེན་ལས་རྒྱུ་འབྲས་དང་མཐུན་དགོས་པ་གཙོར་བདམས་པའི་མགུར་གླུ་འདི་དག་ནི་ཤོ་ལོ་ཀ་དང་པོ་དེའི་རིགས་ལ་ཚིག་རྐང་རེར་ཚེག་བར་བདུན་རེ་དང་ཤོ་ལོ་ཀ་གཉིས་པའི་རིགས་ལ་ཚིག་རྐང་རེར་ཚེག་བར་བཅུ་རེ། ཤོ་ལོ་ཀ་གསུམ་པ་འདིའི་རིགས་སུ་ཚིག་རྐང་རེར་ཚེག་བར་བརྒྱད་རེ། ཤོ་ལོ་ཀ་བཞི་པ་འདིའི་རིགས་སུ་ཚིག་རྐང་རེར་ཚེག་བར་དགུ་རེ་བཅས་ཡོད་པས་དུས་སྐབས་གཅིག་གི་ནང་དུ་མགུར་གསུང་མཁན་གཅིག་གི་ངག་ལས་ཐོན་པའི་མགུར་གླུའི་ཚིག་འགྲོས་དང་ཆ་ཡ་སྡེབ་སྟངས་ཀྱང་མི་འདྲ་བ་མཐོང་ཐུབ།
         དེས་ན་ཆོས་ལྡན་རྒྱལ་རབས་ཀྱི་མཚམས་ནས་གཅོད་དོན་ཡང་གཅིག་གྱུར་གྱི་མགུར་གླུའི་སྲོལ་ཞིག་ཆགས་ཡོད་པའི་རྒྱུ་རྐྱེན་གྱིས་ཡིན་ལ་སྐབས་འདིའི་མགུར་གླུ་ཡོངས་ལ་གཅིག་གྱུར་གྱི་ཚིག་གི་འགྲོས་ལུགས་ཤིག་ཆགས་ཡོད་ཟེར་བའི་རྒྱུ་མཚན་ཡང་གོང་གི་ཆོས་ལྡན་རྒྱལ་རབས་སྔོན་ནས་བྱུང་བའི་མགུར་གླུ་དང་ཕྱིས་ཀྱི་མགུར་གླུ་སོགས་དང་བསྡུར་བ་བགྱིས་ན་ངང་གིས་རྟོགས་ཐུབ།
         གཉིས་པ། དབྱངས་ཀྱི་འདེགས་འཇོག་གཅིག་ལངས་གཅིག་འཇགས་ཀྱི་ཁྱད་ཆོས།
         དབྱངས་ཀྱི་འདེགས་འཇོག་གཅིག་ལངས་གཅིག་འཇགས་ཞེས་པའང་ཆོས་ལྡན་རྒྱལ་རབས་དུས་སྐབས་ཀྱི་མགུར་གླུ་རྩོམ་རིག་ཐུན་མོང་ལ་ཡོད་པའི་ཁྱད་ཆོས་ཤིག་སྟེ། ཆ་གཅིག་གི་རྗེས་སུ་ཡ་གཅིག་དང་། དེའི་རྗེས་སུ་ཆ་གཅིག་དང་ཡ་གཅིག་བཅས་བྱས་ནས་གྱེར་དགོས་པས་ཚིག་རྐང་རེ་རེའི་ཚེག་བར་དོ་མཉམ་ཡིན་པ་གོང་གི་གཅིག་གྱུར་གྱི་ཚིག་གི་འགྲོས་ལུགས་ལྡན་པའི་ཁྱད་ཆོས་གླེང་བའི་སྐབས་སུ་བཤད་པ་བཞིན། མགོ་མཇུག་ཡོངས་སུ་འདི་ལྟ་བུའི་གདངས་དབྱངས་ཤིག་སྟེ།
         (ཆོས་ལྡན་རྒྱལ་རབས་ཀྱི་མགུར་གླུའི་གདངས་དབྱངས་རགས་མཚོན་རི་མོ)
         མཚོ་མོའི་རྦ་རླབས་དང་ཆུ་ཡི་རུས་གཉེར་ཇི་བཞིན་གཅིག་ལངས་གཅིག་འཇགས་ཀྱི་འགྲོས་ཤིག་ཆགས་ཡོད། ཚིག་རྐང་གཅིག་གི་ངོས་ནས་དབྱེ་ཞིབ་བྱས་ན། སྔོན་མའི་ཚེག་བར་ཆ་གཅིག་གི་སྒྲ་གདངས་མཐོ་བ་དང་དེའི་རྗེས་ཀྱི་ཡ་གཅིག་སྟེ་ནིའི་སྒྲ་ཅུང་མཐོ་ཞིང་སྲིང་བ། དེའི་རྗེས་ཀྱི་ཚེག་བར་ཆ་གཅིག་གི་སྒྲ་དེ་སྔོན་མའི་ཚེག་བར་ཆ་གཅིག་གི་སྒྲ་དང་ཕལ་ཆེར་མཚུངས་ལ་ཚིག་རྐང་གཅིག་གི་མཇུག་མཐའི་ཡ་གཅིག་གི་སྒྲ་དེ་ཅུང་ཞན་པའི་ཚུལ་གྱིས་སོང་ཡོད། ཡང་ན་གོང་གི་རིས་དབྱིབས་ལས་ཀི་ཁི་གི་ངི་ཅི་ཆི་ཞེས་སྒྲ་ལེན་སྟངས་གཞན་དེའི་སྔོན་མའི་ཚེག་བར་ཆ་གཅིག་གི་སྒྲ་གདངས་ཅུང་མཐོ་བ་དང་དེའི་རྗེས་ཀྱི་ཡ་གཅིག་སྟེ་ནིའི་སྒྲ་མཐོ་ཞིང་སྲིང་བ། དེའི་རྗེས་ཀྱི་ཚེག་བར་ཆ་གཅིག་གི་སྒྲ་སྔོན་མའི་ཚེག་བར་ཆ་གཅིག་གི་སྒྲ་དང་ཕལ་ཆེར་མཚུངས་ལ་ཚིག་རྐངགཅིག་གི་མཇུག་མཐའི་ཡ་གཅིག་གི་སྒྲ་དེ་ཅུང་ཞན་པའི་ཚུལ་གྱིས་སོང་ཡོད།
         དཔེར་ན། ཆོས་ལྡན་རྒྱལ་རབས་སྐབས་ཀྱི་སྲོང་བཙན་གྱི་སྲིང་མོ་སད་མར་ཀར་གྱིས་ཞང་ཞུང་གི་ཡུལ་ནས་བླངས་པའི་མགུར་ལ། "ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་རྡུལ་མཁར་ཞིག། མུ་སུ་ནི་གཞན་ན་ནེ། ཕྱི་བལྟས་ནི་ངམ་དང་བྲག། ནང་བལྟས་ནི་གསེར་དང་དབྱིག། །བདག་གི་ནི་གཡར་སྔ་རུ། མཆིས་ཆུ་ནི་མ་ཐོའམ། ཡར་གྱི་ནི་བྱེ་མ་ལ། ལྷན་ལྷན་ཎྀ་འགྲོས་མོ་འདི། །སྐྱི་འི་ཎྀ་པུར་ཐབ་སུ། ཟ་དུར་ཎྀ་བཏབ་ཀྱང་རུང་། །"15ཞེས་པ་ལྟ་བུ་ད་ལྟ་ངག་ནས་ཡང་དང་ཡང་དུ་བཀླགས་པས་ཀྱང་མངོན་ཐུབ། དེ་ཡང་དམངས་ཁྲོད་ཀྱི་ངག་ཐོག་ནས་བྱུང་བའི་རྩོམ་རིག་ཅིག་ཡིན་པས་དུས་སྐབས་དེའི་ངག་ཐོག་རྩོམ་རིག་གི་ཁྱད་ཆོས་རྒྱུད་འཛིན་བྱས་ཡོད་ལ། མགུར་གླུ་དེ་དང་དེ་ལྟ་བུ་ལེན་པར་དེང་གི་རྩོམ་པ་པོས་བརྩམས་པའི་གླུ་ཚིག་ཇི་བཞིན་མ་ཡིག་ཅིག་གི་ངོར་ཅེར་ནས་བླངས་ཏེ་སྒྲར་ཕབ་པ་ལྟ་བུ་ཞིག་མ་ཡིན་པར་དུས་ཐོག་ཏུ་རང་གི་བློ་གྲོས་ཀྱི་སྒོ་མོ་ལས་བྱུང་བ་ཡིན་པས། སྐད་ཅིག་མ་གཅིག་གི་ནང་ལ་ངག་ནས་ཁྲོལ་བར་བྱེད་པའི་དབྱངས་ཀྱི་འདེགས་འཇོག་གམ་བསྲིངས་བའི་དབྱངས་དེས་སྔ་མ་སྔ་མ་ལེན་པའི་ཞོར་དུ་ཕྱི་མ་ཕྱི་མར་ཅི་ཞིག་ལེན་དགོས་མིན་ལ་གྲ་སྒྲིག་དང་མནོ་བསམ་གཏོང་བའི་དུས་ཚོད་ཀྱང་ཡོད་དེ། "དེ་འདྲའི་དབྱངས་ཀྱི་སྡེབ་སྦྱོར་གྱིས་ངག་ཚིག་ཇི་ལྟར་བཀོལ་རྒྱུར་ཚོད་འཛིན་ངེས་ཅན་ཞིག་ཐེབས་མོད། དེས་ངག་སྦྱོར་ལ་སྙན་ངག་གི་རྣམ་པ་དང་དྲན་ཤེས་གསོ་བ། རྟོག་པའི་རྒྱུན་འཁྱོངས་པ་སོགས་ལ་དེ་བས་གྲོགས་སུ་གྱུར་ཡོད་སྙམ"16ཞིང་། ད་ལྟ་ཡང་ད་དུང་དམངས་ཁྲོད་ཀྱི་སྟོན་མོ་སོགས་མང་ཚོགས་འདུ་སར་གླུ་བ་གླུ་མའམ་གཏམ་བཤད་མཁན་པོ་རྣམས་ཀྱིས་དུས་བབ་དང་བསྟུན་ནས་གང་ལ་གང་འཚམ་གྱི་སྐད་ཆ་བསྒྲིགས་ཏེ་གླུ་དང་ལ་གཞས་ལེན་པའམ་གཉེན་བཤད་དང་ཇ་བཤད། མག་བཤད། སྐྲ་བཤད་སོགས་བཤད་པའི་ནུས་པ་ཡོད་པས། ཞིབ་ཏུ་བསམ་ན་གནའ་བོའི་བོད་ཆོས་ལྡན་རྒྱལ་རབས་ཀྱི་རིང་ཡི་གེ་དེ་དམངས་ཡོངས་སུ་ཁྱབ་བརྡལ་དུ་སོང་མེད་པའི་དུས་དེ་ལྟ་བུར་རྒྱལ་ཁབ་ཅིག་གི་སྲིད་འབྱོར་རིག་གསུམ་ལ་ཁ་ལོ་སྒྱུར་མཁན་གྱི་རྗེ་བོ་དང་བློན་པོ་དེ་དག་ལ་ཐད་ཀར་དུས་ཐོག་ཏུ་མགུར་གླུའི་གླུ་ཚིག་དེ་འདྲ་བསྒྲིག་པའི་རྣམ་དཔྱོད་ཡོད་དགོས་ལ་ཡོད་འོས་ཀྱང་འོས། དེ་བས་དམངས་ཁྲོད་ངག་ཐོག་རྩོམ་རིག་གི་ཁྱད་ཆོས་ཤིག་རྒྱུད་འཛིན་བྱས་ཡོད་ཅེས་བརྗོད་ཆོག་ཆོག་ཡིན་ལ། ངག་ཐོག་རྩོམ་རིག་དེ་ཡང་གཙོ་བོ་དབྱངས་ཀྱི་འདེགས་འཇོག་གི་སྟེང་ནས་བཤད་པ་ལགས།
         དེས་ན་བོད་ཀྱི་ཆོས་ལྡན་རྒྱལ་རབས་སྐབས་ཏེ། གཙོ་བོ་ཆོས་རྒྱལ་སྲོང་བཙན་དང་བཙན་པོ་འདུས་སྲོང་མང་པོ་རྗེ། ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་བཅས་ཀྱི་རིང་བྱུང་ཞིང་ཏུན་ཧོང་ཡིག་རྙིང་ཁྲོད་ད་ལྟ་མིག་མཐོང་ལག་ཟིན་དུ་གྱུར་བའི་མགུར་གླུ་གཞན་དག་ཀྱང་དེ་ལྟར་ཡིན་པས་གཅིག་ཤེས་ཀུན་གྲོལ་གྱིས་སོ། །
         གསུམ་པ། དཔེ་མང་བཀོད་དེ་བརྗོད་བྱའི་དོན་སྟོན་པའི་ཁྱད་ཆོས།
         མི་རིགས་གང་ཞིག་ཡིན་ནའང་མི་རིགས་གང་དེའི་རྩོམ་རིག་བརྩམས་ཆོས་ཁྲོད་དཔེ་མེད་པར་ཐད་ཀར་བརྗོད་བྱའི་དོན་དེ་ཉིད་ཚིག་སྐྱ་བོ་རྐྱང་རྐྱང་གིས་བྲིས་པ་ཞིག་མ་ཡིན། དེ་བཞིན་དུ་བོད་རང་གི་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནའང་དཔེ་བཀོད་པ་ཧ་ཅང་མང་། འོན་ཀྱང་མཚར་དགོས་པ་ཞིག་ལ་ཐ་ན་བོད་བྱིངས་ཀྱིས་བཀོལ་བའི་ཡི་གེ་གསར་དུ་བཟོས་ནས་ཀྱང་དུས་ཡུན་ཐུང་ངུ་ཙམ་ལས་སོང་མེད་པའི་སྐབས་དེར་བྱུང་བའི་ཆོས་ལྡན་རྒྱལ་རབས་སྐབས་ཀྱི་མགུར་གླུའི་ཁྲོད་ན་གསོན་ཉམས་ལྡན་ཞིང་འོས་ཤིང་འཚམ་པའི་དཔེ་མང་པོ་བཀོད་དེ་བརྗོད་བྱའི་དོན་བསྟན་པ་ཕུན་སུམ་ཚོགས་པས་ད་ལྟ་བསམ་ན་བློ་ཡུལ་ལས་འདས་པ་ཞིག་ཏུ་སྣང་། དཔེ་རུ་བཀོད་པ་དག་ཀྱང་དུས་རབས་བཅུ་གསུམ་པར་རྒྱ་གར་ནས་བོད་དུ་དར་བའི་སྙན་ངག་གི་གཞུང་ཆེན་མོམེ་ལོང་མའིཁྲོད་ཀྱི་དཔེ་བརྗོད་པད་མ་དང་པད་རྫིང་། ཟླ་འོད་སོགས་གཞན་ཡུལ་རྒྱ་གར་གྱི་སྤྱི་ཚོགས་དང་འབྲེལ་བ་ལྟ་བུ་མ་ཡིན་པར་བོད་རང་ས་རང་ཡུལ་གྱི་རི་ཆུ་བྱ་བྱེའུ་འབའ་འབུ་དང་རི་དྭགས་གཅན་གཟན་སོགས་ཡིན་པས་བོད་རང་སའི་དྲི་མ་མ་ཡལ་བའི་རྩོམ་རིག་བརྩམས་ཆོས་སུ་བགྲང་ཆོག་ཆོག་ཡིན། "དེ་ཡང་རང་བྱུང་ཁམས་ཀྱི་ཆ་རྐྱེན་དང་མཐུན་པའི་སྒོ་ནས་འབྲོག་ལས་གཙོ་གཉེར་ཐོག་ཞིང་ལས་ཀྱང་གཉེར་བའི་ཐོན་སྐྱེད་རྣམ་པ་དེ་ནི་ས་མཐོའི་ཁྱད་ཆོས་གཙོ་བོ་ཡིན་པས་སྐབས་དེའི་མགུར་གླུའི་ནང་དུ་དྲངས་པའི་སྲོག་ཆགས་སྣ་ཚོགས་དང་། རང་བྱུང་ཁམས་ཀྱིདངོས་པོ་གཞན་སྣ་ཚོགས་ཀྱི་དཔེ་ཡིས་བོད་ས་མཐོའི་ཁྱད་ཆོས་གང་ལེགས་མཚོན་པར་བྱས་ཡོད།"17དཔེར་ན། བཙན་པོ་སྲོང་བཙན་གྱིས་དབའ་དབྱི་ཚབ་ཀྱི་ཁྱིམ་ནས་བླངས་པའི་མགུར"ཡར་མོ་ནོ་ཆུ་ཐུངས་ཀྱིས"ཞེས་པར་དབྱི་ཚབ་ཀྱིས་སྔར་བཙན་པོ་སྤུར་རྒྱལ་གྱི་རིང་དུ་ཆབ་སྲིད་ཀྱི་སྣ་ཐུང་མོད་དུས་ད་ལྟ་རིང་དུ་བསྲིངས་ལ། སྔར་ཆབ་སྲིད་ཀྱི་རྒྱ་ཆུང་ཡང་ད་ལྟ་རྒྱ་བསྐྱེད་པའི་དོན་དེ་ཐད་ཀར་མ་བརྗོད་པར་དཔེ་རུ"ཡར་མོ་ནི་ཆུ་ཐུངས་ཀྱིས། །མདོ་ནས་ནི་རྩང་བུ་བསྲིང་། །ཡར་མོ་ཎྀ་ཞེང་ཆུངས་ཀྱིས། །ལྷོ་ནས་ནི་བྱང་དུ་བསྐྱེད། །"18ཅེས་སྔར་ཡར་ཀླུང་ཆུ་བོ་སྣ་ཐུང་ཡང་དུས་ད་ལྟ་མདོ་ནས་གཙང་དུ་བསྲིངས་བ། སྔར་ཡར་ཀླུང་གཙང་བོ་ཞེང་ཆུང་ཡང་དུས་ད་ལྟ་ལྷོ་ནས་བྱང་དུ་བསྐྱེད་འདུག་ཅེས་བརྗོད་པ་ལྟ་བུ་དང་། སྲོང་བཙན་གྱིས་བླངས་པའི་མགར་"ཡར་མོ་ནྀ་ཆུ་ཐུངས་ཀྱིས་། ཞེས་པའི་ལན་དུ་དབའ་དབྱི་ཚབ་ཀྱིས་བཙན་པོའི་བཀའ་དྲིན་དེ་ལྟ་བུ་གནངས་པ་ལ་ཐུགས་མཉེས་ནས་བླངས་པའི"བཚན་དུ་ནི་བདག་འཚལ་ན"ཞེས་པར། བཙན་པོས་དབྱི་ཚབ་ཀྱི་བུ་ཚ་ཞིག་ལ་གསེར་གྱི་ཡི་གེ་རྒྱུན་མི་འཆད་པར་སྩོལ་རྒྱུ་ཁས་བླངས་པའི་བཀའ་དྲིན་དེ་ནི་བསྐལ་བ་མ་སྟོང་གི་བར་དུ་བརྗེད་མི་སྲིད་པའི་དཔེར། "བྱ་འིས་ནི་ཞུ་པུབ་ན། །ལ་པྱི་ནི་གདངས་སུ་དྲོ། །"19ཞེས་བྱ་མོས་བྱ་ཕྲུག་རུམ་པ་བཞིན་བཙན་པོའི་བཀའ་དྲིན་གྱིས་བསྐྱངས་པའི་བློན་པོ་བདག་ཅག་གི་སེམས་པ་ནི་ཤིན་ཏུ་དྲོའོ་ཞེས་བརྗོད་པ་ལྟ་བུ་ནི་དཔེ་བཀོད་པ་འོས་ཤིང་འཚམ་པ་ཞིག་རེད། གཞན་སྲོང་བཙན་གྱི་གཅུང་མོ་སད་མར་ཀར་གྱིས་ཞང་ཞུང་གི་ཡུལ་ནས་སྤུག་གྱིམ་བཙན་རྨང་ཆུང་ལ་བླངས་པའི་མགུར་གླུའི་ཁྲོད་དུ་ལིག་མྱི་རྷྱ་དེ་བྱང་འབྲོག་ཐང་གི་འབྲོང་བྲེ་སེར་རྭ་རྩེ་རྣོན་པོ་ཅན་དང་ཆུ་ནང་གི་ཉ་མོ་བཅས་ཀྱི་དཔེ་ལ་བྱས་པ་དང་ཞང་ཞུང་གི་རྒྱལ་པོས་སད་མར་ཀར་ལ་ཡ་མ་བྱས་པས་སད་མར་ཀར་གྱིས་ཁོ་གཉིས་ནི་ནམ་མཁའི་དགུ་ཚིགས་དང་ས་ཡི་ཆུ་མིག་འདྲ་བར་གཉེན་དུ་མི་མཐུན་པའི་དཔེ་རུ་བཀོད་པ་ལྟ་བུ།
         གཞན་ཡང་རྟོགས་བདེ་བའི་ཕྱིར་དུ་བཙན་པོ་ཁྲི་འདུས་སྲོང་གི་རིང་ལ་བློན་པོ་མགར་གྱི་བུ་རྒྱུད་གློ་བ་རིང་བའི་ཚེ་འདུས་སྲོང་གིས་བླངས་པའི་མགུར་གླུ་ཁྲོད་བྱུང་བའི་དཔེ་དག་ཐད་ཀར་བཀོད་ན། དགུང་གི་ཉི་མ། དོག་མོ་ས་གཞི། མདའ་དྲང་མོར་སྒྲོ་ཡིས་བརྒྱན་པ། མདའ་དྲང་མོ་ལྟོང་ལ་སྤྲད་པ། མདའ་ཡི་མདེའུ་རྣོ་མོ། འདབ་ཆགས་བྱ། བྱ་ཡི་གཤོག་སྒྲོ། བྱ་ཚེ་ཟད་ཁྲ་ཡི་གཟན་དུ་གྱུར་བ། རུས་སྦལ་འཕུར་ལ་རེ་བ། ཆུ་མིག་དགུང་ལ་འཕྱུར་བ། རྡོ་ཕ་བོང་གྱེན་ལ་འགྲིལ་བ། འོད་སྣང་མེ་ལྕེ་སྦར་བ། ཡར་ལྷ་ཤམ་པོའི་གངས། ཡར་ཀླུང་གཙང་པོའི་ཆུ། གླང་བ་མོ། འབྲོང་ཕོ་མོ། སྟག་དམར་ཡག མཁའ་ལྡིང་གི་རྒོད་པོ། སྐྱིད་ཆུ་སྔོན་མོ། གནུབས་ཀྱི་མཚོ་མོ་གླིང་དགུ། གྲང་པོའི་མཚོ་མོ་ལེ་གོང་། ཤ་མེད་རི་བོ་གངས་དཀར། པྱ་མདའི་ཡུལ་གྱི་ཁང་སྐྱ། ཕྱིང་བའི་ཡུལ་གྱི་སྟག་རྩེ། ནམ་མཁའི་ཉི་ཟླ། མི་ཡིས་རྟ་ལ་ཞོན་པ། རྟ་ཡིས་མི་ལ་ཞོན་པ། རྩྭ་ཡིས་ཟོར་བ་གཅོད་པ། ཟོར་བས་འཇག་རྩྭ་འབྲེག་པ། རྟ་ཕོ་མི་ལ་ཞོན་མི་རུང་བ། རྩྭ་ཡིས་ཟོར་བ་གཅོད་མི་ཐུབ་པ། བྱ་བྱིའུ་མ་བུ་ཁྱུ་གཅིག་ཡོད་པ་ཙི་ཙིས་འུར་སྒྲ་དང་བཅས་མ་ཉིད་ཁྲ་ཡིས་བཟུང་ཞིང་བྱ་ཕྲུག་ཐམས་ཅད་ཐང་ལ་འཁྱམས་པ་ལྟ་བུ་སོགས་དཔེ་མང་པོ་འདི་དག་གིས་གསོན་ཉམས་ལྡན་པའི་སྒོ་ནས་ཁྲི་འདུས་སྲོང་གིས་མགར་གྱི་བུ་རྒྱུད་ལ་བཀྱོན་གནངས་ཚུལ་སོགས་གསལ་གྱི་ལེར་བསྟན་ཡོད། འདུས་སྲོང་གིས་འཇང་ཡུལ་དུ་དམག་འདྲེན་ཁར་ཅོག་རོ་བཟའ་དང་བརྩེ་དུང་ཟབ་མོ་ཡོད་པས་ཕན་ཚུན་འབྲལ་མི་ཕོད་པ་ལྟར་མཛད་པའི་ཚེ། བློན་པོ་ཁེ་རྒྱལ་ཏོ་རེ་མདོ་སྣང་གིས་རྒྱལ་པོ་ལ་ཐུགས་གསོ་མཛད་པའི་མོད་ལ། བཙན་མོ་ཅོག་རོ་བཟའ་ལ་མཚང་འདྲུ་བའི་གླུ་བླངས་པའི་ཁྲོད་ཀྱང་དཔེ་མང་པོ་ཡོད་དེ། དཔེར་ན། འབྲོང་རུ་ཐུར། སྟག་རིས་བཀྲ། རྟ་མདོ་བ། འབྲོང་གི་རྭ་ཅོ། སྟ་མ་སྟེའུ། ཉ་ཡི་དྲི། ཟངས་ཀྱི་གཡའ། ཁྱི་ཡིས་བདའ་བ། བསེར་མ་རླུང་བཅས་དང་། གཞན་ཅོག་རོ་བཟས་བློན་པོ་ཁེ་རྒྱལ་ཏོ་རེ་ལ་བླངས་པའི་མགུར་དང་པ་ཚབ་རྒྱལ་ཏོ་རེའི་མགུར། མགར་མང་པོ་རྗེ་སྟག་བཙན་གྱིས་བཟའ་ཟླ་ཅོག་རོ་བཟའ་དང་ལྷན་ཅིག་ཏུ་རྒྱ་ལ་བླངས་པའི་མགུར་གྱི་ཁྲོད་ནའང་དཔེ་མང་པོ་ཡོད་མོད་རེ་རེ་བཞིན་མ་བཀོད་པས་གོང་གི་འདི་དག་ལས་ཆོས་ལྡན་རྒྱལ་རབས་དུས་སྐབས་ཀྱི་མགུར་གླུའི་ཐུན་མིན་གྱི་ཁྱད་ཆོས་གཞན་ཞིག་སྟེ། རང་ས་རང་ཡུལ་དང་འབྲེལ་བའི་དཔེ་མང་བཀོད་དེ་བརྗོད་བྱའི་དོན་སྟོན་པའི་ཁྱད་ཆོས་ཤིག་ཡོད་པ་སུ་ཡིས་བལྟས་ཀྱང་མཐོང་ཐུབ་བོ། །
         བཞི་བ། ཤུགས་དྲག་པོའི་བརྩེ་ཚོར་གྱིས་ཕྱུག་པའི་ཁྱད་ཆོས།
         སྤྱིར་རྩོམ་རིག་བརྩམས་ཆོས་གང་ཡིན་ནའང་ཚོར་འདུ་ཤུགས་དྲག་པོ་ཞིག་གིས་བཅིངས་ཡོད་དེ། ལྷག་པར་དུ་སྐབས་འདིའི་མགུར་གླུ་ལ་མཚོན་ནའང་བརྩེ་དུང་དང་ཚོར་འདུས་ཆེས་ཆེར་ཕྱུག་པ་ལས། རང་དགར་ཅི་བྱར་མི་ཤེས་པའི་སྐབས་སུ་བླངས་པ་ལྟ་བུ་ཞིག་མ་ཡིན་ལ། མགུར་གླུ་བཞེངས་མཁན་ཚང་མའི་སེམས་པ་དགའ་བ་དང་སྐྱོ་བའི་སྐབས་སུ་མགུར་གླུའི་ལམ་ནས་སོ་སོའི་སེམས་སུ་དྲན་པའི་དོན་དེ་ཕན་ཚུན་ལ་སྟོན་བཞིན་ཡོད་དེ། དཔེར་ན། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུ་ཞིང་ཆབ་སྲིད་དང་དཔལ་འབྱོར་འཚོ་བ། རིག་གནས་བཅས་ཕྱོགས་གང་ཐད་ནས་འཕེལ་རྒྱསསུ་ཕྱིན་ཏེ་རྒྱལ་པོ་སྲོང་བཙན་སྒམ་པོ་ཐུགས་དགྱེས་ཏེ་དབའ་དབྱི་ཚབ་ལ་བླངས་པའི་མགུར་ལས། "ད་ནས་ནི་ཕན་ཆད་དུ། ཁྱོད་ཀྱིས་འྀ་ང་མ་གཏང་བཏང། ང་འྀས་ཡིས་ནི་ཁྱོད་མྱྀ་གཏང་། ང་འྀས་ཡིས་ནྀ་ཁྱོད་བཏང་ན། དགུང་མཐའི་ནི་སྲུང་དུ་རུང་། ཁྱོད་ཀྱིས་ཎྀ་ང་བཏང་ན། ངས་པོ་རྣུ་རྨད་སྨད་དུ་རུང་།" 20ཞེས་པ་འདི་ནི་དབྱི་ཚབ་ཕ་ཚན་ནས་བཙན་པོ་ལ་གློ་བ་ཉེ་བས་སྲོང་བཙན་གྱིས་རྒས་ནས་ཡོད་པའི་དབྱི་ཚབ་ཀྱི་བུ་གང་རུང་ལ་གསེར་གྱི་ཡི་གེ་རྒྱུན་མི་ཆད་པར་སྩོལ་རྒྱུར་ཁས་བླངས་ཏེ་མགུར་བླངས་པ་ཡིན་ལ། འདི་ནི་གཙོ་བོ་རྗེ་བློན་ཕན་ཚུན་བར་དུ་ཡིད་ཆེས་ཟབ་མོ་སྟོན་པའི་བརྩེ་ཚོར་དང་ཀུན་སློང་ཞིག་གིས་བསླངས་ཏེ་བླངས་ཡོད།
         དབྱི་ཚབ་ཀྱིས་བཙན་པོར་བླངས་པའི་མགུར་ལས"བཙན་དུ་ནྀ་བདག་འཚལ་ན། ཆུང་ན(ནས)ནི་རྗེ་ཁུར་ཆིག(ཅིང)པྱུག་དུ(ཕྱག་ཏུ)ནྀ་བདག་འཚལ་ན། ལྷ་རྀ(རིས)ནི་གཡང་སྐྱོང་ཤྀག རྗེ་འྀས་ཡིས་ནི་བཀའ་སྩལ་བསྩལ་ན། གཞའ་མ་ཎྀ་ཡུན་ཀྱི(གྱི)སྲིད།"21ཅེས་པའང་བློན་པོའི་སེམས་ཤིན་ཏུ་མགུ་ཞིང་སྐྱིད་པ་སྟོན་པའི་བསམ་པ་དེ་བཅོས་མིན་དུ་མགུར་ལ་དྲངས་ནས་བསྟན་པ་རེད། སྲོང་བཙན་གྱི་གཅུང་མོ་སད་མར་ཀར་གྱིས་བླངས་པའི་མགུར་ལས"སྐྱ་མོ་ཎྀ་བསེང་བསེང་མོ"ཞེས་པའི་ཚིག་སོགས་ཀྱིས་སད་མར་ཀར་རང་ཉིད་ཞང་ཞུང་གི་ཡུལ་ནས་རྒྱལ་པོ་ལིག་མྱི་རྒྱ་དང་འགྲིག་ཐབས་མེད་པས་སེམས་ཤིན་ཏུ་སྐྱོ་བའི་དོན་སྟོན་ཞིང་རང་ཡུལ་དྲན་པའི་འདུན་པའང་ཅིག་ཅར་དུ་བསྟན་ཡོད་ལ། བཙན་པོ་སྲོང་བཙན་རྗེ་འབངས་ཀྱིས་ཞང་ཞུང་དབང་དུ་བསྡུ་བའི་རྒྱལ་ཁར་རྟེན་འབྲེལ་ཞུ་ཆེད་སྟོན་མོའི་སྐབས་སུ་བླངས་པའི་མགུར་ལས་སྲོང་བཙན་སྒམ་པོས་བློན་པོ་མགར་ལ་མཐོང་ཆེན་པོ་མཛད་པ་དང་རྗེ་བློན་བར་གྱི་མཛའ་བཤེས་དང་བརྩེ་བའི་དུང་བ་ཟབ་མོ་མངོན་ཡོད་ཅིང་། བློན་ཆེན་པོ་མགར་སྟོང་བཙན་ལ་བསྟོད་བསྔགས་ཀྱང་མཛད་ཡོད་པས་མགུར་བཞེངས་མཁན་གྱི་ཚིག་རྐང་རེ་ལ་ཤུགས་དྲག་པོའི་བརྩེ་ཚོར་གྱིས་ཕྱུག་ཡོད།
         གཞན་ཡང་རྗེ་བློན་ཕན་ཚུན་བར་འགལ་བ་བྱུང་དུས་བླངཔ་ལ་འདུས་སྲོང་མང་པོ་རྗེའི་རིང་བླངས་པའི་མགུར་དེ། བཙན་པོ་འདུས་སྲོང་གིས"ཀྱེ་གནའི་ནི་ཐོག་མ་རུ། གཞེ་འི་ནི་དང་པོ་ལ། དགུང་སྔོ་ནི་མ་འོག་གི། དོག་མོན་ནི་ཡ་སྟེངས་ན། མ་འཕང་ནི་ཤ་མྱི་ཁུམས། །འཕངས་ན་ནི་རལ་ཡང་སྟོངས། །རེ་ན་ནི་གཐང་དུ་ན། །རེ་དཀུའ་ནི་མཚུལ་དུ་དཀུའ། །"22ཞེས་པ་ནི་བཙན་པོ་འདུས་སྲོང་མང་པོ་རྗེའི་རིང་བློན་པོ་མགར་གྱི་བུ་རྒྱུད་གློ་བ་རིང་པར་བླངས་ཤིང་མགུར་འདི་ནི་ཏུན་ཧོང་ཡིག་རྙིང་དུ་ཚུད་པའི་མགུར་གླུ་ཁྲོད་ཅུང་རིང་བའི་གྲས་ཡིན་ལ། འདིར་བཙན་པོ་རང་ཉིད་དང་སྐུ་གོང་མའི་བཀའ་དྲིན་དང་ཆེ་བ་བརྗོད་ཡོད་པ་དང་། མགར་གྱི་བུ་རྒྱུད་མགར་ཁྲི་འབྲིང་བཙན་བྲོད་ལ་རྗེ་བོ་བྱེད་རྒྱུའི་ཧམ་སེམས་ཡོད་ཀྱང་དེ་ནི་རྦབ་རྡོ་གྱེན་ལ་འགྲིལ་འདྲའི་དཔེ་མི་སྲིད་པར་བརྗོད་ཅིང་རྗེ་བློན་གཉིས་ཀྱི་དབང་ཐང་དང་ཆབ་སྲིད་ཀྱི་མངའ་རིས་ལ་ཁྱད་པར་ཤིན་ཏུ་ཆེ་བས་མགར་གྱི་བུ་རྒྱུད་ཀྱིས་རང་ཚོད་མ་ཟིན་ན་བཅོམ་ཉེན་ཆེ་ཞེས་ཐ་ཚིག་དྲག་པོ་བསྒྲགས་པ་ཞིག་ཡིན་པས། ཐ་ཚིག་འདི་སྒྲོག་པ་པོ་རྒྱལ་པོ་འདུས་སོང་ཁོ་རང་ལ་མཚོན་ནའང་ཤིན་ཏུ་གཟབ་ནན་གྱིས་བླངས་ལ་ཉན་པ་པོ་མགར་གྱི་བུ་རྒྱུད་ཁྲི་འབྲང་བཙན་བྲོད་རང་ཉིད་ལ་མཚོན་ནའང་ཧ་ཅང་ཚབས་ཆེ་བའི་གནས་ཤིག་ཡིན་པས། འདི་ལྟ་བུའི་མགུར་གླུ་རྗེ་བློན་ཕན་ཚུན་བར་ལ་བཞེང་དུས་ཕྱོགས་གཉིས་ཀར་སེམ་པའི་བརྩེ་ཚོར་དྲག་པོ་ཞིག་སྟེ། གཅིག་ནི་ཁྲོ་ཞིང་དཔའ་བའི་ཚུལ་གྱིས་དང་ཅིག་ཤོས་ཉམས་ཆུང་ཞིང་སེམས་པ་ཀློང་ཀློང་པོར་བྱེད་པ་ཞིག་གོ །
         དེ་ཡང་བརྩེ་ཚོར་གྱིས་ཕྱུག་པའི་མགུར་གླུ་འདི་དག་གི་འབྱུང་ཁུངས་སམ་དམིགས་ས་གཙོ་བོ་ནི་སྐབས་དེའི་ཆབ་སྲིད་དགོས་མཁོ་དང་གོ་གནས་འཕྲོག་རྩོད། རྒྱལ་སའི་མངའ་ཁོངས་འཕྲོག་རྩོད་བཅས་ཀྱི་ངོས་ཁོ་ན་ལས་བྱུང་བའི་བརྩེ་དུང་ཤུགས་དྲག་པོས་ཕྱུག་པ་ལས་གོང་ནས་གླེང་ཟིན་པའི་རྗེ་མི་ལའི་མགུར་འབུམ་སོགས་ཕྱི་དར་མགུར་གླུ་མང་པོ་ཞིག་དང་གཏན་ནས་མི་འདྲའོ། །
         ལྔ་བ། ཞར་བྱུང་དུ་མགུར་གླུ་གཞན་འགའ་གླེང་བ།
         ཞར་བྱུང་དུ་གླེང་དགོས་པ་ཞིག་ལ་ཕྱིས་བྱུང་བསྟན་བཅོས་མང་པོ་རུ་ཁྲི་སྲོང་ལྡེ་བཙན་རིང་བྱུང་བར་གྲགས་པའི་མགུར་གླུ་འགའ་སྟེ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་མ་བཞེངས་གོང་སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་ཧས་པོ་རིར་བྱོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་བློན་པོ་ཐམས་ཅད་བསུ་བར་བྱོན་མོད། དེར་རྒྱལ་པོས་ང་ས་བདག་རྒྱལ་པོ་ཡིན་ལ་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀྱི་བདག་པོ་ཡིན་པས་སློབ་དཔོན་གྱིས་ང་ལ་ཕྱག་བྱེད་སྙམ། སློབ་དཔོན་གྱི་ཐུགས་དགོངས་ལ་ང་སྤྲུལ་བའི་སྐུ་ཡིན་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཚེའི་རིག་འཛིན་བརྙེས་པ་ཡིན་པས་རྒྱལ་པོས་ང་ལ་ཕྱག་བྱེད་སྙམ་སྟེ་སུས་ཕྱག་འཚལ་རྒྱུ་ལ་མ་མཐུན་པས། དེ་ལ་སློབ་དཔོན་གྱིས་ང་ཆེ་ང་བཙན་གྱི་མགུར"ཁམས་གསུམ་སེམས་ཅན་འཆི་ལ་རྟག །ཡོ་ག་ཚེའི་རིག་འཇིན་བརྙེས། །ང་འཆི་མེད་པད་མ་འབྱུང་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་ཡོད། ། བོད་ཀྱི་མངའ་བདག་ལྷ་སྲས་ལ། །ཁྱེད་མངའ་ཐང་ཆེ་བར་གློ་བ་དགའ། །རྒྱལ་པོ་ཉིད་ལ་ཕྱག་མི་འཚལ། །རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚལ། །"23ཞེས་པ་དེ་བེས་པ་དང་། སློབ་དཔོན་གྱིས་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་མཛད་ནས"ཧཱུྃ་ང་ནི་པད་མ་འབྱུང་གནས་ཏེ། མངལ་གྱི་དྲི་མས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། །ལུས་ལ་གནོད་པས་མི་ཚུགས་རྒྱུ་ལུས་དག །ཡོ་ག་ཚེ་ཡི་རིག་འཛིན་གྲུབ་པ་བརྙེས། །ངའི་ལུས་ངག་ཡིད་གསུམ་ལྷ་རུ་གསལ། ། "24ཞེས་པའི་མགུར་བཞེས་པ། ད་དུང་བསམ་ཡས་གཙུག་ཁང་བཞེངས་གྲུབ་གནངས་ནས་དགའ་སྟོན་བསྟོད་དབྱངས་ཀྱི་མགུར་སོགས་མང་པོ་ཞིག་བྱུང་མོད། ཆོས་ལྡན་རྒྱལ་རབས་ཀྱི་མགུར་གླུའི་ཁྱད་ཆོས་དག་གླེང་སྐབས་འདི་དག་གླེང་མེད། དེ་ཡང་སྐབས་འདིའི་མགུར་གླུ་དག་ནི་ཚིག་གི་འགྲོས་ལུགས་དང་དབྱངས་ཀྱི་འདེགས་འཇོག དཔེར་བཀོད་པ། བརྗོད་བྱའི་བསམ་བློ་སོགས་གང་ཐད་ནས་ཆོས་ལྡན་རྒྱལ་རབས་ཀྱི་མགུར་གླུ་གཞན་དང་མི་འདྲ་བ་དང་གཅིག ཏུན་ཧོང་གི་མ་ཡིག་དངོས་སུ་མཐོང་རྒྱུ་མི་འདུག་པ་དང་གཉིས། ཕྱིས་བྱུང་བསྟན་བཅོས་རྩོམ་མཁན་དག་གིས་སྐབས་དེའི་ལོ་རྒྱུས་དང་བསྟུན་ནས་འོས་འཚམ་གྱི་མགུར་བསྒྲིགས་པའང་མི་སྲིད་པ་མེད་པ་དང་གསུམ་བཅས་ཀྱི་རྒྱུ་མཚན་གྱིས་ཆོས་ལྡན་རྒྱལ་རབས་སྐབས་སུ་གཅིག་ཏུ་བསྲེས་ཏེ་མ་གླེང་ལ། དཔལ་དོན་གྲུབ་རྒྱལ་སོགས་སྔོན་མའི་མགུར་གླུར་དཔྱད་མཁན་དག་གིས་ཀྱང་གོང་གི་མགུར་གླུ་འདི་དག་མ་གླེང་བ་ལའང་རྒྱུ་མཚན་མེད་པ་མ་ཡིན་སྙམ།
         མདོར་ན། ཆོས་ལྡན་རྒྱལ་རབས་ཀྱི་དུས་སྐབས་སུ་བྱུང་བའི་མགུརགླུ་དག་ནི་དེའི་སྔོན་གྱི་མགུར་གླུ་དང་མ་འདྲ་ལ་ཕྱི་དར་མགུར་གླུ་དང་ཡང་མ་འདྲ་བས། འདིར་ཆེད་དུ་དུས་མཚམས་དེར་བྱུང་བའི་མགུར་གླུ་དག་གི་གདངས་དབྱངས་ལས་མངོན་པའི་ཁྱད་ཆོས་དང་ཚིག་འགྲོས་ལས་མངོན་པའི་ཁྱད་ཆོས། དཔེ་མང་བཀོད་པའི་ཁྱད་ཆོས། གཞན་ད་དུང་མགུར་གླུ་བཞེངས་མཁན་གྱི་རྗེ་བློན་འབངས་གསུམ་སུ་ཡིན་ནའང་ཤུགས་དྲག་པོའི་བརྩེ་དུང་དང་ཚོར་འདུས་བཅིངས་ཏེ་བཞེངས་པའི་ཁྱད་ཆོས་བཅས་ཡོད་པ་མ་ཟད། ཡིག་ཐོག་སྙན་ངག་གི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པའི་ཁྱད་ཆོས་ཀྱང་ཡོད་མོད། ནུས་ཚོད་ཀྱིས་གོང་གི་དེ་དག་ལ་རང་བློས་དཔྱད་ཙམ་བྱས་པ་ཡིན། དེ་ཡང་རིག་ཚན་མི་འདྲ་བའི་ངོས་དང་དཔྱད་མཁན་མི་འདྲ་བ་སོ་སོས་བལྟས་ན་ད་དུང་ཡང་སྔོན་མའི་དཔྱད་མཁན་དག་གིས་གླེང་ཟིན་པ་དང་ཕྲན་གྱིས་གླེང་བའི་ཁྱད་ཆོས་མ་འདུས་པའི་རིག་ཚན་གཞན་གྱི་ཁྱད་ཆོས་གང་མང་མཆིས་ངེས་པས། ཕྲན་གྱིས་སྔོན་མ་དག་གི་གྲུབ་འབྲས་ལ་བསྐྱར་བཟློས་ཀྱི་ངལ་བ་དང་དུ་བླངས་པ་མ་ཡིན་པར་བོད་རང་གི་ཡབ་མེས་གོང་མའི་རིག་གནས་བང་མཛོད་ལས་རྩོམ་རིག་བརྩམས་ཆོས་ཀྱི་ཞིང་ས་གཤིན་པོར་འཁྲུངས་པའི་མགུར་གླུའི་ཁྱད་ཆོས་གཞན་དག་ལ་ཁ་གསབ་ཙམ་དང་གཟུར་གནས་མཁས་པ་རྣམས་ནས་ད་དུང་དེའི་ཁྱད་ཆོས་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་སྨོན་གྱི་ཀུན་སློང་དག་པོས་བྲིས་པའོ། །
རིན་ཆེན་གྱིས་བསྒྲིགས།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005