རྣམ་དཀར་ལེགས་པའི་ས་བོན་གྱིས་སྨིན་པའི།།
རྣམ་མང་མཛད་པ་བསམ་མི་ཁྱབ་པ་ཡིས།།
རྣམ་པ་དུ་མའི་འགྲོ་ལ་ཕན་མཛད་པར།།
རྣམ་ཀུན་སྙིང་ནས་མི་གུས་སུ་ཞིག་བདོག།
དེ་ཕྱིར་རི་བོང་བློ་གྲོས་ལྡན་པ་ཡི།།
ཡ་རབས་སྤྱོད་ཚུལ་བཅུ་གཉིས་བདག་པོའི་གཟི།།
སྔོན་རབས་གསུང་སྒྲོས་མཁའ་ཀློང་ལས་ཤར་བས།།
བདག་བློའི་ངོ་མཚར་པདྨོ་རབ་ཏུ་མཛུམ།།
སྔོན་བྱུང་གྲགས་པའི་ཡ་མཚན་གཏམ་གྱི་སྲོལ།།
ཐོས་པ་ཙམ་གྱིས་ཐོས་འཛིན་སིམ་བྱེད་པ།།
ཡོངས་སྦྱངས་གསེར་གྱི་ཏམ་བུ་ར་ཡི་རྒྱུད།།
ལྷག་བསམ་སོར་མོས་འདི་རུ་བརྡུང་བར་བྱ།།
རྩྭ་ལྗང་གུར་ཀུམ་ལོ་འབྲས་མེ་ཏོག་གིས།།
མངོན་པར་བཀྲ་བའི་ཕྲ་ཚོམ་གྱིས་སྤུད་ཅིང་།།
ཁོ་ར་ཁོར་ཡུག་ཡངས་ཤིང་སྙོམས་པ་ཡི།།
ནེའུ་གསིང་གཡུ་ཡི་མཎྜལ་ལྟ་ན་སྡུག།
མར་གད་ཞུན་མས་ཁ་དོག་བསྒྱུར་མིན་ཞིང་།།
དར་ཟབ་སྲད་བུར་ཟླུམ་པོར་བརྒྱུད་མིན་པར།།
སྔོ་ལྗང་མདངས་ཆགས་ས་འཛིན་བྱུག་རིས་ཀྱིས།།
ཡོངས་སུ་བསྐོར་བའི་མུ་ཁྱུད་ར་བ་ཡངས།།
ཨན་ད་རྙིལ་གྱི་མདངས་ལ་རབ་འཁུ་ཞིང་།
ཆིལ་ཆིལ་རླབས་ཀྱི་དར་དཀར་འཕྱོ་བ་ཡི།།
དྭངས་གསལ་ཡིད་འོང་ཡན་ལག་བརྒྱད་ལྡན་ཆབ།།
སྐོམ་པའི་ཚ་གདུང་སེལ་བའི་གྲོགས་སུ་འབབ།།
ངང་ངུར་ལ་སོགས་འདབ་ཆགས་སྣ་ཚོགས་ཀྱིས།
འཕུར་ལྡིང་མཛེས་པའི་གཤོག་གར་རབ་བསྒྱུར་ཅིང་།།
མགྲིན་པའི་གླིང་བུའི་བུ་ག་སོ་སོ་ནས།།
སྐད་སྙན་འབྱིན་པས་དྲི་ཟའི་གླུ་དབྱངས་འགོག།
བོས་པ་མིན་ཡང་མགྲོན་དུ་ཆ་འདོད་ཅིང་།།
བྲིས་པ་མིན་ཡང་མཐོང་བས་ཡིད་འཕྲོག་པ།།
ངོ་མཚར་ཉམས་སུ་དགའ་བ་དབེན་པའི་གནས།།
རང་བྱུང་ལྷུན་གྱིས་གྲུབ་པའི་སྐྱེད་ཚལ་དེར།།
རང་བདེ་གཅེས་འཛིན་རྒྱ་ལས་ཕྱིར་བསྐྲད་ཅིང་།།
གཞན་བདེ་ངལ་བརྒྱའི་ཁུར་ཆེན་འདེགས་བཟོད་པ།།
གཏོང་ཕོད་སྙིང་རྗེའི་གཏེར་དུ་གྱུར་པ་ཡི།།
རི་བོང་མཆོག་གིས་སྤོབས་པ་བླ་ན་འཕགས།།
གང་མཐུ་ལུས་ཕྲ་མ་ཡི་འགྲམ་ཆང་གིས།།
སྤྲེལ་སྲམ་སྤྱང་གསུམ་བློ་ཡི་བ་ཀུ་ལ།།
འཛུམ་པར་བྱས་པས་ཕན་ཚུན་མཛའ་གཅུགས་སྒོས།།
མཉམ་དུ་གནས་པའི་སྐལ་བ་མི་དམན་ཐོབ།།
རི་བོང་ན་རེ་འོ་སྐོལ་གྲོགས་པོ་རྣམས།།
མ་རབས་བྱ་བའི་རྡུལ་སྙིགས་རབ་དོར་ནས།།
ཡ་རབས་གཞན་ཕན་གཙང་མའི་སྤྱོད་པ་ཡིས།།
གང་བྱུང་མགྲོན་རྣམས་དགྱེས་ལ་འབད་དོ་ཟེར།།
གྲོགས་དག་ལགས་སོ་མགྲོན་དུ་གྱུར་རྣམས་ལ།།
ངེད་ཅག་བདོག་པའི་དངོས་པོ་གང་དང་གང་།།
གང་ལ་གང་འདོད་སྦྱིན་སོགས་གཞན་ཕན་ལས།།
རང་ལུས་ཅི་ལྕོགས་སྒྲུབ་པར་ཁས་འཆེས་སོ།།
མི་འཇིགས་སྤོབས་པའི་གཏིང་མཐའ་དཔག་དཀའ་ཞིང་།།
གཞན་དོན་སྒྲུབ་པའི་རྦ་རླབས་ཡོལ་མེད་པ།།
རི་བོང་སེམས་དཔའ་མ་དྲོས་ཀླུང་ཆེན་པོས།།
རང་ལུས་ཆུ་གཏེར་གཏོང་བའི་དམ་བཅའ་བཀོད།།
དེ་ལྟའི་ངོ་མཚར་གཏམ་གྱི་འབྲུག་སྒྲ་ཡིས།།
ལྷ་དང་མི་ཡི་ཁྱོན་ཀུན་ཡོངས་ཁྱབ་ཚེ།།
བརྒྱ་བྱིན་དོགས་སྙམ་ཤར་ནས་ཉམས་སད་ཕྱིར།།
འཁོས་དམན་བྲམ་ཟེར་སྤྲུལ་ཏེ་ཡུལ་དེར་ཕྱིན།།
སྡུག་བསྔལ་གྲང་རེག་ཁ་བའི་ཁུར་ལྕི་བས།།
ནོན་པའི་རྒྱ་ལྕང་ལྕུག་མའི་རྗེས་འགྲོ་བ།།
ཉམ་ཐག་རྒས་འཁོགས་སྙིང་རྗེའི་ཡུལ་གྱུར་པའི།།
ཟོལ་ལ་བརྟེན་ནས་དངོས་པོ་སློང་ཁུལ་བྱས།།
དེ་ཚེ་སྤེལ་སྲམ་ཅེ་སྤྱོང་རྣམས་ཀྱིས་ནི།།
རང་རང་བདོག་པའི་ཞོ་དང་ཤིང་ཐོག་སོགས།།
ཕངས་མེད་སྦྱིན་པ་བཏང་ཚེ་རི་བོང་ལ།།
གཏོང་བྱའི་དངོས་པོ་གཞན་གང་མ་མཆིས་སོ།།
གྲོགས་དག་བྱིན་པའི་དངོས་པོ་དེ་དག་གིས།།
སྤྲུལ་པའི་བྲམ་ཟེ་ཅུང་ཟད་ཙམ་དུ་ཡང་།།
མགུ་བར་མ་གྱུར་ཉམས་མི་དགའ་བ་ཡི།།
གཡོ་སྒྱུའི་ཟོལ་གྱིས་མགྲིན་པ་འཁྱོགས་ནས་འདུག།
རི་བོང་དེ་མཐོང་འགྱོད་གདུང་དྲག་པོའི་མཐུས།།
རང་ལུས་གཏོང་བའི་སྔར་གྱི་དམ་བཅའ་དེ།།
འགྱུར་མེད་སྙིང་གི་མེ་ལོང་གཙང་མའི་ངོར།།
རྡོ་ལ་བརྐོས་པའི་རི་མོ་བཞིན་དུ་ཤར།།
གཅེས་པའི་བསྐྱངས་པའི་སྒྱུ་མའི་རྟེན་འདི་ལས།།
གཅེས་པའི་དོན་ཆེན་ལེན་པའི་སྐལ་བ་བཟང་།།
གཅེས་སྐབས་འདི་ལས་གཞན་དུ་འཐོབ་དཀའ་ཕྱིར།།
གཅེས་ལུས་ཕངས་མེད་གཏོང་བའི་ཐབས་ལ་བསམས།།
དེ་ཚེ་བརྒྱ་བྱིན་འུར་འུར་རབ་འབར་བའི།།
དུ་བ་མེད་པའི་མེ་དཔུང་ཆེས་ཆེ་བ།།
མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་ཏུ།།
མྱུར་དུ་མངོན་པར་སྤྲུལ་ནས་ཉམས་སད་བྱས།།
རི་བོང་དེ་ཉིད་མཐོང་མ་ཙམ་དུ་ནི།།
མ་བཙལ་ཐབས་ལེགས་རྙེད་སྙམ་དགེས་སྣང་གིས།།
པདྨོའི་མཚོ་ལ་འཇུག་པའི་ངང་མོ་བཞིན།།
ཚམ་ཚོམ་མེད་པར་མེ་ཡི་དཀྱིལ་དུ་མཆོངས།།
མི་འཇིགས་བྱ་དཀའི་སྤྱོད་པ་ཀྱོ་རྣོན་དེ།།
བརྒྱ་བྱིན་ངོ་མཚར་དད་སེམས་ཨ་ལོང་ལ།།
ཞུགས་མ་ཐག་ཏུ་རང་ལུས་དངོས་བསྟན་དེ།།
སྐད་ཅིག་ཉིད་ལ་མེ་དཔུང་གཞིལ་བར་བྱས།།
གསེར་བཟང་ཞུགས་ལ་སྦྱངས་པའི་རང་མདངས་བཞིན།།
སྲེག་ཟའི་ལྕེ་ཡིས་གོས་མིན་རི་བོང་དེ།།
འཕྲལ་མར་བླངས་ནས་བསྟོད་བསྔགས་མེ་ཏོག་ཕྲེང་།།
འཐོར་བཞིན་གཙུག་གི་ཅོད་པན་རྩེ་མོར་བཀོད།།
དེ་ནས་རྣམ་སད་ལྷ་ཡི་ཡུལ་རྣམས་སུ།།
མངོན་པར་དྲངས་ཏེ་གང་རྒྱུ་གླེང་བའི་མོད།།
འཆི་མེད་པ་རྣམས་ངོ་མཚར་དད་པའི་སྒོས།།
དེ་ཉིད་བཀུར་བའི་ཐབས་ལ་བགྲོ་བར་བྱས།།
དེ་ཕྱིར་རྣམ་རྒྱལ་ལྷ་ཡི་ཁང་བཟང་དང་།།
ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ངོས་སོགས་སུ།།
ཁྱད་པར་འཕགས་པ་རི་བོང་བློ་ལྡན་གྱི།།
གཟུགས་བརྙན་རི་མོར་བཀོད་ནས་བཀུར་སྟི་བྱས།།
ཟླ་མེད་རྨད་བྱུང་མཛད་བཟང་དཔྱིད་ཀྱི་དཔལ།།
ཤར་བའི་བསྔགས་བརྗོད་དབྱངས་སྙན་ནམ་མཁའི་རྔ།།
ལྷ་དང་མི་ཡི་ཡུལ་ལྗོངས་རྣམས་སུ་ནི།།
འགོག་མེད་ལྡིར་བས་རྨོངས་པའི་མནལ་ལམ་དཀྲོགས།།
དེ་མཐུས་ཡུལ་དེར་དགེ་ལེགས་མཚན་མ་ཡི།།
ཉི་ཟླའི་སྣང་བའི་རྩེ་དགའ་རབ་རྒྱས་ཤིང་།།
མི་མཐུན་རྒུད་པའི་མུན་ཚོགས་རབ་ཞི་སྟེ།།
སྡེ་བཞིའི་དཔལ་ལ་རོལ་པའི་ཤིས་པ་གྲུབ།།
དེ་ནས་མི་མཇེད་འཇིག་རྟེན་ཁམས་རྣམས་སུ།།
རབ་དཀར་ག་པུར་དབང་པོའི་དཀྱིལ་འཁོར་ལ།།
རི་བོང་ཅན་ཞེས་མངོན་པར་བརྗོད་པའི་མིང་།།
བྱུང་བ་ཡིན་ཞེས་སྔོན་བྱོན་མཁས་པས་གསུངས།།
དེང་དུས་གཞལ་མེད་འགྲོ་ཕན་ལེགས་པའི་ལས།།
དེང་རབས་ཅན་བཞི་མངོན་དུ་འགྱུར་བ་ལ།།
གང་ལྟར་རང་ཉིད་བློ་ཡིས་ཡལ་བོར་ནས།།
གང་བཅོལ་བྱ་བའི་གནས་ལ་འབད་པར་འཚལ།།
རི་བོང་རབས་ཀྱི་རིན་བྲལ་རིན་ཆེན་ཕྲེང་།།
རབ་སྙན་ངག་རིག་ཚིག་གི་སྲད་བུ་རུ།།
རིག་དམན་རང་བློས་རགས་པར་བརྒྱུས་འདིའི་མཐུས།།
རིག་པའི་གནས་ཀུན་རིང་དུ་གནས་གྱུར་ཅིག།