གང་ཉིག་རྙེད་དང་གྲགས་ལ་རེ་མིན་ཡང་།།
གང་ཕན་གཞན་དོན་བགྱིད་ལ་ལྷོད་མིན་པའི།།
གང་སེམས་གཞུང་དྲང་བག་ཡོད་ཚུལ་ལྡན་པ།།
གང་གང་གདའ་ཞིང་དད་པས་གཙུག་ཏུ་མཆོད།།
ཐ་ཤལ་སྐྱེ་བོས་རང་སྲོག་བསྐྱབས་པའི་དྲིན།།
མཐའ་མར་བཟང་གིས་གཟོ་བ་ལྟ་ཞོག་གི།།
ཐ་ཆད་སྤྱོད་པ་ངན་པས་ལོག་འཇལ་བ།།
ཐ་ག་བས་ཀྱང་དམོད་པའི་རྡོག་འོག་རྫི།།
བཟང་ངན་སྤྱོད་པའི་བྱུང་བ་གསེར་དང་སོལ།།
མ་འདྲེས་སོ་སོར་སྣང་བ་གློག་གི་རིས།།
ཚིག་སྦྱོར་གཙང་མ་དར་དཀར་ཡོལ་བའི་གཞིར།།
འཆར་བའི་ལྟད་མོ་འདྲེན་བྱེད་ལམ་དུ་སྤྲོ།།
སྔོན་རབས་ཕུན་སུམ་ཚོགས་པའི་ལྗོངས་ཤིག་ཏུ།།
མར་གད་བྱེ་མ་ཕྱུར་བུར་སྤུངས་འདྲ་བ།།
ལྷུན་གྱིས་གྲུབ་པའི་ས་འཛིན་ཕྲེང་བ་ཡིས།།
བར་མེད་མུ་ཁྱུད་ཟླུམ་པོར་བསྐོར་པའི་དབུས།།
ཡལ་ག་ལོ་འབྲས་རྒྱས་པའི་ནགས་ཀླུང་སྟུག།
མན་ད་ར་སོགས་ཆུ་སྐྱེས་སྣ་ཚོགས་བཞད།།
དཔལ་མཆོག་སྤོས་ཀྱི་དྲི་བསུང་ཀུན་ཏུ་འཐུལ།།
ལྟ་ན་སྡུག་པའི་རང་བྱུང་དགའ་ཚལ་གྱི།།
མ་བཅོས་གོར་མའི་ཁྲི་འཕང་མཐོན་པོའི་ཁར།།
མ་བྱུག་གསེར་གྱི་རང་མདངས་རྫོགས་པ་དང་།།
མ་སྨད་བྱུ་རུའི་རྭ་རྒྱས་གསེར་ལོགས་ཀྱིས།།
མ་ཡིས་བུ་བཞིན་རེ་སྐྱེས་ཚོགས་རྣམས་སྐྱོང་།།
གདོད་མའི་བྱ་དང་རི་དྭགས་ཚོགས་རྣམས་ཀྱང་།།
བསོད་ནམས་མཐུ་ལས་ངག་གི་དངོས་གྲུབ་བརྙེས།།
དེ་མཐུས་དེ་ཡི་ལེགས་བཤད་གཏམ་དག་ལ།།
རི་དྭགས་གཞན་རྣམས་ངང་གིས་འདུས་ནས་མཉན།།
རྡོ་རྗེའི་མཆུ་སྡེར་སྤུ་གྲིའི་འདབ་གཤོག་ཟུང་།།
རབ་རྒྱས་བྱ་རོག་བྲག་རི་མཐོན་པོའི་རྩེར།།
འཛེགས་ཏེ་སྒྲིབ་མེད་མིག་ཞགས་རིང་འཕངས་ནས།།
རྔོན་པའི་འཇིགས་པ་སྲུང་བའི་བྱ་ར་བྱེད།།
ན་བུན་སྟུག་པོ་འཐིབས་པས་མིག་ལྡོངས་པའི།།
ལམ་སྟོར་མགྲོན་མང་ཅི་བྱ་གཏོལ་མེད་ཚེ།།
གཞན་ཕན་ལས་ལ་དགྱེས་པའི་རུ་རུ་ཡིས།།
ཐུགས་རྗེས་མ་བཟོད་དམིགས་པའི་ཡུལ་དེར་བསྐྱལ།།
འཐོར་བྱེད་རླུང་གིས་བསྒྱེལ་བའི་ལྗོན་པ་ཆེའི།།
གེལ་བའི་རྩེར་ཆགས་འདབ་ལྡན་གནས་ཀྱི་ཚང་།།
ཆུ་ཀླུང་རྐུན་པོའི་ལག་ཏུ་ཤོར་བ་ཡང་།།
རི་དྭགས་མགོན་དེས་རིས་མེད་ཐུགས་རྗེས་བསྐྱབས།།
ནམ་ཞིག་སྐོམ་པས་གདུང་བའི་རི་སྐྱེས་ཚོགས།།
གསེར་མདོག་རི་དྭགས་མཆོག་དེས་སྣ་དྲངས་ཏེ།།
རྙོག་བྲལ་ཉལ་འགྲོ་མ་ཡི་འགྲམ་པ་རུ།།
བཏུང་བར་ལྷགས་ཚེ་མ་བརྟགས་གློ་བུར་ལ།།
ཆལ་ཆིལ་རླབས་ཕྲེང་འཕྱོ་བའི་བྲག་གསེབ་ནས།།
ལྷུང་ལྷུང་གྱ་གྱུར་འབབ་པའི་ཆུ་ཀླུང་ཆེས།།
སྡིག་སྡིག་ཆོམ་པོས་རྒྱུ་མའི་ཐག་པ་ཡིས།།
རིལ་རིལ་བཀྱིགས་ཏེ་བསྐྱུར་བའི་སྐྱེ་བོ་ཞིག།
ཙེར་ཙེར་མྱ་ངན་འོ་དོད་སྒྲ་དང་བཅས།།
མྱུར་མྱུར་འཁྱེར་བའི་མི་བཟོད་ངང་ཚུལ་མཐོང་།།
གསེར་ལོགས་ཐུགས་རྗེས་ཀུན་ནས་ཉེར་བསླངས་ཏེ།།
མ་བྱམས་བུ་སྡུག་བཞིན་དུ་གཟིགས་པ་དང་།།
གྱ་ཚོམ་མེད་པར་ཀླུང་ཆེན་ལ་ཞུགས་ནས།།
ཉམ་ཐག་སྐྱོབ་པའི་ལས་ལ་ཆ་བར་རྩོམ།།
དེ་ཚེ་གྲོགས་ལ་གློ་བ་ཆེས་ཉེ་ཞིང་།།
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མི་དམན་པའི།།
བྱ་རོག་ཆེན་པོས་གཤོག་པ་རྡེབ་བཞིན་དུ།།
གསེར་ལོགས་འགོག་པའི་བཤོལ་འདེབས་འདི་ལྟར་བྱས།།
ལ་ལ་རྒུད་ཚེ་ཁྱི་ཡང་སྐྱབས་སུ་འཛིན།།
འབྱོར་བའི་ཚེ་ན་མ་ཡང་སྒོ་རུ་འདོན།།
ནོར་གྱི་ཕྱིར་དུ་ཕ་མགོ་ཡིན་ཡང་འཚོང་།།
དེ་འདྲར་ཕན་གདགས་རང་ལ་ཉེན་ཆེ་བས།།
གྱ་ཚོམ་ལས་ལ་མ་ཞུགས་སྙིང་གི་གྲོགས།།
འོན་ཀྱང་དེ་ལ་སྙིང་རྗེས་མ་བཟོད་པར།།
བདག་ཉིད་ཆེ་དེས་བྱམས་པའི་ཀྱོ་རྣོན་གྱིས།།
མ་བཏང་ཁོ་པ་འཇིག་ལས་བསྒྲལ་བ་དང་།
གཤེད་མས་བཀྱིགས་པའི་ཐག་ཞགས་དམ་ལས་བཀྲོལ།།
སྐྱེ་བོ་དེ་ཡིས་གཏང་རག་ཚིག་གི་ཕྲེང་།།
གཅམ་བུའི་ངག་གི་ལམ་ནས་རབ་སྤེལ་ཞིང་།།
ངོ་མཚར་མིག་གི་དབང་པོ་ཆེར་བགྲད་དེ།།
རིག་རིག་རི་དྭགས་མགོན་དེར་བལྟས་པ་ན།།
ཀ་ཡེ་ཁྱོད་ཀྱིས་བདག་གི་ངང་ཚུལ་ནི།།
ཇི་བཞིན་གཞན་ལ་མི་སྨྲའི་དམ་བཅའ་ཞིག།
མཛོད་དང་དེ་ནི་གཏང་རག་ཚིག་མང་ལས།།
ལྷག་པས་དེ་བཞིན་གྱིས་ཞེས་ཡང་ཡང་བསྐུལ།།
དེ་ཚེ་གཡོ་ཅན་དུག་གི་བུམ་པ་དེས།།
དད་གུས་བརྫུས་མའི་ཟ་འོག་གོས་བཀླུབས་ཤིང་།།
ཅི་བཅོལ་འཁྱོལ་ཞེས་མགྲིན་པ་དོག་པོ་ནས།།
གཡར་དམ་རྫུན་མའི་ཆུ་ཐིགས་འཛར་བཞིན་སོང་།།
ཡུལ་དེར་ལུགས་ཟུང་ཁྲིམས་ཀྱི་ར་བ་བཙན།།
མངའ་ཐང་འབོད་སྒྲོགས་དཔལ་ཡང་ཟིལ་གནོན་པ།།
ས་ཡི་བདག་པོ་དབང་པོའི་སྡེར་འབོད་པའི།།
སྙན་པ་བླ་ན་མཐོ་བ་ཅན་ཞིག་མཆིས།།
རིགས་རུས་གཙང་ལ་སྐྱོན་ལྔས་རབ་དབེན་ཞིང་།།
ཡོན་ཏན་རྣམ་པ་དུ་མས་ཕྱུག་པ་ཡིས།།
བཙུན་མོ་རིན་ཆེན་ཟླ་འོད་མ་ཞེས་པ།།
འཆི་མེད་དཔལ་མོ་ས་ལ་འཕོས་པ་བཞིན།།
དེ་ཡི་མནལ་ལམ་གཡའ་དག་ཀུན་གསལ་གཞིར།།
མ་འདྲེས་རྒྱུ་སྐར་སོ་སོར་བཀྲ་བ་ལྟར།།
ངོ་མཚར་རི་དྭགས་གསེར་གྱི་མདངས་འཛིན་པའི།།
རྨད་བྱུང་སྤྱོད་པ་སྒྲིབ་མེད་གསལ་ལེར་ཤར།།
མནལ་ལྟས་འཁྱོག་བྲལ་ལྡེམ་པའི་ཉག་ཕྲན་དེར།།
རབ་མཛེས་ཚིག་སྦྱོར་རྒོད་སྒྲོ་དར་སྣ་ཡིས།།
རབ་བརྒྱན་སྔོན་མེད་གཏམ་གྱི་ཕོ་ཉ་བ།།
མི་དབང་ཐོས་འཛིན་ཡངས་པའི་སྒོ་མོར་བཏང་།།
སྲིད་གསུམ་ནོར་རྣམས་གཅིག་ཏུ་བསྡུས་ལས་ཀྱང་།།
སྲིད་འདིའི་རིན་ཐང་ཆེ་བའི་རི་དྭགས་དེ།།
སྲིད་ཁབ་འདི་རུ་འདྲེན་པའི་ཐབས་བྱ་ཞེས།།
སྲིད་སྐྱོང་ཆེན་པོའི་ཐུགས་དམ་འགོག་མེད་པས།།
རྙེད་ན་འཕྲལ་མར་དཔང་མཐོ་སྤམ་ཆེ་བའི།།
རྔན་ཆེན་སྟེར་སོགས་བཀའ་ལུང་ཆེར་བསྒྲགས་ཏེ།།
གྲངས་མེད་ཕོ་ཉ་རི་དྭགས་རྔོན་པ་ལ།།
བཏང་ཡང་རྙེད་པའི་གོ་སྐབས་ཅང་མ་མཆིས།།
དེ་ཚེ་ཁྲེལ་འདས་གྱ་གྱུ་ཅན་དེའི་བློར།།
རྔན་པའི་ནོར་ལ་རྔམ་པའི་མེ་མཆེད་དེ།།
ཕན་པའི་གྲིབ་བསིལ་སྣུམ་པོའི་ལྗོན་བཟང་པོ།།
ཤར་ལྷོའི་ཕྱོགས་སྐྱོང་ཞལ་དུ་སྟོབ་ལ་རིངས།།
གཞུང་ངན་སྐྱེ་བོས་ཁས་འཆེས་ཤེལ་ཚོན་བཞིན།།
སྲེད་པའི་ཆུ་དང་ཕྲད་ཚེ་རང་སར་ཡལ།།
དེ་ཕྱིར་རི་དྭགས་གནས་ཚུལ་རྗེ་བོ་ལ།།
གློ་ཉེ་ཚུལ་དུ་གསོབ་མའི་ཚིག་གིས་གསོལ།།
རྒྱལ་པོས་མྱུར་བར་གོ་མཚོན་བགོས་པ་ཡི།།
རྟ་བ་བརྒྱ་ཕྲག་དཔུང་གི་ཚོགས་བཅས་པར།།
ལམ་སྣ་འདྲེན་དུ་ཁོ་པ་བཏང་ནས་ནི།།
རི་དྭགས་བསྟི་གནས་ཚང་ཚིང་ཉེ་བར་བཞུད།།
ནམ་མཁའ་གོ་མཚོན་འོད་ཀྱིས་ཁྱབ་པ་དང་།།
ས་གཞི་རྨིན་པའི་རྡུལ་གྱིས་གང་བཞིན་པ།།
འཇིགས་རུང་དཔུང་གིས་སྐོར་ལ་ཉེ་བའི་ཚེ།།
རི་དྭགས་མགོན་དེས་གཞན་རྣམས་བྱོལ་དུ་བཅུག།
དུག་གི་ཚེར་ཤིང་ལས་སྨིན་གཡོ་ཅན་དེ།།
རྩུབ་པའི་མཛུབ་མོ་ཚེར་མའི་རྩེ་བསྲིངས་ཏེ།།
རི་དྭགས་མགོན་དེར་གཏད་ནས་འདི་འོ་ཞེས།།
སྨྲས་ཏེ་ཕན་ལག་ལོག་པའི་ལས་ཀྱིས་འཇལ།།
དེ་ཚེ་བྱ་ར་བ་ཡི་བྱ་རིག་གིས།།
བྱ་གཤོག་བརྡབས་ཏེ་མཁའ་ལ་ལྡིང་སྐོར་གྱིས།།
བྱ་ལོག་ཁྱོད་ཅེས་གཡོ་ཅན་མཁྲིག་མ་ལ།།
བྱ་མཆུས་བསྣུན་པས་ལག་པ་དུམ་བུར་བཅག།
བྱམས་དང་སྙིང་རྗེའི་ལྟེ་བ་རབ་ཏུ་བརྟན།།
གཞན་ཕན་སྤྱོད་པའི་རྩིབས་སྟོང་རྣམ་པར་བཀྲ།།
མི་འཇིགས་སྙིང་སྟོབས་མུ་ཁྱུད་ཟླུམ་པོར་འཁྱིལ།།
གསེར་སྦྱངས་ཙཀྲ་ས་སྐྱོང་མདུན་དུ་གཤེགས།།
དེ་ནས་རི་དྭགས་མགོན་དེས་ས་སྐྱོང་རྒྱལ་པོ་ལ།།
ལན་གསུམ་གུས་པའི་མགོ་ལྕོག་ལྡེམ་བཞིན་དུ།།
བདག་ཚུལ་གཏམ་གྱི་གླིང་བུ་བུས་པའི་སྒྲ།།
ཇི་ལྟར་བསྐྱལ་བའི་ཚུལ་དེ་མ་གསང་བར།།
ཇི་བཞིན་གསུང་གི་རོལ་མོ་དཀྲོལ་ཏེ་གསོལ།།
རྒྱལ་པོས་ཨེ་མ་རི་དྭགས་གསེར་ལོགས་ཁྱོད།།
གཞུངས་བཟང་སྐྱེ་བོ་འདི་ཡིས་བསླད་མེད་པར།།
བསྙད་པ་དེ་དང་ཡང་དག་མཚུངས་པ་དང་།།
བདག་གི་དེ་འབྲས་དོན་སྨིན་བྱུང་ངོ་གསུངས།།
དེ་ཚེ་རི་དྭགས་མིག་ཟུང་འབུར་ཚུགས་ཀྱིས།།
ཁྲེལ་འདས་གཡོ་ཅན་སྐྱེ་བོར་གཏན་ནས་ནི།།
འདི་ནི་བདག་གིས་ཆུ་བོའི་འཇིག་པ་ལས།།
བསྐྱབས་པའི་གཉོད་ཆུང་སྐྱེ་བོ་དེ་ལགས་ཞུས།།
དེ་མཐུས་རྒྱལ་པོ་ཡབ་ཡུམ་བྲིས་སྐུ་བཞིན།།
སྨྲ་བའི་སྒོ་འགགས་དབུགས་ལམ་རིང་གྱུར་ཏེ།།
སྲིད་ན་ཐོས་དཀོན་གཏམ་གྱི་མགྲོན་པོ་ཞིག།
ཐོས་འཛིན་སྒོར་ལྷགས་ངོ་མཚར་སྤུ་ལོང་གཡོས།།
བྱམས་སེམས་དུང་ཟླ་པད་རྩ་ལྟར་དཀར་ཞིང་།།
བདེན་གསུང་ཚངས་པའི་ཐིག་གི་མཆེད་ཟླ་ཅན།།
གཞན་དོན་བསྒྲུབ་ལ་ལུས་མཆོག་རྩྭ་ལྟར་དུ།།
འདོར་ཕོད་རི་དྭགས་མཆོག་ཁྱོད་རྒྱལ་གྱུར་ཅིག།
ཕན་སྤྱོད་གསེར་བྱེ་བྲེ་ལ་གཞལ་བའི་ལན།།
སྡིག་སྤྱོད་ཐལ་བའི་རྐྱལ་བ་སྲིང་བ་པོ།།
མ་རུང་སྐྱེ་བོ་མི་གྲལ་ནས་ཕུད་དེ།།
ཁྲིམས་ཀྱི་ལས་ལ་སྦྱར་བར་བྱའོ་གསུངས།།
མི་མིན་རི་དྭགས་མི་བཟོད་སྙིང་རྗེ་ཡིས།
མི་ཆས་སྤྲས་ཀྱང་མི་གཤིས་མི་ལྡན་དེ།།
མི་ཡི་གྲལ་ནས་མི་འཕུད་མི་རུང་མོད།།
མི་འདིའི་སྲོག་ལ་མི་གནོད་མི་རྗེར་ཞུས།།
རྒྱལ་པོ་ཡབ་ཡུམ་ཐུགས་ཀྱི་དགོངས་བཀྲོལ་ཏེ།།
ཁྲིམས་རྔ་བརྡུངས་ཤིང་ཁྲིམས་ཀྱི་ར་བ་རུ།།
མི་ངན་མཚང་བརྟོལ་སྲོག་ལ་མི་གནོད་ཅིང་།།
ཡུལ་ནས་སྤྱུག་པར་བྱ་བའི་ཁྲིམས་བརྡ་བསྒྲགས།།
དེ་ནས་རི་དྭགས་མགོན་དེ་ཕོ་བྲང་གི།།
གསེར་གྱི་ཁྲི་ལ་བཞུགས་གསོལ་མཆོད་འབུལ་དང་།།
བསྔགས་བསྟོད་རོལ་མོའི་དབྱངས་ཀྱིས་ཉེར་བསྟེན་ཏེ།།
སླད་ནས་རང་གནས་རང་བྱུང་ཚུལ་དེར་བསྐྱལ།།
གསེར་གྱི་མདངས་འཛིན་རི་དྭགས་མགོན་དེ་ལ།།
མཐོ་དམན་སྐྱེ་བོ་གང་དང་གང་གིས་ཀྱང་།།
གནོད་པའི་བྱ་བ་སྤུ་ཙམ་མི་ཆོག་ཅེས།།
བཀའ་ལུང་རྡོ་རྗེའི་རེ་ཁཱ་གསལ་བར་བཀོད།།
ཡུལ་དེའི་སྐྱེ་བོ་རྒན་གཞོན་མཐའ་དག་གིས།།
ཡ་རབས་སྤྱོད་བཟང་ཡར་ཚེས་ཟླ་བའི་དཔལ།།
ཐོས་པ་ཙམ་གྱིས་རི་དྭགས་མགོན་དེ་ཡི།།
ཡོན་ཏན་གླེང་ཞིང་གུས་པས་ཐལ་མོ་སྦྱར།།
མ་རབས་སྐྱེ་བོའི་བཙོག་སྤྱོད་དེ་ཐོས་འཕྲལ།།
མཆིལ་མའི་ཆར་མདའ་མིག་ཟུར་གློག་ཞགས་དང་།།
ཚིག་རྩུབ་ཐོག་མཚོན་རྣོན་པོས་མི་རྒོལ་མཁན།།
གཅིག་ཀྱང་མ་བྱུང་རྟེན་འབྱུང་བདེན་པའི་མཐུ།།
དེ་ལྟའི་བཟང་ངན་སྤྱོད་པ་རྙོག་མའི་ཆུ།།
དཔྱད་གསུམ་ཀེ་ཏ་ཀ་ཡིས་བགྲུངས་བྱས་པའི།།
མི་དབང་ཡབ་ཡུམ་གསེར་མདོག་རི་དྭགས་བཅས།།
སྒོ་གསུམ་གུས་པས་མི་བཀུར་སུ་ཞིག་བདོག།
བཟང་བསྟོད་ངན་སྨན་སྲོལ་ཀའི་འབྲུག་སྒྲ་ལྡིར།།
ཆབ་འབངས་དགའ་བའི་གཏམ་གྱི་སྦྲང་ཆར་ཟིམ།།
སྡེ་བཞིའི་དཔལ་ཡོན་འབྲུ་དྲུག་གཡུར་ཟ་བ།།
རྫོགས་ལྡན་གསར་བའི་དཔལ་ལ་སྤྱོད་པར་ཤོག།
མ་ཧཱ་ཙི་ནའི་དགུ་མདངས་ལྡན་པ་ཡི།།
ཤ་བ་ཞེས་གྲགས་གློག་བརྙན་བཀྲ་བའི་རིས།།
ངོ་མཚར་ལྟད་མོ་མིག་གི་མེ་ལོང་ལ།།
ཤར་བས་ལྟད་མོ་མིག་གི་མེ་ལོང་ལ།།
དེ་ཕྱིར་སྔོན་བྱུང་གཏམ་གྱི་ནོར་མཛོད་ལས།།
བླངས་པའི་སྙན་ཚིག་ནོར་བུའི་དོ་ཤལ་མཛེས།།
གཞུང་དྲང་སྒེག་མོའི་རྒྱན་དུ་སྤུད་པ་ཡིས།།
ལེགས་ཉེས་དཔྱོད་པའི་གར་ལ་རོལ་གྱུར་ཅིག།