【ནང་དོན་གནད་བསྡུས།】བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་བྱུང་འཕེལ་དང་དེའི་རྒྱུ་རྐྱེན། བརྗོད་བྱ་གཙོ་བོ་དང་དེས་མཚོན་པའི་བསམ་བློ། གསར་རྩོམ་གྱི་ཉམས་མྱོང་དང་ཁྱད་ཆོས། དེ་མིན་སྒྲུང་གཏམ་འགྱུར་མ་སོགས་བརྗོད་ཡོད།
【གནད་ཚིག】 དུས་སྐབས་གསར་བ། བོད་ཀྱི་སྒྲུང་གཏམ། བྱུང་འཕེལ།
གླེང་གཞི།
དུས་སྐབས་གསར་བའི་དཔྱིད་ཀྱི་དཔལ་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་སྐྱེད་ཚལ་དུའང་མཛེས་པའི་མེ་ཏོག་བཞད་ཅིང་དགའ་བའི་འབྲས་བུ་སྨིན་པ་དང་། ཁྱད་པར་དུ་སྔ་ན་མེད་པའི་དེང་རབས་སྒྲུང་ཐུང་དང་སྒྲུང་འབྲིང་། སྒྲུང་རིང་། སྒྲུང་ཐུང་ཡིག་བརྒྱ་མ། མུ་འབྲེལ་སྒྲུང་ཐུང་། སྐྱེ་དངོས་སྒྲུང་གཏམ། སྲོག་ཆགས་སྒྲུང་གཏམ། ལོ་རྒྱུས་སྒྲུང་གཏམ་སོགས་སྒྲུང་གཏམ་སྣ་ཚོགས་སྟོང་ཕྲག་འགའ་དཔེ་སྐྲུན་འགྲེམ་སྤེལ་བྱས་ནས། བོད་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་འགྲོ་བ་དང་ཤེས་རིག་དར་རྒྱས་སུ་གཏོང་བ། སྤྱི་ཚོགས་བཅོས་སྒྱུར་དང་ཡར་བསྐྱེད་བྱེད་པ་སོགས་ལ་ནུས་པ་ཆེན་པོ་ཐོན་ཞིང་ཐོན་བཞིན་ཡོད་པ་རེད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འདི་འདྲའི་རྨད་དུ་བྱུང་བའི་གྲུབ་འབྲས་ཐོན་པ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་མཐོང་དཀོན་པ་ཞིག་རེད། ཡིན་ཡང་། རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་དུས་སྐབས་འདིའི་སྒྲུང་གཏམ་འཕེལ་རྒྱས་ཀྱི་སྣང་ཚུལ་དང་ཉམས་མྱོང་། ཆོས་ཉིད་བཅས་ལ་ཞིབ་འཇུག་ཕྱོགས་སྡོམ་མཛད་པ་མེད་པས། བོད་ཀྱི་དེང་རབས་སྒྲུང་གཏམ་ལ་རྒྱུས་ལོན་དང་རོལ་མྱོང་། ཞིབ་འཇུག སློབ་ཁྲིད་བཅས་བྱེད་པར་ཕན་པའི་ཆེད་དུ། བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་བྱུང་འཕེལ་དང་དེའི་རྒྱུ་རྐྱེན། བརྗོད་བྱའི་ནང་དོན་དང་དེས་མཚོན་པའི་བསམ་བློའི་རླབས་རྒྱུན། གསར་རྩོམ་གྱི་ཉམས་མྱོང་དང་ཁྱད་ཆོས་སོགས་ལ་ཅུང་ཟད་དཔྱད་པར་བྱའོ།།
དང་པོ། དེང་རབས་སྒྲུང་གཏམ་གྱི་བྱུང་བ་མདོར་བཤད།
ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་སྤྱི་ལོ1978ལོའི་བར་དུ་བོད་ལ་སྐབས་དེའི་ཆབ་སྲིད་དྲིལ་སྒྲོག་བྱེད་ཅིང་།
དངོས་ཡོད་སྤྱི་ཚོགས་ཀྱི་སྣང་ཚུལ་དང་མང་ཚོགས་ཀྱི་འཚོ་བ་མཚོན་པའི་སྙན་ངག་གསར་བ་ཁག་ཅིག་ཡོད་རུང་། དེང་རབས་སྒྲུང་གཏམ་ནི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་འབྱུང་མ་ཐུབ། དེས་ན་དུས་སྐབས་གསར་བའི་ནང་དུ་དེང་རབས་སྒྲུང་གཏམ་བྱུང་པར་མ་ཟད། རྣམ་པ་ཇེ་མང་དང་སྒྱུ་རྩལ་ཇེ་ལེགས། ནང་དོན་ཇེ་རྒྱས། བསྟན་དོན་ཇེ་ཟབ་བཅས་སུ་འཕེལ་འགྱུར་བྱེད་ཐུབ་པ་ནི། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་རང་ངོས་ཀྱི་རྒྱུ་རྐྱེན་ཅུང་ཟད་བཟང་པོ་ཞིག་འཛོམས་པ་སྟེ། ཕྱི་རོལ་ཏུ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཡོ་སྲང་དྲང་བཅོས་བྱས་ནས། “མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ཡང་དག་པའི་སྒོ་ནས་ལག་བསྟར་དངོས་འབེབ་བྱས་ཤིང་ཏང་གི་མི་རིགས་སྲིད་ཇུས་སླར་གསོ་བྱས་པ་དང་། རྒྱ་མི་རིགས་ལ་དེང་རབས་སྒྲུང་གཏམ་སྔར་ནས་གྲུབ་ཟིན་པས་དཔེ་ལྟ་སའི་བརྩམས་ཆོས་མང་བ། རྩོམ་རིག་གི་དུས་དེབ་ཁག་ཅིག་གསར་དུ་སྤེལ་བས་བརྩམས་ཆོས་འགོད་ས་ཡོད་པར་གྱུར། རང་ངོས་སུ་དེང་རབས་རྩོམ་རིག་གཞུང་ལུགས་ལ་སྦྱངས་པ་ཟབ་ཅིང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རྨང་མཐུག་པའི་དར་གཞོན་རྩོམ་པ་པོ་ཁག་ཅིག་འཚར་ལོངས་བྱུང་བ་དང་། ཁོ་ཚོ་རྩོམ་རིག་ལ་དགའ་ཞིང་རྩོམ་པའི་ཉམས་མྱོང་ངེས་ཅན་ཞིག་བསགས་པ་དང་། ཉིན་རེ་བཞིན་འཕོ་འགྱུར་བྱེད་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་འཚོ་བས། བློ་ངོར་མི་སྣའི་སྣང་བརྙན་དང་གཏམ་རྒྱུད་གསར་བ་སྣ་ཚོགས་ཀྱིས་ཁེངས་ཡོད། དེས་ན་སྒྲུང་གཏམ་ནི་མི་སྣ་དེ་དག་ཞིབ་འབྲི་བྱེད་པ་དང་གཏམ་རྒྱུད་དེ་དག་བརྗོད་པར་ཆེས་འཕྲོད་པའི་རྩོམ་ལུས་ཡིན་པས། དེང་རབས་ཀྱི་དོན་སྙིང་ལྡན་པའི་སྒྲུང་གཏམ་གསར་གཏོད་བྱས་པར་མ་ཟད། སྒྲུང་གཏམ་དེའི་རིགས་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་ལུས་གཙོ་བོ་ཞིག་ཏུ་གྱུར་པ་ཡིན། དེ་ལྟ་བུའི་རྩོམ་ལུས་ཀྱི་སྲོལ་གཏོད་མཁན་ནམ་རྨང་འདིང་མཁན་གཙོ་བོ་ནི་དཔལ་དོན་གྲུབ་རྒྱལ་ལགས་ཡིན། ཁོང་ནི་སྐྱེ་ཐོབ་ཀྱི་ཤེས་རབ་རྣོ་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པ་དང་། རྩོམ་རིག་གསར་རྩོམ་གྱི་ལས་ལ་ཐུགས་ཕྱོགས་ཤིང་འཇུག་མཁས་ལ། བོད་དང་བོད་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་དུ་གཏོང་བའི་དགོངས་པ་རྣམ་པར་དག་ཅིང་། སྔར་གྱི་སྲོལ་བཟང་རྒྱུན་འཁྱོངས་དང་གཞན་གྱི་ལེགས་ཆ་སྡུད་ལེན་བྱེད་པའི་རྨང་གཞིའི་སྟེང་རང་གིས་གསར་གཏོད་མཛད་པའི་ནུས་རྩལ་ཁྱད་དུ་འཕགས་པ་ཞིག་ལྡན་པ་རེད། དེ་ཡང་བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་གྱིས་བྱུང་རིམ་བརྗོད་པ་དང་སྐད་ཆ་ཞིབ་འབྲི་བྱེད་པ་གཙོར་འཛིན་པའི་རྩོམ་སྲོལ་དང་། དེང་རབས་སྒྲུང་གཏམ་གྱིས་མི་སྣའི་གཤིས་ཀ་དང་བསམ་བློའི་འཕེལ་འགྱུར་ཞིབ་འབྲི་བྱེད་པ་དང་དངོས་ཡོད་འཚོ་བ་བརྗོད་པ་གཙོར་འཛིན་པའི་རྩོམ་ཐབས་ཟུང་དང་སྦྲེལ་བའི་སྒོ་ནས་《པད་མཚོ》དང《འབྲུག་མཚོ》ཞེས་པའི་སྒྲུང་གཏམ་བརྩམས་ཤིང་། ལོ་རབས་བདུན་ཅུ་པའི་མཇུག་ཏུ་འཕྲོ་རིམ་འཕྲོར《མཚོ་སྔོན་གསར་འགྱུར》སྟེང་དུ་སྤེལ་ནས་བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་སྲོལ་བཏོད་པ་དང་། གནའ་བོའི་མགུར་གླུ་དང་དེང་གི་རང་མོས་སྙན་ངག་གི་རྩོམ་ཐབས་ཟུང་དུ་སྦྲེལ་ནས་རང་མོས་སྙན་ངག《ལང་ཚོ་རྦབ་ཆུ》བརྩམས་པ①དང་། རྗེ་བཙུན་མི་ལ་རས་པའི་རྒྱལ་སྲིད་སྣ་བདུན་ལ་སྦྱར་པའི་མགུར②གྱི་ཐུགས་བསྐྱེད་ལ་བརྟེན་ནས《རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ》③བརྩམས་ཤིང་། རྗེ་བཙུན་མི་ལའི《རྨི་ལམ་བརྡ་སྤྲོད་ཀྱི་མགུར》④དང་གླིང་གེ་སེར་རྒྱལ་པོའི་སྒྲུང་སོགས་ལས་རྨི་ལམ་ལ་བརྟག་པའི་བྱུང་རིམ་འགོད་སྟངས་དཔེ་བལྟས་ནས《འཁྲུལ་མིན་རྨི་ལམ་ངོ་མཚར་དགའ་སྐྱེད》⑤ཅེས་པའི་དོན་བརྗོད་སྙན་ངག་བརྩམས་པ་སོགས་ལས་མཚོན་ཐུབ། ཁོང་གིས་གསར་གཏོད་ཡོད་པའི་སྒོ་ནས་གཞན་བཟང་རང་སྤྱོད་དང་། གནའ་བཟང་དེང་སྤྱོད་བྱས་པ་དེས་སྐབས་དེའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཟབ་མོ་བཟོས་པར་མ་ཟད། རྩོམ་པ་པོ་རྣམས་ལ་རང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་གཞན་གྱི་ལེགས་ཆ་སྡུད་ལེན་བྱེད་པར་མ་དཔེ་བཟང་པོ་བསྐྲུན་པ་རེད། དཔལ་དོན་གྲུབ་རྒྱལ་ལགས་ནི་བོད་ཀྱི་དེང་རབས་སྒྲུང་གཏམ་གི་སྲོལ་གཏོད་མཁན་གཙོ་བོ་ཞིག་ཡིན་པར་མ་ཟད། རྩོམ་རིག་གི་བསམ་བློའི་རང་བཞིན་ཐད་ནས་ཚུལ་མིན་གྱི་བྱ་ངན་སྤྱོད་ངན་དང་འོས་མིན་གྱི་སྤྱི་ཚོགས་སྣང་ཚུལ་ལ་ཐེར་འདོན་དགག་རྒྱག་བྱེད་པའི་སྙིང་སྟོབས་ཅན་དང་། སྤྱི་ཚོགས་ཡར་ཐོན་འབྱུང་བར་ཐུགས་སྨོན་མཛད་མཁན་ཞིག་ཀྱང་ཡིན། ཁོས་དུས་ཡུན་ཐུང་ཐུང་ལོ་འགའི་རིང་ལ་རྩོམ་སྲོལ་གསར་བ་བཏོད་པའི་དུས་མཉམ་དུ་སྤྲུལ་སྐུ་རྫུན་མ་དང་ཚུལ་དང་མི་མཐུན་པའི་དཔོན་པོ། མནའ་མ་ངན་པ་སོགས་ཀྱི་བསམ་སྦྱོར་ངན་པ་མཚང་འབྱིན་དང་དེར་དགག་རྒྱག་མཛད་པའི《སྤྲུལ་སྐུ》⑥དང་། 《རྨི་རྟག་སྒྱུ་མའི་རྨི་ལམ》⑦《རྒྱུ་འབྲས་མེད་པའི་མནའ་མ》⑧《ཤ་དང་རུས་པའི་བརྩེ་དུངས》⑨《རྐང་ལམ་ཕྲ་མོ་》⑩《རྒན་པོ་བློ་གྱོང》⑾སོགས་སྒྲུང་གཏམ་དང་ལྷུག་རྩོམ་གྱིས་གཙོས་རྩོམ་རིག་བརྩམས་ཆོས་སུམ་ཅུ་ཙམ་བརྩམས་ནས། རྩོམ་རིག་གིས་དངོས་ཡོད་སྤྱི་ཚོགས་ལ་ནུས་པ་བསྐྱེད་པར་ཡང་སྣེ་ཁྲིད་མཛད་པ་རེད། དེས་ན་དཔལ་དོན་གྲུབ་རྒྱལ་ལགས་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྲོལ་འདོད་མཁན་དང་རྨང་འདིང་མཁན་ནམ་སྣེ་ཁྲིད་མཁན་གཙོ་བོ་ཞིག་ཡིན་ལ། ཁོང་གིས་བརྩམས་པའི་《པད་མཚོ》དང་《འབྲུག་མཚོ》སོགས་ནི་ཁོང་གི་སྒྲུང་གཏམ་དང་པོ་ཡིན་པར་མ་ཟད། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་དེང་རབས་སྒྲུང་གཏམ་དང་པོའང་རེད།
ཁོང་གི་གསར་གཏོད་རང་བཞིན་ལྡན་པའི་བརྩམས་ཆོས་དེ་དག་སྔ་གཞུག་ཏུ་འགྲེམ་སྤེལ་བྱས་པ་དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་གསར་གཏོད་ཅིག་ཡིན་པར་མ་ཟད། སྐབས་དེར་རྩོམ་རིག་ལ་བློ་ཕྱོགས་པའི་གཞོན་དར་ཁག་ཅིག་ལ་བློ་བསྐྱེད་དམ་སྐུལ་ལྩག་ཆེན་པོ་ཐེབས། ཁོང་གིས་དེང་རབས་སྒྲུང་གཏམ་གྱི་སྲོལ་བཏོད་པ་དང་ཆབས་ཅིག རྩོམ་པའི་རྩལ་རྫོགས་ཤིང་གཞུང་ལུགས་ཀྱི་རྨང་མཐུག་པ། འཚོ་བའི་མྱོང་ཚོར་ཟབ་པ།
རྩོམ་པའི་ཀུན་སློང་དག་པ་བཅས་ཕུལ་དུ་བྱུང་པའི་སྒྲུང་གཏམ་རྩོམ་པ་པོ་གླང་བདུན་དཔལ་འབྱོར་དང་རེབ་གོང་རྡོ་རྗེ་མཁར། བཀྲ་ཤིས་དཔལ་ལྡན། ཆབ་འགག་རྡོ་རྗེ་ཚེ་རིང་། བྱམས་པ་ཆོས་འཛོམས། རྣམ་སྲས། ལྷག་པ་དོན་གྲུབ། ཚེ་རིང་དོན་གྲུབ། བྲག་གདོང་བཀྲས་གླིང་དབང་རྡོར། ཨ་སྨྱོན་བཀྲ་ཤིས་དོན་གྲུབ། བཀྲ་བྷ། སྟག་འབུམ་རྒྱལ་སོགས་བཅུ་ཕྲག་དུ་མ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་ཐོན་ཞིང་།
རང་རང་གི་རིག་པའི་རྩལ་ལ་བརྟེན་ནས་གསར་གཏོད་རང་བཞིན་ལྡན་པའི་སྒྲུང་གཏམ་མང་དུ་བརྩམས་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་རྣམ་པ་འཐུས་ཚང་དང་རྒྱུ་སྤུས་ཇེ་ལེགས་སུ་བཏང་པ་སྟེ། བོད་རྒྱ་དབྱིན་གསུམ་གྱི་ཡི་གེར་སྦྱངས་པ་ཟབ་ཅིང་རང་གཞན་ཀུན་གྱི་རྩོམ་རིག་གཞུང་ལུགས་ལ་ནང་བྱན་ཆུད་པ། རྩོམ་རིག་གསར་རྩོམ་ལ་འཇུག་པ་ཡངས་པའི་གླང་བདུད་དཔལ་འབྱོར་གྱིས་སྔར་གྱི་དམངས་ཁྲོད་གཏམ་རྒྱུད་དང་རབ་རྟོག་སྒྲུང་གཏམ། གླིང་གེ་སར་རྒྱལ་པོའི་སྒྲུང་བཅས་ཀྱི་རབ་བཏགས་སམ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་དང་། དེང་རབས་སྒྲུང་གཏམ་གྱི་མིའི་གཤིས་ཀ་དང་བསམ་བློའི་འཕེལ་འགྱུར་འགོད་སྟངས་ཟུང་དུ་སྦྲེལ་བའི་ཐབས་ལ་བརྟེན་ནས། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ཞེས་པའི་སྐྱེ་དངོས་སྒྲུང་གཏམ་བརྩམས་པར་མ་ཟད། 1980ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གསུམ་པའི་སྟེང་བཀོད་རྗེས་ཀློག་པ་པོ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་གསར་རྩོམ་བྱ་དགའ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
རྣམ་གྲོལ་ལགས་ཀྱིས་སྔར་གྱི《གཏམ་པདྨའི་ཚལ་གྱི་ཟློས་གར》⑿དང་《བྱ་སྤྲེལ་གཏམ་རྒྱུད》⒀《གཡག་ལུག་ར་ཕག་གི་གཏམ་རྒྱུད》⒁སོགས་ཀྱི་རབ་རྟོག་རྩོམ་སྲོལ་གྱི་རྒྱུན་བསྐྱངས་ཤིང་དེང་རབས་སྒྲུང་གཏམ་གྱི་རྩོམ་སྲོལ་ལ་ཟུར་བལྟ་བྱས་ནས།
《ཆར་ཤུལ་གྱི་ནགས་ཚལ》ཞེས་པའི་སྲོག་ཆགས་སྒྲུང་གཏམ་བརྩམས་ནས། 1982ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གསུམ་པའི་སྟེང་འཁོད་པ་དང་། ཅང་མ་འགོར་པར་སྐལ་བཟང་ཡེ་ཤེས་ཀྱིས1983ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དང་པོའི་སྟེང་དཔྱད་རྩོམ་སྤེལ་ནས་གདེང་འཇོག་ལེགས་པོ་བྱས་པ་སོགས་ལ་བརྟེན་ནས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དང་དོད་ཆེན་པོ་བྱེད་ཅིང་ཤུགས་རྐྱེན་ཟབ་མོ་ཐེབས། ཕུལ་དུ་བྱུང་བའི་བརྩམས་ཆོས་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་དེང་རབས་དང་སྲོལ་རྒྱུན་ཟུང་གི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྒྲུང་གཏམ་དང་སྲོག་ཆགས་སྒྲུང་གཏམ《ཡང་ཅུན་མེ་ཏོག》⒂དང་《ཕྲག་དོག་ཅན་གྱི་ཅོ་ཀ》⒃《ལྕང་གྲུ་བཞིའི་ཟློས་གར》⒄《སྤོ་བོ་བློ་འཁྲུལ་དང་ཁྱི། ཞུམ་བུ་བཅས་ཀྱི་གཏམ་རྒྱུད》⒅《འཁོན་འགྲས》⒆སོགས་མང་དུ་ཐོན། སྔ་ན་མེད་པའི་སྒྲུང་གཏམ་དེ་དག་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་སྐབས་དེའི་རྩོམ་པ་པོའི་བརྗོད་འདོད་ཀྱི་བསམ་བློ་མཚར་བའི་ཉམས་དང་གབ་པའི་ཚུལ་གྱིས་ཀློག་པ་པོ་རྣམས་ལ་བསྟན་པར་མ་ཟད། སྲོལ་རྒྱུན་གྱི་རྩོམ་སྲོལ་ལེགས་པོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ཡང་བྱས་རྗེས་ཆེན་པོ་བཞག
སྤྱི་ཚོགས་སྟེང་གནས་པའི་ཚུལ་མིན་གྱི་སྤྱོད་ངན་སྣ་ཚོགས་ལ་ཟུར་ཟ་དང་མཚང་འབྱིན་བྱས་ནས་བཅོས་བསྒྱུར་བྱེད་པ་དང་རྒྱ་ཆེའི་མི་དམངས་ཀྱི་རེ་སྨོན་མཚོན་པའི་དགོས་མཁོ་སྐོང་ཆེད། ཚིག་ཉུང་དོན་འདུས་དང་སྐྱ་འབྲིའི་ཐབས་ཤེས་ལ་བརྟེན་ནས་གསོན་ཉམས་ལྡན་པའི་གཟུགས་བརྙན་བཏོད་ཅིང་། གཞན་གྱི་ང་རྒྱལ་གྱི་མགོ་བོ་གཅོག་པ་དང་ཚུལ་དང་མི་མཐུན་པའི་བསམ་སྤྱོད་ངན་པ་སོགས་ལ་ཟུར་ཟ་དང་མཚང་འབྱིན་བྱེད་པར་དམིགས་བསལ་གྱི་ནུས་པ་ལྡན་པའི་སྒྲུང་གཏམ་ཡིག་བརྒྱ་མ་མང་པོ་གསར་རྩོམ་བྱས་པར་མ་ཟད། ལོ་རབས་དགུ་བཅུ་བར་ཕུལ་དུ་བྱུང་པའི་སྒྲུང་གཏམ་རྩོམ་པ་པོ་བཀྲ་བྷས་ད་ལྟ་འཛམ་གླིང་སྤྱིར་ཁྱབ་པའི་རྩོམ་རིག་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། མི་རིགས་གཞན་གྱི་བརྩམས་ཆོས་ལ་དཔེ་བལྟས་ནས་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་དང་པོ《སྒྲོལ་མ་ཉེར་གཅིག》⒇བརྩམས་ནས། བོད་ལ་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་མེད་པའི་སྟོང་ཆ་བསྐངས་པས། བོད་ཀྱི་རྩོམ་རིག་ལས་རིགས་ཀྱི་གདེང་འཇོག་མཐོན་པོ་དང་བསྔཊ་བརྗོད་ཆེན་པོ་བྱས།།
བོད་རིགས་རྩོམ་པ་པོ་རྣམས་ཀྱིས་སྒྲུང་འབྲིང་དང་སྒྲུང་ཐུང་མང་པོ་བརྩམས་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཤིང་སྤྱི་ཚོགས་ཐོག་སྙན་པའི་གྲགས་པ་རབ་ཏུ་རྒྱས་པར་མ་ཟད། སྒྲུང་འབྲིང་དང་སྒྲུང་ཐུང་མང་པོ་བརྩམས་པར་བརྟེན་ནས་གསར་རྩོམ་གྱི་ཉམས་མྱོང་མང་པོ་བསགས་པ་དང་། ཚིག་སྦྱོར་ཇེ་ལེགས་དང་རྩོམ་རྩལ་ཇེ་མཐོ། རྩོམ་མོས་ཇེ་ཆེར་ཕྱིན། ཁོང་ཚོས་སྔར་ལས་ལྷག་པའི་གྲུབ་འབྲས་ཆེན་པོ་ལེན་པའི་ཆེད་དུ་སྒྲུང་འབྲིང་དང་སྒྲུང་ཐུང་རྩོམ་པའི་དུས་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གྲགས་ཆེན་མང་པོ་བཀླགས་ནས་སྒྲུང་རིང་གི་གཞི་རྩའི་སྒྲིག་གཞི་སོགས་ཤེས་བྱ་རྒྱུས་ལོན་བྱེད་ཅིང་། ཕུན་སུམ་ཚོགས་པའི་རྒྱུ་ཆ་དང་གསོན་གཉམ་ལྡན་པའི་གཏམ་རྒྱུད་མང་པོ་འཚོལ་སྡུད་བྱས་ཐོག དེང་རབས་རང་བཞིན་གྱི་སྒྲུང་རིང་མང་པོ་བརྩམས་པ་རེད། དེ་ཡང་ཐོག་མར་སྙན་དུ་གྲགས་པའི་བོད་རིགས་རྩོམ་པ་པོ་དང་ཤེས་ཡོན་ཅན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས《སྐལ་བཟང་མེ་ཏོག》(21)ཅེས་པ་རྒྱ་བོད་ཡིག་གཉིས་ཀའི་སྟེང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་རྗེས། སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྒྲུང་རིང་ལ་གཟེངས་བསྟོད་བྱེད་པའི་དཔྱད་བསྡུར་ཁྲོད་དུ་བྱ་དགའ་ཐོབ། སྤྱི་ཚོགས་ཀྱིས་གཙིགས་ཆེན་དང་གདེང་འཇོག་ཚད་མཐོན་པོ་བྱས་པས། རྩོམ་པ་པོ་གཞན་ལའང་བློ་བསྐྱེད་དང་སྐུལ་མ་ཆེན་པོ་ཐེབས། ཁོ་ཚོས་གཅིག་ན་ལོ་རྒྱུས་སྟེང་གཏན་ཆགས་སུ་གྱུར་པའི་དོན་རྐྱེན་གལ་ཆེན་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་རབ་དང་རིམ་པ་ཞིབ་འབྲི་བྱས་ནས། སྐབས་དེའི་བོད་སྤྱི་ཚོགས་ཀྱི་ལྐོག་ཏུ་གྱུར་པའི་ཡོལ་བ་ཕྱེས་ཏེ་རྣམ་པ་ངོ་མ་ཤེས་སུ་འཇུག་པ་དང་། གཉིས་སུ་རྩོམ་པའི་ཐེམ་རིམ་གསར་བ་ཞིག་ལ་གོམ་པ་སྤོ་བ། གསུམ་ན་རང་ཉིད་ཀྱི་རྩོམ་རྩལ་ངོམ་པ་སོགས་ཀྱི་དོན་དུ། སྒྲུང་རིང་སྣ་ཚོགས་ཕན་ཚུན་འགྲན་པ་ཇི་བཞིན་བརྩམས་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་པས། བོད་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཟབ་མོ་ཐེབས་པར་མ་ཟད། བརྩམས་ཆོས་མང་ཆེ་བར་གདེང་འཇོག་ཀྱང་མི་དམན་པ་ཐོབ། དཔེར་ན། གླང་བདུན་དཔལ་འབྱོར་གྱིས《གཙུག་གཡུ》(22)བརྩམས་ཤིང་། 1993ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། རེབ་གོང་རྡོ་རྗེ་མཁར་གྱིས《རྐྱལ་པའི་འཇིག་རྟེན་དུ་ཉུལ་པའི་གཏམ་རྒྱུད》(23)དང་《རྣམ་ཤེས་དགོད་སྒྲ》(24)ཞེས་པ་བརྩམས་ཤིང་། 《རྣམ་ཤེས་དགོད་སྒྲ》ལ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའ་ཐོབ། བཀྲ་ཤིས་དཔལ་ལྡན་གྱིས《ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག》(25)ཅེས་པ་བརྩམས་ཤིང་། 1994ལོར་རྩོམ་པ་པོར“ཀྲོང་ཀྲུང་འུན་རྩོམ་རིག་བྱ་དགའ”སྟེ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། ལྷག་པ་དོན་གྲུབ་ཀྱིས《འཕོ་འགྱུར》(26)དང་《དྲེལ་པའི་མི་ཚེ》(27)དང་《མི་མངོན་པའི་འཆིང་ཐག》(28)བརྩམས་ཤིང་།《འཕོ་འགྱུར》ལ་1997ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གི“རླུང་རྟ་བུམ་པའི”བྱ་དགའ་ཐོབ། བྲག་གདོང་བཀྲས་གླིང་དབང་རྡོར་གྱིས《བཀྲས་ཟུར་ཚང་གི་གསང་པའི་གཏམ་རྒྱུད》(29)བརྩམས་ཤིང་།1997ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ཁང་གི“རླུང་རྟ་བུམ་པའི”བྱ་དགའ་ཐོབ། བཀྲ་བྷས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》(30)ཞེས་པ་བརྩམས་ཤིང་།《སྦྲང་ཆར》བྱ་དགའ་ཐོབ། སྟག་འབུམ་རྒྱལ་གྱིས《ལྷིང་འཇགས་ཀྱི་རྩྭ་ཐང་》(31)བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་དང་མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སོགས་ཀྱི་བྱ་དགའ་ཐོབ། བསྟན་པ་ཡར་རྒྱས་ཀྱིས《ཐག་རིང་གི་སྦྲ་ནག》(32)བརྩམས་པ་དང་། ནག་པོ་སྐལ་བཟང་གིས《ཀླུ་འབུམ་མི་རྒོད》(35)བརྩམས་པ། ཚེ་རིང་དོན་གྲུབ་ཀྱིས《མེས་པོ》(34)དང་《སྨུག་པ།》(35)བརྩམས་ཏེ་འཕྲོ་རིམ་འཕྲོར་རྒྱ་ཆེའི་ཀློག་པ་པོའི་མིག་གིས་དགའ་སྟོན་དུ་གྱུར།
བོད་རིགས་རྩོམ་པ་པོ་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་སྔ་ན་མེད་པའི་བརྩམས་ཆོས་གསར་རྩོམ་བྱེད་པའི་དུས་མཉམ་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གཙོ་བྱས་པའི་འབྲེལ་ཡོད་རྩ་འཛུགས་དང་ལས་ཁུངས་ཀྱིས་ཀྱང་བོད་ཀྱི་དེང་རབས་རྩོམ་རིག་གོང་ནས་གོང་དུ་སྤེལ་བར་ཧ་ཅང་གཙིགས་ཆེན་མཛད། ཁོང་ཚོས་སྐབས་དེར་བོད་ལ་དེང་རབས་རང་བཞིན་གྱི་ལོ་རྒྱུས་སྒྲུང་གཏམ་རིང་མོ་མེད་པར་དམིགས་ཤིང་། བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་རྣམ་པ་འཐུས་ཚང་ཅན་དུ་གཏོང་པ་དང་།། ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ཁག་ཅིག་གི་ངོ་མཚར་རྟོགས་བརྗོད་དང་དོན་རྐྱེན་གལ་ཆེན་ཁག་ཅིག་སྒྱུ་རྩལ་གྱི་སྒོ་ནས་བརྗོད་པ་ལ་བརྟེན་ནས། དུས་སྐབས་དེ་དག་གི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་ལོ་རྒྱུས་ཀྱི་བྱུང་བ། མི་སྣའི་སྣང་བརྙན་སོགས་རྒྱ་ཆེའི་ཀློག་པ་པོའི་མིག་ལམ་དུ་འགྲེམ་ཕྱིར། ཆེད་དུ་མི་སྣ་རྩ་འཛུགས་དང་བརྗོད་བྱ་གཏན་འབེབ་ཡོད་པའི་སྒོ་ནས་ལས་བགོས་བྱས་པས། ཚེ་རྒྱལ་གྱིས《ཐོན་མི་སམ་བྷོ་ཊ》(36)དང་། ཚེ་བརྟན་རྡོ་རྗེས《ཙོང་ཁ་རྒྱལ་པོ》(37)དང་། ཚེ་བརྟན་རྡོ་རྗེས《ཙོང་ཁ་རྒྱལ་པོ》(37)བརྩམས་ཏེ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ནས་དེང་རབས་རང་བཞིན་གྱི་ལོ་རྒྱུས་སྒྲུང་གཏམ་རིང་མོ་ཡང་ཡོད་པར་གྱུར། དོན་དེ་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཕུལ་དུ་བྱུང་བའི་བརྩམས་ཆོས་ཀྱི་བྱ་དགའ་གནང་།
དུས་སྐབས་འདིའི་ནང་དུ་བོད་ལ་སྔ་ན་མེད་པའི་སྒྲུང་གཏམ་སྣ་ཚོགས་འདི་འདྲ་མང་པོ་ཞིག་ཐོན་པར་མ་ཟད། རྒྱུ་སྤུས་ཀྱང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་ནི། ཏང་གི་རྩོམ་རིག་སྒྱུ་རྩལ་གྱི་བྱེད་ཕྱོགས་བཟང་ཞིང་དུས་དེབ་སོ་སོའི་རྩོམ་སྒྲིག་ཁང་གིས་ལྷག་བསམ་གྱིས་རྒྱབ་སྐྱོར་བྱས་པ་དང་། རྩོམ་པ་པོ་རྣམས་ཀྱིས་ཧུར་བརྩོན་བྱས་པ་ལས་གཞན། བོད་ལ་གནའ་རབས་རྩོམ་རིག་གི་རྨང་གཞི་མཐུག་པོ་དང་གཞན་གྱི་རྩོམ་རིག་ལེགས་ཆ་ནང་འདྲེན་བྱེད་པའི་སྲོལ་རྒྱུན་ལེགས་པོ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་རྐྱེན་རེད། དེར་བརྟེན། དེང་རབས་རྩོམ་རིག་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་དགོས་ན་གནའ་རབས་རྩོམ་རིག་ལ་དེ་ལྟར་གཅེས་འཛིན་བྱ་དགོས།
གཉིས་པ། དེང་རབས་སྒྲུང་གཏམ་གྱི་བསམ་བློའི་རླབས་རྒྱུན་ནམ་སྣང་ཚུལ་བཤད་པ།
གོང་དུ་གླེང་པ་ལྟར་དུས་སྐབས་གསར་བའི་ནང་དུ་བོད་ལ་སྒྲུང་གཏམ་སྣ་ཚོགས་སྟོང་ཕྲག་དུ་མ་སྤེལ་བ་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་དུས་རབས་ངེས་ཅན་ཞིག་དང་འབྲེལ་བ་དམ་པོ་ཡོད་པ་དང་། ལོ་ངོ་ཉི་ཤུ་ལྷག་གི་བོད་སྤྱི་ཚོགས་ཀྱི་ངོས་དང་ཟུར་མང་པོ་མཚོན་པ་སྟེ། བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་བརྗོད་བྱའི་བསྟན་དོན་གཏིང་ཟབ་པས། རེ་རེ་བཞིན་བརྗོད་ཐབས་བྲལ་ན། གཤམ་ནས་ནང་དོན་གྱི་ངོས་ནས་རིགས་ཆེན་པོའམ་གཙོ་བོ་འགར་ཕྱེ་སྟེ་ཅུང་ཟད་འཆད་པར་བྱའོ།།
གཅིག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་ལྔོངས་སྤྱི་ཚོགས་དང་མི་དམངས་ཀྱི་ཕུགས་རེ་མཚོན་པའི་སྒྲུང་གཏམ།
ལོ་རབས་བདུན་ཅུ་པའི་མཇུག་ཏུ་བོད་རིགས་མི་དམངས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཀྱི་འཆིང་བ་ལས་རྣམ་པར་གྲོལ་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ་ལོ་འཁོར་ཉི་ཤུ་ལྷག་འགོར་རུང་། བཅིངས་འགྲོལ་སྔོན་ལ་བཀས་བཀོད་རྒྱུན་འཛིན་གྱི་ཞིང་བྲན་ལུགས་འོག་ཏུ་བོད་འབངས་ཕལ་ཆེ་པས་དབུལ་ཕོངས་དང་ཉོམ་ཆུང་། རྗེས་ལུས་བཅས་ཀྱི་འཚོ་བ་རོལ་པས། དེ་ལ་ལྟ་སྟངས་ཧ་ཅང་དམན་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་པའི་ཚུན་གྱི་དུས་ཡུན་རིང་པོ་ཞིག་ལ་དེའི་ཉེས་སྐྱོན་ཐེར་འདོན་དང་དགག་རྒྱག་བྱས་པས་རྩོམ་པ་པོ་རྣམས་ལ་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཆགས་པ། བོད་ལྗོངས་ཀྱི་ཆབ་སྲིད་སྐབས་བབ་ལ་དགོས་མཁོ་ཆེ་བ་བཅས་ཀྱི་དབང་གིས། “རིག་གནས་གསར་བརྗེ་ཆེན་པོའི”ནག་ཉེས་ཐེར་འདོན་དགག་རྒྱག་བྱེད་པའི་དུས་མཚུངས་སུ།
སྤྱི་ཚོགས་རྙིང་བའི་དབང་སྒྱུར་གྲལ་རིམ་གྱི་གདུག་རྩུབ་ཆེ་བའི་རང་གཤིས་མཚང་འབྱིན་དང་ཞིང་བྲན་རྣམས་ཀྱི་སྡུག་བསྔལ་གྱི་འཚང་འབྱིན་དང་ཞིང་བྲན་རྣམས་ཀྱི་སྡུག་བསྔལ་གྱི་འཚོ་བ་ཕྱིར་དྲན་བྱེད་པ་དང་། སྡུག་བསྔལ་དེ་ལས་སྐྱོབ་མཁན་གུང་ཁྲན་ཏང་ལ་བསྔགས་བརྗོད་བྱེད་པའང་དུས་རབས་གསར་བའི་སྒྲུང་གཏམ་དང་ཁྱད་པར་དུ་སྒྲུང་རིང་རྣམས་ཀྱི་བརྗོད་བྱའི་ནང་དོན་གཙོ་བོ་ཞིག་ཏུ་གྱུར། དཔེར་ན། གླང་བདུན་དཔལ་འབྱོར་གྱིས་བརྩམས་པའི་སྒྲུང་རིང་《གཙུག་གཡུ》ལས་ལྷོ་ཁའི་ཞིང་བྲན་ཕུན་ཚོགས་ཚང་ལ་གཙུག་གཡུ་རྩ་ཆེན་ཞིག་ཡོད་པ་ས་དེ་གའི་རྫོང་དཔོན་གྱིས་ཤེས་རྗེས། ཞི་དྲག་ཟུང་གི་ཐབས་ལ་བརྟེན་ནས་ལེན་ཐབས་བྱས་ཀྱང་ཕུན་ཚོགས་བཟའ་ཟླ་གཉིས་ཀྱིས་མ་བྱིན་པས། དེ་བཙོན་དུ་བརྫངས་ཤིང་དཔལ་ལྡན་གྱི་ཨ་ནེ་གཡུ་སྒྲོན་གྱི་རོགས་རམ་འོག་བཙོན་ལས་བྲོས་ཏེ་སྡེ་དགེའི་ཕྱོགས་སུ་ཕྱིན། ཕུན་ཚོགས་ཀྱི་ཆུང་མ་འཛོམས་པ་ནད་ཀྱིས་འཆི་ཁར་གཙུག་གཡུ་དེ་ཕུན་ཚོགས་ལ་བྱིན་ཞིང་། ཇོ་བོའི་སྐུ་མདུན་ལ་ཕུལ་ནས་བུ་དཔལ་ལྡན་པ་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས་དགོས་པའི་ཁ་ཆེམས་བཞག ཕུན་ཚོགས་ཀྱིས་ཆུང་མའི་ཁ་ཆེམས་ལྟར་གཙུག་གཡུ་དེ་ཇོ་བོ་ཆེན་པོའི་མདུན་དུ་ཕུལ་ནས་སྨོན་ལམ་བཏབ། ཡིན་ནའང་གཙུག་གཡུ་དེ་ཅང་མ་འགོར་བར་ལྷ་སའི་མི་དཔོན་གྱི་སྒེར་ནོར་དུ་གྱུར། དེ་ནས་མི་དཔོན་གྱིས་ས་དབང་ཆེན་པོའི་ཆུང་མའི་མིང་བོ་མདའ་དཔོན་བརྒྱུད་ནས་གཙུག་གཡུ་དེ་ས་དབང་ཆེན་པོར་ཕུལ། གཙུག་གཡུ་དེ་དཔོན་ཁག་དེ་དག་གཅིག་ནས་གཅིག་བརྒྱུད་དེ་མདའ་དཔོན་གྱི་འགྲོག་བཟང་གསལ་སྒྲོན་གྱི་ལག་ཏུ་ཚུད་རྗེས། མདའ་དཔོན་དེ་གཙུག་གཡུའི་བདག་པོ་ངོ་མ་དཔལ་ལྡན་གྱིས་དགྲ་ཤ་ལེན་པར་དོགས་པས། ལྐོག་གཡོ་བཤམ་ནས་དཔལ་ལྡན་བཙོན་དུ་བཅུག་ཅིང་བགྲོངས་རྩིས་བྱས། ཡིན་ནའང་། དཔལ་ལྡན་གྱི་གྲོགས་པོ་བདེ་སྐྱིད་ཀྱིས་མི་དཔང་ནོར་དཔང་ཚང་པའི་སྒོ་ནས་གསང་བ་བརྟོལ་ནས་དཔལ་ལྡན་བཙོན་གྲོལ་ཐོབ། མཐར་མདའ་དཔོན་གྱིས་དཔལ་ལྡན་གསོད་རྩིས་བྱེད་ཚེ་བདེ་སྐྱིད་ཀྱིས་ཡང་བསྐྱར་བསྐྱབས་རྗེས། ཁོ་གཉིས་མཉམ་དུ་ལྷ་ས་ནས་མུ་མཐའ་མེད་པའི་གངས་རི་སྤང་ལྗོངས་ཀྱི་ཕྱོགས་སུ་ཕྱིན་པ་སྟེ། གཙུག་གཡུ་ལས་བྱུང་བའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་པ་ལ་བརྟེན་ནས། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་ཏུ་དཔོན་འབངས་མཐོ་དམན་བར་གསུམ་གྱི་འབྲེལ་བ་གསལ་བོར་བརྗོད་པ་དང་། མི་སྣ་འདྲ་མིན་སྣ་ཚོགས་ཀྱི་སྣང་བརྙན་བཏོད་པར་བརྟེན་ནས་ས་དབང་དང་རྫོང་དཔོན། མདའ་དཔོན་སོགས་དབང་སྒྱུར་མཁན་གྱི་ཁ་འཇམ་ཁོག་གནག་དང་། ཟོལ་སྦྱོར་ཁྲེལ་མེད་ཀྱི་རང་གཤིས་དང་སྤྱོད་ངན་སུན་འབྱིན་ཐེར་འདོན་བྱེད་ཅིང་། ཞིང་བྲན་རྣམས་ཀྱིས་ཆབ་སྲིད་ཐད་རང་དབང་ཐོབ་པ་དང་འཚོ་བའི་ཐད་བདེ་སྐྱིད་ཡོང་བར་རེ་བའི་འདུན་པ་མཚོན་ལ། རེ་འདུན་དེ་མངོན་འགྱུར་བྱེད་པར་སྐྱབས་བཟང་གཞན་དུ་འཚོལ་དགོས་པ་ཤུགས་ལས་བསྟན་ཡོད།
ཆོས་འཛོམས་ཀྱིས་བརྩམས་པའི《དྭ་ཕྲུག་གི་ལས་དབང》(38)ལ་མཚོན་ན། རྩོམ་པ་པོས་བོད་ཀྱི་ཟློས་གར་བསྟན་བཅོས་དང་དེང་རབས་སྒྲུང་གཏམ་གྱི་རྩོམ་སྟངས་ཟུང་དུ་སྦྲེལ་པའི་སྒོ་ནས། བདེ་གྲོང་གཞིས་ཀའི་ནང་དུ་ཁ་ངོ་སྐྱེས་འབྲས་མཚར་བའི་གཡོག་མི་ཞིག་ཡོད་པར་སྐུ་དྲག་ཚོས་བཙན་གཡེམ་བྱས་ནས་བྱིས་པ་སྐྱེས་རྗེས་ཁྲག་མང་པོ་བཞུར་རུང་སྨན་བཅོས་བྱེད་པའི་ཆ་རྐྱེན་མེད་པས་ཚེ་ལས་འདས་པ་དང་། དྭ་ཕྲུག་ཏུ་ལུས་པའི་བུ་ཆུང་བསྟན་འཛིན་གྱི་ལོ་ལྔའི་སྟེང་ནས་སྔ་གཞུག་ཏུ་བདེ་ལུང་གཞིས་ཀ་དང་ལྷ་སའི་གཟིམ་ཤག་ཏུ་བྲན་གཡོག་བྱེད་སྐབས་མནར་གཅོད་སྣ་ཚོགས་མྱངས་ནས་ཤེས་པ་རྣལ་ལ་མི་གནས་པར་གྱུར་མཐར། ལྷ་སའི་གཟིམ་ཤག་གིས་ཕྱིར་བསྐྲད་དེ་འཁྱགས་ལྟོགས་དང་གཅོང་ནད་གཉིས་ཀས་མནར་ནས་འཇིག་རྟེན་ཕྱི་མའི་ལམ་དུ་ཕྱིན་པའི་ཞིང་བྲན་མི་རབས་གཉིས་ཀྱི་སྐྱོ་སྡུག་གི་གཏམ་རྒྱུད་བཀོད་པ་ལ་བརྟེན་ནས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་ཞིང་བྲན་སྤྱིའི་བཟོད་དཀའ་བའི་སྡུག་བསྔལ་གྱི་འཚོ་བ་དང་ལས་སྐལ་མཚོན་པ་ལྟ་བུ་རེད། དེ་མིན་སྐལ་བཟང་རྣམ་གྲོལ་གྱིས་བརྩམས་པའི《བུ་མོ་སྤུན་གསུམ་གྱི་རྣམ་ཐར》(39)དང་། བསྟན་པས་བརྩམས་པའི《འཇུར་ཏ་སྤེན་ཚེ》(40)དབང་ཆེན་སྟོབས་རྒྱས་ཀྱིས་བརྩམས་པའི《རྟ་འདུལ་མཁན་གྱི་གཏམ་རྒྱུད》(41)སོགས་སྒྲུང་ཐུང་མང་པོའི་བརྗོད་བྱའི་ནང་དོན་ཡང་འདི་བཞིན་ནོ། བརྩམས་སྒྲུང་དེ་དག་ནི་བོད་ལྗོངས་རྙིང་བར་བཀས་བཀོད་རྒྱུན་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་བྱུང་པའི་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བརྩམས་པ་ཡིན་པས།
དེ་དག་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་རྩོམ་པ་པོ་རྣམས་ཀྱི་བརྗོད་འདོད་བསམ་བློ་མཛེས་དཔྱོད་ཀྱི་སྒོ་ནས་གསལ་ལེར་མཚོན་པ་དང་། སྐབས་དེའི་ཆབ་སྲིད་དྲིལ་སྒྲོག་གི་བབ་དང་ཡོངས་སུ་མཐུན་པར་མ་ཟད། རྗེས་རབས་པ་དང་བོད་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ལ་མཚོན་ན། སྤྱི་ཚོགས་རྙིང་བའི་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་དཔོན་རིགས་མཐོ་དམའ་བར་གསུམ་གྱི་དབང་སྒྱུར་བྱེད་སྟངས། དེ་དག་བར་གྱི་འབྲེལ་བ། ཞིང་བྲན་རྣམས་ཀྱི་དཔལ་འབྱོར་གྱི་འཚོ་བ་དང་ཆབ་སྲིད་ཀྱི་གོ་གནས། བསམ་བློའི་འཁྱེར་སོ་སོགས་ལ་རྒྱུས་ལོན་བྱེད་པའི་དཔྱད་གཞི་རྩ་ཆེན་ཞིག་ཀྱང་རེད།
གཉིས། སེམས་རྨ་བརྗོད་པའི་སྒྲུང་གཏམ།
“སེམས་རྨ་བརྗོད་པའི་རྩོམ་རིག”ནི“རིག་གནས་གསར་བརྗེ”མཇུག་གྲིལ་རྗེས་ཆེས་ཐོག་མར་ཐོན་པའི་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་ནམ་སྣང་ཚུལ་ཞིག་ཡིན་ཞིང་། དེས་ཞིབ་འབྲི་བྱས་པ་ནི་སྤྱི་ཚོགས་ཀྱི་རྨ་ཁ་དང་ལོ་བཅུའི“རིག་གནས་གསར་བརྗེ་ཆེན་པོའི”ཁྲོད་དུ་ཀྲུང་གོའི་སྤྱི་ཚོགས་ལ་བཟོས་པའི་སྐྱོ་སྡུག་རེད། “རིག་གནས་གསར་བརྗེས”རྒྱལ་ཁབ་དང་སྤྱི་ཚོགས། མི་དམངས་དུང་ཕྱུང་དུ་མའི་སེམས་ཁོང་དུ་རྨ་ཁ་བཟོས་པས། “མི་བཞི་ཤོག་ཁག”རྡུལ་དུ་བརླག་མ་ཐག“སེམས་རྨ་བརྗོད་པའི་རྩོམ་རིག”དེ་རྩོམ་རིག་གི་བསམ་བློའི་རླབས་ཕྲེང་དང་པོའི་ཚུལ་གྱིས་ཐོན་པ་རེད། ང་ཚོ་བོད་ལ་མཚོན་ནའང་དེ་བཞིན་ཏེ། “ལོ་བཅུའི་ནང་ཟིང་”དུ་བོད་ཀྱི་དགོན་སྡེ་མཐའ་དག“ལྷ་འདྲེ་གདོན་བགེགས་ཀྱི་ཚང”དུ་བརྗོད་ནས་གཏོར་ཞིག་ཏུ་གཏོང་པ་དང་། བོད་ཀྱི་རིག་གནས་ཐམས་ཅད་ཆོས་ལུགས་རྨོངས་དད་དུ་བརྗོད་དེ་བཀག་འགོག་བྱེད་པ། དཔེ་ཆ་སྣ་ཚོགས་རིག་གནས་རྙིང་པའི་རིགས་སུ་བཤད་ནས་མེར་སྲེག་ཅིང་། བླ་སྤྲུལ་དང་གྲྭ་པ་རྣམས་ལ་མི་དམངས་ལ་བཤུ་གཞོག་བྱེད་པའི་སྤྱང་ཀི་ཟེར་པ་དང་། འགོ་ཁྲིད་ཆེ་ཆུང་ཚང་མར་མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་བའི་དབང་འཛིན་པ་ཟེར་ནས་དགག་རྒྱག་དང་མནར་གཅོད་ཚད་མེད་བྱས། ཐ་ན་བརྩོན་པ་ཆེན་པོས་ཞོར་ལས་དང་ལག་ཤེས་བཟོ་ལས་གཉེར་མཁན་རྣམས་ལའང་མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་ཟེར་ནས་འཐབ་རྩོད་དང་གཅར་རྡུང་བྱས། ལས་རིགས་སོ་སོའི་བོད་མི་རྣམས་ཀྱི་སེམས་ལ་བརྗེད་ཐབས་མེད་པའི་རྨ་ཁ་བཟོས་པས། “མི་བཞི་ཤོག་ཁག”རྡུལ་དུ་བརླགས་རྗེས། 《ཆར་ཤུལ་གྱི་ནགས་ཚལ》(རྣམ་གྲོལ)དང་《དཔེ་ཚབ་སྤྲོད་པ》(42)(རིག་འཛིན)《བཀྲ་ཤིས་དོན་གྲུབ་གཉེན་སྒྲིག་བྱེད་པའི་སྔ་རྗེས་སུ》(43)(རིན་ཆེན་ཚེ་དགའ)《སྡུག་འབྲས》(44)(དཔལ་མཆོག)《ཐུག་འཕྲད》(45)(སྒ་ཚེས་གསུམ་ཉི་མ)སོགས་སེམས་རྨ་བརྗོད་པའི་སྒྲུང་གཏམ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པ་རེད།
“སེམས་རྨའི་རྩོམ་རིག”ནི་རྨ་ཁའི་མྱོང་ཚོར་དང་མཆི་མའི་རྩོམ་རིག་ཙམ་མིན་པར“མི་བཞི་ཤོག་ཁག”གི་ནག་ཉེས་མཚང་འབྱིན་བྱེད་པ་དང་ཟང་ཟིང་གིས་བཟོས་པའི་ཉེས་སྐྱོན་ཐེར་འདོན་བྱེད་པ་རེད། དཔེར་ན། 《སྡུག་འབྲས》ལ་མཚོན་ན། མགོན་ཞོལ་ཀུང་ཧྲེའི་ཐོན་སྐྱེད་ལས་འཛིན་སྙན་གྲགས་ཟེར་བ་དེས “སྔོན་ཐོན་པ”སྐུལ་སློང་བྱས་ནས་ཐོན་སྐྱེད་ཁོ་ན་སྨྲ་བའི“དབང་འཛིན་པར”དགག་པ་བརྒྱབ་ཅིང་། “གསར་དུ་བྱུང་པའི་ཕྱུག་པོའི”རྒྱུ་ནོར་གཞུང་བཞེས་བྱེད་པ། “རྗེས་ལུས་པའི”མགོར་ཞྭ་མོ་བསྐོན་པ་བཅས་བྱས་ནས། འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་གྱི་དཔུང་ཁག་གི་དབྱེ་བ་གསལ་བོར་ངེས་སུ་བཅུག་པ་དང་། གྲལ་རིམ་འཐབ་རྩོད་ཀྱི་བསམ་བློ་ལྡན་པའི་ཕྱུགས་རྗི“སྔོན་ཐོན་ཅན”སྐྱེད་སྲིང་བྱས་པས། གོང་རིམ་འགོ་ཁྲིད་ཀྱི་བསྟོད་བསྔགས་ཐོབ་ཅིང་ཀུང་ཧྲེའི་ཀྲུའུ་རིན་ལ་འཕར་པའི་སྣང་ཚུལ་སུན་འབྱིན་བྱས་པ་དང་རང་བྱུང་ཆ་རྐྱེན་མི་འདྲ་བའི་ས་གནས་ཀྱི་ཉམས་མྱོང་བཙན་ཤེད་ཀྱིས་ཞྭ་དཔེ་ལྷམ་འགེབ་བྱས་པར་དགག་པ་ནན་མོ་བརྒྱབ་ཡོད།
《དཔེ་ཚབ་སྤྲོད་པ》ལས“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་གཡོན་གྱི་ཆབ་སྲིད་ལམ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དམའ་འབྲིང་དང་པོའི་སློབ་མ་བཀྲ་ཤིས་ཀྱིས་རང་གི་དགེ་རྒན་གྲགས་པའི་དཔེ་ཆ《སྙན་ངག་ཕྱོགས་བསྒྲིགས》དང་། 《གསེར་ཏོག་སུམ་རྟགས།》《དག་ཡིག་དགེ་བཤེས་ཆོས་གྲགས》སོགས“རིག་གནས་རྙིང་བའམ”“ཆོས་ལུགས་རྨོངས་དད”ཀྱི་རིགས་སུ་བཤད་ནས་མེར་བསྲེཊ་ཤིང་། དགེ་རྒན་བཀྲ་ཤིས་ལའང“ལྷ་འདྲེ་གདོན་བགེགས”ཞེས་གཤེ་གཤེ་བཏང་པ་དང་། “མི་བཞི་ཤོག་ཁག”རྡུལ་དུ་བརླགས་རྗེས་རང་གིས་སྔར་བྱས་ཀྱི་ལས་ལ་འགྱོད་སེམས་སྐྱེས་ཤིང་དཔེ་ཚབ་ཉོས་ཏེ་དགེ་རྒན་ལ་འགྱོད་བཤགས་བྱས་པ་བསྟན་ཡོད།
ཡང་། 《བཀྲ་ཤིས་དོན་གྲུབ་གཉེན་སྒྲིག་བྱེད་པའི་སྔ་རྗེས་སུ》ཞེས་པ་ནི། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་ཨ་ཁུ་རྡོ་རྗེས་འདས་དོན་ཕྱིར་དྲན་གྱི་ཚུལ་གྱིས་བརྩམས་པ་སྟེ། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་བྲག་དམར་སྡེ་བའི་རུ་གཙོ་ལ་གཅོད་ལོ་ཞེས་པ་ངལ་རྩོལ་ལ་མི་དགའ་བ་དང་། རྐུ་དང་ནག་ཚོང་རྒྱག་པ། བུད་མེད་རྣམས་ལ་བརྙས་བཅོས་བྱེད་པ་སོགས་བྱ་ངན་སྤྱོད་ངན་ཁོ་ན་བྱེད་མཁན་ཞིག་ཡོད་པ་དེ་བསྐོས་རྗེས། ཁོ་རང་གཙོ་བྱས་པའི་དམར་སྲུང་དམག་རྣམས་ཀྱིས་རུ་གཙོ་སྔོན་མ་བློ་བཟང་ནི་ལམ་ཕྱོགས་ཐོག་ནོར་འཁྲུལ་ཚབས་ཆེན་ཡོད་པའི“མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་དབང་འཛིན་པ”རེད་ཅེས་ཡར་བསླངས་པ་དང་སྦྲགས། ལྷམ་འདེབ་ཨ་ཁུ་རྡོ་རྗེ་ཚང་གི་མནའ་མ་འཕྲོག་པའི་ཆེད་དུ་ཨ་ཁུ་རྡོ་རྗེ་ལའང“གསར་དུ་ཐོན་པའི་འབྱོར་ལྡན་གྲལ་རིམ”དང་།“བཤུ་གཞོག་ལ་རྟེན་མཁན་ཞིང་པ་ཕྱུག་པོ”ཞེས་པའི་ཉེས་མིང་བཏགས་ནས། ཟླ་བ་ཁ་ཤས་ལ་དགག་རྒྱག་དང་འཐབ་རྩོད་གཅར་རྡུང་། འཇིགས་སྐུལ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་སྣ་ཚོགས་བྱས་ཤིང་། དེ་ལྟ་བུའི་ཟང་ཟིང་གི་ཆབ་སྲིད་ལས་འགུལ་ཡུན་རིང་དུ་སྤེལ་ནས་མི་རྣམས་བློ་བདེའི་ངང་ཐོན་སྐྱེད་བྱེད་པའི་གོ་སྐབས་མ་བྱུང་སྟབས། མི་སེམས་སོ་སོར་གྱེས་པ་དང་ཐོན་ཚད་མར་ཆག་པ་སོགས་ཀྱི་མཐའ་འབྲས་ངན་པ་བྱུང་སྟེ། ཁྱིམ་ཚང་མང་ཆེ་བ་ཟས་གོས་མེད་པའི་སྡུག་བསྔལ་གྱིས་མནར་པས། གཞན་ནོར་རྐུ་པ་དང་ཚ་ཐབ་སྟེང་གི་གདན་ཡང་མི་བཙོང་ཐབས་མེད་ཀྱི་གནས་ཚུལ་སྣ་ཚོགས་བྱུང་པ་ཞིབ་འབྲི་བྱས་ནས། “རིག་གནས་གསར་བརྗེ་ཆེན་པོས”བཟོས་པའི་ནག་ཉེས་ཐེར་འདོན་བྱེད་ཅིང་དེར་དགག་པ་རྒྱག་པ་ལྟ་བུའོ།།
“སེམས་རྨའི་རྩོམ་རིག”དེ་དུས་སྐབས་ཤིག་གི་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་ཞིག་གི་ཆ་ནས་འདས་ཟིན་ཡང་། “རིག་གནས་གསར་བརྗེ་ཆེན་པོས”བོད་ཀྱི་གོམས་སྲོལ་ལ་མཐོང་ཆུང་བྱས་པ་དང་། བོད་ཀྱི་རིག་གནས་ལ་དམའ་འབེབ་བྱས་པ། བོད་ཀྱི་སྐྱེས་བུ་དམ་པ་རྣམས་ལ་གཅར་རྡུང་དང་མནར་གཅོད་བྱས་པ། ཁྱད་པར་དུ་བོད་ཀྱི་དགོན་སྡེ་ཁག་གི་རྟེན་དང་བརྟེན་པ་དང་། དཔེ་རྒྱུན་དཀོན་པོ་སོགས་རིག་གནས་དངོས་རྫས་རྩ་ཆེན་རྣམས་རྨེག་མེད་དུ་བཏང་པའི་ན་སེམས་དང་འཁོན་སེམས་ནི་བོད་མི་དམངས་ཀྱི་སེམས་སུ་ནམ་ཡིན་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པས། ཕྱིས་ཀྱི“བཅོས་བསྒྱུར་སྒྲུང་གཏམ”མང་པོར་ཡང་ཐག་ཞོར་འབྲང་དྲུད་ཀྱི་སྒོ་ནས་ཟུར་ཟ་དང་སུན་འབྱིན། དགག་རྒྱག་བཅས་བྱས་པ་ལས་རྟོགས་ཐུབ།
གསུམ། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་མཚོན་པའི་སྒྲུང་གཏམ།
དེ་ཡང“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་གྲལ་རིམ་འཐབ་རྩོད་གཙོར་བཟུང་ནས། “མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་བའི་དབང་འཛིན་པ”དང་། “ལྷ་འདྲེ་གདོན་བགེགས“ཐོན་སྐྱེད་ཁོ་ན་སྨྲ་བ”“གསར་དུ་བྱུང་པའི་འབྱོར་ལྡན་གྲལ་རིམ་པ”སོགས་ལ་འཐབ་རྩོད་དང་དགག་པ་རྒྱག་པའི་ལས་ལ་བྲལ་ཞིང་། མི་རྣམས་ཀྱི་བསམ་བློ་ཟང་ཟིང་དུ་གྱུར་ནས་ཐོན་སྐྱེད་དམ་འཛིན་བྱེད་མ་ཐུབ་པས། རྒྱལ་དམངས་དཔལ་འབྱོར་བསྟུད་མར་མར་བབ་ཅིང་དམངས་ཀྱི་དཔལ་འབྱོར་འཚོ་བ་ཧ་ཅང་སྡུག་པོར་གྱུར་པ་དང་། ཁྱད་པར་དུ་རོང་འབྲོག་ཕྱོགས་སུ་ཐོན་སྐྱེད་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ནས། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་འཚོ་བ་སྔ་ན་མེད་པའི་འགྱུར་ལྡོག་ཉམས་སྤྲོ་བ་བྱུང་པས། རྒྱལ་ཡོངས་ལས་རིགས་སོ་སོ་ཀུན་ནས་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བར་མགྲིན་གཅིག་ཏུ་བསྔགས་བརྗོད་དང་གོང་བཀུར་བྱས། གནས་ཚུལ་དེ་ལྟ་བུའི་འོག་ཏུ་བོད་ཀྱི་རྩོམ་རིག་ལས་རིགས་སུ་དུས་སྐབས་གསར་པའི་འཚོ་བ་གསར་བ་མཚོན་པའི་སྒྲུང་གཏམ་ཁག་ཅིག་ངང་ངམ་ཤུགས་ཀྱིས་ཐོན་པ་ཡིན། དཔེར་ན། ཐུབ་བསྟན་གྱིས་བརྩམས་པའི་《ཨ་ཆུང་གིས་རྟ་ཉོས་པ》(46)ལྟ་བུར་མཚོན་ན། “རིག་གནས་གསར་བརྗེའི”སྐབས་སུ་འཕྱི་བ་གསོད་པ་དང་སློང་མོ་བྱས་ནས་འཚོ་བ་རོལ་ཞིང་ཀུང་ཧྲེ་ཡོངས་ལ་མེད་པོ་སྐད་གྲགས་ཆེ་བའི་ཨ་ཆུང་གིས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་ལོ་གསུམ་པར་སྲི་ཐར་ལག་ནས“པེ་ཅིན་ཅི་ཕུ”ཞེས་པའི་རྟ་སྙན་གྲགས་ཅན་དེ་ཉོས་པར་མ་ཟད། ད་དུང་བུ་མོ་མཛེས་མ་ཞིག་ཀྱང་ཆུང་མར་བླངས་པའི་གཏམ་རྒྱུད་བརྗོད་པ་ལ་བརྟེན་ནས། ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་རྗེས་ཀྱི་འཚོ་བ་གསར་བའི་རྣམ་པ་སྟོན་པའི་ཤུགས་ལས་ལམ་ལུགས་དེའི་ཡང་དག་རང་བཞིན་ལ་བསྟོད་བསྔགས་ཀྱང་བྱེད་པ་ལྟར་རེད།
《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》ལས། གཙང་ཁུལ་གྱི་ཞིང་བའི་བུ་མོ་ཚེ་བརྟན་ལྷ་མོའི་ཁྱིམ་ཚང་གི་གནས་ཚུལ་བརྗོད་བྱར་བཟུང་ནས་དེ་ཉེ་འཁོར་གྱི་སོ་ནམ་པའི་དུད་གྲོང་དང་མི་སྣ་ཁག་ཅིག་གི་ལོ་ངོ་སུམ་ཅུ་ལྷག་གི་སྐྱིད་སྡུག་དང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པ་ནས་ལོ་རབས་བརྒྱད་ཅུ་པའི་ལོ་མགོའི་བར་བོད་ཀྱི་ཞིང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ཀྱི་འགྱུར་ལྡོག་མཚོན་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་ཞིང་ཁུལ་དུ་ཐོག་མའི་འཕོ་འགྱུར་ཆེན་པོ་བྱུང་ཚུལ་མཚོན་འདུག
ཡང་། 《ལྷིང་འཇགས་ཀྱི་རྩྭ་ཐང》ལ་མཚོན་ནའང་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེ་ཟེར་པར“རིག་གནས་གསར་བརྗེའི”སྐབས་སུ་གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་གནོད་འཚེ་ཐེབས་པས། རང་ཡུལ་བསྐྱུར་ནས་གཞན་ཡུལ་འགྲིམས་ནས་དཀའ་ཆེར་སྤྱད་ཀྱིས་ཚོང་ལས་ཆུང་ཆུང་གཉེར་ཏེ་མ་དངུལ་བསགས་པ་དང་། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཕྱིར་རང་ཡུལ་དུ་ལོག་སྟེ། རང་གི་མ་དངུལ་བཏང་ནས་ཚོང་ཁང་དང་སློབ་གྲྭ་འཛུགས་པ་དང་། སྡེ་བའི་འགོ་ཁྲིད་པ་རྒྱལ་ཁབ་གཞན་པའི་ཕྱུགས་ལས་ས་ཁུལ་དུ་བལྟ་སྐོར་རམ་ཉམས་མྱོང་ལེན་དུ་འགྲོ་བར་བཅུག་པ་སོགས་གཞན་ཕན་གྱི་ལས་བསྒྲུབས་པ་དང་།
སློབ་ཆུང་གི་དགེ་རྒན་སྒྲོལ་མ་དཀར་མོར་བརྩེ་དུང་ཟབ་མོ་ཆགས་ཤིང་། སྲོལ་རྒྱུན་གྱི་སྟོབས་ཤུགས་དང་དབང་ཆེན་ཁག་ཅིག་གིས་མགོ་གནོན་པ་དང་བཀག་རྒྱ་བཟོས་ཀྱང་བརྩེ་དུང་གི་ཆུ་རྒྱུན་མ་ཆད་པ་སོགས་ཞིབ་འབྲི་བྱེད་པར་བརྟེན་ནས། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་འབྲོག་ཕྱོགས་རྩྭ་ཐང་དུ་བྱུང་པའི་རྣམ་པ་གསར་བ་དང་། རང་མོས་གཉེན་སྒྲིག་བྱེད་པའི་སྙིང་སྟོབས་ལ་བསྔགས་པ་བརྗོད་པ་ལྟར་རེད།
“བཅོས་བསྒྱུར་རྩོམ་རིག”དང་ཡང་ན་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་མཚོན་པའི་སྒྲུང་གཏམ་དེ་དག་རྩོམ་རིག་གསར་རྩོམ་དོན་དངོས་དང་ཉེ་བར་བྱེད་པ་དང་། སྤྱི་ཚོགས་འཚོ་བ་དང་གོམ་པ་མཉམ་དགོས་པའི་བླང་བྱ་དང་མཐུན་པར་མ་ཟད། “སེམས་རྨ་བརྗོད་པའི་རྩོམ་རིག”དང་དོ་སྙོམ་པ་ཡང་བྱེད་ཐུབ་པས། གསར་རྩོམ་ལ་མཛུབ་སྟོན་བྱེད་པའི་སྡེ་ཁག་རྣམས་ཀྱིས་མཐོང་ཆེན་དང་ཁྱབ་སྤེལ་བྱས་པ་ཡིན།
བཞི། སུན་འབྱིན་སྒྲུང་གཏམ།
དུས་སྐབས་གསར་བའི་ནང་དུ་བོད་ཀྱི་ཡར་སྐྱེད་ཀྱི་འདུན་པ་མངོན་འགྱུར་བྱེད་པ་དང་བསམ་བློའི་ཤེས་རྟོགས་ཇེ་མཐོར་གཏོང་བ། དཔལ་འབྱོར་གྱི་འཚོ་བ་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བགེགས་བར་ཆད་དུ་གྱུར་པའི་རྗེས་ལུས་ཀྱི་བསམ་བློ་དང་། གོམས་སྲོལ་རྙིང་བ། བྱ་ངན་སྤྱོད་ངན་བཅས་མཚང་འབྱིན་ཐེར་འདོན་བྱེད་རྒྱུ་ནི་དུས་སྐབས་གསར་བའི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་གཡོལ་ཐབས་མེད་པའི་འོས་འགན་ཡིན་པས། སྐབས་དེའི་སྒྲུང་གཏམ་མི་ཉུང་བ་ཞིག་གི་བརྗོད་བྱའི་བསྟན་དོན་ཡང་འདིའི་རིགས་ལ་གཏོགས་པ་སྟེ། ཆོས་ལུགས་པ་རྫུན་མའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ངན་པར་དགག་པ་རྒྱག་པ་དང་། འདུ་ཤེས་རྙིང་པ་དང་གོམས་སྲོལ་ངན་པ་མཁྲེགས་བཟུང་བྱས་ནས། ཕོ་མོའི་གཉེན་དོན་ལ་བགེགས་བར་ཆད་བཟོ་པ་དང་རྩྭ་སའི་དོན་དུ་ཕུ་ནུ་ནང་དམེ་བྱེད་པར་ཐེར་འདོན་དགག་རྒྱག་བྱེད་པ། ལས་རྒྱུ་འབྲས་མེད་པའི་བུ་ཕྲུག་ལ་ལས་ཕ་མར་བཀུར་གཟོ་མི་བྱེད་པའི་སྤྱོད་པ་སྐྱུག་བྲོ་བ་མཚང་འབྱིན་བྱེད་པ། གཞན་ལ་མི་རིགས་ལ་རྒྱ་བཤད་ཅིང་རང་གིས་རང་འཁྲིའི་ལས་ཀའང་བཟང་པོར་མི་བསྒྲུབ་པར་ཟུར་ཟ་བྱེད་པ་སོགས་ཤིན་ཏུ་མང་ཞིང་། དེ་དག་ལས་ཀྱང་བརྩམས་ཆོས་མང་ཞིང་གནད་ལ་ཁེལ་བ་ནི། ཆོས་ལུགས་པ་རྫུན་མའི་སྐྱོན་མཚང་ལ་ཐེར་འདོད་དགག་རྒྱག་བྱས་པའི་སྒྲུང་གཏམ་རེད། དེ་ཡང་རྒྱུ་མཚན་ཡོད་དེ། “མི་བཞི་ཤོག་ཁག”རྡུལ་དུ་བརླགས་རྗེས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་བསྟར་དངོས་འབེབ་བྱས་ནས། ཆོས་ལུགས་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་རྣམ་པ་གསར་བ་ཀུན་ནས་རྒྱས་པས། རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཡིད་ཀྱི་འཛུམ་རྒྱ་ལྷུག་པར་གྲོལ་པ་དང་། དུས་ཡུན་རིང་བོར་ཁོང་དུ་སྦ་བའི་དད་པའི་སྟོབས་བརྡོལ་ཞིང་སེར་སྣའི་ཁུ་ཚུར་ཡོངས་སུ་ལྷོད་ནས་དགེ་བའི་ལས་བསྒྲུབ་པར་འབད་པའི་བཀྲ་ཤིས་རྣམ་པས་ཁྱབ་སོང་། གོ་སྐབས་དེར་བརྟེན་ནས་འདོད་ཧམ་ཆེ་ཞིང་ཁྲེལ་བག་མེད་པ།
གཡོ་སྒྱུར་མཁས་ཤིང་ལེ་ལོ་ཆེ་པ་འགའ་ཞིག་ཆོས་ལུགས་པར་བརྫུས་ནས། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀུན་ལའང་མི་རུང་བའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་ངན་སྣ་དགུ་བྱས། རྩོམ་རིག་ནི་མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟབས་ཤིག་ཡིན་པས་སྣང་ཚུལ་དེའི་རིགས་བརྗོད་བྱར་བྱས་པའི་སྒྲུང་གཏམ་དང་པོ་ནི《སྤྲུལ་སྐུ》ཡིན་ཞིང་། དེའི་ནང་དུ་བྱ་ངན་སྣ་དགུ་བྱེད་པའི་སྤྲུལ་སྐུ་རྫུན་མ་དང་རྨོངས་པའི་དྲ་བར་ཚུད་པའི་ཨ་ཁུ་ཉི་མ་སོགས་ཀྱི་སྣང་བརྙན་བཏོད་པ་ལ་བརྟེན་ནས། རྒྱུ་ནོར་ལ་རྔམ་ཞིང་འདོད་སྲེད་ཆེ་པ། རྫུན་གཏམ་མཁས་ཤིང་གཡོ་སྒྱུ་ཆེ་བའི་སྤྲུལ་སྐུ་རྫུན་མའི་བྱ་སྤྱོད་སྐྱུག་བྲོ་བ་ཐེར་འདོན་བྱེད་པ་དང་། ལུས་ལ་སེར་བོ་གྱོན་ཞིང་ཁ་ནས“དཀོན་མཆོག་མཁྱེན”ཟེར་མཁན་ཞིག་ཡིན་ན། བཤད་བཤད་ཐམས་ཅད་ལུང་བསྟན་དུ་ངེས་ཤིང་མཁོ་མཁོ་ཚང་མ་འབུལ་བར་སྟེར་པའི་རྨོངས་དད་པ་ཨ་ཁུ་ཉི་མ་དང་བུ་མོ་འབྲུག་མོ་ལྟ་བུ་ལ་དྲན་སྐུལ་གྱི་ཅོང་བརྡ་གཏོང་གིན་ཡོད་ལ། སྤྲུལ་སྐུ་ངོ་མ་ཞིག་ཡོད་མེད་ལའང་དོགས་སློང་མཛད་པར་སྙམ།
སྐབས་དེའི་བོད་ཀྱི་སྤྱི་ཚོགས་སྟེང་སྤྲུལ་སྐུ་དང་དགེ་བཤེས། གྲུབ་ཐོབ་པ། ལྷ་བ། མོ་བ་སོགས་སུ་བརྫུས་ནས་དད་ལྡན་མང་ཚོགས་ཀྱི་རྒྱུ་ནོར་ཧམ་འཕྲོག་དང་བུད་མེད་གཡོ་སྤྱོད། ནད་པར་རྐང་རྫི་སོགས་བྱེད་པའི་དོན་རྐྱེན་ཅུང་མང་རུང་། ཆོས་ལུགས་དང་འབྲེལ་བའི་དོན་དག་གླེང་ན་གཅིག་ཏུ་ཏང་གི་སྲིད་ཇུས་དང་། གཉིས་སུ་ཆོས་ལུགས་པ། གསུམ་དུ་སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་བསམ་བློ་གཏོང་དགོས་པས། 《སྤྲུལ་སྐུའི》སྔོན་དུ་གནད་དོན་འདིའི་སྐོར་བརྗོད་བྱར་བྱས་པའི་སྒྲུང་གཏམ་ཧ་ལམ་མེད་པ་འདྲ། དཔལ་དོན་གྲུབ་རྒྱལ་གྱིས་སྣང་ཚུལ་དེའི་རིགས་ཐུགས་ཀྱིས་མ་བཟོད་པར་ཐུགས་སྤོབས་ཆེན་པོས《སྤྲུལ་སྐུ》ཞེས་པའི་སྒྲུང་གཏམ་དེ་བརྩམས་ནས《སྦྲང་ཆར》དུས་དེབ་ཏུ་སྤེལ་རྗེས། གནད་དོན་དེའི་རིགས་བརྗོད་བྱར་བྱས་པའི་སྒྲུང་གཏམ་སྟེ་པིར་ཐོགས་ཀྱི《གྲུབ་ཐོབ་པ》(47)དང་། ཚེར་མའི《གྲུབ་ཐོབ་རྟ་ནག་ཅན》(48)རྡོ་རྗེ་རིན་ཆེན་གྱི《མཇལ་པ》(49)ཀ་འཇམ་དབྱངས་ཀྱི《འགྱོད་སེམས》(50)སོགས་འཕྲོ་རིམ་འཕྲོར་ཐོན་པར་མ་ཟད། སྔར་ལས་རྣོ་ངར་ཆེ་བའི་སྒོ་ནས་གནད་དོན་དེའི་རིགས་ལ་མཚང་འབྱིན་དགག་རྒྱག་བྱས་པས། སྐབས་དེའི་རྩོམ་རིག་གི་སྣང་ཚུལ་ལམ་འཕེལ་ཕྱོགས་གཅོ་བོ་ཞུགས་ཏུ་གྱུར།
ཕུལ་དུ་བྱུང་བའི་སྒྲུང་གཏམ་འདི་དག་སྐབས་དེར་ཆོས་ལུགས་ཀྱི་ཕྱི་གོས་གོན་པ་དང་མིང་གཡར་ནས། དད་ལྡན་མང་ཚོགས་ལ་མགོ་གཡོག་མགོ་སྐོར་གཏོང་བའི་མི་ངན་ཁ་ཤས་ཀྱི་མགོ་བོ་འཇོམས་བྱེད་ཀྱི་མཚོན་ཆ་དང་ཆལ་འདྲོག་དད་པའི་རྗེས་སུ་འབྲང་བའི་མང་ཚོགས་ཁག་ཅིག་རྨོངས་པའི་གཉིད་ལས་སད་པའི་ཅོང་བརྡར་གྱུར་བར་མ་ཟད། ད་ལྟ་དང་མ་འོངས་པར་ཡང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ཡོད་པར་སྙམ།
དུས་སྐབས་གསར་བའི་སྒྲུང་གཏམ་གྱི་རྩོམ་པ་པོ་མང་ཆེ་བ་ནི་ན་གཞོན་དར་མ་ཡིན་ཞིང་། ཕོ་མོའི་བརྩེ་དུང་དང་གཉེན་སྒྲིག་གི་ཕྱོགས་ལ་དོ་སྣང་དང་རྟོག་དཔྱོད་བྱས་པ་ཧ་ཅང་ཞིབ་པ་དང་། བསམ་བློའི་སྟེང་རང་མོས་གཉེན་སྒྲིག་ལེགས་པར་སྙམ་པས། རིགས་རུས་མཆོག་དམན་དང་སྲུང་མ་མཐུན་མིན། རུས་གཙང་མིན་སོགས་འདུ་ཤེས་དང་གོམས་སྲོལ་རྙིང་བ་མཁྲེགས་བཟུང་བྱས་ནས། བུ་བུ་མོའི་རང་མོས་ཀྱི་གཉེན་དོན་ལ་ཐེ་གཏོགས་དང་བར་ཆད་བཟོ་བ་དང་། ཡང་ན་བཙན་ཤེད་ཀྱིས་གཉེན་སྒྲིག་པའི་སྣང་ཚུལ་ལ་དགག་པ་རྒྱག་པའི་སྒྲུང་གཏམ་ཡང་མི་ཉུང་བ་ཞིག་ཡོད་པ་ལས་དུས་དེབ་སྟེང་དུ་སྤེལ་པ་སྔ་ཞིང་སྣེ་ཁྲིད་དང་བློ་སྐྱེད་ཀྱི་ནུས་པ་ཐོན་པ་ནི། དཔལ་དོན་གྲུབ་རྒྱལ་གྱི《སད་ཀྱིས་བཅོམ་པའི་མེ་ཏོག》ཡིན་པར་སྙམ། དེས་གཙོ་བོར་བུ་བུ་མོ་མངལ་ན་ཡོད་པའི་དུས་ནས་གཉེན་རྟགས་བརྒྱབ་པའི་གོམས་སྲོལ་དགོད་བྲོ་བ་དེས་འཚོ་བར་དགའ་ཞེན་དང་མ་འོངས་པར་རེ་བས་ཁེངས་པའི་གཞོན་ནུ་ཚེ་རིང་དང་ལྷ་སྐྱིད་གཉིས་ཀྱི་དྲི་མེད་བརྩེ་དུང་ལ་བར་བགེགས་བྱས་པའི་མཇུག་འབྲས་ངན་པ་སྟོན་པ་དང་། ཡེ་ཤེས་ཆོས་འཕེལ་གྱི《རྫ་རི་ག་ཚོད་མཐོ་ཡང་ཉི་ཟླ་བཀག་པར་མི་ནུས》(51)ལས། གཞོན་ནུ་བསྟན་འཛིན་འཇིགས་མེད་དང་བུ་མོ་བློ་བཟང་སྒྲོལ་མ་གཉིས་ཆུང་དུས་ནས་སློབ་གྲྭ་གཅིག་འགྲིམས་ནས་མཉམ་དུ་འཚོ་བ་རོལ་བ་ལས་ཕན་ཚུན་ལ་བརྩེ་དུང་ཟབ་མོ་ཆགས་ནས། ཚེ་གང་གཏན་གྲོགས་བྱ་རྒྱུའི་དམ་ཚིག་རྡོ་རྗེ་མདུད་པ་བཅིངས་རུང་། བུ་མོ་བློ་བཟང་སྒྲོལ་མའི་སྤོ་བོ་མགར་བ་ཡིན་པའི་རྐྱེན་གྱིས། ཁོ་གཉིས་ཀྱི་ལུགས་མཐུན་གྱི་བརྩེ་དུང་ལ་བཀག་འགོག་དང་། ཁྲེལ་དགོད། འཕྱ་དམོད་སོགས་བྱས་པ་དང་། གཞོན་ནུ་ཕོ་མོ་གཉིས་ཀྱིས་ཞུམ་པ་མེད་པར་ངོ་རྒོལ་བྱས་ཚུལ་བརྗོད་པ་སྟེ། སྒྲུང་གཏམ་གཉིས་ཀྱིས་ངོས་མི་འདྲ་བའི་སྒོ་ནས་འདུ་ཤེས་རྙིང་བ་དང་ལུགས་སྲོལ་ངན་པའི་ཉེས་སྐྱོན་ལ་སུན་འབྱིན་དགག་རྒྱག་བྱེད་པ་དང་། དྲི་མ་མེད་པའི་རང་མོས་བརྩེ་དུང་དང་རང་དབང་གཉེན་སྒྲིག་བརྩོན་པའི་སྙིང་སྟོབས་ལ་བསྟོད་གླུ་ལེན་ཞིང་། ཕྱི་རབས་པའི་རང་མོས་བརྩེ་དུང་ལ་འབྲས་བུ་ཡོད་བཞིན་དུ་སྨིན་པར་རེ་འབོད་བྱེད་ཀྱིན་ཡོད།
ད་དུང་ཆོས་འཛོམས་ཀྱིས་བརྩམས་པའི《རིགས་རུས》(52)དང་ཚེ་རིང་རྣམ་མགོན་གྱི《ཀླུ་མོ་མཚོ》(53)བཀྲ་ཤིས་ཟླ་བའི《གཙང་པོའི་ཕ་རོལ》སོགས་ཀྱང་བརྗོད་བྱའི་བསྟན་དོན་འདིའི་རིགས་མཚོན་པའི་སྒྲུང་གཏམ་ཡིན། སྒྲུང་གཏམ་དེ་དག་ལས་མང་ཆེ་བརྩེ་དུང་དང་གཉེན་སྒྲིག་གི་ཆེད་དུ་གཉེན་སྒྲིག་བརྗོད་པ་མ་ཡིན་པར། བོད་སྤྱི་ཚོགས་སུ་ཁྱབ་གདལ་དུ་གནས་པའི་འདུ་ཤེས་རྙིང་བ་དང་ལུགས་སྲོལ་ངན་པ་བཅོས་བསྒྱུར་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་དང་སྔོན་ཐོན་གྱི་མི་རིགས་ཤིག་ཏུ་འགྱུར་རྒྱུ་དེ་ཡིན་པས། ཀློག་པ་པོ་མང་པོས་དགའ་བསུ་ཐོབ་པར་མ་ཟད། སྤྱི་ཚོགས་ཀྱི་དོན་སྙིང་ཡང་ངེས་ཅན་ཞིག་ལྡན་པ་རེད།
སྤྱིར་ཕ་མ་དང་གཉེན་བཤེས་ལ་གུས་ཞབས་བྱེད་པ་ནི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་གཙོ་བོ་ཞིག་ཡིན་ལ། བོད་ཀྱིས་གནའ་སྔ་མོ་ནས་སྲི་ཞུ་མཆོག་ཏུ་བརྩི་ཞིང་། རྒྱལ་པོ་སྲོང་བཙན་གྱི་རིང་ནས“ཕ་དང་མ་ལ་དྲིན་གཟོ་བཀུར་བསྟི་བྱ”ཞེས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སུ་འཁོད་ཀྱང་། ལས་རྒྱུ་འབྲས་མི་བརྩི་པ་དང་ཁྲེལ་བག་མེད་པའི་བུ་བུ་མོ་ལ་ལས་ཕ་མས་བསགས་པའི་རྒྱུ་ནོར་དགོས་ཤིང་ཕ་མ་མི་དགོས་ལ། ཡང་ན་ཕ་མ་རྒན་མཚང་དུ་བྱེད་པར་མ་ཟད། ཕ་མར་མནར་གཅོད་བྱེད་པ་དང་ནམ་འཆི་ལ་རེ་སྒུ་བྱེད་པའི་སྣང་ཚུལ་ཡང་མི་ཉུང་པས། གནད་དོན་དེའི་རིགས་ལ་སུན་འབྱིན་དགག་རྒྱག་བྱེད་པའི་སྒྲུང་གཏམ་ཡང་དཔལ་དོན་གྲུབ་རྒྱལ་གྱི《རྒྱུ་འབྲས་མེད་པའི་མནའ་མ》དང་། དོན་ཡོད་ཀྱི《ཕ་རྒན་འདས་རྗེས》(55)རྡོ་རྗེ་རིན་ཆེན་གྱི《ཨ་མའི་སེམས》(56)སོགས་མང་དུ་ཐོན་ལ། དེ་དག་ལས་བརྗོད་པ་ཉུང་ཞིང་ཟུར་ཟ་བྱ་ཡུལ་མང་ལ་སྒྱུ་རྩལ་གྱི་ཚད་མཐོ་བ་ནི《ཕ་རྒན་འདས་རྗེས》ཞེས་པ་དེ་ཡིན། སྒྲུང་གཏམ་དེས་ཀ་ཅུ་མཁར་ལ་སྲམ་དང་གཡུ་བྱུར་ཉོ་རུ་སོང་པའི་ཨ་ཁུ་བསྟན་པ་མ་ཤི་བར་སྡེ་བའི་ནང་གི་མི་རྣམས་ཀྱི་ཨ་ཁུ་བསྟན་པའི་ཕྱིར་རང་ཡུལ་ལ་ལོག་པའི་ལམ་དུ་རླངས་འཁོར་ལ་ཆག་སྐྱོན་བྱུང་ནས་ཤི་ཞིང་འདྲེར་སྐྱེས་པར་ལབ་པ་དང་། ཨ་ལགས་ཚང་གིས་ཀྱང་དེ་དང་མཐུན་པར་གསུང་ཞིང་། ཨ་ཁུ་བསྟན་པའི་བུ་བུ་མོ་དང་མག་པ་མནའ་མ་རྣམས་ཀྱིས་ཨ་ཕའི་རྒྱུ་ནོར་ཇི་ལྟར་བགོ་པ་དང་ཨ་མ་སུས་གསོ་པའི་དོན་ལ་ཁ་འཐབ་བྱེད་སྐབས། ཨ་ཁུ་བསྟན་པ་བདེ་འཇགས་ངང་ཕྱིར་སླེབས་ནས་ཁོ་ཚོའི་ཁ་རྩོད་ཀྱི་ཚིག་དང་རྣམ་འགྱུར་ཚང་མ་ཤེས་རྗེས། ཁོང་ཁྲོ་ཞེ་སྡང་དང་བློ་ཕམ་ཡི་ཆད་ཀྱིས་ས་ལ་འགྱེལ་ཞིང་ཚེ་ལས་འདས་པའི་གཏམ་རྒྱུད་བརྗོད་པའི་སྒོ་ནས། ད་ལྟ་སྡེ་ཚོ་ལ་ལར་མི་ཤི་ཤི་ཚང་མ་འདྲེར་སྐྱེས་པར་ལབ་པ་དང་། བུ་བུ་མོ་ཁ་ཤས་ཀྱི་ཕ་མའི་རྒྱུ་ལ་དགའ་ཞིང་ཕ་མ་གསོ་བར་མི་འདོད་པའི་བསམ་སྤྱོད། ཨ་ལགས་ཁ་ཤས་ཀྱི“མཁྱེན་པ”བཅས་ལ་ཟུར་ཟ་ཚ་ཐག་ཆོད་པ་ཞིག་མཛད་ཡོད།
ཡང་། སྤྱང་ཚེར་གྱི《ལ་རྒྱ》(57)ལ་མཚོན་ནའང། ABCགསུམ་རྒྱུན་དུ་མཁར་གྲོང་ཆུང་བའི་བཞི་མདོའི་ཟ་ཁང་དུ་འཛོམས་ནས་ཆང་འཐུངས་རྗེས་རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་དང་མི་རིགས་ཀྱི་ལ་རྒྱ་བཤད་ཅིང་། མཇུག་མཐར་ཆང་གིས་བཟི་ནས་ཟ་ཁང་དུ་ཞག་ཏུ་ལུས་པའི་ངང་ཚུལ་འཁོད་པ་ལ་བརྟེན་ནས། རྒྱུན་པར་རང་གི་འགན་འཁྲིའི་བྱ་བའང་ལེགས་པོར་མི་བསྒྲུབ་པར་ཆང་འཐུང་པ་དང་། ཆང་གིས་བཟི་རྗེས་རང་གི་ལུས་ལའང་བདག་མི་ཐུབ་པའི་གཞོན་དར་ཁ་ཤས་ཀྱིས་ཆང་འཐུང་རྗེས་མི་རིགས་ཀྱི་ལ་རྒྱ་བཤད་པར་ཟུར་ཟ་དང་འཕྱ་དམོད་བྱེད་ཀྱིན་ཡོད། སྣང་ཚུལ་འདི་ནིABCགསུམ་ཙམ་ལ་ཡོད་པ་མ་ཡིན་པར་རང་རེ་གཞོན་དར་རྣམས་ཀྱི་ཁྲོད་དུ་ཚད་མི་འདྲ་པར་གནས་པ་ཞིག་ཡིན་པས། སྒྲུང་གཏམ་འདིའི་རིགས་འགྲེམ་སྤེལ་བྱས་པས་དེ་དག་གི་བསམ་སྤྱོད་བཅོས་བསྒྱུར་བྱས་ནས་མིང་དོན་མཚུངས་པའི་སྒོ་ནས་མི་རིགས་ཀྱི་ལ་རྒྱ་བརྩོན་ལེན་བྱེད་པར་སློབ་གསོའི་ནུས་པ་ཐོན་པ་སྨྲས་མ་འཚལ།
དེ་མིན་ད་དུང་དཔོན་པོ་ལ་ལས་རང་གི་དབང་ཤུགས་ལ་བརྟེན་ནས་གཞན་གྱི་རྒྱུ་ནོར་ལེན་པ་དང་། མི་ཁ་ཤས་ཀྱིས་ལྟག་སྒོར་བརྟེན་ནས་རང་དོན་འགྲུབ་ཐབས་བྱེད་པ། སྡེ་ཚོ་ལ་ལས་རྩྭ་སའི་དོན་དུ་ཕུ་ནུ་ནང་དམེ་བྱེད་པ། འདུ་ཤེས་རྙིང་པའི་ཤན་ཞུགས་ཀྱིས་བོད་རིགས་བུད་མེད་ཀྱི་འཚོ་བ་དང་རེ་སྨོན། བརྩེ་དུང་སོགས་ལ་ཡ་ང་བའི་གནོད་འཚེ་ཐེབས་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་དང་འོས་མིན་གྱི་སྣང་ཚུལ་སྣ་ཚོགས་བརྗོད་བྱར་བྱས་པའི་སྒྲུང་གཏམ་ཡིག་བརྒྱ་མ་དང་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མའང་རྣམ་གྲགས་ཀྱིས་བརྩམས་པའི《བར་ཆད》(58)དང་། ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི《ཟླ་འོད་འོག་གི་ཟློས་གར》(59)《བུད་མེད་ལས་བྱེད་ཅིག་གི་ཉིན་གང》(60)ཚེ་བརྟན་རྡོ་རྗེས་བརྩམས་པའི《གླ་རྩི》(61)སངས་རྒྱས་ཀྱིས་བརྩམས་པའི《བསམ་ཡུལ་ལས་འདས་པ》(62)སུམ་བྷས་བརྩམས་པའི《ངག་དོན་ཟུང་འབྲེལ》(63)དོན་གྲུབ་ཀྱིས་བརྩམས་པའི《སྤུ་ནད》(64)བཀྲ་བྷས་བརྩམས་པའི《སྒྲོལ་མ་ཉེར་གཅིག》སོགས་ཧ་ཅང་མང་པ་རེད།
དུས་སྐབས་གསར་བའི་སྒྲུང་གཏམ་ལས་སུན་འབྱིན་སྒྲུང་གཏམ་གྱིས་གྲངས་ཀ་མང་ཤས་ཟིན་ཞིང་། སྐབས་འདིའི་སྒྲུང་གཏམ་གྱི་བརྗོད་བྱའི་བསྟན་དོན་གཙོ་བོ་ཞིག་ཏུ་གྱུར་པ་ནི་དུས་སྐབས་གསར་བའི་རྩོམ་པ་པོ་རྣམས་གཞན་མཚང་འབྲུ་བར་དགའ་བ་མ་ཡིན་ལ། རྩོམ་པ་པོ་རང་རང་གི་ཆགས་སྡང་དང་ཕྱོགས་ཞེན་གྱི་དབང་དུ་སོང་པ་དེ་བས་ཀྱང་མ་ཡིན། ཁོ་ཚོ་ཚང་མ་བོད་མི་རིགས་ཀྱི་བདེ་སྡུག་དང་འཕེལ་རྒྱས། མདུན་ལམ་བཅས་ལ་སེམས་ཁུར་དང་རྟོག་དཔྱོད། དོ་སྣང་བཅས་བྱེད་མཁན་ཡིན་པས། དུས་སྐབས་གསར་བའི་དུས་བབ་བཟང་བོར་བརྟེན་ནས་མི་རིགས་གཞན་རྣམས་ཤེས་རིག་དང་དཔལ་འབྱོར་ཕྱོགས་སོ་སོ་ནས་བྱ་འཕུར་བ་བཞིན་འཕེལ་རྒྱས་སུ་འགྲོ་བའི་ཚེ་ན་རང་མི་རིགས་ད་དུང་འདུ་ཤེས་རྙིང་པ་དང་རྨོངས་པའི་མུན་པ། ལུགས་སྲོལ་ངན་པ། རྗེས་ལུས་ཀྱི་ལྟ་བ་སོགས་ཀྱི་རྐང་རྡོར་ཐོགས་ནས་ལུས་པའི་སྣང་ཚུལ་གངས་དཀར་སེམས་ཀྱིས་མ་བཟོད་པར། གསར་རྩོམ་གྱི་གྲི་དང་རལ་གྲིར་བརྟེན་ནས་བར་བགེག་ནད་ཀྱི་སྐྲངས་པ་རྩ་ནས་འདོད་པར་གཞོལ་པ་རེད། དེར་བརྟེན། ཁོ་ཚོས་སུན་འབྱིན་སྒྲུང་གཏམ་དེ་དག་རྩོམ་པའི་དགོས་པ་ཡང་བརྩམས་ཆོས་ནང་བཏོན་པའི་སྐྱོན་མཚང་དེ་དག་ལ་ཁབ་གཙགས་འབིགས་གཙགས་ཙམ་བྱེད་འདོད་མ་ཡིན་པར་སྐྱོན་མཚང་དེ་དག་གི་རྩ་བ་འབྱུང་རྐྱེན་དང་བཅས་པ་བཏོན་ནས། ཕྱིན་ཆད་དེ་རིགས་ཕྱིར་མི་འབྱུང་པའི་དོན་དུ་ཡིན་པས། བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
ལྔ། དུས་རབས་ཀྱི་ཁྱད་ཆོས་དང་སྙིང་སྟོབས་མཚོན་པའི་སྒྲུང་གཏམ།
དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་བྱུང་བ་བརྗོད་པ་དང་མི་དང་མིའི་བར་བྱུང་པའི་འབྲེལ་བ་དང་ཕོག་ཐུག འགལ་བ་བཅས་ཞིབ་འབྲི་བྱས་ནས། དུས་རབས་ཀྱི་ཁྱད་ཆོས་དང་སྙིང་སྟོབས་མཚོན་པར་བྱེད་པ་ནི། དེང་རབས་སྒྲུང་གཏམ་གྱི་ཁྱད་ཆོས་གཙོ་བོ་ཡིན་ལ། དེང་རབས་རྩོམ་པ་པོ་རྣམས་ཀྱི་འབད་བྱ་གཙོ་བོའང་ཡིན་པས། དུས་སྐབས་གསར་བའི་སྔོན་ནས་དཔལ་དོན་གྲུབ་རྒྱལ་གྱིས་བརྗོད་བྱའི་བསྟན་དོན་དེའི་རིགས་མཚོན་པའི《པད་མཚོ》དང《འབྲུག་མཚོ》ཞེས་པའི་སྒྲུང་གཏམ་བརྩམས་ནས《མཚོ་སྔོན་གསར་འགྱུར》དུ་འཁོད་ལ། དེའི་རྗེས་སུ་རྩོམ་པ་པོ་མང་པོས་སྒྲུང་གཏམ་དེའི་རིགས་མང་དུ་བརྩམས་ནས་འགྲེམ་སྤེལ་བྱས་དང་བྱེད་བཞིན་པ་ལས་ཕུལ་དུ་བྱུང་པ་འགའ་དྲངས་ན། དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི《འབྲོང་སྟག་ཐང་》(65)དང་། ཚེ་རིང་དོན་གྲུབ་ཀྱི《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》(66)རྣམ་སྲས་ཀྱི《མི་རབས་གསུམ་གྱི་ཕྲུག་ལྭ》(67)ཨ་ལོ་རིན་ཆེན་རྒྱལ་པོའི《སྤྱང་བྲག་ལུང་བ》(68)སོགས་ལྟ་བུ་རེད། སྒྲུང་གཏམ་དེ་དག་གི་བརྗོད་བྱའི་བསྟན་དོན་ཧ་ལམ་ཕྱོགས་གཅིག་ཏུ་གཏོགས་ཀྱང་རྩོམ་པ་པོ་རང་རང་གི་དགའ་ཕྱོགས་དང་བསམ་ཕྱོགས། རྒྱུས་ལོན་བྱས་པའི་རྒྱུ་ཆ་སོགས་མི་འདྲ་བའི་དབང་གིས། ལ་ལས་དྲང་ཕྱོགས་མི་སྣའི་ཡར་ཐོན་གྱི་བྱུང་བ་བརྗོད་ཅིང་། དེའི་རང་གཤིས་དང་ཕུགས་བསམ། བྱ་སྤྱོད་སོགས་ཞིབ་འབྲི་བྱེད་པའི་སྒོ་ནས་ཐད་ཀར་བསྟོད་བསྔགས་བརྗོད་པ་དང་། ལ་ལས་དྲང་ལྡོག་ཕྱོགས་གཉིས་ཀྱི་མཐའ་འབྲས་གཤིབ་སྡུར་བྱེད་པའི་སྒོ་ནས་མཚོན་པར་བྱེད་པ། ལ་ལས་དྲང་ལྡོག་ཕྱོགས་མི་སྣའི་བར་གྱི་ཕོག་ཐུག་དང་འགལ་རྩོད་འབྲི་བའི་སྒོ་ནས་མཚོན་པ་བཅས་གསུམ་དུ་འདུས་པ་རེད། དཔེར་ན། 《པད་མཚོ》ལྟ་བུར་མཚོན་ན། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་པད་མཚོས་ལུག་འཚོ་ཞོར་དུ་རང་སྦྱོང་བྱས་ཏེ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་པའི་གནས་ཚུལ་བཀོད་ནས། བོད་ཀྱི་ན་གཞོན་དང་ཁྱད་པར་དུ་གཞོན་ནུ་མ་རྣམས་ཀྱིས་ཚན་རིག་ཤེས་བྱ་དང་། རིག་གནས་སློབ་སྦྱོང་བྱེད་པའི་སྙིང་རུས་ཆེན་པོར་བསྟོད་པ་དང་། 《འབྲུག་མཚོ》ལས་འབྲུག་མཚོ་ལྟ་བུའི་བོད་རིགས་སློབ་ཆེན་པས་རང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་རྩྭ་ཐང་གི་མི་རབས་རྗེས་མ་གསོ་སྐྱོང་བྱེད་ཆེད། རང་ཉིད་ཀྱི་ཐོབ་ཐང་དང་བདེ་སྡུག་མི་བསམ་པར་འབྲོག་ཕྱོགས་ཀྱི་སློབ་ཆུང་དགེ་རྒན་བྱེད་དུ་སོང་བའི་སྤྱོད་ཚུལ་བཟང་པོ་དང་སྙིང་སྟོབས་ལ་བསྟོད་བསྔགས་ཆེན་པོ་མཛད། 《འབྲོང་སྟག་ཐང》ལས་མེས་པོའི་དུས་ནས་བྱུང་བའི་ཚོ་ཁག་བར་གྱི་འགལ་བའམ་རྩོད་གཞི་རྣམས་དེང་རབས་གཞོན་ནུ་དག་གིས་རྣམ་པར་བསལ་བའི་གོ་རྟོགས་དང་བྱ་སྤྱོད་ཐད་གར་བྲིས་ནས་བསྔགས་བརྗོད་བྱེད་པ་ལྟ་བུ་རེད།
ཡང་།《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང་》ལས། གཞོན་ནུ་ཚེ་རིང་གིས་ནད་ལྗིད་མོ་ཕོག་པའི་ཨ་ཕ་བླ་མའི་ལུང་བསྟན་ལྟར་མཐའ་གཅིག་ཏུ་ལྷ་སར་འགྲོ་བར་ཡང་ཡང་དུ་བཀག་པའི་བྱུང་རིམ་རབ་དང་རིམ་པ་འགོད་ཅིང་། རང་བཞིན་གྱིས་གཤིས་རྒྱུད་ཡག་ཅིང་རིག་པ་རྣོ་ལ་རྨོངས་དད་ལ་མི་དགའ་པ། དེང་རབས་ཀྱི་ཚན་རིག་ཤེས་བྱ་སོགས་ལ་སྦྱོང་འདོད་ཧ་ཅང་ཆེ་བའི་གཞོན་ནུ་ཚེ་རིང་སོགས་ཀྱི་སྣང་བརྙན་སྐྲུན་པའི་སྒོ་ནས་དུས་སྐབས་གསར་བའི་བོད་རིགས་གཞོན་ནུ་རྣམས་ཀྱི་བསམ་བློ་དང་། སྤོབས་པ། དུས་རབས་ཀྱི་སྙིང་སྟོབས་བཅས་མཚོན་པ་དང་། 《སྤྱང་བྲག་ལུང་བ》ཞེས་པ་ལས། ཨ་མ་དཔལ་སྒྲོན་གྱིས་གཡང་ལུང་སྡེ་བའི་ཆག་འཇིགས་ཚང་མ་གཞི་བདག་ཨ་མྱེས་སྤྱང་བྲག་དང་འབྲེལ་པར་སྙམ་ནས། ཚེ་གང་བོར་ཨ་མྱེས་སྤྱང་བྲག་ལ་ཕོག་ཐུག་བྱེད་པར་འཛེམ་ཡང་མཐའ་གཞུག་རང་གི་ཚེ་སྲོག་ཀྱང་རྣམ་རྟོག་དེའི་དབང་དུ་གྱུར་པ་དང་། ཁོ་མོའི་བུ་སྤྱང་ཐར་ཚེ་རིང་གིས་འདུ་ཤེས་རྙིང་བའི་འཇིགས་སྐུལ་ལ་མ་འཛེམ་པར་སྤོབས་པ་ཆེན་པོས་ཨ་མྱེས་སྤྱང་བྲག་གི་བླ་རིར་འཁོད་པའི་སྤྱང་ཚོགས་རྩ་མེད་དུ་བཏང་ཞིང་དེའི་ཉེ་འདབས་སུ་ས་རྐོ་རྡོ་སློག་བྱས་ནས་སྨན་རྫས་བཟོ་གྲྭ་བཙུགས་རུང་། ཨ་མྱེས་སྤྱང་བྲག་གིས་གནོད་པ་མ་ཐེབས་པར་མ་ཟད་ཁ་ལས་རླུང་རྟ་དར་པ་སྟེ། ཨ་མ་དཔལ་སྒྲོན་མ་བུ་གཉིས་ཀྱི་ལས་སྐལ་གཤིབ་སྡུར་བྱེད་པའི་སྒོ་ནས་བོད་ཀྱི་མི་རབས་གསར་བའི་སྙིང་སྟོབས་དང་བྱ་སྤྱོད་ལ་བསྟོད་བསྔགས་བརྗོད་ཅིང་། དེའི་ཤུགས་ལས་རྩོམ་པ་པོའི་བསམ་བློ་རྙིང་བ་དང་གོམས་སྲོལ་ངན་པའི་འཆིང་རྒྱ་གཏོར་ཏེ་དཔལ་ཡོན་གསར་པའི་ལམ་ལ་ཞུགས་པའི་སྨོན་འདུན་ཡང་མཚོན་ཡོད་པ་ལྟར་རོ།།
གོང་དུ་བརྗོད་པའི་སྒྲུང་གཏམ་རིགས་ལྔ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཆབ་སྲིད་ཀྱི་འགྱུར་ལྡོག རྒྱལ་ཡོངས་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་གྱི་ཤུགས་རྐྱེན་ཐེབས་འོག་བྱུང་པའི་བོད་ཀྱི་སྒྲུང་གཏམ་གྱི་སྣང་ཚུལ་གཙོ་བོ་ལྔ་རེད།
གསུམ་པ། དུས་སྐབས་གསར་བའི་སྒྲུང་གཏམ་གྱི་ཁྱད་ཆོས་བཤད་པ།
དུས་སྐབས་གསར་བའི་ནང་དུ་ཕྱི་རོལ་ཡུལ་དང་རང་ངོས་གཉིས་ཀའི་མཐུན་རྐྱེན་སྣ་ཚོགས་ལ་བརྟེན་ནས། བོད་ཀྱི་སྒྲུང་གཏམ་ཕྱིའི་རྣམ་པ་དང་བརྗོད་བྱའི་ཁྱབ་རྒྱ། མཚོན་དོན་བསམ་བློ། སྒྱུ་རྩལ་རྩོམ་སྟངས། བརྩམས་ཆོས་ཀྱི་གྲངས་ཀ་སོགས་གང་ཐད་ནས་སྔ་ན་མེད་པའི་འཕེལ་འགྱུར་གསར་བ་བྱུང་བ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཆུ་རྒྱུན་ལས་བྱུང་པའི་དུས་རབས་ཀྱི་རླབས་ཕྲེང་ཞིག་ཡིན་ཞིང་། ངོ་མ་ཡིད་སྤྲོ་ཞིང་ཉམས་དགའ་ལ་ངར་རྒྱས་པ་ཞིག་ཡིན་པ་སུ་ཞིག་གིས་བསྙོན་པར་ནུས། དེས་ན་དེ་ལྟ་བུའི་སྒྲུང་གཏམ་ལ་ཁྱད་ཆོས་གང་འདྲ་ཡོད་ཅེ་ན། བརྩམས་ཆོས་ཤིན་ཏུ་མང་པས་ཚང་མ་ཀློག་མ་ཐུབ་པ་དང་། སྒྲུང་གཏམ་གསར་རྩོམ་གྱི་ལག་ལེན་ཧ་ཅང་ཉུང་ཞིང་གཞུང་ལུགས་ཀྱི་ཆུ་ཚད་ཞན་པའི་དབང་གིས། འདི་ལྟ་བུ་དང་དེ་འདྲ་བ་ཡོད་ཅེས་ཆ་ཚང་ཞིང་གནད་ལ་ཁེལ་བ་ཞིག་བརྗོད་མི་ནུས་རུང། རང་བློས་དཔག་ཚོད་ཀྱིས་སྒྲུང་གཏམ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་རགས་ཙམ་གླེང་བ་འདི་ལྟར།
གཅིག རྣམ་པའི་འཕེལ་ཕྱོགས་ཀྱི་ཁྱད་ཆོས། དུས་སྐབས་འདིའི་རྩོམ་པ་པོ་རྣམས་རྩོམ་རིག་གསར་རྩོམ་ཐད་ཆབ་སྲིད་ཀྱི་བཀག་རྒྱ་མེད་པར་རང་དབང་ཐོབ་པ་དང་། བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་སྣ་ཚོགས་ཡིན་པའི་དབང་གིས།
གསར་རྩོམ་ཐད་སྒྲུང་གཏམ་སྣ་ཚོགས་ཀྱི་དགོས་མཁོ་བྱུང་པས། སྒྲུང་ཐུང་གཙོ་བྱས་ཐོག་སྒྲུང་ཐུང་ཡིག་བརྒྱ་མ་དང་། མུ་འབྲེལ་སྒྲུང་ཐུང་། སྒྲུང་འབྲིང་། སྒྲུང་རིང་། སྲོག་ཆགས་སྒྲུང་གཏམ། སྐྱེ་དངོས་སྒྲུང་གཏམ། ལོ་རྒྱུས་སྒྲུང་གཏམ་སོགས་ཀྱང་འཕྲོ་རིམ་འཕྲོར་ཐོན་ནས་མཉམ་དུ་འཕེལ་བ་རེད།
གཉིས། བརྗོད་བྱའི་ནང་དོན་གྱི་ཁྱད་ཆོས། སྐབས་འདིའི་རྩོམ་པ་པོ་ཕལ་ཆེ་བ་ན་གཞོན་དར་མ་ཡོན་ཞིང་། ཁོ་ཚོར་བོད་སྤྱི་ཚོགས་སུ་གནས་པའི་གནད་དོན་དངོས་བརྗོད་པ་ལ་བརྟེན་ནས། བོད་ཀྱི་ལས་དོན་སོ་སོ་འཕེལ་རྒྱས་སུ་གཏོང་བའི་ཀུན་སློང་རྣམ་དག་དང་སྤོབས་པ་ཆེན་པོ་ལྡན་པའི་རྐྱེན་ཀྱིས། ཁོ་ཚོའི་བརྩམས་ཆོས་ཀྱི་བརྗོད་བྱའི་ནང་དོན་མང་ཆེ་བ་ཡང་སྤྱི་ཚོགས་རྙིང་བ་ནས་ད་ལྟའི་བར་གྱི་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་སྒོས་སུ་དུས་སྐབས་འདིའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཡིན་པ་རེད། འདི་ནི་སྔོན་མའི་དུས་སྐབས་གང་ལའང་ཡོད་མ་མྱོང་པའི་ཡར་ཐོན་གྱི་ཁྱད་ཆོས་གཙོ་བོ་ཞིག་རེད།
གསུམ། མི་རིགས་ཀྱི་ཁྱད་ཆོས། བོད་ཀྱི་དེང་རབས་སྒྲུང་གཏམ་ནི་རྒྱ་དང་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་དང་། སྔོན་ཐོན་མི་རིགས་དེ་དག་གི་སྒྲུང་གཏམ་ལ་ཟུར་ལྟ་བྱས་ནས་བརྩམས་པ་ཡིན་རུང་། རྩོམ་པ་པོ་མང་ཆེ་བ་བོད་རིགས་ཡིན་པ་དང་སྲོལ་རྒྱུན་རྩོམ་རིག་གི་ཤེས་བྱའི་རྨང་མཐུག་པ། བརྗོད་བྱའི་ནང་དོན་བོད་ཀྱི་འཚོ་བ་དངོས་ཡིན་པ། རྩོམ་བྱེད་སྐད་ཡིག་ཀྱང་བོད་ཀྱི་སྐད་དང་ཡི་གེ་ཡིན་པར་མ་ཟད། རྩོམ་པ་པོ་མི་ཉུང་བ་ཞིག་གིས་སྒྲུང་གཏམ་ནང་གི་མི་སྣའི་ལབ་གླེང་གི་ཚིག་རྣམས་བསམ་བཞིན་སྔོན་མའི་མགུར་གླུ་དང་གེ་སར་སྒྲུང་གླུ། གནའ་རབས་སྒྲུང་གཏམ་གྱི་སྐད་ཆ་འབྲི་སྲོལ་བཅས་ལྟར་བྲིས་པ་དང་། བོད་རང་གི་གོམས་སྲོལ་ལྟར་དམངས་ཁྲོད་ཀྱི་གླུ་དང་ལ་གཞས་གཏམ་དཔེ། བཤད་པ། གསོལ་མཆོད་སོགས་གང་ལ་གང་འཚམ་དུ་སྤྱད་པས། བརྩམས་ཆོས་ཀྱི་ཕྱོགས་སོ་སོ་ན་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ལོ།།
བཞི། དུས་རབས་ཀྱི་ཁྱད་ཆོས། རྒན་དོར་ཞི་སྙེམས་བློ་མཆོག་གིས། དེང་སྐབས་ཀྱི་དུས་རབས་ཀྱི་ཁྱད་ཆོས་ནི་འདས་པའི་དུས་རབས་ཀྱི་རྗེས་ལུས་ཀྱི་གནས་སྟངས་ཡང་རྩ་བ་ནས་འགྱུར་མེད་ཅིང་། ད་ལྟའི་དུས་རབས་དང་སྤྱི་ཚོགས་ཀྱི་རང་བཞིན་དང་མཐུན་པའི་ཁྱད་ཆོས་གསར་བ་ཕྱོགས་ཀུན་ནས་དབྱར་མཚོ་ལྟར་རྒྱས་པའི་ཉམས་མངོན་སུམ་མྱོང་སྣང་དུ་གྲུབ་པ་དེ་ཡིན། (69)པར་གསུངས། དེས་ན་སྐབས་འདིའི་སྒྲུང་གཏམ་མང་ཆེ་བའི་བརྗོད་བྱའི་ནང་དོན་དུས་སྐབས་རང་གི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཡིན་པས། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་ཀྱི་བོད་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་མཚོན་པའི་སྒྲུང་གཏམ་དང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་སྒྲུང་གཏམ། ཚུལ་མིན་གྱི་བསམ་སྤྱོད་དང་འོས་མིན་གྱི་སྣང་ཚུལ་སྣ་ཚོགས་ལ་སུན་འབྱིན་དགག་རྒྱག་བྱེད་པའི་སྒྲུང་གཏམ་གང་ཡིན་རུང་དེའི་བརྗོད་བྱ་རང་ངོས་ན་འདས་པའི་དུས་ཀྱི་རྗེས་ལུས་ཀྱི་ཆ་དང་དེང་རབས་དུས་ཀྱི་སྔོན་ཐོན་གྱི་ཆ་གཉིས་ཀ་གནས་ཐོག རྩོམ་པ་པོ་རྣམས་ཀྱིས་རང་རང་གི་བརྗོད་འདོད་བསམ་བློའི་དགོས་མཁོ་ལྟར་སྒྱུ་རྩལ་གྱི་ལས་སྣོན་བྱེད་ཅིང་། དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་རྣམ་པ་དང་དྲང་ལྡོག་ཕྱོགས་གཉིས་ཀའི་སྣང་བརྙན་བཀོད་དེ། བདེན་བཟང་མཛེས་གསུམ་ལ་བསྔགས་པ་བརྗོད་ཅིང་རྫུན་ངན་བཙོག་གསུམ་ལ་མཚང་འབྱིན་དགག་རྒྱག་བྱས་པ་ལས། དུས་རབས་ཀྱི་ཁྱད་ཆོས་རང་ཤུགས་ཀྱིས་ཐོན་ཡོད།
བཞི་པ། སྒྲུང་གཏམ་འགྱུར་མ་བཤད་པ།
རྒྱལ་ནང་གི་སྔོན་ཐོན་མི་རིགས་དང་ཕྱི་གླིང་གི་ཕུལ་དུ་བྱུང་བའི་སྒྲུང་གཏམ་ནི་རང་རང་རྒྱལ་ཁབ་དང་མི་རིགས་ཀྱི་རྩོམ་རིག་གི་ཉིང་བཅུད་ཡིན་ལ། འཛམ་གླིང་མི་རིགས་སྤྱིའི་བསམ་པའི་ལོངས་སྤྱོད་ཅིག་ཡིན་པར་མ་ཟད། ང་ཚོ་བོད་ཀྱི་དེང་རབས་སྒྲུང་གཏམ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་མེད་མི་རུང་བའི་ཟུར་ལྟའི་བརྩམས་ཆོས་ཀྱང་ཡིན། དེར་བརྟེན་དུས་སྐབས་གསར་བའི་ནང་དུ་དེང་རབས་རང་བཞིན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་པའི་དུས་མཉམ་དུ་འཛམ་གླིང་མི་རིགས་གཞན་ཕུལ་དུ་བྱུང་པའི་བརྩམས་ཆོས་དེ་དག་ངོ་སྤྲོད་བྱེད་པ་དང་། བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཤེས་རྒྱ་ཇེ་ཆེ་དང་རྩོམ་རྩལ་ཇེ་མཐོར་གཏོང་བ་བཅས་ཀྱི་དོན་དུ་བོད་ཀྱི་ལོ་ཙྭ་བ་མང་པོ་ཞིག་གིས་འཛམ་གླིང་མི་རིགས་གཞན་གྱི་ཕུལ་དུ་བྱུང་བའི་བརྩམས་ཆོས་དང་བོད་རིགས་རྩོམ་པ་པོས་རྒྱ་ཡིག་གི་སྟེང་ནས་བརྩམས་པའི་སྒྲུང་གཏམ་བོད་ཡིག་ཏུ་བསྒྱུར་ནས། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་《སྦྲང་ཆར》སོགས་རྩོམ་རིག་དུས་དེབས་སྟེང་དུ་འགྲེམ་སྤེལ་བྱས་པར་མ་ཟད། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གིས་ད་དུང་ཕུལ་བྱུང་བརྩམས་ཆོས་ལོ་ཙཱ་བྱེད་པར་སྐུལ་མ་ཐེབས་པའི་ཆེད་དུ་1992ལོར་འགྱུར་རྩོམ་གྱི་ཆེད་བསྒྲིགས་དུས་དེབ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་རྣམས་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་ཕུལ། དུས་མཚུངས་སུ་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་སྐྲུན་ཁང་སོ་སོས་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་ལོ་ཙཱ་དཔེ་སྐྲུན་བྱེད་པར་མཐོང་ཆེན་མཛད། དཔེར་ན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1980ལོར་ཞིང་ཆེན་དང་ལྗོངས་ལྔའི་དཔེ་སྐྲུན་ཁང་གིས་འགན་དུ་བླངས་ནས་བསྒྱུར་པའི《ཆུ་ངོགས་གཏམ་རྒྱུད་རྒྱས་པ》དེབ4དཔེ་སྐྲུན་བྱས་པ་དང་། 1984ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《ཐོག་ཁང་དམར་པོའི་རྨི་ལམ》འགྱུར་མ(ངག་དབང་ཆོས་དར་གྱིས་བསྒྱུར)དཔེ་སྐྲུན་བྱས། 1985ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་《སྦྲང་ཆར》སོགས་དུས་དེབ་སྟེང་འཁོད་པའི་འགྱུར་རྩོམ་སྤུས་ལེགས་རྣམས་གཅིག་ཏུ་བསྡུས་པའི《ཕྱི་གླིང་པའི་སྒྲུང་ཐུང་ཕྱོགས་བསྒྲིགས》དཔེ་སྐྲུན་བྱས། 1987ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《ཐང་སན་བླ་མའི་རྣམ་ཐར》འགྱུར་མ་(དོན་ཡོད་རྣམ་རྒྱལ་གྱིས་བསྒྱུར)དཔེ་སྐྲུན་བྱས། རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྲགས་ཆེན་སྣ་ཚོགས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་བོད་ཀྱི་དེང་རབས་རྩོམ་རིག་དང་བསམ་བློའི་ལོངས་སྤྱོད་ཕུན་སུམ་ཚོགས་པོར་འགྱུར་པ་དང་། བོད་རིགས་རྩོམ་པ་པོ་རྣམས་ཀྱི་ཤེས་རྒྱ་ཇེ་ཆེ་དང་རྩོམ་རྩལ་ཇེ་མཐོར་འགྲོ་བ། འཛམ་གླིང་གི་སྔོན་ཐོན་མི་རིགས་གཞན་གྱི་དུས་སྐབས་སོ་སོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་སྤྱི་ཚོགས་ཀྱི་འཚོ་བ། ཡུལ་སྲོལ་གོམས་གཤིས། ཀུན་སྤྱོད་ཀྱི་ཚད་གཞི། མཛེས་དཔྱོད་ཀྱི་ལྟ་བ། བསམ་པའི་འཁྱེར་སོ་སོགས་རྒྱུས་ལོན་བྱེད་པར་ཕན་ནུས་ཆེན་པོ་ཐོན་ལ། བོད་རིགས་རྩོམ་པ་པོས་རྒྱ་ཡིག་གི་ཐོག་ནས་བོད་ཀྱི་འཚོ་བ་སྤྱད་ནས་བརྩམས་པའི་སྒྲུང་གཏམ་སྟེ། སྐལ་བཟང་ཚེ་བརྟན་གྱི《བརྗེད་མི་རུང་བའི་འདས་དོན》70དང་། 《དབྱར་རྩྭ་དགུན་འབུ》(71)《མཛེས་ཤིང་སྡུག་པའི་ཚོན་རིས》(72)《སླར་ཡང་ངོ་ཕྲད་པ》(73)《གླ་རྩི》བཅས་དང་། ཡེ་ཤེས་ཚེ་རིང་གི《བསམ་ཡུལ་ལས་འདས་པའི་དོན》(74)དོན་གྲུབ་དབང་འབུམ་གྱི《གསལ་ལ་མི་གསལ་བའི་ཟླ་འོད》(75)བཀྲ་ཤིས་ཟླ་བའི《གཙང་བོའི་ཕ་རོལ》ཡེ་ཤེས་ཚེ་རིང་གི《རྒྱང་རིང་དུ་འཐེན་པའི་རྐང་ལམ་ཕྲ་མོ》(76)རྡོ་རྗེ་ཚེ་བརྟན་གྱི་《རྔམ་བརྗིད་ལྡན་པའི་ལབ་ཙེ་རི་བོ》(77)སོགས་སྒྲུང་གཏམ་ཁག་ཅིག་ནི་རྒྱལ་ཁབ་སྤྱིའི་དུས་སྐབས་སོ་སོའི་རྩོམ་རིག་བསམ་བློའི་རླབས་རྒྱུན་ལྟར་བོད་ཀྱི་འཚོ་བརྗོད་བྱ་བྱས་ནས་བརྩམས་པ་ཡིན་པས། སྒྲུང་གཏམ་དེ་དག་ལ་སྒྱུ་རྩལ་མཚོན་སྟངས་དང་བསམ་གཞིགས་བྱེད་སྟངས་ཐད་རང་རང་གི་ཁྱད་ཆོས་ཡོད་པར་མ་ཟད། རྩོམ་རིག་གི་བརྗོད་བྱའི་བསྟན་དོན་ཐད་བོད་ཡིག་གིས་གསར་རྩོམ་བྱེད་མཁན་རྣམས་ལ་སྣེ་ཁྲིད་དམ་ཟུར་སྟོན་གྱི་ནུས་པའང་ངེས་ཅན་ཞིག་བསྐྱེད་པར་ངེས། དེ་མིན་ཕུལ་དུ་བྱུང་པའི་འགྱུར་རྩོམ་དེ་དག་ནི་རྒྱ་བོད་ཡིག་གཉིས་ལ་བྱང་ཆ་ཅུང་ཟད་ཆེ་བ་དང་། ལོ་ཙཱའི་ལག་ལེན་གྱི་རྨང་གཞི་དང་རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་ངེས་ཅན་ཞིག་ཡོད་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ཐོག་དུས་དེབ་རྩོམ་སྒྲིག་པ་དང་དཔེ་སྐྲུན་རྩོམ་སྒྲིག་པ་རྣམས་ཀྱིས་ཞུ་དག་ཡང་ཡང་བྱས་པའི་འགྱུར་རྩོམ་ཡིན་པས། རྩོམ་རིག་ལོ་ཙཱ་བ་དང་ལོ་ཙཱའི་ཞིབ་འཇུག་པ་རྣམས་ལ་མཚོན་ན། མི་རིགས་མི་འདྲ་པ་དང་བརྗོད་བྱ་མི་མཚུངས་པའི་བརྩམས་ཆོས་ཇི་ལྟར་ལོ་ཙཱ་བྱེད་པའི་དཔྱད་གཞི་རྩ་ཆེན་དུའང་འགྱུར་ངེས་རེད།
མཇུག་སྡུད་པའི་གཏམ།
དུས་སྐབས་གསར་བའི་ནང་དུ་བོད་ལ་དེང་རབས་སྒྲུང་གཏམ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཆ་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་པ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་མཐོང་དཀོན་པའི་སྣང་ཚུལ་ཞིག་ཡིན་རུང་། བོད་ཀྱི་ཕུལ་དུ་བྱུང་བའི་གནའ་རབས་སྒྲུང་གཏམ་དང་སྔོན་ཐོན་མི་རིགས་གཞན་གྱི་ཕུལ་དུ་བྱུང་པའི་དེང་རབས་སྒྲུང་གཏམ་དང་བསྡུར་ན་ད་དུང་ཞན་ཆ་ཅུང་ཟད་མང་པས། མུ་མཐུད་དུ་གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ནང་འདྲེན་བྱེད་ཅིང་སྤྱི་ཚོགས་འཚོ་བའི་ནང་དུ་ཟབ་ཞུགས་བྱས་ནས་འཚོ་བའི་རྨང་གཞི་སྲ་ཞིང་བརྟན་པར་གཏོང་པ་དང་ཆབས་ཅིག རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་རུ་བཏེགས་ཏེ། ལེགས་པར་བསྟོད་པ་དང་དམན་པར་འཕྱ་བ་གང་ཞིག་ཡིན་རུང་དེའི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་འབྱུང་རྐྱེན་དང་བཅས་པ་གཏིང་ཟབ་ཅིང་གནད་ལ་འཁེལ་པ་ཞིག་བརྗོད་ཅི་ཐུབ་བྱ་དགོས། དེ་ལྟར་བྱས་ན་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ལ་ཕན་པའི་བརྩམས་ཆོས་སྔར་ལས་ལེགས་པོ་ཐོན་པར་གདོན་མི་ཟའོ།།
ཟུབ་བལྟའི་དཔྱད་གཞི།
⑴ཕྲན་གྱི《དུས་སྐབས་གསར་བའི་བོད་ཀྱི་སྙན་ངག་བཤད་པ》ལས་ཞིབ་མོར་བརྗོད་ཡོད།
⑵⑷1981ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《མི་ལ་རས་པའི་རྣམ་མགུར》གྱི་ཤོག་ངོས446ལས་གསལ།
⑶⑸1981ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《འབོལ་རྩོམ་ཞོགས་པའི་སྐྱ་རེངས》ལས་གསལ།
⑹ 1981ལོའི《སྦྲང་ཆར》དེབ་གསུམ་པར་འཁོད་ཡོད།
(7)(74)(75)1986ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།
(9)1984 ལོའི《སྦྲང་ཆར》དེབ་གཉིས་པར་འཁོད་ཡོད།
⑩1984ལོའི་《སྦྲང་ཆར》དེབ་གསུམ་པར་འཁོད་ཡོད།
(11)1987ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པའི་ཤོག་ངོས52ལས་གསལ།
(12)དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོས་བརྩམས།
(13)1978ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཡང་བསྐྱར་པར་དུ་བསྐྲུན།
(14)1984ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(15)བྱམས་པ་ཆོས་འཛོམས་ཀྱིས་བརྩམས་ཤིང1982ལོའི《སྦྲང་ཆར》དེབ་དང་པོའི་སྟེང་དུ་འཁོད་ཡོད།
(16)ཨུ་རྒྱན་རྡོ་རྗེས་བརྩམས་ཤིང་1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག》ཏུ་འཁོད་ཡོད། (17)ཆོས་འཕེལ་ཚེ་རིང་གིས་བརྩམས་ཤིང་1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག》ཏུ་འཁོད་ཡོད།
(19)མགོན་པོ་དངོས་གྲུབ་ཀྱིས་བརྩམས་ཤིང་1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག》ཏུ་འཁོར་ཡོད།
(19)ཡོན་ཏན་གྱིས་བརྩམས་ཤིང་1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག》ཏུ་འཁོད་ཡོད།
(20)1994ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(21)རྒྱ་ཡིག་དེབ1980ལོར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། བོད་ཡིག་དེབ1982ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(22)1984ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(23)1998ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(24)1996ལོར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(25)1992ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(26)1993ལོ་ནས1996ལོའི་བར་གྱི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུ་འཁོད་ཡོད།
(27)2000ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(28)1995ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(29)1997ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(30)1997ལོའི《སྦྲང་ཆར》དེབ་དང་པོ་དང་གཉིས་པར་འཁོད་ཡོད།
(31)1999ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(32)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(33)1997ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(34)2001ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(35)2002ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(36)1999ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(37)1998ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(38)1983ལོའི་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་ལྔ་བར་འཁོད་ཡོད།
(39)(40)1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག》ཏུ་འཁོར་ཡོད།
(41)1982ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།།
(42)1983ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།
(43)1983ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་ལྔ་པར་འཁོད་ཡོད།
(44)1982ལོའི《སྦྲང་ཆར》དེབ་བཞི་པར་འཁོད་ཡོད།
(45)(49)(50)(76)1986ལོའི《སྦྲང་ཆར》དེབ་བཞི་པར་འཁོད་ཡོད།
(46)1983ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དང་པོར་འཁོད་ཡོད།
(47)1986ལོའི《སྦྲང་ཆར》དེབ་གཉིས་པར་འཁོད་ཡོད།
(48)(62)(67)(77)1987ལོའི《སྦྲང་ཆར》དེབ་གསུམ་པར་འཁོད་འཁོད་ཡོད།།
(52)1997ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དང་པོར་འཁོད་པའི《བོད་ཀྱི་དེང་རབས་རྩོམ་རིག་སྐོར་ཅུང་ཟད་གླེང་བ》བྱ་བར་དཔྱད་བརྗོད་བྱས་ཡོད།
(53)1994ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དྲུག་པར་འཁོད་ཡོད།
(54)(58)(59)1986ལོའི་《སྦྲང་ཆར》དེབ་གསུམ་པར་འཁོད་ཡོད།
(55)1989ལོའི《སྦྲང་ཆར》དེབ་བཞི་པར་འཁོད་ཡོད།
(56)1985ལོའི《སྦྲང་ཆར》དེབ་གསུམ་པར་འཁོད་ཡོད།
(57)1989ལོའི《སྦྲང་ཆར》དེབ་གཉིས་པར་འཁོད་ཡོད།
(60)(61)(64)1987 ལོའི《སྦྲང་ཆར》དེབ་གཉིས་པར་འཁོད་ཡོད།
(63)1987 ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།
(65)1981ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།
(66)1983ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་བཞི་པར་འཁོད་ཡོད།
(68)1995ལོའི《སྦྲང་ཆར》དེབ་གཉིས་པར་འཁོད་ཡོད།
(69)1988ལོའི《ཟླ་སེར》དེབ་དང་པོ་དང་གཉིས་པར་འཁོད་པའི་《དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས་ལས་བརྩམས་ཏེ་སྙན་ཚིག་འབྲི་སྟངས་ཅུང་ཟད་གླེང་བ》ལས་གསལ།
(70)1982ལོའི《སྦྲང་ཆར》དེབ་གསུམ་པར་འཁོད་ཡོད།
(71)1983ལོའི《ཟླ་ཟེར》དེབ་གསུམ་པར་འཁོད་ཡོད།
(72)1984ལོའི《ཟླ་ཟེར》དེབ་དང་པོར་འཁོད་ཡོད།
(73)1985ལོའི《སྦྲང་ཆར》དེབ་དང་པོར་འཁོད་ཡོད།