གནས་ཡུལ། མདུན་ངོས། རྩོམ་པ་པོའི་བརྩམས་ཆོས།
 
 
༄༅།།རང་སེམས་གྱོང་བོ་འདུལ་བའི་གསལ་འདེབས།
སྤེལ་དུས།2008-12-23   ཡོང་ཁུངས་།   རྩོམ་པ་པོ། བསམ་གཏན་རྣམ་རྒྱལ།

ཀྱེ་ཧོ་ཉོན་ཅིག་རིག་པའི་ཁྱེའུ་ཁྱོད།།

ངས་ནི་ཁྱོད་ལ་ཕན་པའི་གྲོས་ཤིག་འདེབས།།

སྐྱོ་ངལ་མ་བྱེད་སྙིང་ལ་རུས་པ་སྐྱེད།།

དགོས་པའི་གནད་འདི་ཁྱེད་ཀྱི་སྙིང་ལ་ཆོངས།།

ཡི་ཆད་ངམ་ཐང་སྐྱ་མོ་བརྒལ་བ་ལ།།

བརྩོན་འགྲུས་ཐང་ལྷོད་མེད་པའི་རྟ་ཕོ་དགོས།།

རྣམ་གཡེང་དགྲ་བོ་གདོང་ནག་ངོ་ལེན་ལ།།

དྲན་ཤེས་རྣོན་ངར་འཛོམ་པའི་རལ་གྲི་དགོས།།

ལེ་ལོ་བདུད་ཀྱི་བུ་མོའི་སླུ་བྲིད་ལ།།

བག་ཡོད་རང་ཚུགས་ཐུབ་པའི་འཁར་བ་དགོས།།

ང་རྒྱལ་བྲག་རི་མཐོན་པོའི་མགོ་གནོན་ལ།།

ཁེངས་སྐྱུང་དམན་ས་འཛིན་པའི་ལྷམ་ཆུང་དགོས།།

ཕྲག་དོག་རླུང་དམར་འཚུབ་པའི་གདོང་ལེན་ལ།།

ཕྱོགས་ལྷུང་ཉེ་རིང་མེད་པའི་ཡོལ་བ་དགོས།།

བཅུ་ཕྲག་རིག་པའི་མཚོ་འཇིངས་འཇུག་པ་ལ།།

ཡི་གེའི་སྦྱོར་བ་འཕྲུལ་གྱི་གྲུ་གཟིངས་དགོས།།

མིང་ཚིག་བརྡ་ལ་འཁྲུལ་པ་སེལ་བ་ལ།།

ཐོན་མིའི་ལེགས་བཤད་ལུང་གི་བདུད་རྩི་དགོས།།

མ་རྟོགས་འཁྱོག་བཤད་རྙོག་མ་བགྲུང་བ་ལ།།

དཔྱད་པ་གསུམ་གྱི་ཆུ་དྭངས་ནོར་བུ་དགོས།།

འཆད་རྩོད་རྩོམ་པའི་ཁུར་ཆེན་འཛིན་པ་ལ།།

ཚད་མ་གསུམ་གྱི་བདེན་པའི་རྒྱབ་སྐྱོར་དགོས།།

རང་འདོད་ཞེན་པའི་ལམ་འཕྲང་བསལ་བ་ལ།།

དམངས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་དགོས།།

ཤེས་རིག་གུས་པ་སྤེལ་བའི་སྒུལ་ཤུགས་ལ།།

བསམ་པའི་དཔལ་ཡོན་དར་བའི་ཀུན་སྤྱོད་དགོས།།

མ་ནོར་ལམ་སྟོན་ཏང་གི་དབུ་ཁྲིད་ལ།།

ནམ་ཡང་འདུ་འབྲལ་མེད་པའི་དད་གུས་དགོས།།

མདུན་སྐྱོད་ཁ་ཕྱོགས་སྟོན་པའི་སྒྲིན་མེ་ལ།།

མར་ལེ་མའོ་ཙེ་ཏུང་གི་དགོངས་པ་དགོས།།

གུང་ཁྲན་རིང་ལུགས་བགྲོད་པའི་ལམ་སྟེགས་ལ།།

སྤྱི་ཚོགས་རིང་ལུགས་གསེར་གྱི་ཐེམ་སྐས་དགོས།།

མཐར་ཐུག་བསླབས་འབྲས་སྙིང་པོ་མཆིས་སོ་ཅོག།

ཅན་བཞིའི་དོན་དུ་འབུལ་བའི་ཆོད་སེམས་དགོས།།

འདི་ནི་རང་གིས་རང་ལ་གསལ་འདེབས་ལས།།

གཞན་ལ་སྐུལ་ལྕག་འདེབས་པའི་དབྱུག་པ་མིན།།

འོན་ཀྱང་སྐལ་མཉམ་གཞན་ལའང་ཕན་སྲིད་ཕྱིར།།

སོར་མོའི་འཕྲུལ་གྱིས་ཡི་གེའི་རིས་སུ་སྤེལ།།

         དབང་འདུས་ཀྱིས་ཞུས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060