གནས་ཡུལ། མདུན་ངོས། རྩོམ་པ་པོའི་བརྩམས་ཆོས།
 
 
༄༅།།དྲི་ལྡན་རི་བོ་དང་ངའི་སེམས་ཀྱི་ལེའུ།
སྤེལ་དུས།2009-03-18   ཡོང་ཁུངས་།ས་བོན་དུས་དེབ་ལས།    རྩོམ་པ་པོ། འཇམ་གཡང་རྡོ་རྗེ།

          ____ང་དང་ཁོ་མོའི་གསང་པ།

དྲི་ལྡན་རི་བོ།ངས་ནམ་ཡང་བརྗེད་དཀའ་བའི་ཟིན་ཐོ་ཐོག་མ།

དྲི་ལྡན་རི་བོ། ངའི་སྙན་ངག་གི་རྒྱལ་སྲས་མེ་ཏོག་བཞད་ཡུལ་ཐོག་མ།

དྲི་ལྡན་རི་བོ།ངའི་སེམས་ཀྱི་བརྩེ་དུང་ཉུལ་བའི་ས་གཞི་ཐོག་མ།

དྲི་ལྡན་རི་བོ། ངའི་སེམས་ཀྱི་ལང་ཚོ་དར་ས་ཐོག་མ།

དྲི་ལྡན་རི་བོ།ངའི་བརྩེ་དུང་གི་ས་བོན་གཏོར་ས་ཐོག་མ།

དྲི་ལྡན་རི་བོ། ངའི་བློ་ཡིད་གཏད་ཆོག་པའི་ཞིང་ཁམས་ཐོག་མ།

དྲི་ལྡན་རི་བོ། ངའི་སྙན་ངག་བྲིས་ཆོག་པའི་སེམས་ཀྱི་འཇིག་རྟེན་ཐོག་མ།

དྲི་ལྡན་རི་བོ།ངས་ཕྱག་ཟུང་བཀོད་པའི་དྲན་རྟེན་རྡོ་རིང་ཐོག་མ།

དྲི་ལྡན་རི་བོ།ངའི་སེམས་ཀྱི་རྒྱབ་རི་སྨུག་པོ་ཐོག་མ།

དྲི་ལྡན་རི་བོ།ངའི་བརྩེ་དུང་གི་དཔང་རྟགས་ཐོག་མ།

དྲི་ལྡན་རི་བོ།ངའི་སེམས་ཀྱི་ལྷ་རི་ཐོག་མ།

དྲི་ལྡན་རི་བོ། ནམ་ཡང་མི་ནུབ་པའི་གཏམ་རྒྱུད་རིང་མོ།

ངས་དྲི་ལྡན་རི་བོའི་ཡང་རྩེ་ནས།   ལས་དབང་ལ་ཐུགས་རྗེ་ཆེ་ཞུས་ཤིང་།

ལས་དབང་ལ་འཁང་སེམས་སྤྲད།  ལས་དབང་ལ་བསྟོད་བསྔགས་ཕུལ།

མཚམས་དེར་སླེབས་དུས།  ཀུ་རེ་དང་རྩེ་མཚར་བར་ནས།      

དགོད་སྒྲ་དང་མཚར་སྣང་བར་ནས། གསང་པ་དང་གསང་པའི་བར་ནས།   

གོམ་པ་དང་གོམ་པའི་བར་ནས། དགོངས་དག་དང་ཞུ་གསོལ་བར་ནས། 

སེམས་པ་དང་སེམས་པའི་བར་ནས། སྙིང་ནས་རྩེ་བའི་རྒྱལ་སྲས་མེ་ཏོག   

སེམས་ན་དགོད་པའི་རྒྱལ་སྲས་མེ་ཏོག འཛེམ་བག་དང་བཅས་ཏེ།      

རྣམ་དག་སེམས་ཀྱི་འོ་སྦྱོར་གནང་། སྐྱེལ་ཡངས་པའི་བློ་རྒྱ་དང་། 

མཛེས་པ་ངོམས་པའི་མིག་ཟུང་། འཇམ་མཉེན་གྱིས་ཕྱུག་པའི་སྐུ་གཟུགས།

ཡིད་གར་འོང་བའི་སྒེག་ཉམས། ཁུ་བྱུག་ལས་སྙན་པའི་སྐད་ངག

མདོར་ན་ཡོད་ཚད་ཀྱི་ཡོད་ཚད་ལས། རང་ལ་བདེ་སྐྱིད་སྨྲ་མི་ཤེས་པ་ཞིག་གནང་བྱུང་།

མདོར་ན་ཡོད་ཚད་ཀྱི་ཡོད་ཚད་ལས། རང་ལ་དགའ་བ་ཚད་མེད་པ་ཞིག་གནང་བྱུང་།

 ཐུགས་རྗེ་ཆེ། བརྩེ་དུང་གི་ས་ཞིང་ཐོག་མ། ཐུགས་རྗེ་ཆེ།བརྩེ་དུང་གི་རྒྱལ་སྲས་མེ་ཏོག།

ཀུ་རིང་དང་འབོད་སྒྲ་བར་ནས།  བརྩེ་དུང་དང་གླུ་གཞས་བར་ནས།

འོ་སྦྱོར་དང་ཆགས་སེམས་བར་ནས།  བློ་གཏད་དང་ཡིད་ཆེས་བར་ནས།

སྙིང་གཏམ་དང་མིག་ཟུང་བར་ནས།  དྲི་ལྡན་རི་བོ།ང་དང་ཁོ་མོའི་གསང་པ་བརྗོད་ས་ཡིན།

དྲི་ལྡན་རི་བོ། ང་དང་ཁོ་མོའི་སྙིམ་གཏམ་གླེང་ས་ཡིན།  དྲི་ལྡན་རི་བོ།ང་དང་ཁོ་མོའི་བརྩེ་དུང་སྨིན་ས་ཡིན།

དྲི་ལྡན་རི་བོ། ང་དང་ཁོ་མོའི་ཡོད་ཚད་ཡིན།
 

                                                 ༢༠༠༨ལོའི་ལོ་སྨད་དུ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060