| གསར་འགོད་པ་ཚེ་རིང་བཀྲ་ཤིས། སྨུག་པོ་ལ་བཅར་འདྲི་བྱས་པ།
གསར་འགོད་པ། སྐུ་ཞབས་སྨུག་པོ་ལགས། བདེ་མོ་ཡིན་ནམ། སྨུག་པོ། བདེ་མོ་ཡིན། མཛའ་བརྩེ་ལྡན་པའི་ཀློག་མཁན་དག་ལའང་ཁམས་བདེ་ཞུས་པ་ཡིན། གསར་འགོད་པ། དེས་ན་བཅར་འདྲིའི་འགོ་བརྩམ་རྒྱུ་བྱ། ཁྱེད་ཀྱིས་རྩོམ་རིག་གསར་རྩོམ་གྱི་བྱ་བ་དེ་དགའ་ཕྱོགས་ཤིག་ལ་ངོས་འཛིན་པ་ཡིན་ནམ། ཡང་ན་རླབས་ཆེ་བའི་ཕུགས་བསམ་ཞིག་ལ་ངོས་འཛིན་པ་ཡིན། སྨུག་པོ།བདག་གིས་གསར་རྩོམ་གྱི་བྱ་བ་དེ་དགའ་ཕྱོགས་དང་ཕུགས་བསམ་གཉིས་ཀར་ངོས་འཛིན་གྱི་ཡོད། རྒྱུ་མཚན་ནི། དགའ་ཕྱོགས་དང་སྤྲོ་སྣང་གིས་རླབས་ཆེ་བའི་ཕན་འབྲས་བསྐྲུན་པ་ལྟར། སྐྱེ་བོ་སུ་ཞིག་ཡིན་རུང་ལས་གང་ཞིག་ལ་སྤྲོ་སྣང་དང་དགའ་ཕྱོགས་ཡོད་ན་དེ་ལ་འཇུག་པ་དང་དེ་བྱེད་པར་མཁས་པ་བཞིན། རང་ཉིད་ཀྱང་སློབ་མའི་དུས་སྐབས་ནས་བཟུང་རྩོམ་མཁན་སྔ་མ་ཆོའི་བརྩམས་ཆོས་ཀློག་འདོན་གྱི་གོ་རིམ་ཁྲོད་གཞན་གྱི་བརྩམས་ཆོས་ལེགས་གྲས་ཀྱི་ཤུགས་རྐྱེན་གྱིས་རང་ཉིད་ལ་བློ་བསྐྱེད་དང་བག་ཆགས་བསྒོས་ཏེ་རྩོམ་རིག་གསར་རྩོམ་ལ་སྤྲོ་སྣང་རྒྱས་པ་དང་རིམ་གྱིས་རྩོམ་རིག་གསར་རྩོམ་གྱི་ལས་ཀའམ་ཐབས་ལམ་འདི་ལ་བརྟེན་ནས་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ། རིག་གནས་ཀྱི་ལྟ་བ་སོགས་ཡིག་འབྲུའི་ཁྲོད་དུ་སིམ་པར་བྱས་ནས་འཇིག་རྟེན་བླང་དོར་གྱི་གནས་ལུགས་སྟོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་བརྩམས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་སྐུལ་གྱི་ཕན་འབྲས་དང་ལྡན་པར་བྱ་བའི་རླབས་ཆེན་ཕུགས་བསམ་ཞིག་ལ་ངོས་འཛིན་གྱི་ཡོད། གསར་འགོད་པ། བདག་གིས་ཁྱེད་ཀྱི《ཉི་འོད་འཆོལ་བ》སོགས་སྒྲུང་གཏམ་སྐོར་ཞིག་ལ་བལྟས་མྱོང་། དེ་དག་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། སྒྲུང་གཏམ་གྱི་བརྗོད་བྱ་དེ་ད་ཡོད་སྤྱི་ཚོགས་ཀྱི་གནས་བབ་ལ་དམིགས་ནས་དངོས་ཡོད་རིང་ལུགས་ལྟར་བྲིས་པ་ནི་ཕལ་ཆེར་གཅིག་ཀྱང་མི་འདུགདེའི་ཐད་ནས་ཁ་བརྡ་ཞིག་བྱས་ན་ག་འདྲ་རེད། སྨུག་པོ།བདག་གི་བསམ་པར་རྩོམ་རིག་བརྩམས་ཆོས་ལ་དེང་རབས་རིང་ལུགས་དང་དངོས་ཡོད་རིང་ལུགས། འཆར་ཡན་རིང་ལུགས་སོགས་ཀྱི་གྲུབ་མཐའ་དགར་བ་ནི་རྩོམ་རིག་གི་སྒྱུ་རྩལ་མངོན་སྟངས་ཀྱི་ཆ་ནས་བཞག་པར་འདོད་ལ། དེ་ཡང་མདོར་བསྡུས་ན་རྩོམ་མཁན་གྱི་རྩོམ་གཤིས་དང་མྱོང་གོམས་སོགས་དང་འབྲེལ་བ་དམ་ཟབ་ཡོད། འདིར་བདག་གི་བརྩམས་ཆོས་ཀྱི་ངོས་ནས་བརྗོད་ན། ཁྱེད་ཀྱིས“སྒྲུང་གཏམ་གྱི་བརྗོད་བྱ་དེ་ད་ཡོད་སྤྱི་ཆོགས་ཀྱི་གནས་བབ་ལ་དམིགསནས་དངོས་ཡོད་རིང་ལུགས་ལྟར་བྲིས་པ་ནི་ཕལ་ཆེར་གཅིག་ཀྱང་མི་འདུག”ཟེར་བ་ལ་ངས་གོ་བ་གསལ་བོ་ཞིག་ལེན་ཐུབ་ཀྱི་མི་འདུག་མོད། སྤྱིར་རྩོམ་རིག་བརྩམས་ཆོས་སུ་བགྲང་རུང་བ་ཡོད་དོ་ཅོག་སྤྱི་ཚོགས་འཚོབ་དངོས་ལས་བྱུང་བ་ཡིན་པས། སྤྱི་ཚོགས་ཀྱི་གནས་བབ་ལ་དམིགས་ནས་མ་བྲིས་པ་ཞིག་ཡོད་མི་སྲིད། དེ་བས་བདག་གིས་བརྩམས་ཆོས་སུ་རློམ་ནས་འབྲི་ཁུལ་བགྱིས་པ་ཐམས་གཅད་ཀྱང་དེ་ལས་མ་འདས་སོ། ། འདིར་ཁྱེད་ཀྱིས་བརྗོད་འདོད་པ་ནི་བདག་གི་སྒྲུང་གཏམ་དག་ལ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་མེད་ཟེར་
་བ་ཡིན་ན་རང་གི་བྱ་བའི་ལས་གནས་དང་དུས་ཚོད་ཀྱི་ཁོམ་སྐབས་སོགས་ཕྱི་རྐྱེན་དང་ནང་རྐྱེན་དུ་མའི་དབང་གིས་དངོས་ཡོད་རིང་ལུགས་སུ་འབོད་པའི་སྒྲུང་གཏམ་གྱི་བྱུང་རིམ་དང་སྒྲིག་གཞི་ཉོག་རིང་ཅན་དག་འབྲི་བའི་ངལ་བ་སྤངས་ནས། དཔེ་མཚོན་ཅན་གྱི་དོན་དག་ཁུངས་སྣེར་བྱས་ཤིང་སྒྱུ་རྩལ་གྱི་བློས་བསླངས་ཀྱི་རྟོག་པ་རང་ཡན་དུ་བྱས་ཏེ་སྒྲུང་ཐུང་རེ་འབྲི་ཁུལ་བྱས་པའི་ལན་འདི་ལས་མེད་དོ། ། གསར་འགོད་པ། ཁྱེད་ཀྱིས་བལྟས་ན། གསར་རྩོམ་དང་ཁོར་ཡུག་གཉིས་བར་འབྲེལ་བ་ཅི་ཞིག་འདུགགསར་རྩོམ་ནི་ཁོར་ཡུག་ངེས་ཅན་ཞིག་ནས་བྱུང་བ་ཡིན་ལ་ཁོར་ཡུག་དེ་ནི་སྤྱི་ཚོགས་འཚོ་བ་དངོས་ཟེར་བ་དེ་ཡིན། རྩོམ་མཁན་གྱི་བསམ་པའི་ཆགས་སྡང་དང་དགའ་སྐྱོ་སོགས་ཡིད་ཀྱི་འགྱུར་བ་དག་ནི་ཁོར་ཡུག(སྤྱི་ཚོགས་ཀྱི་ཁོར་ཡུག་དང་རང་བྱུང་གི་ཁོར་ཡུག)གི་གནས་ཚུལ་ལ་བརྟེན་ནས་བྱུང་བ་ཡིན། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་རྩོམ་རིག་ནི་ཁོར་ཡུག་གི་གནས་བབ་དང་འགྱུར་བའི་གནས་ཚུལ་ལ་རྩོམ་མཁན་གྱི་བསམ་བློའི་བློ་སྦྱོང་གིས་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་སྤྱད་ནས་ལན་བཏབ་པ་དང་ཡང་ན་འགྲེལ་བརྒྱབ་པ་ཞིག་རེད་སྙམ། དེ་བས་རྩོམ་རིག་ནི་ཁོར་ཡུག་ལས་བྱུང་བ་དང་རྩོམ་མཁན་གྱིས་དེ་ལ་སྒྱུ་རྩལ་གྱི་ཚོན་གྱིས་བྱུགས་ཤིང་བློས་བསླངས་ཀྱི་ཐབས་ཀྱིས་བཞེངས་ཏེ་སྒྲོ་འདོགས་དང་རྒྱན་སྤྲས་མཛད་ནས་ཡང་བསྐྱར་ཁོར་ཡུག་ལ་ཕྱིར་སྤྲད་པ་ཞིག་ཡིན། མདོར་བསྡུས་ནས་བརྗོད་ན་གས་རྩོམ་དང་ཁོར་ཡུག་གཉིས་དབར་ལ་རྒྱུ་དང་འབྲས་བུ་ལྟ་བུའི་འབྲེལ་བ་ཞིག་ལྡན་ནོ་ཞེས་བརྗོད་པར་འདོད་དོ། ། གསར་འགོད་པ། ཁྱེད་ཀྱིས་དུས་རྒྱུན་བོད་རང་གི་སྒྲུང་གཏམ་གྱི་འཕེལ་ཕྱོགས་སྐོར་ལ་མཉམ་འཇོག་གནང་ཨེ་མྱོང་། གལ་ཏེ་མྱོང་ན། ད་ལྟའི་སྒྲུང་གཏམ་གསར་རྩོམ་གྱི་གནས་བབ་ཐད་ལ་བསམ་ཚུལ་ག་རེ་ཡོད།
སྨུག་པོ། རང་ཉིད་བོད་ཀྱི་རིག་གནས་ལ་དུང་བ་ཅན་ཞིག་ཡིན་པའི་ཆ་ནས་དུས་རྟག་ཏུ་བོད་ཀྱི་རིག་གནས་ཀྱི་འཕེལ་འགྱུར་དང་སྒོས་སུ་རྩོམ་རིག་གི་འཕེལ་ཕྱོགས་ལ་དོ་སྣང་དང་མཉམ་འཇོག་བྱེད་བཞིན་ཡོད། འདིར་ད་ལྟའི་སྒྲུང་གཏམ་གསར་རྩོམ་གྱི་གནས་བབ་ཐད་ལ་བལྟས་ནས་རྩོམ་པ་པོ་དང་བརྩམས་ཆོས། སྤྱི་ཚོགས་བཅས་ཀྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་གླེང་འདོད། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཐད་ནས་གླེང་ན།རྩོམ་པ་པོ་དང་ད་ལྟའི་ན་གཞོན་རྩོམ་པ་པོ་ཁ་ཤས་རིག་གནས་ཀྱི་འདུ་ཤེས་དང་ལྟ་བ་ཡང་དག་པ་ཆགས་མེད་པར་གསར་རྩོམ་བྱས་པས་བརྩམསཆོས་ལས་རྩོམ་མཁན་གྱི་ལྟ་བ་ཚུགས་ཐུབ་ཀྱི་དགོངས་གཞི་དང་ཀུན་སློང་རྟོགས་དཀའ་བ། རིག་གནས་སྣ་ཚོགས་ཀྱི་གདོང་ཐུག་ཁྲོད་རང་ཉིད་ཀྱི་བརྩམས་ཆོས་ལས་ལྟ་བ་ཕུང་གསུམ་པ་དང་ཡང་ན་ལྟ་བ་ཕུར་ཚུགས་མེད་པ། བརྩམས་ཆོས་མང་ཤོས་ནི་རྩོམ་མཁན་གྱི་ཚོད་ལྟ་དང་འཚོལ་སྙེག་གི་གོ་རིམ་ཁྲོད་གསར་རྩོམ་མཛད་པ་ཤ་སྟག་ཡིན་པ་བསམ་བློ་ནར་མ་སོན་པའི་སྣང་ཚུལ་ལྡན་པ། མི་ཚེའི་བརྒྱུད་རིམ་ཁྲོད་གསར་རྩོམ་གྱི་མུ་སྐྱོང་མི་ཐུབ་པ་སོགས་ཀྱི་རྐྱེན་གྱིས་སྒྲུང་གཏམ་ལེགས་པོ་ཞིག་འཁྲུངས་པའི་གྲངས་ཀ་ཉུང་བ་དང་། སྤྱི་ཚོགས་ཀྱི་ཐད་ནས་གླེང་ན། སྤྱིར་རྩོམ་རིག་གི་ཞིང་ས་ཆུང་ཞིང་སྒོས་སྒྲུང་གཏམ་གྱི་རྨོ་འདེབས་དང་དཔྱད་པའི་ཆར་ཆུ་དཀོན་པ་དང་། གཟིགས་གཟོས་དང་མཐོང་ཆེན་གྱི་སྐུལ་ལྕག་ཉུང་བ། ལམ་སྟོན་སྣེ་ཁྲིད་མེད་པ་བཅས་སོ། ། གསར་འགོཔ། ན་གཞོན་ཞིག་གི་ངོས་ཐད་ནས། ཁྱེད་ཀྱིས་རང་རེའི་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་དར་མའི་རྩོམ་པ་པོ་གཉིས་ཀྱིས་བརྩམས་པའི་སྒྲུང་གཏམ་ལ་ཇི་ལྟར་བལྟ་བ་ཡིན། སྨུག་པོ།ན་གཞོན་ཚོའི་བརྩམས་ཆོས་ལ་གྱ་ཚོམ་མམ་ཚོད་ལྟ། ལད་ཟློས་བཅས་ཀྱི་རང་བཞིན་ཤས་ཆེ་བ་དང་དར་མའི་རྩོམ་པ་པོའི་བརྩམས་ཆོས་ལ་རང་གཤིས་ཆགས་གྲབས་ཡོད་པའི་ཁྱད་པར་ལྡན་པར་འདོད། འདི་ནི་གསར་རྩོམ་ཁྲོད་ཀྱི་གཡོལ་ཐབས་མེད་པའི་གོ་རིམ་གཉིས་ཡིན་ལ། དེང་གི་རྩོམ་སྟེགས་སུ་གོ་རིམ་དང་པོ་དང་གཉིས་པ་འདི་གཉིས་ལས་བརྒྱུད་མཁན་མེད་པ་ནི་དངོས་གནས་ཡིད་ཕངས་པའི་གནས་སུ་འཁུམས་སོ། ། གསར་འགོད་པ། གལ་ཏེ་ཁྱེད་ལ་ཤན་ཤུགས་ཐེབས་མྱོང་མཁན་གྱི་རྩོམ་པ་པོ་ཞིག་བགྲང་དགོས་ཚེ། ཁྱེད་ཀྱིས་སུ་ཞིག་བགྲང་སྲིད། རྒྱུམཚན་ཅི་ཡིན། སྨུག་པོ།བདག་ལ་ཤན་ཤུགས་ཐེབས་མྱོང་བའི་རྩོམ་པ་པོ་ཞིག་བགྲང་དགོས་ཞེས་ན་སུ་བགྲང་དགོས་པ་མི་ཤེས་མོད། བདག་ལ་ཤན་ཤུགས་ཐེབས་མྱོང་བའི་རྩོམ་པ་པོ་ཐོག་མ་སུ་ཡིན་ཞེས་ན་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན་ལགས་བགྲང་འདོད། རྒྱུ་མཚན་ནི་བདག་གི་བློ་ངོར་སྒྲུང་གཏམ་གྱི་མཛེས་སྡུག་ཆེས་ཐོག་མར་སྟོན་མཁན་ནི་ཁོང་གི་སྒྲུང་གཏམ《ལྷན་དུ་འཛོམས་པ》ཞེས་པ་དེ་ཡིན། དེ་ནི་སྟེས་དབང་གི་དོན་ཞིག་ཀྱང་རེད། རྗེས་སུ་། ད་དུང་ཁོང་གི་སྒྲུང་གཏམ་ཐུང་གྲས《ལམ་འགྲམ་གྱི་ཉིན་ཐོ》སོགས་ཀྱིས་བག་ཆགས་བརྗེད་དཀའ་བ་བཞག་སོང་། ལོ་སྔོན་མར་ཁོ་དང་མཉམ་དུ་ཟས་ཅོག་གཅིག་གི་མཐའ་ནས་ལབ་གླེང་བྱས་མྱོང་རུང་སྐད་ཆ་འདི་དེ་རིང་མ་གཏོགས་བཤད་མ་ཐུབ། དེ་མིན་ད་དུང་སྐུ་ཞབས་དོན་གྲུབ་རྒྱལ་གྱི《སད་ཀྱིས་བཅོམ་པའི་མེ་ཏོག》དང་། ཚེ་རིང་དོན་གྲུབ་ཀྱི《ར་ལོ》《ཤི་གསོན》སྟག་འབུམ་རྒྱལ་གྱི《རྣམ་ཤེས》ནག་པོ་སྐལ་བཟང་གི《ཀླུ་འབུམ་མི་རྒོད》རིག་ལྡན་རྒྱ་མཚོའི《མིག་གསུམ་པ》སོགས་ཀྱིས་ཀྱང་བདག་གི་དྲན་ཤེས་ཡོངས་སུ་བརླན་མྱོང་། འདིར་ཁོང་རྣམས་ལ་གུས་འདུད་དང་བཅས་སྒྲུང་གཏམ་ཞེས་པའི་གྲོགས་པོ་འདིའི་མཛའ་བརྩེ་ཕྱི་ཐག་ནམ་ཡང་མི་གཅོད་པའི་རེ་ཞུ་ཡང་བྱེད།གསར་འགོད་པ། ཁྱེད་ཀྱིས་བལྟས་ན། མིག་སྔའི་བོད་ཀྱི་སྒྲུང་གཏམ་གྱི་འགན་ཁུར་གཙོ་བོ་དེ་གང་དུ་ཡོད་སྙམ། སྨུག་པོ། ངས་བལྟས་ན། སྒྲུང་གཏམ་དང་བཅས་པའི་བོད་ཀྱི་རྩོམ་རིག་གི་འགན་ཁུར་གཙོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲོག་ཤིང་དུ་བྱས་ཏེ་དུས་བསྟུན་ལྷན་སྐྱོད་ངང་སྒྱུ་རྩལ་བློས་བསླངས་དང་བྱུང་རིམ་ཀྱག་ཀྱོག བྱ་དངོས་འཕྱོར་འབྲི། སྙན་འཇེབས་ཚིག་གི་སྡེབ་སྦྱོར་ལ་བརྟེན་ནས་མིའི་རིགས་དཔལ་ཡོན་དང་ལྡན་པ། དགེ་སྦྱོར་གྱི་སྒོ་ལ་སྐུལ་བར་བྱེད་རྒྱུ་ནི་སྒྲུང་གཏམ་གྱི་འགན་ཁུར་གཙོ་བོ་ཡིན་པར་འདོད། རྒྱུ་མཚན་ནི་རིག་གནས་ཀྱིས་བློ་བསྒྱུར་བའི་མི་ནི་ད་གཟོད་རིག་གནས་དེས་མཚོན་པའི་མི་རིགས་གང་དེའི་མི་ཡིན་པ་ལྟར། བོད་ཀྱི་མི་ཡིན་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བ་ཤ་གསེང་རུས་གསེང་དུ་ཐོན་དགོས་པ་ཡིན་ནོ། གསར་འགོད་པ། སྒྲུང་གཏམ་ལ་བློ་ཁ་ཕྱོགས་མཁན་ཞིག་གི་ངོས་ནས་བཤད་ན། ཁྱེད་ལ་བརྩམས་ཆོས་མང་པོ་མི་འདུགདེར་ནོངས་འགྱོད་འདྲ་ཨེ་ཡོད། གལ་ཏེ་ཡོད་ན་མ་འོངས་འཆར་གཞི་སྐོར་ནས་སྐད་ཆ་འགའ་བཤད་ན་ཇི་འདྲ་རེད། སྨུག་པོ།སྒྲུང་གཏམ་ལ་བློ་ཁ་ཕྱོགས་མཁན་ཞིག་གི་ངོས་ནས་བཤད་ན། བརྩམས་ཆོས་མང་པོ་སྤེལ་མ་ཐུབ་པ་ནི་ཤིན་ཏུ་ནོངས་པའི་གནས་ཤིག་ཏུ་འདོད། ཡིན་ན་ཡང་ཟུར་གཞན་ཞིག་ནས་བཤད་ན་བརྩམས་ཆོས་ཀྱི་གྲངས་འབོར་ལས་སྤུས་ཀ་གཙོ་བོར་སྙམ་ནས་འཚོལ་སྙེག་བྱེད་ཀྱི་ཡོད། མ་འོངས་འཆར་གཞིའི་སྐོར་ནས་མུ་མཐུད་དུ་རྟོགས་པ་རང་ཡན་པའི་གྲུབ་མཐར་ཁས་འཆེས་པའི་སྒྲུང་ཐུང་སྐོར་ཞིག་འབྲི་འདུན་ཡོད་ལ། དེ་དག་ལས་ལོ་ངོ་འདི་དག་གི་སྤྱི་ཚོགས་འཚོ་བ་ལ་རང་ཉིད་ཀྱི་ངོས་འཛིན་དང་ཀུན་གྱི་བློ་ངོར་བསམ་གཞིག་ཅིག་སྟེར་འདོད། དེའི་རྗེས་ནས་འཚོ་བ་དང་དུངས་སེམས་ལྷན་དུ་བརྒྱུས་པའི་མི་ཚེ་དེ་ཉིད་བརྗོད་པའི་སྒྲུང་རིང་ཞིག་ལ་བློས་བསླངས་བྱས་ན་བསམ་བློས་ཨེ་ལྕོག་གམ། གསར་འགོད་པ། ཁྱེད་ཀྱི་སེམས་ནང་དུ་སྒྲུང་གཏམ་ལ་གོ་གནས་ག་འདྲ་ཡོད་དམ། སྨུག་པོ།སྒྲུང་གཏམ་ནི་ཚེགས་ཆེ་བའི་སྒྱུ་རྩལ་གྱི་ལས་གཞི་ཞིག་ཡིན་པ་མ་ཟད། དེས་མིའི་རིགས་ཀྱི་བསམ་བློར་གཡོ་སྐྱོམ་གཏོང་བ་ནི་དེ་ལས་ཀྱང་རླབས་ཆེ་བ་ཞིག་ཡིན་པར་སྙམ། མི་ཚེའི་བྱ་གཞག་ཁྲོད་ཟང་ཟིང་གི་རྒྱུ་ནོམ་ལས་སྒྲུང་གཏམ་གྱི་ཕོ་བྲང་ཞིག་བརྩིག་འདོད།། གསར་འགོད་པ། ཁྱེད་ཀྱིས་སྒྲུང་གཏམ་ཟེར་བའི་རྩོམ་ལུས་འདིར་ཇི་ལྟར་གོ་བ་ལེན་པ་ཡིན། སྨུག་པོ། རྩོམ་པ་པོའི་སེམས་ཀྱི་སྐད་ཆ་ཚིག་རྐང་གཅིག་གིས་མདོར་བསྡུས་ཏེ་བརྗོད་ཆོག་པ་དེ་འཆར་ཡན་ཕུན་སུམ་ཚོགས་པ་ཞིག་དང་མི་སྣ་སྣ་ཚོགས་ཤིགབྱུང་རིམ་འཁྲུག་པོ་ཞིག་ཏུ་རྒྱ་བསྐྱེད་དེ་རྩོམ་པ་པོའི་དགོངས་གཞི་དེ་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྟོན་པ་ནི་སྒྲུང་གཏམ་གྱི་རྩོམ་ལུས་འདིའི་རླབས་ཆེན་རང་བཞིན་ཡིན་པར་འདོད།གསར་འགོད་པ། ཡ། སྨུག་པོ་ལགས། ད་ཐེངས་འདི་ཙམ་གྱིས་འཐུས་པར་བྱ། མཇུག་མཐར་ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ། སྨུག་པོ་། ཐུགས་རྗེ་ཆེ་། ཐེངས་འདིའིབཅར་འདྲི་ནི་ང་ལ་མཚོན་ན་སྐུལ་ལྕག་ཅིག་ཀྱང་རེད། མཇུག་མཐར་ཁྱེད་རྩོམ་སྒྲིག་པའི་བྱ་གཞག་དང་རྩོམ་རིག་གི་བྱ་གཞགབོད་ཀྱི་རིག་གནས་བྱ་གཞག་སོགས་ཡོད་ཚད་བླ་ནས་བླ་རུ་འཕེལ་བར་སྨོན། |