| བདག་ནི་སྲིད་འཛིན་ལས་ཁུངས་སུ་ལོ་ངོ་མང་པོར་བྱ་བ་གཉེར་བའི་ལས་བྱེད་པ་རྒན་པ་ཞིག་ཡིན་པས། སེམས་སུ་ནམ་ཡང་རློམ་སེམས་ཆེན་པོ་སྐྱེས་ཡོད། རྒྱུ་མཚན་ནི་སྡེ་ཁག་འདིར་བྱ་བ་གཉེར་བའི་མི་ནི་དུང་ཞེན་ཆེ་ཞིང་གཞན་ལས་ཁྱད་དུ་འཕགས་པ། མི་རྣམས་ཡིད་སྨོན་འཆོར་ས་གཞི་ཡིན་པ་གསལ་བཤད་བྱས་པ་མིན་ནམ། ད་དུང་གཞན་གྱིས་ཟེར་སྒྲོས་སུ་ང་ནི་དཔལ་ཡོན་ལྡན་ཞིང་བརྩི་བཀུར་ཤེས་པ། མི་གཞན་ལ་དུང་སེམས་ཡོད་མཁན་ཞིག་རེད་ཟེར།བདག་གིས་བལྟས་ན་དེ་ལ་གནས་ལུགས་འདུག དེ་ནི་ང་ལ་གདེང་འཇོག་དང་སྐུལ་མ་གནང་བ་མ་ཡིན་ནམ། འོན་ཀྱང་། དུས་ཡུན་ངེས་ཅན་ཞིག་འགོར་རྗེས།ངའི་ཤེས་ཚོར་ཡིན་ན།བདག་གིས་ལུས་སྟེང་ན་དངོས་སུ་འགྱུར་ལྡོག་ཕྲན་བུ་རེ་འབྱུང་གིན་འདུགནམ་རྒྱུན་ངོ་མཚར་ལྐོག་གྱུར་སྒོས་ངས་རང་གི་འདུ་བྱེད་ཚོད་འཛིན་བྱ་ཐབས་བྲལ་བ་རེད།
ངས་རང་ཉིད་སྔར་གྱི་རང་ཉིད་མིན་པ་རྟོགས་ཤིང་།ལུས་ཀྱི་བྱ་བྱེད་ཚང་མ་མི་གཞན་ཞིག་ཏུ་གྱུར་པ་དང་ཀུན་ནས་མཚུངས།བདག་གི་བླར་ལྷག་པའི་ཡོན་ཏན་ནི་ཡིག་ཆ་འབྲི་བར་མཁས་པས་འཚོ་བའི་ཁྱད་ཆོས་གཙོ་བོ་ཡང་ཡིག་ཆ་འབྲི་བའི་ཁྲོད་ནས་དགའ་སྣང་བསྐྱེད་པ་ཡིན། སུ་ཞིག་ནི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་པའི་མི་རེད་ཟེར། ཡང་འགའ་ཞིག་གིས་རི་མོ་པ་ཞིག་གིས་ཆེས་ཕུལ་དུ་བྱུང་བའི་རི་མོའི་བརྩམས་ཆོས་ལེགས་འགྲུབ་བྱུང་བ་དང་ཁོས་རི་མོའི་སྟེང་ནས་ཆེས་མཐའ་མཇུག་གི་ཚོན་མདངས་བྱུག་དུས་ཁོ་བོ་ནི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་པའི་མི་རེད་ཟེར།ངོ་མ་བཤད་ན་མི་དེ་དག་གིས་གནས་ལུགས་གཅིག་མ་གཏོགས་ཅིག་ཤོས་རྩ་བ་ནས་རྟོགས་ཀྱིན་མེད་པ་འདྲ།འཇིག་རྟེན་འདིར་སྲིད་འཛིན་ལས་ཁུངས་སུ་བྱ་བ་གཉེར་བའི་མི་རྣམས་ཀྱིས་ཡིག་ཆ་ཐེངས་གཅིག་བྲིས་ཚར་རྗེས་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཡིག་ཆའི་སྟེང་འགྲེམ་སྤེལ་ཆོག་མཆན་ཐོབ་པའི་ཡིག་འབྲུ་བཞི་འབྲི་སྐབས་ཁོ་ནི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་པའི་མི་རེད།བདག་ནི་སྲིད་འཛིན་ལས་ཁུངས་སུ་ལོ་ངོ་མང་པོར་བྱ་བ་གཉེར་བའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན། སྔ་མོ་ནས་མགོ་ཚུགས་རྗེས་ང་ནི་གཞུང་སྒྲུབ་ཅོག་ཙེའི་འགྲམ་དུ་ཁོག་སྟོད་དྲང་བོར་བསྡད་ནས་གོང་རིམ་འབྲེལ་ཡོད་མགོ་ཁྲིད་ཀྱི་མཛུབ་སྟོན་ལྟར་ཡིག་ཆ་གསར་གཏོད་བྱ་འགོ་བརྩམས།ཡིག་ཆ་གསར་གཏོད་ཟེར་དགོས་དོན་ཡིག་ཆ་འབྲི་རྒྱུ་ནི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་ཞིག་ཡིན་པས་རེད།སྲིད་འཛིན་ལས་ཁུངས་ཀྱི་བྱེད་ནུས་གཙོ་བོ་ནི་ཡིག་ཆ་འགྲེམ་གཏོང་བྱ་རྒྱུ་ཡིན་པས། ཡིག་ཆ་འབྲི་རྒྱུ་ནི་ཧ་ཅང་གཟབ་ནན་ཆེ་བའི་བྱ་བ་ཞིག་རེད། ཡིག་ཆ་རེ་རེ་ལེགས་པོར་འབྲི་བའི་ཆེད་དུ་བདག་གིས་ནམ་རྒྱུན་ཀླད་པ་གཏིང་དཀྲུགས་ཡང་དཀྲུགས་བྱས་མྱོང་། ཡིག་ཆ་རེ་རེ་ནི་བདག་གི་བརྩམས་ཆོས་རེ་རེ་ཡིན། རྩོམ་པ་པོས་གསར་རྩོམ་གྱི་ཚེ་ན།ཉིན་རེར་ཡིག་འབྲུ་སྟོང་ཕྲག་ཁ་ཤས་སམ་ཡང་ན་ཡིག་འབྲུ་ཁྲི་ཕྲག་ལོངས་པ་འབྲི་བའང་ཡོད།འོན་ཀྱང་ཡིག་ཆ་འབྲི་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་སྲིད།དེ་སྔ་དག་གིས་ཡིག་འབྲུ་བརྒྱ་ལོན་པའི་ཡིག་ཆ་ཞིག་ཟླ་ངོ་གཅིག་གི་རིང་ལ་བྲིས་ཤིང་།དག་བཅོས་ཐེངས་བརྒྱ་ལས་བརྒལ་བ་བྱས་མོད།ཡིག་ཆ་འགྲེམ་སྤེལ་བྱས་རྗེས་མཚམས་འཇིག་བརྡ་རྟགས་གཅིག་བཀོལ་བ་འོས་འཚམ་མིན་པས་མགོ་ཁྲིད་ཀྱིས་དེའི་དོན་དུ་བདག་ལ་སྐྱོན་བརྗོད་ནན་མོ་བྱས། འོན་ཀྱང་། འདི་ནི་གླེང་རིན་མེད་པ་ཞིག་རེད། མགོ་ཁྲིད་ཀྱི་སྐྱོན་བརྗོད་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ཡིན་ནམ།ཉེ་སྔོན་བདག་གིས་ཡིག་ཆ་མ་བྲིས་ཚེ་སྙིང་ནས་བཟོད་མི་ཐུབ་པ་ལྟ་བུར་གྱུར།གཟའ་ཉི་མའི་ངལ་གསོའི་ཉིན་ལ་བསླེབས་ཚེ་བདག་གི་ཉི་མ་ཆེས་འཁྱོལ་དཀའ་བས་ཡིག་ཆ་འབྲི་རྒྱུ་མེད་ཚེ་འདུག་མི་བཟོད་ལྟ་བུར་གྱུར། ཕྱིས་སུ་བདག་གིས་ཆུང་མར་ཐེངས་མང་པོར་གྲོས་མོལ་བྱས་མཐར། ཁྱིམ་ཚང་ལས་ཁུངས་ཅན་གྱི་གཞུང་སྒྲུབ་རྣམ་པ་ལག་ལེན་བསྟར་རྒྱུ་བྱས།ཁྱིམ་ཚང་གི་དོན་དག་གལ་ཆེན་སྐོར་ཏེ།དཔེར་ན།ཁྱིམ་ཚང་གི་འགྲོ་སོང་འཆར་གཞི་དང་བྱིས་པའི་སློབ་གསོའི་འཆར་འགོད།སྤྱི་ཚོགས་འབྲེལ་འདྲིས་དང་རྒན་བཀུར་ཆུང་བྱམས་ལམ་ལུགས་སོགས་ཚང་མར་གྲོས་ཞིབ་ནན་མོ་བྱས་རྗེས།མཐར་མཇུག་ཡིག་ཆ་འགྲེམ་སྤེལ་གྱི་རྣམ་པ་བརྒྱུད་ནས་ཐག་གཅོད་བྱ་རྒྱུ་བྱས།དང་ཐོག་ཆུང་མས་དེ་ནི་སྨྱོ་བཤད་རེད་ཟེར་ནས་མཐའ་གཅིག་ངོ་རྒོལ་བྱས་མོད།ཕྱིས་སུ་བདག་གིས་དུ་བ་གཅོད་རྒྱུའི་ཆ་རྐྱེན་ཁང་བླངས་པས་ད་གཟོད་འཐད་པ་ཙམ་བྱུང་།ཁྱིམ་ཚང་ལས་ཁུངས་ཅན་གྱི་གཞུང་སྒྲུབ་རྣམ་པར་བཏང་རྗེས།ད་གཟོད་བདག་གིས་གཟའ་ཉི་མའི་ངལ་གསོའི་སྐབས་སུ་ལས་ཀ་བསྒྲུབ་རྒྱུ་མེད་པར་སེམས་ཁུར་བྱ་མི་དགོས་པར་གྱུར།ཐེངས་རེ་རེར་གཟའ་ཉི་མའི་ངལ་གསོ་བསླེབས་ཚེ་བདག་གིས་ཉིན་རེར་ཡིག་ཆ་གཉིས་གསུམ་རེ་འགྲེམ་སྤེལ་བྱས་པ་དེས་བདག་ལ་གཟའ་ཉི་མའི་སྤྲོ་སྣང་ངོ་མ་ཞིག་ཉམས་སུ་མྱོང་དུ་བཅུགཚགས་པར་ལ་བལྟ་རྒྱུ་ནི་ང་ཡི་དགའ་ཕྱོགས་ཆེ་ཤོས་ཤིག་ཡིན།གལ་ཏེ་ཉིན་གཅིག་ལ་ཚགས་པར་ལ་མ་བལྟས་ཚེ།རྣ་བར་ཟ་ཕྲུག་ལངས་ཤིང་ཡིད་ལ་བྲེལ་འཚུབ་སྐྱེ་ངེས།ཉིན་ཉིས་པར་ཚགས་པར་ལ་མ་བལྟས་ཚེ།བཟའ་བཏུང་གི་ཞིམ་མངར་མི་ཚོར་བར་འགྱུར།ཉིན་གསུམ་པར་ཚགས་པར་ལ་མ་བལྟས་ཚེ།ཕུང་བོ་ན་ནས་ཉལ་སར་ལྷུང་ངེསཐེངས་ཤིག་ང་རང་ཕ་ཡུལ་དུ་ལོགཕ་ཡུལ་དུ་ཚགས་པར་མེད་པས་བདག་གིས་ཉིན་གཅིག་ལ་ཨུ་ཚུགས་ཀྱིས་བཤོད་བསྲན་བྱས་མོད།ཉིན་ཉིས་པར་བསླེབས་རྗེས་གཏན་ནས་བསྲན་མི་ཚུགས་པར་གྱུར་པས་གྲོང་རྡལ་དུ་ཚགས་པར་ཉོ་རུ་སོང་།གྲོང་རྡལ་དུ་ཐོན་ནས་བལྟས་ཚེ་ཆེད་དམིགས་ཀྱི་ཚགས་པར་བཙོང་ས་ཞིག་མིག་ལམ་དུ་མངོན་མ་བྱུང་།སྟབས་ལེགས་པ་ཞིག་ལ་ཕག་ཤ་འཚོང་མཁན་གྱི་ཤན་པ་ཞིག་གིས་ཚགས་པར་བརྩེགས་མ་ཞིག་བཟུང་ཡོད་པས།བདག་གིས་ཁྱེད་ཀྱིས་ཚགས་པར་ཨེ་བཙོང་ཞེས་དྲིས་པ་ན།ཤན་པ་དེས་ཁྱད་མཚར་བའི་མིག་ཟུང་གིས་ང་ལ་ཅེར་རེར་ལྟ་བཞིན།ལག་ལ་འཆང་བའི་ཤན་གྲི་དམ་པོར་འཆང་བ་དང་མིག་ཟུང་གློག་གི་ཤེལ་རྡོ་བཞིན་འབུར་ཚུགས་ཀྱིས་ཅེར་བྱུང་།ཁོ་བོས་ང་ནི་དོན་མེད་སྨྱོ་ལས་མཁན་ཞིག་རེད་སྙམ། གཞི་རིམ་དུ་མི་རྣམས་ལ་ཕག་ཤ་མཁོ་བ་ལས་ཚགས་པར་མི་མཁོ་མོད།བདག་དེ་ལས་ལྡོག་སྟེ་ཚུགས་པར་མཁོ་བ་ལས་ཕག་ཤ་མི་མཁོ་བས་བདག་གིས་ཤན་པ་གོ་བ་ལོག་སོང་སྙམ་ནས་ཟུར་ཞིག་ཏུ་ཁ་རོག་གེར་བསྡད་པ་ཡིན།མི་ཞིག་གིས་ཕག་ཤ་རྒྱ་མ་བཅུ་ཉོས་པས་ཤན་པས་ཤ་དེ་ཚགས་པར་ངོས་ཆ་ཚང་ཞིག་ཏུ་ལེགས་པོར་བཏུམས་ནས་བྱིན་པས།བདག་གིས་མགྱོགས་མྱུར་གྱིས་མི་དམངས་ཤོག་སྒོར་བརྒྱ་ཤོག་གཅིག་བླངས་ནས་ཕག་ཤ་རྒྱ་མ་བཅུ་ཉོ་རྒྱུ་བྱས། འོན་ཀྱང་ཤན་པས་ཤེས་ཀྱིས་ཕག་ཤ་ལེབ་ཆེན་ཞིག་བཅད་ནས་རྒྱ་ཁར་འཇལ་རྗེས་རྒྱ་མ་བཅུ་གཉིས་ལྷག་མཆིས། བདག་གིས་དེ་དག་ཡོངས་རྫོགས་ཉོས་པས། ཤན་པ་ཧ་ཅང་དགའ་ནས་འགྱིག་ཁུག་ཆེན་པོ་ཞིག་ཁྱེར་ཡོང་ནས་བཤད་རྒྱུར།ཁྱེད་ཀྱིས་ཕག་ཤ་ཉོས་པ་ཧ་ཅང་མང་བས་ངེས་པར་དུ་ལེགས་པོར་བཏུམ་ལོས་དགོས་ཟེར།བདག་ཧ་ཅང་འཚབ་བྱུང་བས་བྲེལ་མྱུར་ངང་ཚགས་པར་གྱིས་བཏུམས་ན་ཆོག་ཅེས་བཤད་པ་ཡིན། ཤན་པ་དེས། ཁྱེད་ལ་ཐེངས་གཅིག་བལྟས་ཚེ་མི་ཤེས་རྒྱ་ཅན་ཞིག་ཡིན་པ་ཤེས་ཐུབ། གནད་དོན་གང་ལ་ཐུགད་ཀྱང་ཐོག་མར་གཞན་ལ་སེམས་ཁུར་བྱེད་ཅེས་བདག་ལ་མཚམས་མི་འཆད་པའི་བསྔགས་བརྗོད་བྱས་བྱུང་།ཕག་ཤ་རྒྱ་མ་བཅུ་ཁར་ལོན་པ་དེར་ངས་སྣང་དོགས་བྱེད་ཀྱི་མེད་ལ་གཙོ་བོར་ཚགས་པར་རེ་ལག་ཏུ་ཨེ་ཡོང་བསམས་ཡོད་པ་ཁོས་ག་ལ་ཤེས། གལ་ཏེ་ཚགས་པར་མེད་ཚེ་བདག་གིས་དོན་མེད་སྒོར་མོ་བརླགས་ནས་ཅི་བྱེད།འོན་ཀྱང་སྒོར་མོ་བརླགས་པ་དོན་མེད་དུ་སོང་མེད་དེ་ཁོ་བོས་ཚགས་པར་ལས་གསར་འགྱུར་གལ་ཆེན་མང་པོ་ཀློག་ཐུབ་སོང་ལ།ཕག་ཤ་དེའི་དྲིན་གྱིས་ཨ་མས་ཁོ་མོའི་བུ་ཕྲུག་ད་ལྟ་ཡ་རབས་ཤིག་ཏུ་གྱུར་འདུག་ཅེས་བསྔགས་བརྗོད་ཚད་མེད་གནང་བྱུང་བས་བདག་ལ་ཚད་ལས་འདས་པའི་ནོངས་འགྱོད་ཅིག་སྐྱེས་སུ་བཅུག
ཐལ་མོ་རྡེབ་རྒྱུ་ནི་ང་ཡི་འཇོན་ཐང་ཁྱད་པར་ཅན་ཞིག་ཡིན་པས།བསྟུད་མར་དུས་ཚོད་ཕྱེད་ཙམ་ལ་ཐལ་མོ་བརྡབས་ཀྱང་བདག་ལ་མི་འོས་མི་འཚམ་པའི་སྣང་བ་ཡེ་ནས་མི་སྐྱེས།ཐལ་མོ་རྡེབ་མཁན་ནི་ཤེས་ཡོན་ལ་དབང་འབྱོར་བ་ཡིན་པས།ནམ་རྒྱུན་མགོ་ཁྲིད་ཀྱིས་གཏམ་བཤད་སྐབས་སུ་ངལ་གསོ་ཅུང་ཙམ་བྱས་ཚེ་བདག་གིས་ཐལ་མོ་རྡེབ་རན་ལ་ཐུག་པར་ལྷང་སེ་རྟོགས་ཐུབ།མགོ་ཁྲིད་ལ་ཐལ་མོ་ནམ་ཚོད་རྡེབ་དགོས་པ་ང་ཡི་སེམས་སུ་ཁྲ་ལྷང་ངེར་མཆིས།འདི་ནི་བདག་གིས་ལོ་ངོ་མང་པོར་སྦྱངས་པ་ལས་ཐོབ་པའི་འབྲས་བུ་ཡིན་པས་ཉིན་རེ་གཉིས་ལ་ཁོང་དུ་ཆུད་པའི་བྱ་བ་ཞིག་ག་ལ་ཡིན་སྲིད།ཐལ་མོ་རྡེབ་ཚེ་དགའ་སྤྲོ་འཛོམས་ཤིང་སྒམ་བརླིང་ལྡན་པ། མིག་གི་ལྟ་ཕྱོགས་དང་ལག་པའི་འདེགས་འཇོག་མཉམ་དགོས་པས། དེ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་སྲིད།བཤད་ཚུལ་ལྟར་ན།དྲུང་ཡིག་ཁ་ཤས་ཀྱིས་མགོ་ཁྲིད་ལ་ལར་ཡིག་ཆ་འབྲི་བའི་སྐབས་སུ་དུམ་མཚམས་ཁ་ཤས་རེའི་མཇུག་ཏུ་ཅུང་ངལ་གསོས་དང་མཚམས་འདིར་ཕལ་ཆེར་ཐལ་མོ་རྡེབ་དགོས་པ་འདྲ།ཅེས་བྲིས་ནས་མགོ་ཁྲིད་ལ་གསལ་འདེབས་རེ་བྱས་ནས་ཐལ་མོ་རྡེབ་དུ་འཇུག་མོད།དོན་ངོ་མར་དེ་ནི་སྲིད་འཛིན་ལས་ཁུངས་ཀྱི་བྱ་བའི་དུས་ཚོད་ཐུབ་ཞིང་། དྲན་པ་མྱུར་མོ་མིན་པའི་ལས་བྱེད་པ་ཚོར་དམིགས་པ་ལས། ང་ལྟ་བུའི་སྲིད་འཛིན་བྱ་བ་ལོ་མང་པོར་གཉེར་བ་ཞིག་ལ་འདྲི་འདྲའི་ཐབས་བཀོད་འུ་ཐུག་འཐེན་ག་ལ་དགོས། མགོ་ཁྲིད་ཀྱིས་ང་ལ་ཐལ་མོ་རྡེབ་པའི་དུས་ཚོད་མི་སྟེར་ཡང་། ངས་གྲོས་ཚོགས་སུ་གང་ཐུབ་ཀྱིས་དུས་ཚོད་བར་གསེང་བ་བཙལ་ནས་ཐལ་མོ་རྡེབ་པ་དང་མགོ་ཁྲིད་དགའ་རུ་བཅུག་པ་ཡིན།ཐལ་མོ་རྡེབ་རྒྱུ་ནི་སྲིད་འཛིན་ལས་བྱེད་ཀྱི་གཞི་རྩའི་ཤེས་བྱ་ཡིན་པས།ལས་ཁུངས་སུ་ལོ་མང་པོར་ཕྱག་ལས་གནང་མཁན་ཚོ་ཐལ་མོ་རྡེབ་རྒྱུར་བྱང་མི་ཆུབ་མཁན་མེད།ང་ནི་དེའི་ཁྲོད་ཀྱི་ཚབ་བྱེད་ཅིག་ཡིན།ད་ལྟ་བདག་ལ་ཅི་ཡིན་འདི་ཡིན་མེད་པར་ཐལ་མོ་རྡེབ་རྒྱུའི་གོམས་གཤིས་ཤིག་ཆགས་ཏེ་ཁོར་ཡུག་གཞན་དུའང་འཁྱེར་འོང་།དཔེར་ན་ཆུང་མས་སྐབས་རེར་ལབ་གླེང་བྱེད་པའི་ཚེ་ན་བདག་གིས་ཤེས་མེད་ཚོར་མེད་ངང་ཐལ་མོ་རྡེབ་འོང་།ད་དུང་ཧ་ཅང་སྤྲོ་སེམས་ལྡན་པ་རེད།དེ་བས་ཆུང་མ་ཧ་ཅང་ཡིད་འགུལ་ཐེབས་ནས་བདག་ལ་ཁྱེད་ཀྱིས་མི་གཞན་ལ་སེམས་ཁུར་དང་བརྩི་བཀུར་བྱེད་ཤེས་ཞེས་བསྟོད་ར་བྱས་བྱུང་།ཁོ་མོས་ད་དུང་བཤད་རྒྱུར་ཁྱེད་ཚོའི་མགོ་ཁྲིད་ལ་བཀའ་དྲིན་ཞུ་འོས་ཟེར།མགོ་ཁྲིད་ཀྱི་སློབ་གསོའི་ཐབས་ལམ་བཟང་བས་ཁྱེད་བསམ་ཤེས་བློ་རིག་ཅན་དུ་བསྒྱུར་པ་རེད་ཟེར།ངོ་མ་བཤད་ན།ངས་ཁོ་མོར་ཐལ་མོ་རྡེབ་པ་ག་ལ་ཡིན།ངས་ཁོ་མོ་མགོ་ཁྲིད་ལ་གོ་ནོར་ཐེབས་པ་རེད།ཐལ་མོ་རྡེབ་པའི་དོན་དག་འདིས་ངེད་བཟའ་ཟླའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་།དེ་སྔ་ཆུང་མས་ནམ་རྒྱུན་ངས་སྐྱེས་པའི་རང་རློམ་གྱི་རྫིག་ཉམས་བཙོག་པོ་རེ་མངོན་ཟེར་ནས་ཁ་རྩོད་དྲག་པོ་བྱེད་པ་ལ།བདག་གིས་ཐབས་བཀོད་ཐེངས་མང་པོ་འཐེན་ཏེ།ཆུང་མའི་ཕ་རྒན་ལ་ལས་ཀ་ལས་རོགས་བྱེད་པ་དང་མ་རྒན་ལ་བདེ་ཐང་སྨན་རྫས་ཉོ་བ་སོགས་བྱེད་ཐབས་གང་མང་སྤྱད་ཀྱང་ཕན་འབྲས་མ་བྱུང་བས་བློ་ཕམ་ཡིད་ཆད་ངང་འདུག་དགོས་བྱུང་།འོན་ཀྱང་ཆུང་མར་ཐལ་མོ་བརྡབས་རྗེས་གནད་དོན་ཛ་དྲག་ཅན་དེ་རང་ཤུགས་ཀྱིས་ཡལ་བར་གྱུར་ཅིང་ཆུང་མའང་མི་གཞན་ཞིག་དང་བརྗེས་པ་དང་མཚུངས།དང་ཐོག་ཆུང་མས་གཏམ་གླེང་བྱས་རྗེས་བདག་གིས་ཐལ་མོ་བརྡབས་ན།ངས་རང་གི་འདུ་བྱེད་ལ་ཚོད་འཛིན་ཤོར་བ་རྟོགས་ནས་ཧ་ཅང་ངོ་ཚ་ཞིང་།ཆུང་མས་བདག་ལ་སྨྱོ་ནད་ཕོག་པ་རེད་ཟེར་ངེས་སྙམ་ནས་ཧ་ཅང་སྐྲག་མོད། འོན་ཀྱང་ཆུང་མས་དེ་ལས་ལྡོག་སྟེ་བདག་བསམ་ཤེས། བློ་རིག་ཅན་རེད་ཟེར་ནས་བསྔགས་བརྗོད་བྱས་བྱུང་། དེ་ལྟ་བས་ན། བདག་གིས་འདུ་བྱེད་ཚོད་འཛིན་ཤོར་བ་དེ་རིགས་པ་ཞིག་ལ་བརྩིས་པ་ཡིན།ཉིན་ཞིག་སྨྱོན་པ་ཞིག་གིས་ཁྲོམ་སྲང་དུ་སྐད་ཅོར་ཆེན་པོ་རྒྱག་བཞིན་ཡོད་པ་ལ་བདག་གིས་རང་དབང་མེད་པར་དེ་ལ་ཐལ་མོ་བརྡབས་ནས་དགའ་བསུ་བྱས་པས།ཁྲོམ་སྲང་གི་མི་རྣམས་ཀྱིས་མིག་ཟུང་བརྒྱ་ཕྲག་མང་པོ་སྨྱོན་པའི་སྟེང་ནས་རིམ་གྱིས་ང་ཡི་ཕྱོགས་སུ་བསྐོར།བདག་གིས་མགྱོགས་མྱུར་ངང་སྨྱོན་པའི་སྐད་ཆ་ལས་ཚིག་གཅིག་ནི་ཆེས་ཕུལ་དུ་བྱུང་བའི་སྙན་ངག་ཅིག་རེད་ཅེས་འགྲེལ་བྱས་པས།ཚང་མ་ཡིད་ཆེས་ལ་མ་ཆེས་པའི་གོ་སྐབས་དེར་བསྟུན་ནས་བདག་མི་ཚོགས་ཀྱི་ཁྲོད་ནས་དལ་གྱིས་བྲོས་བྱོལ་བྱས་པ་ཡིན། གྲོགས་པོ་རེ་འགས་བཤད་ན། ང་ལ་སྲིད་འཛིན་ལས་ཁུངས་ཀྱི་སྣ་མང་ནད་རིགས་འགོས་འདུག་ཟེར།ཁོ་ཚོས་ནད་རྟགས་རེ་འགའ་དཔེར་དྲངས་པས། ངས་མྱུར་མོ་ཟིན་ཐོ་བླངས་ནས་རེ་རེ་ཟིན་བྲིས་སུ་ཕབ། གློ་བུར་དུ་ཡང་ངས་རང་གི་འདུ་བྱེད་ཚོད་འཛིན་ཤོར་བ་རྟོགས་སོང་།རྒྱུ་མཚན་ནི་ཁོ་ཚོ་ནི་ངའི་མགོ་ཁྲིད་མིན་པས་ཟིན་བྲིས་སུ་འགོད་ག་ལ་དགོས།། |