གནས་ཡུལ། མདུན་ངོས། ཞིབ་འཇུག་འབྲས་བུ།
 
 
༄༅།།ནང་བསྟན་ཤེས་རིག་དང་རྟེན་འབྲེལ་གྱི་དགོངས་པ་རགས་ཙམ་གླེང་བ།
སྤེལ་དུས།2007-12-17   ཡོང་ཁུངས་།   རྩོམ་པ་པོ།

     

  [ ནང་དོན་གནད་བསྡུས ]རྩོམ་འདིར་ནང་བསྟན་ཤེས་རིག་སྤྱིའི་ཁྱད་ཆོས་དང་རྟེན་འབྲེལ་གྱི་ཟབ་གནད་ལས་འཕྲོས་ཏེ་སྤྱི་ཚོགས་འཁོར་བའི་བྱ་གཞག་སྣ་ཚོགས་པ་གང་ཡིན་རུང་རྟེན་འབྱུང་གི་ལས་ལ་རག་པ་འབའ་ཞིག་ཏུ་ངེས་ཚུལ་བསྟན་ཡོད།གནད་ཚིགནང་བསྟན་ཤེས་རིག རྟེན་འབྲེལ། སྤྱི་ཚོགས། ལས་འབྲས།
     
དེ་ཡང་འཛམ་གླིང་ས་སྒང་ཆེན་པོ་འདིར་གནས་པའི་སྲོག་ལྡན་གྲོག་སྦུར་ཚུན་གྱི་འགྲོ་བ་སུ་དང་གང་ཞིག་ཡིན་ནའང་།བདེ་བ་འབའ་ཞིག་ལས་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད་ལ།དེའི་ཆེད་དུ་དངོས་པའི་ཆོས་ཉིད་ལ་བརྟག་གཞིག་གཟབ་ནན་བྱེད་པའི་ཚན་ཞིབ་པ་དང་།མིའི་རིགས་ཀྱི་ཁེ་ཕན་ཉེ་བར་མཁོ་བའི་གཏམ་ལྷུན་རྫོགས་རང་ཆས་ལྟ་བུར་ཡོད་པ་འདི་ཀུན་གྱི་ཐུགས་ན་མངའ་བ་དེ་ལྟར་རེད།ཁྱད་པར་དུ་ཆོས་དང་འཇིག་རྟེན་ལུགས་ཀྱི་ཚུལ་གསུམ་ཚད་མས་བརྟག་པའི་མཐར།ཚང་མས་སྨོན་པ་བྱེད་ཡུལ་དམ་པ་གང་ཉིད་ལ་ས་སད་གནམ་སད་ཀྱིས་ལྟོགས་པ་ཟས་ལ་རྔམས་པ་བཞིན་བརྩོན་པ་བྱེད་པུ་འདིར་བརྟེན་ནས་སྐབས་དོན་གྱི་བྱ་བཞག་སྣ་ཚོགས་ཤིག་ལ་བློ་ངང་ངམ་ཤུགས་ཀྱིས་འཇུག་པའི་བསམ་བློ་འདི་རྟེན་འབྱུང་དངོས་པའི་གཤིས་ལུགས་དང་བོད་བརྒྱུད་ནང་བསྟན་ཤེས་རིག་ལས་བསྟན་པའི་མི་རྟག་སྒྱུ་མའི་ངང་ཚུལ་ཡིན་པས།དམིགས་གཏད་བྱེད་ས་གཞན་ཞིག་འཚོལ་མི་དགོས་ཀྱང་།སྐབས་དོན་འཛམ་གླིང་ཧྲིལ་པོའི་ཕྱི་ནང་གསང་གསུམ་གྱི་བྱ་བ་ངོ་མཚར་བ་དང་།སྐྱི་གཡའ་བ་ཅི་རིགས་པའི་གནས་ཚུལ་ལ་གཞིགས་ནས།དུས་རབས་ཉེར་གཅིག་པའི་ལམ་དུ་རྟེན་འབྱུང་དངས་པོའི་ཚུལ་ལས་འཕྲོས་ཏེ་གཏམ་འགའ་གླེང་བར་འདོད་དོ། 
     
སྤྱིར་ན་ནང་བསྟན་ཤེས་རིག་ཆེན་པོའི་ལམ་ནས་རྙེད་པའི་ལྟ་བ་ཕྲ་རགས་མཐའ་དག་ལ།ད་ལྟའི་བློ་གྲོས་འདི་ཙམ་གྱིས་ངེས་བརྟན་ཕེར་བོ་ཞིག་དཀའ་ནའང་།རང་མྱོང་རང་ལ་གསལ་རྒྱུས་ཡོད་པ་གཞིར་བྱས་ནས།དུས་རབས་ཀྱི་ལྟོས་དབང་ལས་མཚོན་པའི་གནས་ཚུལ་དངོས་ལ་སུས་ཀྱང་བསྙོན་པའི་གླགས་གླགས་མི་རྙེད་ཅིང་།ཆས་ཕྱོགས་ནས་ཞུས་ནའང་།རང་གཞན་སུ་ཡིན་རུང་སྐབས་སྟོབས་ཀྱི་གནས་ཚུལ་དངོས་དང་འགྲོག་སྟེ།གཏན་ཚིགས་ཡང་དག་པའི་ལམ་གྱིས་ཐག་བཅད་པའི་གནས་ཚུལ་གང་ཞིག་ཡིན་ནའང་།ཁས་མི་ལེན་ཐབས་མེད་ཡིན་པ་དེས་ན།སྤྱིར་ཆོས་ཞེས་པ་འདི་རང་ལྡོག་ནས་འཇུག་ས་ཆོས་ལུགས་འབའ་ཞིག་ཏུ་མ་ངེས་ཤིང་།འཇིག་རྟེན་གྱི་བསླུ་མེད་ཚད་མའི་ཡུལ་དུ་གང་གྲུབ་ཐམས་ཅད་ལ་ཆོས་ཀྱིས་ཁྱབ་ཡོད་པ་སྟེ།གཞུང་དམ་པར།ཆོས་ནི་ཤེས་བྱ་ལམ་དང་ནི།།མྱ་ངན་འདས་དང་ཡུལ་གྱི་ཡུལ།།བསོད་ནམས་ཚེ་དང་གསུང་རབ་དང་།།འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ།།ཞེས་དང་།མཁས་གྲུབ་སྡོམ་བྱངདུ།ཕུང་ཁམས་སྐྱེ་མཆེད་ཐེག་པ་དང་།།གནས་དང་གནས་མིན་དབང་བོ་དུས། །བདེན་པ་དང་ནི་ཐེག་པ་དང་།།འདུས་བྱས་འདུས་མ་བྱས་བཅུའོ།།ཞེས་གསུངས་པ་ལྟར།ཕྱིས་ཀྱི་བསྟན་བཅོས་གང་ཇི་སྙེད་པ་རྣམས་སུའང་།རང་གི་ངོ་བོ་གང་འཛིན་པ་དེ་ཆོས་སུ་འཇོག་པ་དེ་ལྟར་རེད། 
     
གཞན་དུ་ན་རང་ཅག་གི་ཡིད་ངོར་རྒྱུན་པར་ཤར་འོང་བའི་ཆོས་ལ་དད་མི་དད་ཀྱི་སྣང་ཤེས་གསལ་བོ་ཞིག་ཡོད་པ་དེའི་གཞི་རྩ་མཐར་ཐུག་ནི།ཆོས་ལུགས་ཀྱི་སྟོབས་ཤུགས་དེས་མི་སུ་ཞིག་ཡིན་རུང་དབང་བསྒྱུར་བྱེད་མི་ཐུབ་པ་ཉུང་ཉུང་ཡིན་ལ།ཁ་ཅིག་ཚེ་སྟོད་ལ་ཞེན་པ་ལོག་ནས་ཚེ་སྨད་ལ་དད་པ་སྐྱེ་བའང་ཡོད།ཁ་ཅིག་ཚེ་སྟོད་ལ་དད་པ་སྐྱེས་ནས་ཚེ་སྨད་ལ་ཞེན་པ་ལོག་པའང་ཡོད།ཁ་ཅིག་མི་ཚེ་ཆོས་ཀྱིས་བསྐྱལ་བའང་ཡོད་པ་རང་ཅག་གི་མངོན་སུམ་ཚད་མས་མྱོང་ཐུབ་པ་འདི་རིགས་ཀྱིས་བདེན་དཔང་བྱེད་ཐུབ།ལར་ཡང་འཛམ་གླིང་ཡུལ་གྲུ་སོ་སོར་དར་བའི་ཆོས་ལུགས་སྣ་ཚོགས་ཀྱི་བཤད་སྟངས་དང་།ལྟ་བ་མི་འདྲ་ནའང་རང་རང་གི་ཡིད་ཆེས་དང་གཞི་འཛིན་ས་ཞིག་ངེས་པར་ཡོད་ཐག་ཆོད་ཅིང་།ནད་པ་སྲོག་ལ་བབ་པ་ལྟ་བུ་ཞིག་ལ་མཚོན་ན།རྒྱུན་པར་ཆོས་ཟེར་བ་ཞིག་རྣ་བར་མི་འགྲོ་ནའང་།ཐབས་ཟད་པའི་དུས་དེར་དུས་རྒྱུན་གྱི་ལྟ་བ་དེ་ཡལ་བར་བོར་ནས།ཆོས་ལ་ཚེ་ལམ་བཅོལ་ལུགས་ཀྱི་ངོས་ནས་ཀྱང་ཤེས་ཐུབ་ལ།སྐབས་དོན་དད་པ་བྱེད་སྟངས་ལའང་ཁ་ཅིག་གནས་ལུགས་དང་མཐུན་ཞིང་།ཁ་ཅིག་མི་མཐུན་པའང་ཡོད་དེ།དཔེར་ན།ལུས་ངག་ཡིད་གསུམ་གྱི་སྟེང་གི་བཟང་ངན་འདོར་ལེན་བྱ་བའི་ཕྱིར།སྤང་གཉེན་སྟོན་པའི་ཆོས་ལ་དད་པ་འདི།གནས་ལུགས་དང་མཐུན་པ་ཞིག་ཡིན་ལ།གང་ཕྱིར་འདོད་པ་ཐམས་ཅད་ལྷུན་གྲུབ་ཏུ་སྩོལ་བའི་བྱེད་པོ་འདྲར་མི་མངོན་པའི་དབྱིངས་སུ།ཤེལ་གྱི་ཁང་པ་འོད་འབར་བ་ཞིག་ཏུ་རང་གི་སངས་རྒྱས་བཞུགས་པར་འདོད་པ་དང་།ཇི་སྲིད་ཉི་འོད་ལ་ཅེར་ཏེ་ལོང་བར་གྱུར་པ་ན།སངས་རྒྱས་པའི་ཐབས་ལམ་རྙེད་པར་སྨྲ་བ།རང་ལུས་མེར་བཅར་ནས་སྡོང་སྐམ་ལྟར་གྱུར་པ་ན། ཐར་ལམ་ཐོབ་པར་འདོད་པ།སྐྱབས་གནས་དམ་པར་གང་སོང་བ་ཉིད་ལ་དཔྱད་པ་གཏོང་མི་རུང་ཞིང་།བཏངས་ན་ཉེས་པ་ཡོད་པར་སྨྲ་བ།ཅི་ཡང་ཡིད་ལ་མི་སེམས་པའི་སྟོང་ཉིད་བསྒོམ་བ་མཐར་ཐུག་ཏུ་འདོད་པ་སོགས་ཏེ།གནས་ལུགས་དང་མི་མཐུན་པའི་རྫོབ་བཤད་འབའ་ཞིག་མང་དུ་མཐོང་ཐུབ་པ་དེས་ཐུབ་དབང་རྒྱལ་བའི་རྒྱལ་རྔ་འཛམ་གླིང་ཡོངས་སུ་ལྡིར་བ་ཡིན་ནོ། 
      
དེས་ན་ནང་བསྟན་ཤེས་རིག་གི་ལྟ་བ་ལས་མཚོན་པའི་ཕྱོགས་མེད་ཀྱི་སྡོམ་ཚིག་ནི།གང་ཕྱིར་ལྟ་བ་བདེན་དོན་དུ་འགྲོ་བའི་ཆོས་ལུགས་གང་ཞིག་ཡིན་ཡང་རུང་གི་སྐྱབས་གནས་ཡང་དག་ཏུ་འདོད་པ་དེ།གྲུབ་མཐའ་གང་ལ་མེད་པའི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གནས་སྟངས་ཡིན་ལ།ནང་པ་སངས་རྒྱས་པའི་ལྟ་བ་ཡང་དག་ཏུ་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་སོང་བ་ཡིན་ནོ། །ལྷག་པར་སྟོན་པས་ཡིད་ཆེས་དང་དཔྱད་པ་གཉིས་ལས་དཔྱད་པ་གཙོ་བོར་གསུངས་པ་དེས་ལྟ་བ་བདེན་དོན་ལ་དཔང་བཅོལ་བ་ཡིན།སྤྱིར་ན་འཇིག་རྟེན་ཆེན་པོ་འདིའི་སྟེང་གི་སེམས་ཅན་སུ་དང་གང་ཡིན་རུང་།རྣམ་རྟོག་གི་རྒྱུ་བ་རགས་ཆེ་བས། རང་རང་གིས་ལྟ་ཚུལ་ལ་ཕོག་ཐུག་འདྲ་བྱུང་ན།མི་འདོད་མི་དགའ་བའི་རྣམ་འགྱུར་སྐྱོང་བ་ཆོས་ཉིད་ལྟ་བུར་ཆགས་འདུག་ཀྱང་ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་སྙིང་ལོན་པ་ཞིག་ཡིན་ན་ནི།དེ་ལས་ལྡོག་སྟེ་གང་ཕྱིར་རིགས་པ་དང་མཐུན་པའི་ལྟ་བ་བདེན་དོན་དུ་གནས་པའི་ཚུལ་རྣམས།ཕྱི་རོལ་མུ་སྟེགས་སོགས་ཀྱི་གཞུང་ཡིན་རུང་ཁས་ལེན་མི་བྱེད་མཁན་མེད་པ་འདི་ནང་པ་སངས་རྒྱས་པའི་ཁྱད་ཆོས་བླ་ན་མེད་པ་དང་ཆོས་ཀྱི་དགོངས་སྙིང་དུ་གནས་སོ།།དེ་ཕྱིར་ནང་བསྟན་ཤེས་རིག་འདི་ཆོས་ལུགས་གཞན་དང་མི་མཚུངས་ཤིང་།སྟོན་པ་སངས་རྒྱས་ནས་པཎ་གྲུབ་བྱེ་བ་འབུམ་སྡེའི་དཀྱིལ་འཁོར་ཆེན་པོའི་ཚོགས་ནས་ཐག་གཅོད་དང་།ཡང་ཡང་ལེགས་པར་བརྟགས་ཏེ་གཏན་ཕབ་བྱས་པ་ཞིག་ཡིན་པའི་ཁུངས་བཙུན་གྱི་གཏན་ཚིགས་ཉིད་ཀྱིས་གསེར་ལ་གསེར་དང་།དངུལ་ལ་དངུལ་གྱི་ལོ་རྒྱུས་ལས་མེད་ཟེར་བ་འདི་ཡིན།ཁྱད་པར་དུ་རང་གཞན་དོན་གཉིས་ཀྱི་ནང་ནས་གཞན་དོན་གཙོ་བོར་བྱེད་དགོས་པ་དང་།བྱེད་མཁན་གྱི་གང་ཟག་དེ་ཡང་།རང་གི་འདོད་པ་འབའ་ཞིག་ཁ་མ་བཀང་བར་ཡོད་པ་དག་ལས་ཁྱད་ཞུགས་པའི་སྔོན་ཐོན་ཅན་དུ་བརྩི་རུ་འདུག འཇིག་རྟེན་གྱི་ངོས་ནས་བཤད་ནའང་།གཞན་དང་གཞན་གྱི་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མི་དེ་ཉིད་ཡ་རབས་ལྟས་བཟང་ཅན་དང་།མི་ཀུན་གྱིས་བརྩི་བ་དང་ཆེ་བ་ཉིད་དུ་བྱེད་པས་ཀྱང་།དམ་པའི་ཆོས་ཀྱི་དགོངས་སྙིང་ཤེས་ཐུབ་པ་མ་ཟད། མིའི་རིན་ཐང་གི་ཆ་རྐྱེན་ཡང་མངོན་ཐུབ།ཡུམ་མདོཕལ་བོ་ཆེསྙིང་རྗེ་པད་དཀརབསྐལ་བཟང་ཆོས་བཅུ་བསོགས་མདོ་དང་།བྱམས་ཆོས་དང་། རིན་ཕྲེང་མདོ་བཏུསབྱང་སསོགས་རྒྱ་གཞུང་།བཀའ་གདམས་པའི་ལམ་རིམཕར་ཕྱིན་སོགས་བསྟན་རིམ་ཀུན་ལས་ཀྱང་།ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས།ཇི་ལྟར་རང་རྒྱུད་ལ་སྒོམ་པའི་ཐབས་ལམ་རྒྱས་པར་གསུངས་པའི་གནད་ཀྱང་།ཆོས་ངོ་ཆོས་སུ་འགྲོ་བའི་སྡོམ་ཚིག་ཏུ་སེམས་བཟང་བོ་གལ་ཆེ་བར་བསྟན་པ་ལས་གཞན་མེད་དོ། 
      
སྤྱིར་བཏང་རྟེན་འབྲེལ་ཞེས་པ་འདིའི་ཁུངས་སུ་ཆོས་ཀུན་མ་འདུས་པ་ཅིག་ཀྱང་མེད་ལ།རྒྱུ་མཚན་ཡང་ཆོས་རྣམས་རང་གི་ཆ་ཤས་ལ་ལྟོས་ནས་མ་གྲུབ་པ་མེད་པའི་འགག་མདོ་འདི་ལ་ཐུག་འདུགརང་གི་ཆ་ཤས་ལ་ལྟོས་ནས་གྲུབ་ལུགས་ཀྱང་། དཔེར་ན། ཁང་པ་ལྟ་བུ་ཞིག་ལ་མཚོན་ན།རང་འགྲུབ་བྱེད་ཀྱི་ཆ་ཤས་ཀ་བ་དང་གདུང་མ་ལྕམ་ཤིང་གཅམ་ལ་སོགས་ལ་ལྟོས་ནས་འགྲུབ་དགོས་པ་ལྟ་བུ་རེད།རྩ་ཤེལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །དེ་ཕྱིར་སྟོང་བ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ།།གསུངས་པའི་དགོངས་པ་མཐར་ཐུག་ཀྱང་ཆོས་རྣམས་རང་གི་ཆ་ཤས་ལྟོས་ནས་གྲུབ་པ་མ་ཡིན་པའི་རྟེན་འབྱུང་གི་ཆོས་སུ་འགྲོ་བ་གཅིག་ཀྱང་མེད་པ་འདི་ལས་གཞན་དུ་མེད་ཅིང་།སྤྱི་དོནལས་ཀྱང་། གཞི་གྲུབ་ན། རྟེན་འབྲེལ་ཡིན་པས་ཁྱབ་སྟེ།གཞི་གྲུབ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཁྱབ་པའི་ཕྱིར།གསུངས་པ་དེ་དེ་བཞིན་རེད། 
     
ཁ་ཅིགརྟེན་འབྲེལ་ཞེས་པ་ཞིག་གོ་བ་ལ་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བ་ལྟ་བུས་ཁྱབ་པར་འདོད་པ་ནི།འདུས་བྱས་སུ་གྱུར་པའི་རྟེན་འབྲེལ་ཙམ་ལ་དགོངས་ཀྱི།སྤྱིར་རྟེན་འབྲེལ་ལ་དེས་ཁྱབ་པ་མེད་དེ།འདུས་མ་བྱས་སུ་གྱུར་པའི་རྟེན་འབྲེལ་ཡང་ཡོད་པར་གཞུང་ཆེ་མོ་རྣམས་སུ་ཉི་མ་ཤར་བ་བཞིན་གསལ་བའི་ཕྱིར་རོ། 
       
འོ་ན་རྟེན་འབྲེལ་གྱི་མཚན་ཉིད་ཅི་ལྟར་འཇོག་ཅེ་ན།ཆོས་གང་འགྲུབ་བྱེད་ཀྱི་ཆ་ཤས་དུ་མ་ལ་ལྟོས་ནས་གྲུབ་པའི་རང་བཞིན་ཅན་ཞིག་ལ་ཟེར་ཞིང་།དེའང་། ངོ་བོ་ལ་ལྟོས་པའི་རྟེན་འབྲེལ་དང་།ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ་གཉིས་སུ་དགར་བའང་ཡོད་དེ།མེ་ལ་བརྟེན་ནས་དུ་བ་འབྱུང་བ་ལྟ་བུ་དང་པོ་དང་།ཕ་རི་ལ་ལྟོས་ཚུར་རི་འཇོག་པ་ལྟ་བུ་གཉིས་པ་ཡིན་ནོ། །རྒྱུ་མཚན་ནི།མེ་དུ་གཉིས་ངོ་བོའི་ཆ་ནས་རྒྱུ་འབྲས་སུ་གྲུབ་ཅིང་།རྒྱུ་མེ་ལ་བརྟེན་ནས་འབྲས་བུ་དུ་བ་འབྱུང་བ་མེ་དུ་རྟེན་འབྱུང་གི་རང་བཞིན་དུ་གྲུབ་པ་ཉིད་ཀྱིས་ཤེས་ལ།ཕར་ཚུར་གཉིས་ངོ་བོའི་ཆ་ནས་མ་ཡིན་པར་ཕ་རིའི་ཐ་སྙད་དེ་ཚུར་རིའི་ཐ་སྙད་ལ་ལྟོས་ནས་འཇོག་པ་དང་།ཚུར་རིའི་ཐ་སྙད་དེ་ཕ་རིའི་ཐ་སྙད་ལ་ལྟོས་ནས་འཇོག་དགོས་པ་མ་གཏོགས་འཇོག་བྱེད་གཞན་མེད་པས་མཚོན་རྟེན་འབྲེལ་གཞན་ལའང་རིགས་འགྲེའོ། 
      
རྩ་བའི་ངོས་ནས་བཤད་ན།གཞི་གྲུབ་ཚད་ཐམས་ཅད་རྟེན་འབྲེལ་གྱིས་ཁྱབ་ཟེར་དོན་ནི།གང་ཕྱིར་ཆོས་རྣམས་འདུས་བྱས་ཀྱི་རྟེན་འབྲེལ་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་ཀྱི་ནང་དུ་མ་འདུས་པ་མེད་པའི་རྒྱུ་མཚན་གྱིས་ཡིན་ལ།འདུས་བས་ཀྱི་རྟེན་འབྲེལ་ལ་རང་རྒྱུ་ལས་བྱུང་ཞིང་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་ཞིག་དགོས་ཤིང་།དཔེར་ན། མྱུ་གུ་ལྟ་བུ་རང་རྒྱུ་ཉེར་ལེན་ས་བོན་ལ་བརྟེན་ནས་བྱུང་ཞིང་།རང་རྒྱུ་ལྷན་ཅིག་བྱེད་རྐྱེན་ཞིང་པ་དང་ས་ཞིང་ཆུ་ལུད་དྲོད་གཤེར་སོགས་རང་གི་ཆ་ཤས་ལ་ལྟོས་ཏེ་གྲུབ་པས་བྱེད་པ་ལ་བརྟེན་ནས་འདུས་བྱས་སུ་གྱུར་པའི་རྟེན་འབྲེལ་ལ་འཇོག་དགོས་སོ།།འདི་ལའང་ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་གཉིས་ཡོད་པ་ལས།རྒྱུད་ཀྱིས་བསྡུས་པའི་དངོས་པོ་རྣམས་དང་པོ་དང་།རྒྱུད་ཀྱིས་མ་བསྡུས་པའི་དངོས་པོ་རྣམས་གཉིས་པ་ཡིན་ནོ། ། 
       
འདུས་མ་བྱས་སུ་གྱུར་པའི་རྟེན་འབྲེལ་ལ་རང་རྒྱུ་ལས་མ་བྱུང་ཞིང་།རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་ཞིག་དགོས་སོ། ། དཔེར་ན།ཁང་པའི་ནམ་མཁའ་ལྟ་བུ་རང་རྒྱུ་ལས་མ་སྐྱེས་ཤིང་།རང་གི་ཆ་ཤས་ཐོགས་པ་དང་རེག་པའི་ཆ་དང་བྲལ་བ་ལ་ལྟོས་ནས་གྲུབ་པ་ཞིག་ལ་ངོས་འཛིན་དགོས་པ་དེ་བཞིན།འདུས་མ་བྱས་སུ་གྱུར་པའི་ཡོད་པ་གང་ཡིན་ཐམས་ཅད་རང་རྒྱུ་ལས་མ་སྐྱེས་ཤིང་།རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་ཡིན་ནོ། ། དེ་ཕྱིར་དུ། སྡུག་བསྔལ། སྨྲེ་སྔགས་འདོན་པ།ཡིད་མི་བདེ་བ། འཁྲུགས་པ་སོགས་རིམ་པ་བཞིན་སྡུག་བསྔལ་འབའ་ཞིག་བྱུང་བར་ཟད་དོ།།འདི་ནི་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་རྟེན་འབྲེལ་ལུགས་འབྱུང་གི་རིམ་པས་དངོས་བྱུང་བ་དང་ཤུགས་བསྟན་ལུགས་ལྡོག་གི་ཚུལ་ཀྱང་མཚོན་ཐུབ།དེ་བཞིན་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་གྱི་རིམ་པ་རྣམས་ཀྱང་མ་རིག་པ་འགག་པས་འདུ་བྱེད་འགག་པ་ནས་སྐྱེ་བ་འགག་པས་རྒ་ཤི་འགག་པ་སོགས་ཀྱང་གོང་ལྟར་རྟེན་འབྲེལ་བཅུ་གཉིས་པོའི་རིམ་པ་མ་ནོར་བར་ངེས་ལ།མྱ་ངན་ནས་འཁྲུགས་པའི་བར་གྱི་འགག་ལུགས་ཀྱང་ཅིག་ཤོས་འགག་པས་ཅིག་ཤོས་ཀྱང་འགག་པའི་རིམ་པ་བསྣོལ་བུར་གྲུབ་བོ།།དེ་ལྟར་ཕྱོགས་གཉིས་ཀྱི་རིམ་པ་འདི་ལྟར་བསྟན་པའི་དགོས་པ་ནི།འཁོར་བར་འཇུག་ལྡོག་ལ་རྨོངས་པ་རྣམས་རྨོངས་པ་དེ་དང་བྲལ་བར་བྱ་བའི་ཕྱིར་དུ་ཡིན་ལ།མདོ་ལསཀྱང་།གང་གི་འཁོར་བར་འཇུག་པ་དང་ལྡོག་པ་ལ་རྨོངས་པ་རྣམས་རྨོངས་པ་དེ་དང་བྲལ་བར་བྱ་བའི་ཕྱིར།ལུགས་སུ་འབྱུང་བ་དང་ལུགས་སུ་མི་འབྱུང་བ་གཉིས་ཀྱིས་ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་གི་ཕྱོགས་གཉིས་ལས་བརྩམས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས།ཞེས་སྤྱི་དོན་དུ་དྲངས་པ་ལྟར་དང་།དེ་རྣམས་ཀྱང་བསྡུ་ན་ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་སུ་འདུས་ཏེ།མ་རིག་པ།འདུ་བྱེད། སྲེད་ལེན་སྲིད་པ་རྣམས་ཀུན་འབྱུང་བདེན་པ་དང་།གཞན་རྣམས་སྡུག་བསྔལ་བདེན་པ་ཡིན་ནོ། ། 
        
རྟེན་འབྲེལ་གྱི་རྣམ་གཞག་འདི་དང་འབྲེལ་ནང་བསྟན་ཤེས་རིག་དང་སྤྱི་ཚོགས་ཐད་ཀྱི་བསམ་གཞིག་བ་ཡུལ་དུ་གྱུར་པའི་གཞལ་གསུམ་ཤེས་བའི་སྣང་བརྙན་མཐའ་དག་ལ་སྒྲོ་འདོགས་གཅོད་དགོས་པ་ལ།སྤྱིར་རྟེན་འབྲེལ་གྱི་རྣམ་བཞག་སྒོས་སུ་ནང་བསྟན་ཤེས་རིགཡང་སྒོས་སྤྱི་ཚོགས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཐད་ལ་ཞིབ་འཇུག་གནད་དུ་འགྲོ་བ་རེ་འོང་ན།ད་གཟོད་གར་བསྟན་ཤར་གྱི་སྣང་བ་མི་འབྱུང་།སྤྱིར་བཏང་གི་རྟེན་འབྲེལ་དང་།འདུས་བྱས་དང་འདུས་མ་བྱས་སུ་གྱུར་པའི་རྟེན་འབྲེལ། ཕྱི་ནང་གི་རྟེན་འབྲེལ།ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་སོགས་ཀྱི་ཁྱད་པར་ལ་མི་རྨོངས་པ་དང་།ནང་བསྟན་ཤེས་རིག་ལས་མཚོན་པའི་གཞི་ལམ་འབྲས་བུའི་རྣམ་གཞག་དང་།སྤྱི་ཚོགས་ཀྱི་བླང་དོར་ཤེས་བྱའི་གནད་མཐའ་དག་ཀྱང་རྟོགས་པར་འགྱུར་བ་ནི་མདོ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་དེ་བཞིན་རེད།རྗེ་ཙོང་ཁ་པའི་ཞལ་ནས་ཀྱང་།དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནོ་ཡོད་པས་མིན།།ལྟོས་ནམ་མཁའི་མེ་ཏོག་བཞིན།།དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་བགྲུབ་པ།།རྒྱུ་དང་རྐྱེན་ལ་ལྟོས་པ་འགལ།།དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས།།རང་བཞིན་གྱིས་ནི་སྟོང་བ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །གསུངས་པའི་གནད་འདུས་ཀྱང་ཆོས་རྣམས་རང་གི་ངོ་བོས་དང་རང་བཞིན་གྱིས་མ་སྟོང་བ་མེད་ཕྱིར་རྟེན་འབྲེལ་གྱི་ཁྱད་པར་བསྟན་པ་ལ།སྤྱིར་བཏང་གི་རྟེན་འབྲེལ་འཇོག་པའི་ཚུལ་ལས་མ་འདས་སོ།།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ།།ཞེས་སྡོམ་རྣམ་པ་གཉིས་སུ་མཛད་པ་ལ།སྟོན་པ་ཐུགས་རྗེ་ཅན་གྱེ་བསྟན་པ་དྲི་མ་མེད་པ་འདི་མདོར་བསྡུས་ན།ལུང་ཆོས་སྡེ་སྣོད་གསུམ་གྱི་བསྟན་པ་དང་།རྟོགས་པ་ལམ་ལྔ་ས་བཅུའི་བསྟན་པ་གཉིས་སུ་འདུས་པར་གསུངས་པ་ཡིན་ནོ།།སྤྱི་ཚོགས་ཀྱི་ཐད་ནས་ཀྱང་གང་གིས་འཁོར་བར་འཇུག་པ་དང་ལྡོག་པ་ལ་རྨོངས་པ་རྣམས་རྨོངས་པ་དེ་དང་བྲལ་བར་བྱ་བའི་ཕྱིར།ལུགས་སུ་འབྱུང་བ་དང་ལུགས་སུ་མི་འབྱུང་བ་གཉིས་ཀྱས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཕྱོགས་ལས་བརྩམས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་གསུངས་པ་ཡིན་ལ།སྤྱི་ཚོགས་འཁོར་བའི་བྱ་བཞག་སྣ་ཚོགས་པ་གང་ཞིག་ཡིན་རུང་སྤྱི་ཚོགས་འདིར་འཚོ་བའི་སེམས་ཅན་གྲོག་སྦུར་ཚུན་གྱི་རྟེན་འབྱུང་གི་ལས་ལ་རག་པ་འབའ་ཞིག་ཏུ་ངེས་ཕྱིར།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།གསུངས་པ་འདི་རེད།དཔེར་ན།འཁོར་བར་འཕན་པའི་སེམས་ཅན་སུ་ཞིག་ཡིན་རུང་རང་རང་གི་འདོད་པའི་ཕྱིར་བྱ་བ་བཟང་ངན་ཅི་རིགས་པའི་རྒྱུ་བསོག་ཅིང་།དེའི་མཐུས་འབྲས་བུ་ཡང་རང་རང་ལ་གང་བབ་ཀྱིས་མྱོང་དགོས་པ།ལས་དགེ་བ་བསགས་པ་ལས་འབྲས་བུ་བདེ་བ་དང་།ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་དུ་གསུངས་པ་བཞིན།མཚོན་གྱིས་བསྣུན་པ་དང་རལ་གྲིས་བཤགས་པ་སོགས་མི་མཐུན་པའི་ལས་ཀ་དང་དུ་བླངས་པ་ལས་འབྲས་བུ་ཡང་དེ་མ་ཐག་ཏུ་སྡུག་བསྔལ་མྱོང་དགོས་པ་དང་།ལྟོགས་པའེ་ཚེ་ཟས་དང་།སྐོམ་པའི་ཚེ་ཆུ་ལ་བརྟེན་པ་སོགས་མཐུན་་པའི་ལས་ཀ་རེ་གཉེར་ན་གནས་སྐབས་བདེ་བ་འདྲ་མྱོང་ཙམ་དུ་གྲུབ་པ་འདི་དང་འདི་བཞིན་ཡིན་མོད།སྐྱེ་གནས་མྱོང་འགྱུར་དང་།ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོགས་དེ་མ་ཐག་མི་མྱོང་ནའང་།ཆང་འཐུང་བས་དེ་མ་ཐག་མི་བཟི་བ་དང་དུག་འཐུང་བས་དེ་མ་ཐག་མི་ཤི་བ་བཞིན་ངང་ངམ་ཤུགས་ཀྱིས་དགོས་པ།ལས་ཀྱི་རྣམ་གཞག་གཞན་ནས་ངོ་སྤྲོད་པར་འདོད་དོ། །
                                             
དབང་འདུས་ཀྱིས་ཞུས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060