གཅིག ལྗང་བུ་དང་ཁོའི་སྙན་ངག་བརྩམས་ཆོས་བཤད་པ།
རང་རེའི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་ལགས་ཀྱིས་“བློ་མཐུན་ལྗང་བུ་ནི་བོད་ཀྱི་སྙན་ངག་གསར་བར་ཆེས་ཐོག་མར་འཇུག་མཁན་གྲས་ཀྱི་གཅིག་ཡིན། 1983ལོའི་《སྦྲང་ཆར་》དེབ་གཉིས་པའི་སྟེང་དོན་གྲུབ་རྒྱལ་གྱི་《ལང་ཚོའི་རྦབ་ཆུ་》བཀོད་པ་ནས་བོད་ཀྱི་སྙན་ངག་གསར་པའི་ངོ་མཚར་མདུན་ལམ་ལ་ཡིད་ཆེས་བྱུང་ཕྱིན། 1984ལོར་ལྗང་བུས་《རྩྭ་ཐང་གི་མགྱོགས་བྲིས་》ཚན་པ་བདུན་ཅན་བརྩམས་ལ། ཁོའི་ཐོག་མའི་རྩོམ་དེར་དོན་གྱི་ཆ་ནས་ལྟ་བ་གསར་རྙིང་གཉིས་ཀྱི་འགལ་བ་མཚོན་པའི་ཐོག་ནས་གསར་བྱུང་ལ་འབོད་བརྡ་བཏང་བ་དང་། རང་གི་ལས་དོན་ཆེད་དུ་རང་ལ་སྐུལ་ལྕག་དཔའ་བསྐྱེད་ཀྱི་ནང་དོན་ཡོད་ཅིང་། རྩོམ་སྟངས་ཀྱི་ཆ་ནས་‘སླར་མཚོན’གྱི་བྱེད་ཐབས་གཙོར་བཏོན་ཡོད། ང་ཚོས་བལྟས་ན་རིམ་གྱིས་རིམ་གྱིས་ཁོ་ནི་གོ་དཀའ་ལ་འགྲེལ་དཀའ་བའི་སྙན་ངག་གི་གསང་རྒྱ་ཞིག་ཏུ་ཚུད་ཡོད་སྙམ། ”ཞེས་བརྗོད་པ་བཞིན། ལྗང་བུས་བོད་ཀྱི་དེང་རབས་རྩོམ་རིག་གི་སྟེགས་བུའི་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པས་རྒྱལ་ཁབ་ཕྱི་ནང་ཀུན་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཕྱིན་ལྗང་བུ་མི་གླེང་ཐུ་མེད་ཡིན། ལྷག་པར་དུ་ཁོ་རང་ད་ལྟ་ལྟས་ལྟས་རིག་རིག་ལ་“རྩོད་གཞི་”ཅན་གྱི་མི་སྣ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་འདི་ཡང་ཁོའི་ཐུན་མོང་མ་ཡིན་པའི་རང་གཤིས་ལ་ཐད་ཀར་དུ་རག་ལས་སྙམ། ལྗང་བུའི་མིང་དངོས་ལ་རྡོ་རྗེ་ཚེ་རིང་ཞེས་འབོད། 1988ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས་བོད་ལྗོངས་དམངས་ཆེན་གྱི་དྲུང་ཡིག་གི་འགན་ཁུར། དེ་ལྟར་སྔ་རྟིང་དུ་ཁོས་སློབ་འབྲིང་དགེ་རྒན་དང་སྲིད་འཛིན་དྲུང་ཡིག རྩོམ་རིག་རྩོམ་སྒྲིག་ཆེད་ལས་རྩོམ་པ་པོ་བཅས་ཀྱི་ལས་སུ་འཇུས་མྱོང་། 《སྦྲང་ཆར་》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》《བོད་ལྗོངས་རྩོམ་རིག་》བཅས་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ་སྣ་ཚོགས་སྤེལ་མྱོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་ཞང་ཀང་གྱི་ལིང་དཔེ་སྐྲུན་ཀུང་ཟི་ནས་སྔ་ཕྱིར་《ལྗང་བུའི་རྩོམ་བཏུས་སྙན་ངག་དེབ་》དང་《ལྗང་བུའི་རྩོམ་བཏུས་ལྷུག་རྩོམ་དེབ་》《སྙན་རྩོམ་གཟི་མིག་དགུ་པ་》བཅས་དངོས་སུ་པར་སྐྲུན་དང་འགྲེམས་སྤེལ་བྱས། ད་ལྟ་ཁོས་ཧྥ་རན་སི་རུ་དགེ་རྒན་གྱི་ལས་ཀ་གཉེར་གྱིན་ཡོད། ལྗང་བུའི་སྙན་ངག་དང་སྒྲུང་གཏམ་སྣ་ཚོགས་བོད་གྱི་དེང་རབས་དཔེ་ཚོགས་བཅུ་ལས་《ལང་ཚོའི་རྦབ་ཆུ་》དང་《གཙང་པོའི་ཕ་རོལ་》《རྟ་ནག་སྒྲོག་འགྲོས་》བཅས་དཔེ་ཚོགས་དུ་མའི་ནང་དུ་གཅེས་བཏུས་བྱས་ཤིང་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་བྱ་དགའ་ཡང་རབས་དང་རིམ་པ་ཐོབ་མྱོང་ངོ་། །ད་ལྟ་ཁོ་རང་གློག་བརྙན་འཁྲབ་ཁྲིད་པའི་ལས་ཀར་ཡང་འཇུས་ཀྱིན་ཡོད་སྐད། ལྗང་བུ་ལ་སྙན་ངག་གི་བརྩམས་ཆོས་ཅུང་མང་བས་ཞོལ་ནས་ཁོའི་འཐུས་ཚབ་ཀྱི་སྙན་ངག་རེ་ཟུང་ལ་རང་བློའི་ལྕོགས་ཚོད་ཀྱིས་དཔྱད་པ་ཕྲན་བུ་ཞིག་གཏོང་ངོ་།།
1983ལོའི་ཟླ་10པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་བཅུ་ལས་རང་མོས་སྙན་ངག་གི་སྐོར་ཏེ་《ལང་ཚོའི་རྦབ་ཆུ་》ཡི་ནང་དུ་ལྗང་བུའི་སྙན་རྩོམ་《གཡའ་ཤིང་གི་ལོ་མ་》(ཚན་པ་དགུ་)དང་། 《རྩྭ་ཐང་གི་མགྱོགས་བྲིས་》(ཚན་པ་བདུན)《འབོད་པ་》(ཚན་པ་གསུམ)《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་》(ཚན་པ་བདུན)《དགུན་གྱི་བུ་མོས་དཔྱིད་ཀྱི་ཁ་ཆུང་སྦྲུམ་》(ཚན་པ་གཉིས། )《གླུ་དབྱངས་ནམ་མཁའི་ལྷ་མོ་ཞེས་པར་ཉན་པ་》བཅས་བདམས་བཏུས་བྱས་འདུག་ཀྱང་སྙན་རྩོམ་རེ་རེ་བཞིན་བྱས་ན་བརྩམས་ཆོས་ཉེར་བདུན་ལྷག་ཡོད་དོ།།གྲངས་ཀ་འདི་གཅིག་པུའི་ངོས་ནས་ཀྱང་ཁོའི་བརྩམས་ཆོས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྙན་སྟེགས་སྟེང་གོ་གནས་ཅི་ཙམ་ཟིན་ཡོད་ཚུལ་རྟོགས་སླའོ།།
ཐོག་མར་ང་ཚོས་ཁོང་གི་བརྩེ་དུང་གི་འགྱུར་བ་ཕུན་སུམ་ཚོགས་པའི་སྙན་ངག་《གཡའ་ཤིང་གི་ལོ་མར་》རོལ་མྱོང་ཕྲན་བུ་དང་དཔྱད་པ་ཕྲན་བུ་གཏོང་པའི་ལས་སུ་འཇུག བརྩེ་དུང་ནི་སྙན་ངག་གི་བརྗོད་བྱ་ཕུན་ཚོགས་ཡིན་པས་གནའ་ནས་ད་བར་དུ་རྒྱལ་ཕྱི་རྒྱལ་ནང་གི་སྙན་ངག་སྨྲ་བར་འབོད་པ་མང་པོས་འདིའི་སྐོར་གྱི་གསུང་རྩོམ་མང་དུ་མཛད་མྱོང་པ་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་》དང་དགེ་ཆོས་ཀྱི་ཡིད་ཀྱི་དུངས་ཀ་བརྗོད་པའི་སྙན་ངག་བརྩམས་ཆོས་སོགས་ལས་ཀྱང་རྟོགས་ནུས་སོ། །ལྗང་བུའི་《གཡའ་ཤིང་གི་ལོ་མར་》མཚོན་ནའང་དེ་ལྟ་སྟེ། སྤྱི་ལྡོག་ནས་འཇིག་རྟེན་ཁམས་ན་བརྩེ་དུང་གི་རིགས་མང་ཡང་ཕོ་མོའི་བརྩེ་དུང་ལས་མཐུ་ཆེ་བ་དང་ཡིད་ཀྱི་དུང་བ་འདྲེན་པ་ཞིག་མེད་ཅེས་སྨྲས་ཀྱང་མི་ཆོག་པ་མེད་དོ། །སྙན་ངག་འདི་ལ་ཚན་པ་གསུམ་སྟེ། ཐོག་མར་ན་གཞོན་ཕོ་མོ་གཉིས་བརྩེ་དུང་གི་དཔལ་ལ་རོལ་རྩིས་ཀྱི་སྟ་གོན་དང་ན་གཞོན་གཉིས་འདུག་སའི་གནས་དེའི་ཁོ་ར་ཁོར་ཡུག་ཀུན་ཡང་ཁོ་དང་ཁོ་མོ་གཉིས་ཀྱི་སེམས་ཁམས་དང་མཚུངས་པར་ཧ་ཅང་དྭངས་ཤིང་གཙང་པ་ཞིག་སྟེ་“སྦྲང་ཆར་གྱི་དངོས་གྲུབ་ཐོབ་པའི་ནགས་ཚལ/སྣུམ་ཤིག་ཤིག/འཇམ་ཐིང་ཐིང/འདབ་ཆགས་ཀྱི་ཅ་ཅོ་བྲལ/རི་དྭགས་ཀྱི་འདུ་འཛིས་དབེན/གཡའ་ཤིང་གི་ལྗོན་པའི་འོག་ཏུ་བདག་གཉིས་ཕྲད/སྐབས་དང་སྐབས་སུ་ཐོས་པ་ནི/མེ་ཏོག་གི་འདབ་མ་ལྷུང་བའི་སྒྲ་དང/ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་འགྲོས་ཡིན/”ཞེས་སྙན་ངག་པས་སྐབས་དེའི་མི་སྣའི་སེམས་ཁམས་ཀྱི་ཕྱོགས་ལ་དོ་སྣང་བྱས་པ་ཧ་ཅང་ཞིབ་ཆ་ལྡན་པར་མ་ཟད་ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་མཉམ་སྡེབས་བྱས་པ་གནད་དུ་འབྱོར་པོ་ཞིག་ལགས་ཏེ། ཆེས་ཐོག་མའི་བརྩེ་དུང་ནི་ཆེས་ཐོག་མའི་ཁ་བ་དང་མཚུངས་པར་ཆེས་རིན་ཐང་བྲལ་བ་དང་ཆེ་བླ་ན་མེད་པ་ཞིག་ལགས་པས་ན་“གཡའ་ཤིང་གི་ལྗོན་པ་”ནི་ན་གཞོན་ཕོ་མོ་ཇི་འདྲ་མང་པོ་ཞིག་གི་བརྩེ་དུང་མཚོན་བྱེད་དང་བརྩེ་དུང་གི་ལོག་མལ་ཡིན་ཨང་། “སྣུམ་ཤིག་ཤིག་དང་འཇམ་ཐིང་ཐིང་། ཅ་ཅོ་བྲལ་”ལ་སོགས་འགུལ་མེད་ཀྱི་སྣང་ཚུལ་གྱིས་“བདག་གཉིས”ལ་ཆེད་དུ་གོ་སྐབས་ཤིག་བསྩལ་པ་དང་མཚུངས་ཤིང་“མེ་ཏོག་གི་འདབ་མ་ལྷུང་བའི་སྒྲ་དང་”ལྷུན་དུ་“ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་འགྲོས་”ཀྱང་ཇེ་མྱུར་ནས་ཇེ་མྱུར་ཅིས་མ་ཡིན། “སྙན་ངག་གིས་ཡོད་ཚད་མཛེས་སྡུག་ལྡན་པར་བྱེད་དེ། མ་གཞིར་མཛེས་པ་མཐའ་དག་དེ་ལས་ཀྱང་ལྟ་ན་སྡུག་པར་བྱེད་ཅིང་། མ་གཞིར་ཡིད་དུ་མི་འོང་བ་དག་ལའང་མཛེས་པའི་ཆ་དག་སྟེར་བར་བྱེད། །”①ཅེས་པ་ལས་རིགས་འདིར་བྱང་ཆ་མངའ་བའི་གནད་དུ་འཁེལ་བའི་མན་ངག་གོ།
ཚན་པ་གཉིས་པར་“དྲི་བཞོན་མའི་ལག་ཟུང་མཉེན་མོས/བརླན་གཤེར་གྱི་འཁྲི་ཤིང་སྤྲུག་སྤྲུག་བཏང/ཆུ་ཐིགས་ཀྱི་ཟེགས་མ་འཐོར་བའི་གཡའ་ལོ་གཉིས/ཇེ་ཉེ་ནས་ཇེ་ཉེར་ཕྱིན/ག་ལེར/ག་ལེར་འཕྲདབྱུང/ཆུ་ཐིགས་ཀྱི་དྭངས་གསལ་འཚེར་བའི་གཡའ་ལོ་གཉིས/མཆུ་དང་མཆུ་ཕྲད་པའི་སྐད་ཅིག་མ་དེ་ལ/གཡའ་ལོ་ལས་དམར་བའི་ཡིད་སེམས་གཉིས་འདྲེས་བྱུང/ཁྲག་ཐིགས་དང་ཁྲག་ཐིགས་འདྲེས་པ་ཇི་བཞིན/མེ་ལྕེ་དང་མེ་ལྕེ་འདྲེས་པ་ཇི་བཞིན/”རབ་བཏགས་དང་ཅུང་འུད་བརྗོད་ཀྱི་སྒོ་ནས་“གཡའ་ལོ་གཉིས་”དང་“ཡིད་སེམས་གཉིས་”གཞི་གཅིག་ཏུ་འདྲེས་པ་བསྟན་ཞིང་ཚིག་ལ་སྙན་ཆ་ཆེ་ཞིང་《ལང་ཚོའི་རྦབ་ཆུའི་》“ཚ་བོ་དང་”“ཚ་མོ་”དག་དང་བསྡུར་ན་ཐོལ་བརྒལ་གྱི་ཆ་མཆིས་པ་དང་གཅིག གཞན་དུ་ན་མཐའ་མའི་ཚིག་རྐང་གཉིས་ཀྱི་མཚུངས་པ་གསལ་བྱེད་ཀྱི་“བཞིན་”སྒྲ་དེ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བརྗོད་བྱ་འབུར་དུ་བཏོད་པར་རམ་འདེགས་ཀྱི་ནུས་པ་ཐོན་འདུག“བརྩེ་དུང་མེད་ན་སྙན་ངག་མེད་”ཅེས་པའང་སྣང་ཚུལ་འདི་ལྟ་བུ་ལ་གཞིགས་ཏེ་གསུངས་པ་ཡིན་གྱི་མིན་ན་འདི་ལྟའི་སྙན་ངག་ལེགས་པོ་ཞིག་ངག་ནས་ཇི་ལྟར་འཁྲོལ་ནུས། །“གཡའ་ཤིང་གི་ལོ་མ་གཉིས་དམ་དུ་འཁྱུད/དམར་ཆུང་གི་སེམས་པ་གཉིས་གཅིག་ཏུ་བསྡོངས/སྐབས་དང་སྐབས་སུ་ཐོས་པ་ནི/མེ་ཏོག་གི་འདབ་མ་ལྷུང་བའི་སྒྲ་དང་/ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་སྒྲ་ཡིན/”འདི་ནི་མཇུག་མཐའི་ཚན་པ་སྟེ་སྙན་ངག་འདི་ལ་མཚོན་ན་ཆེས་གལ་ཆེ་བའི་ཚན་པ་ཞིག་ཀྱང་ཡིན། ན་གཞོན་ཕོ་མོ་གཉིས་བརྩེ་དུང་གི་དཔལ་ལ་རོལ་བའི་སྣང་ཚུལ་དེ་མཚམས་རེར་ཅུང་“གསལ་”བར་བཏང་ཞིང་། ལན་འགར་ཅུང་“ལྐོག་གྱུར་”ཅན་དུ་བསྒྱུར་ཡོད། མིན་ན་སྐབས་དེའི་ཁོར་ཡུག་ངེས་ཅན་ཞིག་གི་འོག་ཏུ་དེ་ལྟར་“བག་ཚ་བ་”མེད་པར་བརྩེ་དུང་གི་ཐང་ཆེན་འགྲིམས་རྒྱུ་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་མིན་ནོ། །
བརྩམས་ཆོས་ནི་དུས་རབས་ལ་གཏོགས་པའི་དཔེ་བཞིན་བར་སྐབས་དེ་དང་ཁོར་ཡུག་དེར་བཞག་སྟེ་རོལ་མྱོང་དང་དཔྱད་པ་གཏོང་རྒྱུ་ལས་ལོ་ངོ་བཅུ་ཁའི་རྗེས་ཀྱི་དེ་རིང་སྔར་བཞིན་མིག་མདངས་གཅིག་གིས་ལྟ་མི་རུང་བ་རྩོམ་རིག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་བདེན་ཁ་རྙེད་ཐུབ་པ་བཞིན་ནོ།། 1985ལོའི་《སྦྲང་ཆར་》དེབ་གསུམ་པའི་སྟེང་དུ་བཀོད་པའི་ལྗང་བུའི་སྙན་ངག་《རྩྭ་ཐང་གི་མགྱོགས་བྲིས་》དོན་གྲུབ་རྒྱལ་གྱི་《ལང་ཚོའི་རྦབ་ཆུ་》ལས་ལོ་ངོ་གཉིས་ཙམ་ལས་མི་འཕྱི་ཞིང་། ལྷག་དོན་ནང་དོན་དང་མཚོན་ཐབས་གང་གི་ཐད་ནས་ཀྱང་གོམ་ཁ་གཞན་ཞིག་ཏུ་བསྒྱུར་ཡོད་ཅེས་སྨྲ་མི་ཆོག་པ་ཅི་ཡང་མེད་དོ།།ཐོག་མར་གྱེར་འདོན་སྙན་ངག་གི་རྣམ་པ་ལས་རིང་དུ་བརྒལ་ཡོད་པར་མ་ཟད་ཁ་གཡང་རང་བཞིན་གྱི་སྐས་རིམ་སྙན་ངག་དང་ལམ་གཉིས་སུ་གྱེས་འདུག དེ་ལྟ་ན། དོན་གྲུབ་རྒྱལ་ལ་བོད་ཀྱི་སྙན་ངག་གསར་བ་གསར་གཏོད་བྱེད་མཁན་གྱི་དེད་དཔོན་དུ་བསྔགས་རུང་ན། ལྗང་བུ་འདི་ག་དེ་འཕེལ་རྒྱས་སུ་གཏོང་བའི་མཁན་པོ་རུ་ཅིའི་ཕྱིར་ངོས་འཛིན་བྱས་མི་ཆོག ལྗང་བུས་དེ་སྔོན་བྲིས་པའི་སྙན་ངག་དག་དང་བསྡུར་ན2001ལོའི་ཟླ་10པར་དཔར་སྐྲུན་བྱས་པའི་《སྙན་རྩོམ་གཟི་མིག་དགུ་པ་》ལ་འབུར་ཐོན་གྱི་ཁྱད་ཆོས་རེ་ཟུང་འདུག《གཡའ་ཤིང་གི་ལོ་མ་》དང་《རྩྭ་ཐང་གི་མགྱོགས་བྲིས》《འབོད་པ》《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》《དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ་》ལ་སོགས་པའི་ནང་དོན་གཙོ་བོ་བརྩེ་དུང་དང་མི་རིགས་ཀྱི་ལས་དབང་སོགས་ཡིན་པར་འདུག་ཀྱང་《སྙན་རྩོམ་གཟི་མིག་དགུ་པ་》ལ་མཚོན་ན་ཅུང་“མག་མོག་”དང་མཚོན་ཐབས་ཀྱང་སྣ་ཚོགས་ཅི་དགར་བསྲེས་ཏེ་སྤེལ་འདུག
《སྙན་རྩོམ་གཟི་མིག་དགུ་པའི་》ནང་དུ་བསྡོམས་པས་སྙན་ངག་བརྒྱ་ལ་ཉེ་བ་ཙམ་བསྡུས་ཡོད་ཀྱང་། ཕལ་ཆེ་བ་གོ་བརྒྱད་ལོའི་མཇུག་ཏུ་བརྩམས་གྲུབ་བྱུང་བ་ཤ་སྟག་རེད། སྙན་ངག་པ་ཁོ་རང་ལ་མཚོན་ན་ལོ་ངོ་འདི་དག་ལ་ལས་རིགས་སྣ་ཚོགས་གཉེར་ཞིང་མྱོང་གོམས་ཀྱང་སྔར་ལས་ཕུན་སུམ་ཚོགས་པས་ན་སྙན་དེབ་འདིའི་མཇུག་གི་གཏམ་ལས་ཅུང་གདེངས་ཚོད་ཡོད་པའི་སྒོ་ནས་འདི་ལྟར་བསྟན་ཡོད། “ལར་སྔོན་ཆད་ཡིན་ན། ང་ཡིས་རང་ཉིད་ཀྱིས་སྙན་ངག་ཅེས་པ་འདི་ལ་དགའ་པོ་བྱེད་པ་དང་སྙན་ངག་ཅེས་པ་དེ་དང་འདྲ་པོ་ཞིག་གམ་ཐག་ཉེ་བ་ཞིག་འབྲི་དགོས་པའི་རྒྱུ་མཚན་སྐོར་ལ་བསམ་བློ་ཞིབ་ཕྲ་ཁྱོན་ནས་བཏང་མྱོང་མེད་ལ། ད་རེས་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་པ་འདི་འདོན་ལ་ཉེ་དུས། བློ་སེམས་ཅུང་རྣལ་དུ་ཕབ་ནས་མནོ་བསམ་ཞིག་གཏོང་ཁུལ་བྱས་”ཞེས་པ་ལས་ཀྱང་ཁོའི་སྙན་ངག་བརྩམས་ཆོས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཟིན་པ་ཚོར་ཐུབ་བོ། །
ལྗང་བུས་རང་གི་སྙན་རྩོམ་དེབ་འདིའི་མིང་ལ་“གཟི་མིག་དགུ་པ་”ཞེས་འདོགས་དོན་ཅི་ཡིན་ནམ། དྲི་བ་དེ་དང་ལྷན་དུ་ངས་《དག་ཡིག་གསར་བསྒྲིགས་》ཕར་སློག་ཚུར་སློག་བྱས་ཏེ་“གཟི་”བཙལ་ཞིང་དེའི་ནང་དོན་ཞིབ་ཚགས་རྟོགས་འདོད་ཀྱི་འདུན་པ་ཡང་དྲག་ཏུ་གཡོས། “གཟི་”ནི་གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་ཁྲ་བོ་ཞིག་གི་མིང་སྟེ་“མཆོང་”ཡང་ཟེར་ཞེས་འཁོད་འདུག མཆོང་ནི་“རིན་པོ་ཆེ་མཆོང་གི་མིང་སྟེ། མདོག་སྐྱ་བོ་ཐོག་ན་ཁྲ་ཐིག་ཡོད་ཅིང་དབྱིབས་ངེས་མེད་སྣ་ཚོགས་ཡོད། ”ཅེས་པའོ། །
ཚིག་དུམ་ཐུང་ངུ་འདི་ལས་སྙན་ངག་པས་སྙན་དེབ་འདིའི་མིང་དེ་ལྟ་བུ་ཞིག་འདོགས་པའི་རྒྱུ་མཚན་ཕྲ་མོ་རེ་རྙེད་སྲིད་ན་ཞོལ་ནས་ང་ཚོས་སྙན་རྩོམ་གཟི་1ནས9པའི་བར་དུ་སྦྱར་བའི་སྙན་ངག་ལ་རོལ་མྱོང་ཕྲན་བུ་ཞིག་བྱ། གཟི་1ལས་“ཤ་ཁྲག་ཟད་བྱུང/རུས་གཞི་འཐོར་སོང/མགོ་བོའང་དུས་ཚོད་ཀྱིས་ཁྱུར་མིད་བཏང་ཞིང/སླར་ཡང་ཚོང་པ་ཞིག་གི་ལག་མཐིལ་ལ་བསྐྱུགས་དུས/མིག་འབྲས་གཅིག་པུ/ལྐོག་གྱུར་གྱི་དྭ་ཕྲུག་ཅིག་དང་འདྲ་བར/ཁེར་རྐྱང་ངང་ཀེམ་ཀེམ་གཡོ་བར་བྱེད/ཤེས་རིག་ཅིག་ཀྱང/ཉམ་ང་བའི་ངང་གཡོ་ཚོང་གི་ལག་མཐིལ་ན་ཀེམ་ཀེམ་གཡོ་བར་བྱེད/”འདི་ལས་ཐོག་མར་གཟི་ཡི་ལས་དབང་འཆད་པ་སྟེ། རིན་པོ་ཆེ་ཡིན་པའི་ཆ་ནས་ཧ་ཅང་གོང་བཀུར་དང་གཅེས་སྐྱོང་ཐོབ་དགོས་མོད། འོན་ཀྱང་“ཁེར་རྐྱང་ངང་ཀེམ་ཀེམ་གཡོ་བར་”བྱེད་དོན་དང་བྱེད་དུ་འཇུག་མཁན་སུ་ལགས་སམ། གཟི་ནི་ཤེས་རིག་གི་མཚོན་བྱེད་དང་ཤེས་རིག་གི་མཚོན་བྱེད་དུ་གཟི་འཇོག་དོན་ཡང་སྐབས་འདིར་ཐོན་ན་ངེས་ཤེས་ཅུང་ཙམ་འདྲོངས་ཐུབ། སྐབས་འདིར་སྙན་ངག་ཐུང་ངུ་འདིའི་ཤུགས་བསྟན(含蓄)དང་ཁྱད་མཚར་གྱི་སྙན་རོ་ཡང་འུ་བུ་ཅག་གི་བླང་བྱར་འཛིན་དགོས་པ་ཤེས་དགོས་པའི་གནས་ལུགས་ཤ་སྟག་གོ། གཟི2པ་ལས་“ང་ནི་རིགས་རྒྱུད་ཅིག་གི་སྙིང་དེ/ཞུགས་འབུལ་བྱས་པ་ལས་བྱུང་བའི་རིང་བསྲེལ་ཡིན/ང་ནི་ཉི་མའི་དབང་པོ་ཡིས་མི་ལོ་སྟོང་ཕྲག་ལ་བསྲན་ཀྱང/དེ་རིང་གཞི་ནས་དབང་མེད་ཤོར་བའི་མིག་ཆུ་རྡོག་ཅིག་ཡིན/ང་ནི་མིག་ཡིན/ང་ནི་སྨྲ་བྱེད་ཁ་ལས་ཐོན་གྱིན་པའི/བརྗོད་ངག་གི་ཕྲེང་དོག་རེ་རེ་ཞིབ་བརྡར་བྱས་པ་ལས་བྱུང་བའི/གཞན་དབང་གིས་མ་བསླད་པའི་དོན་སྙིང་ཆེས་ཐོག་མ་དེ་ཡིན/” འདི་ལས་ཐོག་མར་གཟི་ཡི་རིན་ཐང་དང་བྱེད་ནུས། གོ་གནས་སོགས་བསྟན་ཞིང་མཐར་མང་པོ་ཞིག་གིས་“རིན་པོ་ཆེ་རིན་པོ་ཆེ་རུ་མི་མཐོང་”བར་འཁང་ར་དང་ཟུར་ཟའང་བྱས་ཡོད།
འདི་ནི་འབྲི་ཐབས་ཁྱད་དུ་འཕགས་པ་ཞིག་སྟེ་དངོས་པོ་གང་རུང་ཞིག་ལ་རང་གི་བསམ་དོན་དང་འདུན་པ་བཅོལ་དེ་ཕ་རོལ་པོར་སྐུལ་ལྕག་གམ་དགེ་བའི་ལམ་དུ་སྐུལ་བ་ཞིག་གོ། “ང་ནི་མིག་ཡིན་”ཞེས་པ་དང་“གཞན་དབང་གིས་མ་བསླད་པའི་དོན་སྙིང་ཆེས་ཐོག་མ་དེ་ཡིན་”ཞེས་བསྟན་པ་ལས་ཀྱང་“གཟི་”ཡི་རིན་ཐང་ལ་གོ་བ་གཞན་པ་ཞིག་ལེན་རྒྱུ་ཡོད་པའང་ཤེས་སླའོ། །གཟི3པ་ལས་“རྡོ་གཞན་དང་འདྲ་བར/གཟི་དེ་ཡང་རྡོ་ཡིན/མི་དང་མི་ཕན་ཚུན་གྱི་དབྱེ་བ་ཇི་བཞིན/གཟི་དེ་ཡང་རྡོ་གཞན་དང་འདྲ་གི་མི་འདུག་”ཆེས་འདུ་ཕུལ་ཆེ་བའི(最集中)སྒོ་ནས་གཟི་དེ་རྡོ་ཡིན་པ་དཔེར་ན་སྨྲ་ཤེས་དོན་གོ་བའི་ཆ་ནས་མི་ཚོ་འདྲ་མཉམ་ཡིན་ཡང་ནུས་པ་དང་རིག་སྟོབས་ཀྱི་ཆ་ནས་“དབྱེ་བ་”ཤོར་བ་ཇི་བཞིན་དོན་དུ་“གཟི་”དང་“རྡོ་”གཉིས་ལ་ཁྱད་པར་ཆེ་བ་བཤད་ཡོད། གསེར་ས་ན་ཡོད་རུང་འོད་གནམ་དུ་འཕྲོ་བའི་དཔེ་བཞིན་ཚིག་རྐང་བཞི་པོ་འདིས་“གཟི་”ཡི་རིན་ཐང་ལ་ཡང་བསྐྱར་བདེན་ཁ་བྱིན་ཡོད། གཟི4པ་ལས་“དྲི་བསུང་དང་འཇམ་མཉེན/དབྱངས་སྙན་དང་མཛེས་སྡུག/མངར་ཁ་དང་དགའ་ཚོར/ཤེས་རིག་དང་བྱམས་བརྩེ/ཉི་འོད/ཆུ/མཁའ་རླུང/”ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མ་ལུས་པ་སྙན་ངག་མཁན་པོས་བྲི་བ་ཡིན་ཞིང་དེ་དག་ལས་སྐྱོ་བ་དང་ཁེར་རྐྱང་ཞིག་འབྲི་མཁན་གང་ཞིག་མཐའ་འཁོར་དུ་ཉེ་བར་འདུས་ ཡོང་བས་ན་“དངོས་པོ་རྣམས་”དང་“གཟི་མིག་དགུ་”པས“མཐོ་སྒང་འདི་ལ་ལྐོག་ལྟ་བྱེད་ཀིན་འདུག་”ཅེས་ཐ་ཚིག་བསྒྲགས་པའོ། །མཚམས་འདིར་ཐོན་དུས་རོལ་མྱོང་གི་གོམ་སྟབས་ཅུང་དལ་ཙམ་མ་བྱས་ན་“གོ་དཀའ་བའམ་”“མག་མོག་གི་ཆ་”ཡང་ཅུང་ཙམ་འདྲེས་པས་སྤྱི་ཁོག་ནས་བསམ་གཞིགས་གཏོང་རྒྱུ་ཧ་ཅང་གལ་ཆེ་སྙམ་མོ།། གཟི5པ་ལས་སྙན་ངག་པས་སྨྱུག་ཁ་སྐོར་ཐེངས་གཅིག་གིས་“བོད་པ་ཚོའི་རྒྱན་ཆ་ལས་རིན་གོང་ཆེ་ཤོས་དེ་”གཟི་ཡིན་པར་ངོས་འཛིན་བྱས་ཤིང་། གཟི6པ་ལས་“བདག་གིས་མཐོང་རེག་མྱོང་དུ་ཡོད་པའི་དོན་སྙིང་ཞིག་འཚོལ་བར་འདོད/དེ་དག་ཞུན་མར་བཞུས་ནས་ཉིང་བཅུད་ཅིག་གི་ཐིགས་པ་རེ་རེ་བཟོ་བར་འདོད/”ཅེས་བསྟན་མཐར་“གཟི་ཞེས་པའི་སྙན་རྩོམ་ཨང་དགུ་བ་དེ་བྲིས་ཚར་རྗེས་”སྙན་ངག་པས་“གློ་བུར་”དུ་དཔེ་འདིའི་ཁ་བྱང་རང་ཤུགས་ཀྱིས་གྲུབ་ཡོད་པ་མཐོང་བའི་མོད་ལ་དགའ་ཚོར་ཞིག་ཀྱང་སྐྱེས་”ཤིང་མཐར་དེ་ལྟར་གཏན་ལ་ཕབ་པའོ། །མདོར་ན་ལྗང་བུས་བོད་རང་ལ་ཡོད་པའི་སྙན་ངག་གི་རྒྱན་ཏེ་ངང་ཚུལ་སྟོན་པའི་རྒྱན་དང་འབོད་པའི་རྒྱན། དྲི་བའི་རྒྱན། མཛེས་བྱེད་ཀྱི་རྒྱན། ཕྲེང་བའི་རྒྱན་ལ་སོགས་དང་ཁ་སང་དེ་རིང་གསར་དུ་དར་བའམ་ལག་ལེན་དུ་འདེབས་བཞིན་པའི་ཐབས་རྩལ་ཚོར་བརྗེ(通感)དང་འཁྲུལ་ཤེས(幻觉)ལ་སོགས་མཉམ་བསྲེས་བྱས་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད། 《སྦྲང་ཆར་》གྱི་དེ་སྔའི་གཙོ་སྒྲིག་པ་སྐུ་ཞབས་འགྱུར་མེད་མཆོག་དང་སྙན་ངག་པ་འཇུ་སྐལ་བཟང་ལ་སོགས་པས་ཀྱང་ལྗང་བུའི་བརྩམས་ཆོས་ལ་གདེང་འཇོག་བྱེད་ཀྱིན་ཡོད་པ་ལས་ཀྱང་ཟུར་ཞིག་མཐོང་ཐུབ་སྙམ་མོ། །
གཉིས། འཇུ་སྐལ་བཟང་དང་ཁོའི་སྙན་ངག་བརྩམས་ཆོས་བཤད་པ།
བོད་ཀྱི་རྩོམ་རིག་གཞུང་ལུགས་སྨྲ་བ་པོ། མིང་དོན་གཉིས་མཚུངས་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་ལགས་ནི་1960ལོར་མགོ་ལོག་ཏུ་སྐྱེས། ཕའི་རུས་ནི་འཇུ་ཡིན་ཞིང་མ་ཞང་ཁམས་གཙང་དང་། ཁྱིམ་རྒྱུད་སྒོ་སྤ་བྱ་བ་ཡིན་ནོ།། སྔ་ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་བཅས་འགྲིམས་ཤིང་རང་ལོ་ཉེར་བདུན་གྱི་སྟེང་ནས་བོད་ཀྱི་རྩོམ་རིག་ཧྲོ་ཧྲིའི་དམ་བཅའ་བཞག པར་སྐྲུན་བྱས་ཟིན་པའམ་ཅུང་མིང་དུ་གྲགས་པའི་བརྩམས་ཆོས་གཤམ་གསལ་ལྟར། རྩོམ་རིག་གི་དཔྱད་རྩོམ་ཆེད་དེབ་《སྙན་ངག་གི་རྣམ་བཤད་》བྱ་བ་དང་སྙན་རྩོམ་ཕྱོགས་བསྒྲིགས་《གངས་འདབས་ཀྱི་སེམས་པ་》བསྒྱུར་རྩོམ་《འཚོ་གནས་སྙིང་བོ་མེད་པར་སྨྲ་བ་》བཅས་དང་། སྔ་ཕྱིར་ཀྲུང་གོའི་ཀྲོང་ཀྲུན་ཝིན་རྩོམ་རིག་བྱ་དགའ་དང་གངས་རྒྱན་རྟགས་མ་ཅན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ། 《སྦྲང་ཆར་》རྩོམ་རིག་བྱ་དགའ་བཅས་མང་དུ་ཐོབ་པར་མ་ཟད་བརྩམས་ཆོས་ཁ་ཤས་ཕྱི་ཡིག་ཏུ་བསྒྱུར་ཞིང་ཁ་ཅིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞི་རུའང་བདམས་ཡོད་དོ། །ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་སྙན་ངག་ལ་གཙོ་བོ་《ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར་》དང་《ལམ་ཕྲན་དུ་ལྷག་པའི་གཏམ》《ལྗོན་པའི་ཕུགས་བསམ》《དུང་སེམས་ཀྱི་འཆར་སྣང》《འགྱོད་གདུང་》བཅས་དང་རང་མོས་སྙན་ངག་ལ་གཙོ་བོ《དགེ་འདུན་ཆོས་འཕེལ》《སྐྱུར་རྩི་ལས་བཞི་པའི་མངར་ཁ་》《བོད། ཨ་མ། མ་ཎྀ》《རྒོད་པོ་དང་ནམ་མཁའ》《རྩྭ་ཟིལ་》བཅས་ཡོད། ལྷུག་རྩོམ་ལེགས་པོ་རེ་ཟུང་ཡང་ཡོད་མོད་འདིར་སྐབས་སུ་མ་བབ་པས་བསྐྱུར་བའོ། །འཇུ་སྐལ་བཟང་གིས་《བདག་དང་བདག་གི་གསར་རྩོམ་སྐོར་གྱི་བསམ་གཞིགས་ཐོར་བུ་》ཞེས་པ་ལས་དེང་གི་རྩོམ་པ་པོ་དང་སྙན་ངག་པར་ཞན་ཆའམ་གེགས་སུ་འགྲོ་བའི་གནད་དོན་ཚན་ཆུང་གསུམ་དུ་བསྡུས་ནས་བསྟན་ཡོད་དེ། 1.ཐོས་པ་ཆུང་ཞིང་དཔེ་ཀློག་གིས་མི་འདང་བ། 2.བརྩམས་ཆོས་ཀྱི་བརྗོད་བྱ་རྒྱ་ཆུང་ཞིང་བློ་གུ་དོག་པ། 3.ཆེད་ལས་རྩོམ་པ་པོ་མིན་པས་ཚད་བཟུང་ཆེན་པོ་ཐེབས་ཡོད་པ་བཅས་གསུམ་མོ། །ཁོང་གིས་བཏོན་པའི་སྣང་ཚུལ་འདི་ཀོ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཚབས་ཆེན་ཡིན་པས་རྩོམ་རིག་ལ་འཇུག་པ་ཀུན་གྱིས་གཟབ་གཟབ་བྱེད་དགོས་པའི་གནས་སོ། །
རྒྱ་མཚོ་རྩིབ་ནས་བསྐྱུར་ཏེ་ཀོ་གྱོང་མཆིལ་མས་སྦངས་པའི་དཔེ་བཞིན་གཤམ་ནས་ཕྲན་གྱིས་ཁོང་གི་སྙན་རྩོམ་དག་ལས་《ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར་》དང་《དགེ་འདུན་ཆོས་འཕེལ་》གཉིས་གཡག་ཞར་བས་རྩྭ་ཟ་བ་ལྟར་དཔྱད་བརྗོད་ཕྲན་བུ་གཏོང་བའི་ལས་སུ་འཇུག་ཁུལ་བྱའོ། །ཀ་བཤད་རྩོམ་རིག་ནི་བོད་རང་ཁོ་ནར་མངའ་བའི་ཐུན་མོང་མ་ཡིན་པའི་རྩོམ་ཚུལ་ཞིག་ཡིན་ཞིང་རྩོམ་ཚུལ་འདི་《སྙན་ངག་མེ་ལོང་མའི་》གཞུང་ལྟར་ན་སྒྲ་རྒྱན་གྱི་ནང་ཚན་དང་ནང་དོན་གྱི་ཐད་ནས་ཀྱང་རྩོམ་པ་པོས་བྲིས་པའི་སྙན་ཚིག་དང་གང་བྱུང་ངག་ནས་བརྡོལ་བའི་འབོལ་རྩོམ། དམངས་ཁྲོད་དུ་ཁྱབ་པའི་ངག་རྩོམ་སོགས་རིགས་གསུམ་དུ་དབྱེ་ཆོགཅུང་གྲགས་ཆེ་བ་ནི་《རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་བྱུང་བ་བརྗོད་པ་》ཡི་ནང་དུ་བྱུང་བའི་ཀ་རྩོམ། སྨན་རི་པ་བློ་བཟང་རྣམ་རྒྱལ་གྱི་《ཉམས་འཆར་རྒན་པོའི་དྲིས་ལན་》དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་དང་དོན་གྲུབ་རྒྱལ་གྱི་ཀ་རྩོམ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ཀ་རྩོམ་སོགས་དང་། གཞན་ཡང་བསླབ་བྱ་དང་ལེགས་བཤད་རྟོགས་བརྗོད། མགུར་མ་ལ་སོགས་པ་ལས་བྱུང་བའི་ཀ་རྩོམ་སོགས་ཤིན་ཏུ་མང་། འཇུ་སྐལ་བཟང་ལགས་ཀྱིས་བྲིས་པའི་ཀ་རྩོམ་ལ་ཡང་ཚིག་གི་མཛེས་ཉམས་དང་བརྗོད་བྱའི་ཐད་ནས་གཞན་དང་ཆ་མི་མཚུངས་པའི་ཁྱད་ཆོས་འབུར་དུ་ཐོན་པས་ན་ཁ་བྱང་གཅིག་པུའི་ངོས་ནས་ཀྱང་བརྗིད་ཉམས་ཤིག་ངང་གིས་ཐོན་འདུག་པ་ལྟ་བུའོ། །ཐོག་མར་“ཀ་བ་བུམ་པ་ཟེར་བའི་གྲྭ་པ་ཚོས་རིགས་ལམ་མི་རྩོད་སྒོར་མོ་རྩོད།། ཁ་ཏོན་དགེ་སྦྱོར་བྱེད་པའི་ཨ་མཆོད་དག་དགེ་བ་མི་གསོག་སྒོར་མོ་གསོག། ག་ལེར་ཉི་མ་སྐྱེལ་བའི་སྒོམ་ཆེན་རྣམས་སེམས་ངོ་མི་འཚོལ་སྒོར་མོ་འཚོལ། །ང་ཁྱེད་ཕྱོགས་རིས་སྤངས་པའི་བྱ་བྲལ་ཡང་དབེན་གནས་མི་སྙོག་སྒོར་མོ་སྙོག། ”ཅེས་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་བའི་སྣང་ཚུལ་ཚུར་སྣང་བྱས་ཤིང་སྣང་ཚུལ་དེ་ཡང་ང་ཚོ་གང་ཟག་ཕལ་བའི་སྟེང་དུ་སྦྱར་ན་ཅུང་འོས་ཤིང་འཚམས་མོད་འོན་ཀྱང་ཚེ་འདི་ཕྱི་གཉིས་ལ་མཁྱེན་པ་མངའ་བར་གྲགས་ཤིང་སངས་རྒྱས་ཀྱི་གསུང་རབ་ལ་ཐོགས་རྡུགས་མེད་པར་རློམ་པའི་“གྲྭ་པ་”དང་“ཨ་མཆོད་”“སྒོམ་ཆེན་”“བྱ་བྲལ་”བ་རྣམས་ལ་ཅི་ཉེས། སྙན་ངག་པས་ཟུར་ཟ་དང་སུན་འབྱིན་བྱས་པ་ཅུང་རྣོ་ངར་ལྡན་ཞིང་རྣག་ཐོག་ཁབ་གཙག་གི་གོ་ཆོད་འདུག་སྙམ། “ཀ་ཁ་ག་ང་སློབ་པའི་བྱིས་པ་ཚོས་དབྱངས་གསལ་མི་ཀློག་སྒོར་མོ་ཀློག། ཁ་རོག་མ་ཎི་འདོན་རན་རྒས་འཁོགས་དག་ཕྲེང་བ་མི་བགྲང་སྒོར་མོ་བགྲང་། །ག་བྱེད་འདི་བྱེད་མེད་པའི་ལས་བྱེད་རྣམས་བྱ་བ་མི་གཉེར་སྒོར་མོ་གཉེར། །ང་ཅག་མི་རབས་གསར་པའི་ན་གཞོན་ཡང་མདུན་ལམ་མི་སེམས་སྒོར་མོ་སེམས། །”སྤྱིར་སྒོར་མོར་མི་དགའ་བ་ཞིག་དང་དེར་མི་འཇུག་པ་ཞིག་སྲིད་ན་མེད་མོད་འོན་ཀྱང་ཚད་ལས་བརྒལ་ན་ངོ་ཚ་ཡིན་པ་ཡང་རྟོགས་དགོས་སོ། །
རྩོམ་རིག་གི་ནུས་པ་ནི་བློ་ཡིད་ལས་འདས་པ་ཞིག་ལགས་ཏེ། མིན་ན་མངོན་བརྗོད་དང་བརྡ་རྙིང་སོགས་དང་རིང་དུ་གྱེས་ཤིང་ཤིན་ཏུ་གོ་སླ་བའི་སྒོ་ནས་སྒོར་མོར་ཕྱོགས་པའི་སྣང་ཚུལ་གསལ་ལྷང་ངེར་ཀློག་པ་པོའི་མིག་ལམ་དུ་འཆར་དུ་འཇུག་ནུས་སམ། །རྗེའི་ཞབས་དཀར་བས་“མགྲིན་པའི་རྩ་མདུད་གྲོལ་བ་ཡིས། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། །”ཅེས་གསུངས་པ་བཞིན་“སྙན་ངག་མེ་ལོང་”ལ་སྦྱངས་པ་ཆ་ཚང་སོང་ཞིང་སྙན་ངག་རྩོམ་པར་རང་ངོས་ནས་ཆ་རྐྱེན་རྫོགས་པ་བ་ཞིག་མིན་ན་འདི་ལྟའི་ལྷོད་ཤ་ཆགས་ཤིང་སྙན་ཆའི་ཆ་ཡང་ལྡན་པའི་བརྩམས་ཆོས་འབྲི་རྒྱུ་ཁག་པའི་གནས་སུ་གྱར་རོ། །སྙན་ངག་པ་ལྗང་བུས་“དྲང་མོ་དྲང་བཞག་གི་ཤན་འབྱེད་པ་ཚོས་འཇུ་སྐལ་བཟང་ལགས་ལ་དྲང་མོ་དྲང་བཞག་གི་བཞུགས་གྲལ་ཞིག་འཇོག་སྲིད་”ཅེས་པའང་དོན་ལ་གནས་སོ།།དཔེར་ན་གཤམ་གྱི་ཅ་སྡེའི་ནང་དུ་བཀོལ་པའི་ཐ་སྙད་དག་ཀྱང་ཆེས་སྤྱིར་བཏང་ཡིན་ཡང་གནད་ལ་ཁེལ་བར་སྣང་སྟེ་“ཅ་ཅོའི་འུར་གྱིས་ཁེངས་པའི་རྩོད་གྲྭ་”དང་“ཆ་བཞི་མཐའ་དབུས་འཚོལ་བའི་སྒོམ་གྲྭ་”“ཇ་ཆང་དགྱེས་དགུར་རོལ་བའི་སྔགས་འཆང་”“ཉ་སྟོང་སྨྱུང་གནས་སྲུང་བའི་དགེ་བསྙེན་”“ཅ་ནེའི་ཕོར་ཁ་རྩོད་པའི་ལས་ཁུངས་”“ཆ་བྱད་སྣ་ཚོགས་འཛོམས་པའི་གྲོང་ཁྱེར་”“ཇ་ཆང་ཧབ་ཐོབ་བྱེད་པའི་མགོ་འདྲེན་”“ཉ་མོ་མགོ་བདེར་འཁྱུག་པའི་ཏང་ཡོན། ”གནས་དེ་དག་ཀུན་ན་སྒོར་མོའི་ལས་ཁོ་ན་བགྱི་ཞིང་མི་སྣ་དེ་དང་དེ་ལྟ་བུ་མང་པོ་ཞིག་གིས་སྒོར་མོ་ཁོ་ནའི་ཕྱོགས་སུ་གཞོལ་བ་ལས་དྲང་བདེན་དང་ལས་འབྲས་ལ་རན་པའི་བྱ་བ་སྒྲུབ་ཀྱིན་མེད་པ་གསལ་བར་བྱས་ཐོག་དེ་དག་གི་བྱ་སྤྱོད་ངན་པར་གོམ་གང་མདུན་སྤོས་སྒོས་དགག་བཞག་བྱས་ཡོད། དེ་ལྟར་རིམ་བཞིན་ཏ་སྡེ་དང་པ་སྡེ། ཙ་སྡེ། ཞྭ་སྡེ། ཤ་སྡེ་བཅས་ནའང་སྒོར་མོར་ཕྱོགས་པའི་སྣང་ཚུལ་ཟུར་དུ་མ་ནས་འཆད་ཅི་ཐུབ་བྱས་ཡོད་ཀྱང་ཅུང་ཐལ་བའི་ཆ་ཡང་རེ་ཟུང་ཡོད་པར་འདོད།། སྙན་ངག་པ་ལ་མཚོན་ན་སྙན་ངག་པ་ལ་ལས་འགན་ཞིག་དང་སྙན་ངག་བརྩམས་ཆོས་ལ་མཚོན་ན་དེར་བསྟུན་གྱི་འོས་འགན་ཞིག་ཡོད་པས་ལག་ཏུ་ཡོང་ཡོང་ཐམས་ཅད་སྙན་ངག་ཏུ་འབྲི་བའང་དོན་བཟང་ཞིག་ཏུ་མི་སེམས་སོ། །“ཧ་ལམ་དེ་ལྟར་ལགས་ཀྱང་ཆོས་པ་ཚོ་ཡོད་ཚད་དེ་འདྲ་ག་ལ་ཡིན། །ཨ་ཅང་ཀུ་རེ་ཡིན་མོད་ཨ་ཁུ་རྣམས་ཕལ་ཆེར་དེ་ཚོད་ཡིན་པ་འདྲ། །ཧ་ཅང་ཞིབ་མོར་དཔྱད་ན་ཁྱིམ་པ་ཚོ་འགའ་ཞིག་དེ་འདྲ་མིན་ལས་ཆེ། །ཨ་མཚར་རྩེད་མོ་ལགས་ཀྱང་ཨ་རྩོམ་འདི་ཅུང་ཟད་བདེན་ཤས་ཆེ་ཡང་སྲིད། །”ཅེས་ཅུང་དག་སེལ་ཞིག་བྱས་ཡོད་ཅིང་“ག་ལ་ཡིན་”དང་“ཡིན་པ་འདྲ་”“མིན་ལས་ཆེ་”“བདེན་ཤས་ཆེ་”ཞེས་པ་ལས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་པའི་ཚུལ་མིན་པ་བསྟན་ཡོད་དོ། །སྙན་ངག་འདི་ལ་མཚོན་ནའང་ཉམས་འགྱུར་དང་སྙན་ཆ། ཚིག་གི་བརྗིད་ཤུགས་གདངས་མཚམས་བཅས་ཀྱི་ཐད་ནས་ད་དུང་དཔྱད་རྒྱུ་ཡོད་ཀྱང་དགོས་པ་ཆེར་མ་མཐོང་པས་བསྐྱུར་པ་ཡིན། སྙན་རྩོམ་འདི་ལ་མཚོན་ན་ཚིག་རྐང་ཅུང་རིང་ཞིང་དོན་ཟབ་ལ་ཚིག་བཞུན་པས་ན་ཀློག་པ་པོ་མང་པོས་དགའ་བསུ་ཐོབ་དང་འཐོབ་མུས་ཡིན། རང་བཞིན་བརྗོད་པའི་དཔེ་གཞིར་བཞག་གིས་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ཐབས་ཤེས་སྤྱད་དེ་དེང་གི་དུས་འདིར་སྒོར་མོའི་དོན་དུ་རྒྱལ་བའི་གསུང་རབ་ཅི་མི་སྙམ་པར་བསྐྱུར་ཏེ་ལས་འབྲས་བསྣོག་པ། རང་གི་ལས་འགན་བསྐྱུར་ཏེ་གཞན་གྱི་ནོར་ལོངས་སྤྱོད་ལ་ཧམ་སྲེད་ལངས་པ། སྒོར་མོའི་སླད་དུ་བདེན་དགེ་མཛེས་གསུམ་དང་མ་རུང་བའི་ལས་ཀུན་གོ་ལྡོག་པའི་ངང་ཚུལ་ལ་སྙན་ངག་པས་སེམས་ཁོང་རུས་པའི་གཏིང་ནས་ཐུགས་འཁུར་དང་དོ་སྣང་། མཚང་འབྲུ། སྐྱོན་བརྗོད་བཅས་བྱས་ཡོད་པ་རེད། མདོར་ན། འཇུ་སྐལ་བཟང་གིས་བྲིས་པའི་ཚིགས་བཅད་སྙན་ངག་མང་ཆེ་བས་“སྙན་ངག་མེ་ལོང་མའི”“ལུགས་ཀྱི་སྲོལ་མང་པོ་ཞིག་རྒྱུན་འཛིན་དང་དེའི་སྟེང་དུ་དེང་དུས་དར་ཁྱབ་ཁྱབ་ཆེ་བའི་སྙན་ངག་གི་མཚོན་ཐབས་མང་པོ་ཞིག་གང་ལ་གང་འོས་དེ་ལ་དེ་བསྟུན་བྱས་ཡོད་པས་ན་མཚན་སྙན་གྱི་བ་དན་གཡོ་བའི་བོད་ཀྱི་མཁས་དབང་རྒན་པ་ཞིག་གིས་ཁོང་གི་སྙན་ངག་ལ་གཟིགས་རྗེས་“སྙན་ངག་བྱ་བ་འདི་འདྲ་ལ་ཟེར་”ཞེས་བསྔགས་བརྗོད་གནང་ཞིང་། ན་མཉམ་སྙན་ངག་སྨྲ་བ་དག་གིས་“ཁོང་གི་སྙན་ངག་ནི་བརྗོད་བྱ་གསར་ལ། རྗོད་བྱེད་གསར་ཞིང་། རྣམ་པའང་གསར་”②ཞེས་པར་ཕྱོགས་གཅིག་ནས་བལྟས་ན་ཚད་དང་མཐུན་པའི་ཆ་མཆིས་ཤིང་དེ་ལྟ་བུ་ཞིག་རེད་ཀྱང་རེད། འོན་ཀྱང་། ང་ཚོ་བོད་པ་ཚོ་དགའ་ན་“དྲན་དབང་”དང་“ཁྱུ་མཆོག་”“གསར་གཏོད་མཁན་”“སྔོན་ཐོན་པ་”ལ་སོགས་པའི་ཐ་སྙད་མཛེས་པ་བཀོལ་ཅི་ཐུབ་བྱས་ཏེ་གང་དེ་“ལྷ་སྒྲུང་”ལྟ་བུ་ཞིག་ཏུ་བཟོ་ངེས་ཤིང་། མ་དགའ་བའམ་མོས་མཐུན་མ་བྱུང་ཚེ་དེ་ལས་སྡུག་པ་ཅིག་མེད་པ་དགེ་ཆོས་དང་རང་གྲོལ་གྱི་ལས་དབང་ལས་རྟོགས་ཐུབ་བོ། །
1994ལོར་འབྲེལ་ཡོད་ལས་ཁུངས་ཀྱིས་“སྦྲང་ཆར་”གྱི་རྩོམ་རིག་བྱ་དགའ་འཛུགས་རྒྱུ་གཏན་ཕབ་བྱས་པར་མ་ཟད། ལོ་དེའི་ཟླ8པར་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་བསྡུས་པའི་ཞིང་ལྗོངས་ལྔའི་སྐབས་གཉིས་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ་སྐབས་དང་པོའི་《སྦྲང་ཆར་》གྱི་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱས། ཐེངས་འདིར་སྙན་རྩོམ་གསུམ་དང་སྒྲུང་གཏམ་གཉིས། ལྷུག་རྩོམ་གཅིག་བཅས་བརྩམས་ཆོས་དྲུག་ལ་བྱ་དགའ་བསྩལ། དེའི་ནང་དུ་འཇུ་སྐལ་བཟང་གིས་བྲིས་པའི་སྙན་རྩོམ་“དགེ་འདུན་ཆོས་འཕེལ་”ཡང་འདུག“འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས/ཁྱེད་རང་དགོད་སླ་ལ་ངུ་ཡང་སྐྱེན། ”འཇིག་རྟེན་གྱི་གནས་ལུགས་མ་ལུས་རྟོགས་ཤིང་དེ་སྙིང་པོ་མེད་པར་སྒོམ་མཁན་སྲིད་ན་རེ་ཟུང་ཙམ་ལས་མེད་ཀྱང་། ཡོད་པ་དེ་དག་ཀྱང་མང་ཆེ་བར་མཚོན་ན་མི་ཚེའི་སྐྱོ་གར་གྱིས་མཇུག་སྒྲིལ་བ་རེད། དགེ་འདུན་ཆོས་འཕེལ་ནི་དེའི་ཁྲོད་ཀྱི་གཅིག་ལགས་ཤིང་དོན་དམ་དུ་དེ་ནི་ང་ཚོ་མིའི་རིགས་ཀྱི་ཕམ་ཁ་ཆེན་པོ་ཡང་རེད། དོན་དུ་ང་ཚོས་རང་ཉིད་འཚོ་སྡོད་བྱེད་ཀྱིན་པའི་འཇིག་རྟེན་འདིའི་ངོ་བོ་དང་དོན་སྙིང་ཅི་ཞིག་ཡིན་པ་མ་ཤེས་པར་ལུས་ཤིང་། ཐ་ན་རང་ཉིད་ཅི་ཞིག་གི་ཆེད་དུ་འཚོ་བར་ཡང་ངོས་ཟིན་གསལ་པོ་ཞིག་མ་ཐོབ་པས་“དགོད་སླ་”ཞིང་“ངུ་སྐྱེན་”པ་ཞིག་ཅིས་མ་ཡིན། ཚིག་རྐང་འདི་གཉིས་ཀྱིས་ཐད་ཀར་དུ་དགེ་ཆོས་མཆོག་གི་མཁྱེན་རབ་དང་དགོངས་དོན། བྱ་བྱེད་ལས་ཕྱོགས་སོགས་བསྟན་ཡོད་ཅིང་། གཏམ་རྒྱུད་བརྗོད་པ་ལྟར་མ་ཡིན་པར་ཅུང་གབ་པའི་ཚིག་གིས་ཁོང་གི་མི་ཚེ་དོན་དུ་སྐྱོ་གར་དུ་འགྱུར་བའི་རྟགས་ལྷང་ལ་ཀེར་ཡོད་དེ་མུ་མཐུད་དུ་“ཐ་སྙད་ཀྱི་རྫ་བུམ་ཆེ་ཆུང་དུ་མ/སིལ་བུར་བཅག་སྟེ/ནམ་མཁའ་དང་ནམ་མཁའ་ཡུག་གཅིག་བསྲེས/རེ་དོགས་ཀྱི་སྐུད་པ་རྒྱ་ཞིག་ཀྱང/རྣམ་གཞག་གི་ཁབ་མིག་ཇི་ལྟར་སྐྱེད/”དགེ་འདུན་ཆོས་འཕེལ་མཆོག་ཆུང་དུས་དཔེ་མི་སྲིད་པའི་“འཚུབས་པོ་”དང་“ངན་པོ་”ཡོད་པ་ནས་དགུང་ལོ་བཅུ་གསུམ་གྱི་སྟེང་བྲིས་པའི་ཀུན་བཟང་འཁོར་ལོས་ཀུན་གྱི་ཡིད་དབང་འཕྲོག་པའི་ལོ་རྒྱུས། ཕྱིས་ཀྱི་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་རྩོད་པ་བྱུང་ཚུལ། འཇམ་དབྱངས་ཡིག་ཆར་དོགས་སློང་མཛད་ཚུལ། ལྷ་རམས་པའི་དམ་བཅའ་ཡང་བསྐྱུར་ཏེ་རྒྱལ་ཁམས་རིག་པས་བསྐོར་བ། ཕྱིར་བོད་དུ་ཕེབས་པ། བཀའ་ཤག་སྲིད་གཞུང་གིས་བཙོན་དུ་བཟུང་པ། བཙོན་གྲོལ་བྱུང་པ། ཞི་བར་གཤེགས་པ་བཅས་ལས་ཁོང་གི་ཐུགས་སྤོབས་དང་མཛད་སྤྱོད་“ཡ་མ་ཟུང་”ལ་རྒྱུས་ཕྲན་བུ་ཞིག་ལེན་ཐུབ། “ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །”ཞེས་ཤོ་ལོ་ཀ་ཉེར་གཅིག་ལྷག་གིས་རང་གི་དགོངས་དོན་གསལ་བོར་བཀྲལ་ཡོད། མདོར་ན་“ཁོང་གི་མི་ཚེ་གང་བོའི་ལྷག་བསམ་དང་དུངས་ཞེན་དེས་ཇི་ལྟར་རྒྱ་བསྐྱེད་ཅིང་། སྲོལ་རྒྱུན་དུ་གྲུབ་པའི་མཁྲེགས་འཛིན་གྱི་རྒྱ་དེ་ལས་འདའ་ཐབས་མེད་ཅེས་རྩོམ་མཁན་གྱིས་ཚོར་འདུ་ཟབ་མོར་ལྗིད་ཏིག་ཏིག་གི་ཚིག་སྦྱོར་དང་། དཔེ་འཇལ་གྱི་སྒོ་ནས་ཐད་བརྗོད་ཀྱི་མཚོན་ཐབས་མ་བཀོལ་བར་ཡིད་བརྙན་དུ་མའི་ཚོགས་གྲུབ་ལས་ཀློག་མཁན་ལ་བསྩལ་བ་ནི་དགེ་ཆོས་ཀྱི་བསམ་བློའི་སྙིང་སྟོབས་ཐད་ཀྱི་མཁའ་དབྱིངས་ཤིག་དང་དུས་དང་བར་སྟོང་གི་སྦྲེལ་བྱེད་ཅིག་ཡིན། ”③
“གཅིག་ནི་ཡོད་པའམ་ཡིན་པ་དང་། ཅིག་ཤོས་ནི་མེད་པ་དང་མིན་པའི་མིག་ཟུང་དེ་ཇི་ལྟར་བགྲད་ཀྱང་/ཁྱེད་རང་མི་ཤོང་བས/”ཞེས་རྟག་ཆད་ཀྱི་ལྟ་བའི་འདམ་དུ་མ་བྱིང་པས་ཁོང་ཉིད་སྐུ་འཚོ་ བཞུགས་ཀྱི་སྐབས་ཏེ་ལྷག་པར་དུ་བཀའ་ཤག་སྲིད་གཞུང་གིས་ངན་བཟུང་བྱས་རྗེས་རང་གི་བུ་སློབ་རྣམས་ཀྱང་ཁོང་ལ་སྲི་ཞུ་སྒྲུབ་བའི་གོ་སྐབས་མེད་པར་བཟོས་ཤིང་“འཇིག་རྟེན་འཇིག་རྟེན་དུ་”སྔ་མོ་ནས་ཤེས་པའི་སྐྱེས་བུ་འདིས་“སྡོམ་ཤོར་”དང་“འཆལ་པོ་”“སྨྱོན་པ་”“ངོ་ལོག་པ་”“གསར་བརྗེ་པ་”“མིག་རྒྱང་ཅན་གྱི་སྐྱེས་མཆོག་”“ལོ་ཙྭ་བ་”“བསམ་བློ་བ་”“མཁས་དབང་”སོགས་དྲང་ལྡོག་གི་ཆོ་ལོ་མང་པོ་ཞིག་བཞེས་བཞིན་“འཇིག་རྟེན་གྱི་མགོ་བོ་ཁྲག་ལ་བསྒྲེས་ཏེ/འཇིག་རྟེན་ལས་འདས་པའི་སྒོ་གླེང་བརྡུངས་པ་ན/”ཞེས་མཐའ་མར་རང་གི་གཅེས་པའི་སྲོག་ཀྱང་དུས་ལ་མ་བབས་པར་ཞིང་གཞན་དུ་གཤེགས་པའི་སྐྱོ་གར་ཛ་དྲག་དེ་བྱུང་པ་རེད། དགེ་ཆོས་ཁོང་ནི་མ་གཞི་ནས་འདྲི་རྟགས་ཤིག་ལགས་ཤིང་། འདྲི་རྟགས་དེ་ནི་དམར་པོ་ཁྲག་དང་མིག་ཆུ། འཁང་ར། འོ་དོད་བཅས་ཀྱིས་གྲུབ་པས་ནམ་ཡང་ང་ཚོ་མི་རིགས་འདིའི་སྙིང་ཁར་འཕང་བའི་ཁོང་གི་“བང་སོ”དེ་ཅིས་མ་ཡིན། སྙན་ངག་འདི་གཅིག་པུའི་ངོས་ནས་ཀྱང་འཇུ་སྐལ་བཟང་ལགས་མཁས་པ་ཡང་ཡིན་ལ་རྩོམ་པ་པོ་ཡང་ཡིན་པའི་འདུ་ཤེས་དེ་ང་ཚོ་ཀུན་ལ་སྐྱེད་ཅིང་། ལྷག་པར་དུ་ཚད་མཐོ་གཅིག་སྒྲིལ་གྱི་སྒོ་ནས་དགེ་ཆོས་མཆོག་གི་ལས་དབང་མཚོན་པར་བྱས་ཡོད་པ་རྩོམ་གྱི་སྒྲིག་གཞི་དང་མཚོན་ཐབས་གང་གི་ཐད་ནས་བལྟས་ཀྱང་ཐལ་སོང་པའི་ཆའམ་མི་རན་པའི་ཆ་མི་འདུག་པས་ན་ཕྱིས་སུའང་འདི་ལྟ་བུའི་བརྩམས་ཆོས་མང་དུ་འབྱུང་པའི་བཀྲ་ཤིས་འཇོག
གསུམ། ལྷ་རྒྱལ་ཚེ་རིང་དང་ཁོའི་སྙན་ངག་བརྩམས་ཆོས་བཤད་པ།
“1985ལོའི་སྟོན་མཇུག་ནས་བཟུང་མི་ཚེ་ལ་བསམ་གཞིག་བྱེད་བཞིན་འཆམ་འཆམ་དུ་ཕྱིན་པའམ། མི་རིགས་ལ་སེམས་ཁྲལ་བགྱིད་ཀྱིན་གཏན་འདུན་ལ་བསྙེགས་པ་ཡིན། མི་ལོ་བཅུ་གཉིས་ཀྱི་རིང་ལ། འཚོ་གཞེས་དང་ཤེས་བརྩོན་ལོ་ཟླའི་རླུང་རླབས་ཡོངས་སུ་བརྒྱུད་ཚེ། སེམས་ཀྱི་མཚོ་མོར་འཕྱུར་བའི་སྤྲོ་བའི་རླབས་ཕྲེང་དང་ཡིད་ཀྱི་མཁའ་ལ་འཐིབས་པའི་སྐྱོ་བའི་དུད་སྤྲིན་ཏེ། བརྗོད་འདོད་པ་ཞིག་བློས་ཐུབ་རྣམས་ལ་ལྷུག་པོར་སྨྲས་པ་དང་། ལེན་འདོད་པ་ཞིག་བརྩེ་བ་ཆེན་པོས་གསེང་མཐོར་བླངས་པ་དེ་དག་ནི་བདག་གི་སྙན་ངག་གོ”④ཞེས་པ་བཞིན་སྐུ་ཞབས་ལྷ་རྒྱལ་ཚེ་རིང་ལ་མཚོན་ན1985ནི་དཀྱོགས་མཚམས་ཤིག་སྟེ། དུས་དེ་ནས་བཟུང་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་རང་ལ་འཚམས་པའི་རྩོམ་གཤིས་ཤིག་ཀྱང་རྙེད་ཡོད་པ་འདི་ཡིན། སྙན་ངག་པ་འདི་བ1962ལོའི་ཟླ6པར་མཚོ་སྔོན་ཁྲི་ཀ་རུ་སྐྱེས་ཤིང་སྔ་རྟིང་དུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་གླིང་སོགས་འགྲིམས་ཏེ་ཐོས་པ་དོན་གཉེར་བྱས་ཤིང་སློབ་ཆུང་གི་དགེ་རྒན་དང་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་ཀྱི་འགན་ཁུར། སྙན་ངག་དང་སྒྲུང་གཏམ་ཁག་གཅིག་ལ་“གངས་རྒྱན་རྟགས་མའི་རྩོམ་རིག་”བྱ་དགའ་དང་“སྦྲང་ཆར་”རྩོམ་རིག་བྱ་དགའ་ཐོབ། སྙན་ངག་《ཕངས་པའི་མཆི་མ་དབང་མེད་བཞུར་》དང་《ནོར་གནག་》སོགས་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་དུའང་བདམས་བཏུས་བྱས་ཡོད། པར་སྐྲུན་བྱས་པའི་དཔེ་དེབ་ལ་སྙན་ངག་གཅེས་བསྡུས་《སྐྱ་རེངས་ལྷ་མོའི་འབོད་བརྡའ་》ཞེས་པ་དང་གཞན་དང་མཉམ་འབྲེལ་བགྱིས་ཏེ་བྲིས་པའི་རྩོམ་རིག་གཞུང་ལུགས་ཀྱི་བསླབ་དེབ་《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་》ཞེས་པ་ཞིག་ཀྱང་ཡོད། ད་ལྟ་ཁོས་གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་དགེ་རྒན་ཆེ་མོ་གཞོན་པ་དང་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་བཅས་ཀྱི་འགན་གཅིག་ལྕོགས་ཀྱིས་ཁུར་ཡོད་དོ། །ཁོས་ཚིགས་བཅད་ཀྱིས་ལམ་ནས་བྲིས་པའི་སྙན་ངག་ལ་གཙོ་བོ། 《ཕངས་པའི་མཆི་མ་དབང་མེད་བཞུར་》དང་《མཚོ་བྱུང་ལྷ་མོའི་ཕྱག་ལས་རིན་ཆེན་རྒྱུད་མང་གཡར་རྗེས》《སྐྱ་རེངས་ལྷ་མོའི་འབོད་བརྡའ》《ན་ཟླ་ཚོ། གླུ་ཞིག་ལོངས་དང་》བཅས་དང་། གྲོལ་བའི་སྙན་ངག་ལ་གཙོ་བོ་《ནོར་གནག》《ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་གྱི་སྐད་ཆ་དེ》《མཛའ་མོའི་སྙིང་གཏམ》《དེ་ནི་ཁྱོད་ཡིན་ནམ》《འཛིན་མའི་གདུང་དབྱངས་》སོགས་ཤིན་ཏུ་མང་ངོ་། །
སྙན་ངག་པ་ལྷ་རྒྱལ་ཚེ་རིང་གི་སྙན་དེབ་《སྐྱ་རེངས་ལྷ་མོའི་འབོད་བརྡའ་》ཡི་ནང་དུ་སྙན་ངག་རིང་ཐུང་བརྒྱ་དང་ཉི་ཤུ་ལྷག་བསྡུས་ཡོད་ཅིང་བམ་པོ་ཁག་ལྔ་རུ་བགོས་ཡོད། བམ་པོ་ཁག་དང་པོའི་ཁ་བྱང་ལ་《རྟོགས་སད་ཀྱི་གླུ་སྒྲ། བྲག་ཅ་བརྒྱུད་ནས་འོང་....》ཞེས་པ་དེ་ཡིན་ཞིང་དེའི་ནང་དུ་《སྐྱ་རེངས་ལྷ་མོའི་འབོད་བརྡའ་》དང་《རེ་འབོད》《ཕངས་པའི་མཆི་མ་དབང་མེད་བཞུར》《གླུ་ཞིག་ལོངས་དང་། ན་ཟླ་ཚོ། 》སོགས་སྙན་ངག་ཁག་གཅིག་བསྡུས་ཡོད་ཅིང་ཚང་མ་ཚིགས་བཅད་སྙན་ངག་ཡིན་ཞིང་ཚིག་རྐང་བཅོ་ལྔ་རྐྱང་ཡིན། བམ་པོ་འདིར་བསྡུས་པའི་ཚིགས་བཅད་སྙན་ངག་མང་ཆེ་བ་སྙན་ངག་པའི་ཚབ་བྱེད་བརྩམས་ཆོས་ཡིན་ཞིང་སྙན་དེབ་འདིའི་དབུར་འཇོག་དོན་ཡང་རྒྱུ་མཚན་དེ་འདྲ་ཞིག་ལ་རག་ལས་པས་ཨེ་ཡིན་ནམ་སྙམ། བཞག་པའི་ཁ་བྱང་ལ་བལྟས་ནའང་སྙན་ངག་པའི་བསམ་དོན་རྟོགས་ཐུབ་བོ།། བམ་པོ་གཉིས་པའི་མིང་ལ་《རྒྱུད་མངས་སྙན་པར་སྦྲེང་བཞིན།ལོ་ཟླའི་རླུང་རླབས་རྗེས་སུ་དྲན་》ཟེར་ཞིང་རང་མོས་སྙན་ངག་གི་སྐོར་ཏེ། 《གཏམ་རྒྱུད་》དང་《དཀའ་སྡུག་གི་ལོ་ཟླ》《རྡོ》《མེ》《ནོར་གནག་》སོགས་ཀྱིས་གྲུབ། འདི་ནི་གཙོ་བོ་འདས་ཟིན་པ་ཕྱིར་དྲན་བགྱིས་ནས་བྲིས་པ་ཞིག་རེད་ཀྱང་རེད་ལ་བརྩམས་ཆོས་མང་ཆེ་བས་ཅུང་ཁ་ལྷོད་པོའི་སྒོ་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་རང་གི་ཚོར་བ་སྦྱར་ཏེ་བདེ་སྡུག་གླུ་རུ་བླངས་པ་ཞིག་རེད། 《མིག་ཟུང་ལ་ཞེན་པའི་མཆི་མ་འཁོར་བཞིན། ཁེར་རྐྱང་དུ་ཁྱོད་ལ་རྒྱང་འབུད་བྱས་》བྱ་བ་ནི་བམ་པོ་གསུམ་པའི་ཁ་བྱང་ཡིན་ཞིང་འདིའི་ནང་དུ་《རྒྱུད་མངས་སྦྲེང་བའི་གཞོན་ནུ་མ་》དང་《ཁྱོད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ》《སླར་ཡང་སད་པའི་རྣམ་ཤེས》《མཛའ་ན་མོའི་སྙིང་གཏམ》《དེ་ནི་ཁྱོད་ཡིན་ནམ་》སོགས་བསྡུས་ཡོད་ཀྱང་བརྗོད་བྱ་ཕལ་ཆེ་བ་ཕོ་མོའི་བརྩེ་དུང་གི་སྐོར་རེད། བམ་པོ་བཞི་པ་《སྔོ་བསངས་ཡིད་ཀྱི་མཚོ་མོ་རུ། སྙན་ཚིག་རླབས་ཀྱི་མེ་ཏོག་འཛུམ་》བྱ་བ་ཡིན་ཞིང་ནང་དོན་སྣ་ཚོགས་འདུ་བའི་ཐོར་རྩོམ་གྱི་སྐོར་རེད། བམ་པོ་ལྔ་པ《ལྗང་ལོ་འབུས་པའི་ཡལ་ག་རུ། དཔྱིད་ཀྱི་རེ་འདུན་བྱིའུས་གྱེར་》བྱ་བ་ཡིན་ཞིང་དཔྱིད་ནས་ཡོད་ཚད་འགོ་འཛུགས་པའི་དཔེ་བཞིན་འདི་ཡང་དེ་ལྟ་བུ་ཞིག་ཡིན་པར་ངེས་ཏེ་བརྗོད་བྱ་ཅུང་སྣ་ཚོགས་ཡིན་ཡང་དཔྱིད་དང་འབྲེལ་བའི་སྙན་ངག་མང་ཞིང་། གཞན་ཡང་སྐུ་ཞབས་ཡི་དམ་ཚེ་རིང་དང་རྟ་མགྲིན་མགོན་པོ་གཉིས་དང་འབྲེལ་བའི་སྙན་ངག་དང་། བུ་མོ་དང་ཕ་མ། གྲོགས་པོ་བཅས་པར་འབྲེལ་བའི་སྙན་ངག་འགས་གྲུབ་པའོ། །
“རྩོམ་པ་པོ་ཁོ་རང་གི་གསར་རྩོམ་གི་བཤུལ་ལམ་རིང་མོར་དམིགས་ཏེ་བཤད་ན་དཔེ་དེབ་འདི་ཁོའི་འགོ་བཟུང་བའི་ཟིན་ཐོ་ཙམ་དང་། རང་ཉིད་ཀྱི་གསར་རྩོམ་གྱི་ལམ་བུ་འཚོལ་བའི་འཚོལ་སྙེག་ཙམ་ལས། ཁོའི་གྲུབ་ཚར་བའི་གཤིས་ཀ་དང་སྨིན་ལེགས་པའི་འབྲས་རྡོག་གཅིག་རེད་ཅེས་བདག་གིས་མི་སེམས། རྒྱུ་མཚན་ནི་ཁོ་རང་ད་དུང་ལོ་ན་ཆུང་བ་དང་མ་འོངས་པའི་གསར་རྩོམ་གྱི་ལམ་བུ་ཤིན་ཏུ་རིང་ལ། ལྷག་པར་དུ་དེབ་འདིའི་ནང་གི་སྙན་རྩོམ་ལ་རྒྱུན་གཅིག་པའམ་མཐའ་གཅིག་པའི་གྲུབ་ཟིན་ཀྱི་ཁྱད་རྟགས་མེད་པས་སོ། །”⑤ཞེས་པ་ཕྱོགས་གཅིག་ནས་ཅུང་གནད་དུ་འཁེལ་མོད་ཀྱང་། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཕྲན་གྱིས་སྣང་ངོར་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ལ་འཇུ་སྐལ་བཟང་དང་ལྗང་བུ་སོགས་ལས་ལོགས་སུ་བཀར་ཆོག་པའི་རྩོམ་གཤིས་ཤིག་ཆགས་འདུག་སྙམ་མོ།། ཞོལ་ནས་ང་ཚོས་ཁོའི་ཚིགས་བཅད་སྙན་ངག་《ཕངས་པའི་མཆི་མ་དབང་མེད་བཞུར་》དང་། གྲོལ་བའི་སྙན་ངག་《ནོར་གནག་》གཉིས་གསེད་བཀྲོལ་ཕྲན་བུ་བྱས་ཏེ་སྣང་ཚུལ་དེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་བྱའོ།། ཚིགས་བཅད་སྙན་ངག་《ཕངས་པའི་མཆི་མ་དབང་མེད་བཞུར་》ལ་ཤོ་ལོ་ཀ་དྲུག་དང་ཚེག་ཁྱིམ་བཅོ་ལྔ་ཡོད། ཤོ་ལོ་ཀ་དང་པོ་ནི་“བཅོ་ལྔའི་བུ་མོ་སློབ་གྲྭར་མི་སྐྱེལ་ནུ་ལྡན་མཛོ་མོར་བརྗེ་སྐབས་སུ། །ཡིད་འཕྲོག་སྐེད་ཕྲ་བག་ལ་མ་སོང་ཁྲམ་པས་བཙན་སྤྱོད་བྱེད་སྐབས་སུ། །བརྩོན་ལྡན་སྒེག་མོ་གནས་ནས་མ་འགྲིག་ངེས་མེད་ས་མཐར་འཁྱམས་སྐབས་སུ། །བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །”ཞེས་པ་ཡིན་ཞིང་། འདི་ལས་གཙོ་བོ་བོད་རིགས་བུད་མེད་ཚོའི་དོ་མི་མཉམ་པའི་ལས་དབང་གི་སླད་དུ་སྙན་ངག་པས་སེམས་ཁོང་རུས་པའི་གཏིང་ནས་ཨག་འབོད་བྱས་པ་སྟེ། ལོ་རབས་བརྒྱད་ཅུའི་ནང་དུ་ཏང་གི་སྲིད་ཇུས་བཟང་པོའི་ཉི་ཟེར་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་འཕྲོས་ཡོད་རུང་ད་དུང་རྗེས་ལུས་ཀྱི་གནས་ཡུལ་ཁ་ཤས་ན་སྲོལ་རྙིང་གིས་ཁ་ལོ་སྒྱུར་དང་བསྒྱུར་མུས་ཡིན་ཞིང་། ལྷག་པར་དུ་རང་རེའི་ཁ་བ་ཅན་གྱི་ཡུལ་གྲུ་ཕལ་མོ་ཆེ་ན་“ཕོ་མཆོག་མོ་དམན་”གྱི་ལྟ་ཚུལ་མི་ལེགས་པ་ཞིག་གིས་ཀུན་ནས་ཁྱབ་ཡོད་ཅིང་། ན་ཆུང་བུ་མོ་སློབ་གྲྭར་མི་སྐྱེལ་བ་དང་ཡིད་འཕྲོག་མཛངས་མའི་ལང་ཚོ་ཅི་འདོད་དུ་བཅོམ་པ། གཞུང་དྲང་བུ་མོ་གནས་ནས་འཁྱར་བ་སོགས་ནི་རྒྱུན་ལྡན་གྱི་སྣང་ཚུལ་འབའ་ཞིག་ཏུ་གྱུར་འདུག་གོ། རླབས་ཆེན་གྱི་སྐྱེས་ཆེན་ཞིག་གིས་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་པར་བསྔགས་པའི་ལེགས་བཤད་དང་འུ་ཅག་གི་དོན་དངོས་ཀྱི་བར་ཐག་ཇི་འདྲའི་རྒྱང་ཐག་རིང་ཨང་། དགེ་ཆོས་མཆོག་གིས་ཀྱང་སྣང་ཚུལ་འདི་ལ་དམིགས་ཏེ་“ཁྱོ་བོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ། །ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས། །རང་ལུས་ཕྱེད་གཤག་མི་ཡི་རྐ་ལག་ཅན། །སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པ་དཀའ། །”ཞེས་གསུངས་སོ། །
“རོང་འབྲོག་བྱིས་པ་སློབ་གྲྭར་མི་སྐྱེལ་ར་རྫི་ལུག་རྫིར་མངགས་སྐབས་སུ། །གདུལ་བའི་སྟོང་བའི་སློབ་གྲྭའི་ར་སྐོར་རྩྭ་དང་ལྡུམ་བུས་ཁེངས་སྐབས་སུ། །སློབ་ཁང་རྩིག་པ་ཆར་གྱིས་རྣམ་འཇིག་དགེ་རྒན་ཆང་ལ་རོལ་སྐབས་སུ། །ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །”འདི་ནི་ཤོ་ལོ་ཀ་གཉིས་པ་སྟེ་ནང་དོན་གཙོ་བོ་ནི་རང་རེའི་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་ཚུལ་བསྟན་པ་ལགས། འུ་བུ་ཅག་འཚོ་སྡོད་བྱེད་སའི་ཁོར་ཡུག་ཀུན་ན་ན་མཉམ་བྱིས་པ་མང་པོ་ཁྱུ་དང་ཁྱུ་བྱས་ཏེ་ཕྱུགས་རྫིར་བྲེལ་ཞིང་། འཇག་མ་དང་རྩྭ་ལྡུམ་གྱིས་གཡོགས་པའི་སློབ་གྲྭ་མ་ལུས་སྨུག་ལོང་དང་ན་བུན་གྱི་ཁྲོད་ན་ཁེར་རྐྱང་གི་ཚུལ་དུ་ལུས་ཤིང་། དགེ་རྒན་གྱི་མིང་འཛིན་པ་མང་པོ་ཞིག་མ་ཅང་དང་ཆང་ལ་རོལ་བའི་སྣང་ཚུལ་དེ་མིག་ལམ་དུ་མངོན་རྒྱུ་ཕར་ཞོག་རྣ་བའི་ཐོས་པ་ཙམ་གྱིས་ཀྱང་“ཕངས་པའི་མཆི་མ་དབང་མེད་”ཅིའི་ཕྱིར་མི་བཞུར། སློབ་གསོ་ལ་མཐོང་ཆེན་མི་བྱེད་པའི་མི་རིགས་ཤིག་གིས་ནམ་ཡང་འཕེལ་རྒྱས་གླེང་ཐབས་བྲལ་ཞིང་། གཏན་དུ་གོག་མ་ནུར་གྱིས་མདུན་ཕྱོགས་སུ་བསྐྱོད་པའི་མི་རིགས་ཤིག་ཇི་སྲིད་དེ་སྲིད་བར་དུ་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་དཀའ་སྙམ་མོ།།“དབུ་དཀར་རྒན་པས་ཀ་ཁ་མི་ཤེས་འདི་ཕྱིའི་མ་ཎྀ་ཟློ་སྐབས་སུ།། སོ་དཀར་གཞོན་པས་དབྱངས་བཞི་མི་ཤེས་བྲང་ཁར་གསེར་སྨྱུག་འདོགས་སྐབས་སུ། །སེམས་དཀར་བཙུན་པས་ཚེག་བརྡར་མི་ཤེས་ཁྱིམ་པར་རིམ་གྲོ་སྒྲུབ་སྐབས་སུ། །ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར།།”སློབ་གསོ་ལ་མཐོང་ཆེན་མ་བྱས་པའམ་སློབ་གསོ་མ་མྱངས་པའི་མཇུག་འབྲས་ནི་རྒན་མགོ་དཀར་ནས་གཞོན་སོ་དཀར། བར་སེམས་དཀར་བཙུན་པ་མ་ལུས་རྨོངས་པས་བསྒྲིབས་ཤིང་། ཕྱི་ཚུལ་ནས་མར་གྱུར་སེམས་ཅན་གྱི་དོན་དུ་ཡིག་དྲུག་འདྲེན་པ་དང་། ཕྱི་རྫིག་ནང་སྟོང་གི་སྣང་ཚུལ་ལ་སྙིང་པོ་མེད་པ་ཡང་གདམས་པའོ། །ཤོ་ལོ་ཀ་བཞི་པར་མཚོན་ནའང་སློབ་གསོའི་སྐོར་ལགས་པས་གོང་ནས་གླེང་པར་རིགས་འགྲེ་བར་འཚལ། ཤོ་ལོ་ཀ་ལྔ་པ་ནི་“བློ་སེམས་གངས་རིའི་ཕྲག་པར་ནག་ནོག་ས་རྡུལ་སྟོང་གིས་དཀྲིས་སྐབས་སུ། །བློ་སྤོབས་བྲག་རིའི་ཟོམ་ལ་མཆུ་ནག་ཁྭ་ཏས་གཤོག་རྡེབ་རྒྱག་སྐབས་སུ། །བློ་གྲོས་སྤང་རིའི་ཕང་བར་བྱི་ལོང་འབུམ་གྱིས་ས་འབུར་སྤུངས་སྐབས་སུ། །ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །”ང་ཚོ་བོད་པ་མི་རིགས་ནི་ཀུན་གྱིས་ངང་རྒྱུད་རིང་ཞིང་གཤིས་རྒྱུད་འཇམ་ལ། སྙིང་རྗེ་ཆེ་ཞིང་འདོད་ཆུང་ཆོག་ཤེས་ཅན་གྱི་མི་རིགས་ཤིག་གོ་ཞེས་སྨྲ་བར་བྱེད། དེང་གི་དུས་འདིར་ཡང་ང་ཚོས་སྔར་གྱི་རྣམ་ཐར་བསྐྱངས་ན་འོས་པའི་ཆ་དང་མི་འོས་པའི་ཆ་གཉིས་ཀ་ཡོད་སྲིད་དོ། །ཤོ་ལོ་ཀ་འདི་ལས་སྙན་ངག་པས་ང་ཚོ་མི་རིགས་ཀྱིས་ཀྱང་རང་གི་བློ་དང་སྤོབས་པར་བརྟེན་ཏེ་མ་འོངས་དུས་རབས་གསར་པ་ཞིག་བསུ་བར་སྐུལ་མ་དང་། ཧ་ཅང་རྗེས་ལུས་ཀྱི་གནས་བབ་དང་ཚད་ལས་བརྒལ་བའི་འདོད་ཆུང་ཆོག་ཤེས་ཀྱི་ངང་ཚུལ་ལ་ཟུར་ཟ་དང་སུན་འབྱིན་ཡང་བྱས་ཡོད། “མདུན་སྐྱོད་ཅང་ཤེས་རྟ་ཕོར་དབང་བསྒྱུར་སྒྲོག་གིས་ཉེ་བར་བཅིངས་སྐབས་སུ། །རང་དབང་ཁྱུང་དཀར་མཛོ་ལ་གཞན་དབང་སྣ་ཐག་རིང་མོ་སྤྲོད་སྐབས་སུ། །བདེ་སྐྱིད་གཡང་དཀར་ལུག་ལ་བཤུ་གཞོག་ཁེ་གྲིས་ཡང་ཡང་འབྲེག་སྐབས་སུ། །ཀྱེ་མ་བདག་གི་འདྲེན་བྱེད་ཟུང་ལས་ཕངས་པའི་མཆི་མ་དབང་མེད་བཞུར། །”ཞེས་པ་ནི་ཆེས་མཇུག་མཐའི་ཤོ་ལོ་ཀ་སྟེ་དཔེ་དང་དཔེ་ཅན་བསྣོལ་མར་སྦྲེལ་ནས་སྙན་ངག་མཁན་པོས་རང་རིགས་ད་དུང་ཧ་ཅང་ཕྱོགས་ཡོངས་ནས་རྗེས་ལུས་ཡིན་ཚུལ་ཚད་མཐོ་བའི་གཅིག་འགྲིལ་གྱིས་སྒོ་ནས་སྨྲས་ཡོད། སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ནི་དཔེས་དཔེ་ཅན་གསལ་བར་བྱས་ཤིང་དེས་ཐད་ཀར་དུ་བརྗོད་བྱ་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་པར་མ་ཟད་མཐའ་མཇུག་གི་“ཕངས་པའི་མཆི་མ་དབང་མེད་བཞུར”ཞེས་པས་ཀློག་པ་པོས་སྙན་རྩོམ་གྱི་གོ་བ་ལེན་པར་གྲུ་བ་ཕྱར་འདེགས་ཀྱི་ནུས་པ་ཐོན་ཡོད། ཚིག་སྙན་ཞིང་ལྷོད་ཤ་ཆེ་ལ། ཅུང་ཐབས་མཁས་ཀྱི་སྒོ་ནས་བརྡ་རྙིང་དང་མངོན་བརྗོད་རེ་ཟུང་ཡང་སྙན་རྩོམ་གྱི་ནང་དུ་བཀོལ་བ་ལྷ་རྒྱལ་ཚེ་རིང་གི་སྙན་ངག་བརྩམས་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ཁོ་བོས་སེམས་སོ། །
ལྷ་རྒྱལ་ཚེ་རིང་གི་གྲོལ་བའི་སྙན་ངག་《ནོར་གནག་》ཀྱང་སྤྱི་ཚོགས་སྟེང་དུ་བག་ཆགས་ཅུང་ཟབ་པའི་བརྩམས་ཆོས་ཤིག་ཡིན། དགོང་ཚོགས་སམ་སྤྲོ་ཚོགས་མང་པོའི་སྟེང་ནས་ན་གཞོན་བུ་སློབ་མ་མང་པོས་སྙན་ངག་འདི་མཐོ་རུ་གྱེར་བའང་ཁོ་བོས་དངོས་སུ་མཐོང་མྱོང་། “ནོར་གནག་ནི་བོད་འབྲོག་པ་མང་ཚོགས་ཀྱིས་མགོར་ཕུབ་པའི་སྦྲ་ནག་དང་རྐང་ལ་གྱོན་པའི་ཀོ་ལྷམ། ཁ་ལ་ཟ་བ་དང་འཐུང་བའི་མར་ཕྱུར་དང་འོ་ཞོ། འགྲིམ་འགྲུལ་གྱི་བཞོན་ཁང་དང་ཉོ་ཚོང་གི་ཚོང་ཟོག་སོགས་འཚོ་བའི་རྟེན་གཞི་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་ཕུལ་བྱུང་ཞིག་ཡིན་པར་མ་ཟད། བོད་རོང་པ་རྣམས་ཀྱི་རྨོན་ཟོག་ཀྱང་ནོར་ནག་གི་རྒྱུད་ཤ་སྒ་ཡིན་པས་ནོར་ནག་ལ་རྩིས་མཐོང་ཆེ་བ་དང་། ལྷ་དང་སྲུང་མ་རྟེན་པའི་རྟེན་རྫས། ཡུལ་ལྷ་གཞི་བདག་མཆོད་པའི་རྔན་རྫས་སོགས་ཀྱང་ཡིན། ”⑥གོང་གི་ཚིག་དུམ་འདིས་བདག་ཅག་གི་ཡིད་ལ་ངེས་ཤེས་གསལ་པོ་ཞིག་འདྲོངས་པ་ནི་ནོར་ནག་གི་རིན་ཐང་དང་དགེ་མཚན་ཡིན། སྙན་ངག་པ་འདི་བས་བྲིས་པའི་གྲོལ་བའི་སྙན་ངག་《ནོར་གནག་》ལ་ཚན་པ་བཞི་ཡོད་དེ། ཚན་པ་དང་པོའི་ནང་དུ་གཙོ་བོ་སྤྱི་བམ་ཙམ་ཞིག་སྟེ་ནོར་ནག་དང་རྩྭ་ཐང་གི་འབྲེལ་བ་སྲད་བུར་རྒྱུས་ཏེ་འདས་ཟིན་པར་ཕྱིར་དྲན་དང་གདེང་འཇོག་བྱས་ཡོད། ཚན་པ་དང་པོའི་ནང་ནས་ཐ་སྙད་“གྲུ་གཟིངས་”དང་“གཏམ་རྒྱུད་”“ལོ་རྒྱུས་”“གླུ་གཞས་”“བརྩེ་དུང་”“ལྷག་བསམ་”སོགས་འབྱུང་པ་ལས་ཀྱང་འདས་ཟིན་པའི་ཁ་སང་གི་ལོ་རྒྱུས་ནང་དུ་ནོར་ནག་གིས་ང་ཚོའི་འཚོ་བའི་ཁྲོད་ནས་གོ་གནས་ཅི་ཙམ་ཞིག་ཟིན་ཡོད་ཚུལ་ཡིད་ངོར་བརྣག་ཐུབ། ཚན་པ་དང་པོར་ཚིག་རྐང་ལྔ་ལས་མེད་དེ“ཉིན་བྱེད་ཁྱོད་ཀྱི་རྭ་བར་ནས་ཤར་ཞིང་ནུབ/རྩྭ་ལྗང་ཁྱོད་ཀྱི་རྨིག་བར་ནས་སྐྱེས་ཤིང་བསྐམས/ཁྱོད་ཀྱི་མིག་མདངས་ཁྲོད/སྐྲ་ལོ་ཟིང་བའི་འབྲོག་ཕྲུག་གིས་ཁྱོད་ཀྱི་འོ་ཞོ་འཐུང་བཞིན/སྐྱེན་པར་འཚར་ལོངས་བྱུང་འཚར་ལོངས་བྱུང/ཁྱོད་ཀྱི་མིག་མདུན་དུ/ཁ་ཚུབ་ཕྱེ་བའི་སྦྲ་ཁྱིམ་ཁྱོད་ཀྱི་རྩིད་པས་འཐག་བཞིན....”ཞེས་ནོར་ནག་ལ་ངོམ་དུ་རུང་བའི་ལོ་རྒྱུས་ཡོད་པ་གསལ་བཤད་བྱས་པ་ལ་བརྟེན་ནས་འུ་ཚོར་བསམ་གཞིག་སྣ་ཚོགས་ཀྱི་སྒོ་མོ་ངང་གིས་ཕྱེས་ཡོད་དོ། །
འདི་ནི་སྙན་ངག་གི་བཟང་ཆ་ཉག་གཅིག་རེད། མཚམས་ལན་རེར་སྙན་ངག་པ་ལྷ་རྒྱལ་ཚེ་རིང་གི་གྲོལ་བའི་སྙན་ངག་རེ་ཟུང་གི་ཚིག་དོན་ལྷོད་དྲགས་པའི་ཆ་ཡང་མཆིས་པ་སྙན་ངག་འདི་ལས་ཀྱང་སྣང་ཚུལ་དེ་ཤེས་ཐུབ་པ་བཞིན་ནོ། །(གྱེར་འདོན་སྙན་ངག་ཡིན་པའི་ཆ་ནས་སྣང་ཚུལ་དེ་མཐའ་གཅིག་ཏུ་སྐྱོན་ཆ་ཁོ་ནར་མཐོང་དགོས་དོན་ཡང་མེད་དོ། །)
ཚན་པ་གསུམ་པར་“རྩྭ་ཐང་ལ་དཔྱིད་དཔལ་རྒྱས་དུས/གཡང་ཕྱུགས་ནོར་གནག་ཁྱོད་ཀྱིས/སྟག་ཤར་གྱི་དཔའ་སྙིང་ཁུར་ནས/སྨན་ཤར་གྱི་བརྩོན་སེམས་ཁུར་ནས/ཨ་མའི་བྱམས་བརྩེ་ཁུར་ནས/”“མཛེས་སྡུག་གི་དབྱར་ས་ལ་འགྲོ་མགོ་ཚུགས། ”ནོར་ནག་ནི་རྩྭ་ཐང་གི་གྲུ་གཟིངས་ཡིན་པར་སུས་ཀྱང་བསྙོན་དུ་མེད་པའི་དབང་གིས་ནོར་ནག་གི་འོས་འགན་ལྕི་ཞིང་བགྲོད་ལམ་རིང་བ་རེད། དབྱར་ས་ནས་དགུན་ས་དང་དགུན་ས་ནས་དབྱར་ས། སྐྱས་སྤོ་ཐེངས་དུ་མའི་རྗེས་ནས་འུ་ཅག་གི་ནོར་ནག་ཀྱང་རྒས་ཤིང་འཁོགས་ཀྱིན་པ་སུས་ཀྱང་ཚོར་མ་བྱུང་ངོ་། །
ཚན་པ་བཞི་པར་སྨྱུག་ཁ་སྐོར་ཐེངས་གཅིག་གིས་མ་འོངས་པ་བྲིས་ཡོད་དེ། “དུས་དེར་ཁྱོད་ཉིད་རབ་དཀར་གངས་རིའི་འདབས་རོལ་གྱི/ལྗང་མདོག་གི་མཚེར་ས་དེར་ཐོན་པར་ངེས/དེའི་སྐབས་སུ/ཨེ་མ/རྩྭ་ཐང་གི་དབྱར་གསུམ་དེ་ཁྱོད་ཀྱི་མིག་མདངས་ཁྲོད/ལྗང་མདོག་ནས་ལྗང་མདོག་ཏུ་འགྱུར་བར་ངེས/རྫ་སྟོད་ཀྱི་གངས་རི་དེ་ཁྱོད་ཀྱི་མིག་མདངས་ཁྲོད/མཐོ་ནས་མཐོ་རུ་མངོན་པར་འཕགས་པར་ངེས/”ཞེས་འབྱུང་འགྱུར་ལ་ཡིད་ཆེས་དང་རེ་བ་བཅོལ་ཏེ་རྩོམ་པ་པོའི་མཐའ་མཇུག་གི་དགོངས་དོན་བསྟན་པ་རེད། འདི་ལས་ཀྱང་“སྙན་ངག་ནི་མིའི་རིགས་ཀྱི་སེམས་ཁོང་གི་སྒྲ་དབྱངས་དང་། ཤེས་རབ་ཀྱི་ཉི་འོད། དཀའ་སྡུག་ཁྲོད་ཀྱི་ལྷ་སྒྲུང་ཡིན་”པ་ཤེས་སླའོ། །སྙན་ངག་པ་“ཁོས་དེ་ལྟར་སྙན་ངག་གི་ཁ་གཏོད་ཡུལ་དང་། རྣམ་པར་རྟོག་སྟངས་དང་འབྲི་ཐབས་སོགས་རྩ་བའི་སྟེང་ནས་སྙན་ངག་གསར་པར་རྐང་བཙུགས་ཤིང་། རྗོད་བྱེད་དང་སྒྲིག་གཞི་དབྱངས་འགྲོས་སོགས་རྣམ་པའི་སྟེང་ནས་སྲོལ་རྒྱུན་སྙན་ངག་དང་ཉེ་བར་བཏུད་དེ། སྙན་ངག་གསར་རྙིང་གཉིས་པོ་འདིར་ཟུང་འཇུག་ལེགས་པར་མཛད་ཡོད་དོ། །”⑦
བཞི། ཨོ་རྒྱན་རྡོ་རྗེ་དང་ཁོའི་སྙན་ངག་བརྩམས་ཆོས་བཤད་པ།
སྙན་ངག་པ་ཨོ་རྒྱན་རྡོ་རྗེ་ལགས་ནི་1961ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་དུ་སྐྱེས་ཤིང་། 1978ལོར་ལྷོ་ཁ་ཤར་འོད་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས། ལྷོ་ཁ་ལྷུན་རྩེ་རྫོང་སློབ་འབྲིང་གི་དགེ་རྒན་གྱི་འགན་ཁུར། 1983ལོ་ནས་རྒྱལ་ནང་གི་བོད་ཡིག་དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱི་སྟེང་དུ་སྙན་ངག་གཙོ་ཡིན་པའི་རྩོམ་རིག་བརྩམས་ཆོས་བརྒྱ་ལ་ཉེ་བ་ཙམ་སྤེལ། སྒྲུང་གཏམ་《ཕྲག་དོག་ཅན་གྱི་ཅོ་ཀ་》དང་《མཇུག་འབྲས་》སྙན་ངག་《སྒེར་མེད་ཀྱི་ལེགས་སྐྱེས》《མཐོ་སྒང་གི་རླུང》《མི་ཆུང་གི་འགྱིང་གླུ》《རྨི་ལམ་》སོགས་སྔ་གཞུག་ཏུ་《བོད་ཀྱི་སྒྲུང་གཏམ་འདེམས་སྒྲིག་》(1985)དང་《བོད་ཀྱི་དེང་རབས་བརྩམས་སྒྲུང་》(1988)《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་》(1994)བཅས་ཀྱི་ནང་དུ་བསྡུས། ཁོས་རྩོམ་རིག་བརྩམས་ཆོས་ལས་གཞན་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ཀྱི་ཐད་དུའང་ལག་རྗེས་མི་དམན་པ་བསྐྲུན། 1999ལོའི་ཟླ་11པར་ཨོ་རྒྱན་རྡོ་རྗེས་ཧྥ་རན་སུའི་སྙན་ངག་དུས་ཆེན་ལ་ཞུགས། ཁོའི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་སྐྱེས་མང་ཙམ་ཐོབ་མྱོང་། དཔེ་དེབ་ཐོག་མ་《མཐོ་སྒང་གི་རླུང་》ཞེས་པ་པར་སྐྲུན་བྱས་ཟིན་ཞིང་སྙན་རྩོམ་ཕྱོགས་བསྒྲིགས་དེབ་གཉིས་པ་《གངས་ལྗོངས་ཀྱི་གཏམ་རྒྱུད་》ཅེས་པའང་པར་སྐྲུན་གྲ་སྒྲིག་གི་ལས་སུ་ཞུགས་ཟིན། སྙན་ངག་པ་འདི་བའི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ལ་གཙོ་བོ་《མཐོ་སྒང་གི་རླུང་》དང་《རྨི་ལམ》《ངས་ཁྱོད་ལ་ཁ་རྡུང་གཏོང》《མི་ཆུང་གི་འགྱིང་གླུ་》སོགས་ཡོད་དོ། །ད་ལྟ་སྐུ་ཞབས་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ས་ཁུལ་རྩོམ་པ་པོ་དང་དམངས་ཁྲོད་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི། 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་》གྱི་གཙོ་སྒྲིག་པའི་འགན་བཅས་གཅིག་ལྕོགས་ཀྱིས་ཁུར་ཡོད་དོ། །
སྐུ་ཞབས་ཨོ་རྒྱན་རྡོ་རྗེ་ཡི་སྙན་ངག་བརྩམས་ཆོས་མང་པོ་ཞིག་ལ་དགེ་རྒན་ཆེན་མོ་ཀུན་ཡི་ཧྥང་དང་དཔྱད་བརྗོད་པ་བདུད་ལྷ་རྒྱལ། རྩོམ་སྒྲིག་པ་ཚེ་རིང་དོན་གྲུབ་བཅས་ཀྱིས་སོ་སོར་《བོད་ཀྱི་དེང་རབས་རྩོམ་རིག་》(1994)དང་《བོད་རྩོམ་གསར་བ་བདམས་བཀོད་དང་དེ་དག་གི་བཤད་པ་》(1998)《སོ་ལྟ་དང་གཟབ་ཉན་》(2005)བཅས་ན་ཟུར་མི་འདྲ་བ་ནས་སྤྲོས་ཡོད་པས་འདིར་མང་དུ་སྨྲ་བའི་ཚིག་ཉོག་བསྐྱུངས་པ་ཡིན། འདིར་དཔྱད་པར་བྱ་བ་ནི་སྙན་ངག་པས་བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་འདི་འདིང་པ་པོའི་གྲས་ཤིག་སྐུ་ཞབས་དོན་གྲུབ་རྒྱལ་ལ་རྗེས་དྲན་གྱི་ཚུལ་དུ་བྲིས་པའི་སྙན་ངག་《ངས་ཁྱོད་ལ་ཁ་རྡུང་གཏོང་》ཞེས་པ་དེ་ཡིན། འདི་ལ་དཔྱད་བརྗོད་འབྲི་བར་རྒྱུ་མཚན་དམ་དུམ་འགའ་ཡོད་དེ། ཐོག་མར་གྲོལ་བའི་སྙན་ངག་གི་ལུགས་འདི་འབྲི་བའི་དབུ་སློང་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ཁོང་ཡིན་པས་ན་ལུགས་དེའི་ལམ་ནས་ཁོང་གི་མི་ཚེ་དང་འབྲེལ་ཏེ་རྗེས་དྲན་གྱི་ཚུལ་དུ་བྲིས་པའི་སྙན་ངག་ཕུལ་དུ་བྱུང་བ་མེད་པ་དང་། གཞན་དུ་ན། ཨ་བུའམ་ཆོས་སྐྱོང་གིས་བྲིས་པའི་《རང་གྲོལ་ཞིབ་འཇུག་》ཏུ་སྙན་ངག་བརྩམས་ཆོས་འདིའི་སྐོར་གླེང་མེད་པ་བཅས་གཞི་བྱས་ཏེ་ད་ནི་དངོས་སུ་བརྩམས་ཆོས་དེར་དཔྱད་པའི་ཡོལ་བ་ཕྱེའོ། །
《ངས་ཁྱོད་ལ་ཁ་རྡུང་གཏོང་》ཞེས་པ་ནི་ཡིད་འགྱུར་མཚོན་པའི་དེང་རབས་ཀྱི་རང་མོས་སྙན་རྩོམ་གྱི་བརྩམས་ཆོས་ཅུང་ཕུལ་དུ་བྱུང་པ་ཞིག་ཡིན། “སྙན་རྩོམ་དུ་ཁ་རྡུང་གཏོང་བའི་རྣམ་པ་ལ་བརྟེན་ནས་མཁས་དབང་དོན་གྲུབ་རྒྱལ་གྱི་མི་ཚེ་གང་པོར་ཚད་མཐོའི་གདེང་འཇོག་གིས་གང་ཉིད་རང་སྲོག་ལྕེབས་པར་འཕངས་སེམས་ཤིན་ཏུ་ཆེ་བའི་རྩོམ་པ་པོའི་ནང་བསམ་པའི་འགྱུར་བའམ་ཡིད་འགྱུར་མཚོན་ཡོད། སྙན་རྩོམ་འདིའི་ཚིག་སྦྱོར་གོ་བདེ་ཞིང་། སྨད་པའི་ཚུལ་གྱིས་བསྟོད་པའི་ཐབས་ལ་བརྟེན་ནས་རྩོམ་པ་པོའི་ཡིད་འགྱུར་ཇི་བཞིན་དུ་མཚོན་ཡོད། ”⑧“མཐོ་སྒང་གི་རླུང་བུ་དྲག་ཏུ་ལྡང་བྱུང/ལོ་འགའི་སྔོན་གྱི་ཉིན་འདི་འདྲ་ཞིག་ལ/འུར་འུར་དུ་ལྡང་བའི་རླུང་བུ་ཁོས/ཁྱོད་ཉིད་ལྔ་བའི་ལམ་དུ་སོང་བའི/གཏམ་ངན་ཞིག་གང་སར་བསྐྱལ་ལོ/”རླུང་བུ་དྲག་པོ་ཞིག་གིས་སྐུལ་བ་ལ་རྐྱེན་བྱས་ཏེ་སྙན་ངག་པས་སྨྱུག་ཁ་སྐོར་ཐེངས་ཤིག་གིས་“ལོ་འགའི་སྔོན་”ཏེ1985ལོའི་ཟླ། 1པའི་ཚེས29ཡི་སྟེང་དུ་འཕྲོས། ཉིན་དེར་“རླུང་བུ་”ཞིག་གིས་དམ་པ་ཁོང་ཉིད་འཇིག་རྟེན་དང་བྲལ་བའི་གཏམ་ངན་“གང་སར་སྐྱེལ་”ཞེས་སྙན་ངག་གི་དབུ་བསླངས་ཏེ་སྨྱུག་ཁ་ཤོག་སྟེང་ནས་ཤར་མར་བསྐྱོད་འགོ་བརྩམས། ཚིག་རྐང་འདི་དག་ལས་སྙན་ངག་པས་དམ་པ་ཁོང་ལ་བཅངས་པའི་བརྩེ་བ་དང་གདུང་སེམས་ལྷོད་ཀྱིས་མཐོང་ཐུབ་སྟེ་“ཁྱོད་མི་ཡུལ་དང་བྲལ་བ་ནི་སྐྱོ་ཤས་ལས་མ་འདས་ཀྱང/ཉེ་འཁོར་གྱི་མི་ཚོས/སྣང་བ་ཅི་ཡང་མི་གཏོང་ལ/ཐ་ན/གྲོང་པའི་བགྲེས་སོང་འཆི་སྐབས་ཀྱི/སྐྱོ་ཚིག་རེ་རེ་སྨྲ་བའི་ཚུལ་ཙམ་ཡང་མ་བསྟན/ང་རང་ཡང་ཀུན་དང་འདྲ་བར་མཆི་མ་མ་ཐོན/ངུ་སྐད་མ་ཤོར/”ཚིག་རྐང་འདི་དག་ལས་དྲང་ལྡོག་ཕྱོགས་གཉིས་ནས་མི་ཚོས་ཁོང་གི་འཆི་བར་བཟུང་བའི་ངོས་འཛིན་དང་ལྟ་ཚུལ་སྤྲོས་ཡོད་ཅིང་། འདི་ལྟའི་སྐྱེས་བུ་དམ་པ་ཞིག་ང་ཚོ་དང་རིང་དུ་གྱེས་པར་ཁ་ཅིག་གིས་“སྣང་བ་ཅི་ཡང་མི་གཏོང་ལ་”ཁ་ཅིག་“མཆི་མ་”དང་“ངུ་སྐད་”ལས་འདས་པའི་བསམ་གཞིག་གི་ཀློང་དུ་ཚུད་པ་རེད། སྙན་ངག་པ་ལ་མ་གཏོགས་མེད་པའི་ཚོར་འདུ་རྣོན་པོ་དེས་དམ་པ་གང་ལ་བཅངས་པའི་བརྩེ་བའང་ཚིག་གི་གསེབ་ན་ལྷོག་ལྷོག་དུ་འཕྱུར་གྱིན་ཡོད་དེ་མུ་མཐུད་ནས་“ཡིན་ནའང/ངའི་ཡིད་གཏིང་གི་སྲུབས་ཀ་ཞིག་ནས/འཕངས་སེམས་ཀྱི་བསིལ་རླུང་ཞིག་ལྡང་སྟེ/གངས་ཅན་གྱི་ནོར་བུ་རྩ་ཆེན་ཞིག/འཆི་བདག་གིས་བཅོམ་སོང་སྙམ་བཞིན/དངངས་འདར་ཞིག་དབང་མེད་དུ་ཤོར/ཁྱོད་འགྲོ་རྒྱུ་སྔ་དྲགས་སོང/ཧ་ཅང་སྔ་དྲགས་སོང་/”འདི་ལས་གཙོ་བོ་རང་བཞིན་བརྗོད་པའི་སྒོ་ནས་སྙན་ངག་པས་འདས་པོ་མཆོག་དུས་ལ་མ་རན་པར་ལྔ་བའི་ལམ་དུ་ཞུགས་པར་ཕངས་སེམས་ཚད་མེད་བསྟན་ཞིང་ཚད་མཐོ་བའི་སྒོ་ནས་འདས་པོ་མཆོག་ལ་གདེང་འཇོག་ཀྱང་གནང་ཡོད། “སྔ་དྲགས་སོང་”གཉིས་བརྩེགས་པ་ལས་ཀྱང་སྨྱུག་འཛིན་པས་གང་དེའི་འཆི་བར་“འཕངས་སེམས་”ཚད་མེད་བཅངས་ཡོད་པ་མཐོང་ཐུབ། “གལ་ཏེ་ཁྱོད་མི་ཡུལ་དུ་ཞུམ་མེད་འཚོ་ན/ཤ་དང་རུས་པའི་བརྩེ་དུང/སད་ཀྱིས་བཅོམ་པའི་མེ་ཏོག/ལང་ཚོའི་རྦབ་ཆུ/རྐང་ལམ་ཕྲ་མོ/སྤྲུལ་སྐུ་རྫུན་མ/ཚུལ་ཁྲིམས་རྒྱ་མཚོ/ད་དུང་རྩོམ་རིག་རྩ་ཆེའི་གཟི་ཡི་དོ་ཤལ་མང་པོ་ཞིག/སྐྱེད་མའི་མགུལ་དུ་བསྒྲོན་ངེས་ལགས/”ཞེས་སྙན་ངག་པས་བརྟག་པ་མཐའ་བཟུང་གི་ཚིག་གི་འགོ་བརྩམས་ཏེ་དཀྱུས་སུ་ཞུགས་ཤིང་། འདས་པོ་མཆོག་གི་བརྩམས་ཆོས་དུ་མའི་ཁ་བྱང་སྐས་དབྱིབས་སུ་བསྒྲིགས་ཏེ་གང་དེའི་རྩོམ་རིག་གི་གྲུབ་འབྲས་གསལ་བར་བྱས། མཐར་ད་དུང་འཚོ་བའི་དབང་དུ་བཏང་ན་དེ་ལས་ལྷག་པའི་ལེགས་སྐྱེས་མང་པོ་ཞིག་རང་ཅག་གི་“སྐྱེད་མ་”སྟེ་གངས་ལྗོངས་མ་མར་སྐྱེས་སུ་དབུལ་ཐུབ་བོ་ཞེས་ཚིག་ཐག་ཆོད་པོས་སྒོ་ནས་སྨྲས་ཡོད་དོ། །“གང་ནས་ཀྱང/ཁྱོད་ནི་འཚོ་བར་དགའ/ཚེ་སྲོག་ལ་གཅེས/གཉའ་མི་ཁུམ/དཔའ་མི་ཞུམ/གདུང་བའི་ཁུར་པོས་མནན་ཀྱང་སྐྱིད་པའི་གླུ་ཆུང་ལེན་བཞིན/གསོན་པོར་འཚོ་རྒྱུའི་སྙིང་སྟོབས་ཀྱི་སྐྱ་བ་དེ/འཚོ་བའི་རྒྱ་མཚོ་ཡི་འཇིངས་སུ་ཤུགས་ཀྱིས་བཙུགས་ནས/རྙོག་འཛིང་གི་རླུང་རླབས་གཤགས་དེ/མི་ཚེ་ཡི་གྲུ་ཆུང་ཕ་མཐར་སྒྲོལ་བའི/དེད་དཔོན་སྟོབས་ལྡན་ཞིག་རང་དུ་མངོན/”མཚམས་འདིར་ཐོན་དུས་སྙན་ངག་པས་ཡང་བསྐྱར་འདས་པོ་མཆོག་གི་སྙིང་སྟོབས་དང་སྤོབས་པ་ལ་ཁས་ལེན་བྱས་ཤིང་“འཚོ་བ་”རྒྱ་མཚོ་དང་། “རྙོག་འཛིང་”རླུང་རླབས། “མི་ཚེ་”གྲུ་ཆུང་བཅས་ཀྱི་གཟུགས་སུ་བཀོད་དེ། གང་དེ་མིང་དོན་གཉིས་མཚུངས་ཀྱི་“དེད་དཔོན་སྟོབས་ལྡན་”ཞིག་ཏུ་བསྔགས་པ་རེད། “མི་ཞིག་འཆི་བར་མ་སྐྲག་ན/ཅི་ཞིག་ལ་སྐྲག/འཆི་བའི་ལྔ་ལམ་ལ་མ་སྐྲག་ན/འཚོ་བའི་རྙོག་དོན་ལ་སྐྲག་དོན་ཅི/”ཞེས་“ཁ་རྡུང་གཏོང་འགོ་བརྩམས་ཤིང་”“ཅི་ཞིག་ལ་སྐྲག་”དང་“སྐྲག་དོན་ཅི་”ཞེས་ནན་ཏན་གྱིས་སྒོ་ནས་བསམ་གཞིག་རང་བཞིན་གྱི་དྲི་བ་འཕངས་ཡོད། ཕྱིས་ཀྱི་ཚིག་རྐང་དག་ལས་མི་ཚང་མ་འཆི་བར་སྐྲག་པ་དཔེས་གསལ་བར་བྱས་ཤིང་མི་ལུས་རིན་ཆེན་ཡིན་པའང་ཤུགས་སུ་བསྟན་ཡོད་དོ། །འཆི་ཁ་མ་ཐོན་ན་མ་ཎྀ་མི་དྲན་ཞེས་པའི་དཔེ་བཞིན་རྒན་པོ་རྒན་མོ་ཀུན་གྱིས་མུར་མུར་གྱིས་ཡིག་དྲུག་བགྲང་དོན་“རང་སྲོག་སྲུང་བའི་ཕྱིར་”དང་“ཐ་ན/རི་དྭགས/གཅན་གཟན/བྱ་བྱིའུ/འབུ་སྲིན/”གྱིས་ཀྱང་ཚེ་སྲོག་གཅེས་པར་བསྐྱངས་ན་ཁྱེད་ལ་ཅི་ཉེས་ཞེས་ཡང་བསྐྱར་དྲི་བའི་ཚུལ་དུ་ཐོན་ཡོད་དོ། འདིའི་ཕྱོགས་ཀྱི་ཚིག་རྐང་བཅུ་ལྷག་གིས་གོང་སྨྲས་ལྟར་ཚེ་སྲོག་གི་རིན་ཐང་ལ་མཐོང་ཆེན་བྱེད་དགོས་ཚུལ་བསྟན་ཡོད་པས་འདིར་ཚིག་རྐང་རེ་རེ་བཞིན་མ་བྲིས་པ་ཡིན། སྙན་ངག་པས་སྙན་ངག་འདིའི་མཇུག་འདི་ལྟར་བསྡུས་ཡོད་དེ་“ཁྱོད་ཚེ་སྲོག་དོར་ནས་ལྔ་ལམ་སོང་བས/ད་ནི་ལང་ཚོའི་རྦབ་ཆུའི་རྦ་རླབས་འཇགས/ཤ་དང་རུས་པའི་བརྩེ་དུང་གི་དྲོད་ཡལ/རྐང་ལམ་ཕྲ་མོ་རྡུལ་གྱིས་བསྒྲིབས་ཏེ་མི་མངོན་པར་གྱུར/ཚུལ་ཁྲིམས་རྒྱ་མཚོ་ཚེ་ཡི་འཕེན་པ་རྫོགས/སྤྲུལ་སྐུ་རྫུན་མ་སྔར་བཞིན་ཉམ་མེད་གནས/དེའི་ཕྱིར། ངས་ཁྱོད་ལ་ཁ་རྡུང་གཏོང་/ཀླད་མེད་ཀྱི་བྱིས་པ་ཁྱོད་དེངས་ཤོག/བླུན་རྨོངས་ཀྱི་རྣམ་ཤེས་ཁྱོད་རྒྱུགས་ཤིག/ཕྱི་མ་ནས་ཕྱི་མའི་ཕྱི་མར་རྒྱུགས་ཤིག/”བུ་ཕྲུག་ནི་རང་གི་བུ་ཕྲུག་དང་ལོ་ཏོག་ནི་གཞན་གྱི་ལོ་ཏོག་ཅེས་པའི་དཔེ་བཞིན་སྙན་ངག་པས་འདས་པོ་མཆོག་ལོ་ན་གཞོན་དུས་མི་ཡུལ་དང་བྲལ་སོང་བ་རང་རེའི་གངས་ཅན་རྩོམ་རིག་ལྡུམ་རའི་གྱོང་གུད་ཆེན་པོ་རུ་སྙམ་ནས་སེམས་ཁོང་གི་ན་ཟུག་ཕྱིར་བཏོན་ཞིང་། ཞོར་དུ་འུ་བུ་ཅག་ལ་ཡང་ཤེས་ལྡན་མི་སྣར་མཐོང་ཆེན་བྱེད་དགོས་པའི་གསལ་འདེབས་ཐེངས་ཤིག་ཀྱང་བྱས་པ་ལགས་སོ། །དེ་ལྟར་ཚིག་རྐང་གྱ་གཅིག་ལྷག་ཡོད་པའི་རྗེས་དྲན་ཞུ་བའི་སྙན་ངག་འདི་ལ་ནུས་ཚོད་ཀྱི་གསེད་འགྲོལ་ཞིག་བྱས་རུང་ཨ་རུའི་རྩོམ་པ་པོ་ཧའོ་ཏུ་ཡིས་བསྟན་པ་བཞིན་“མཁས་པ་མང་པོས་ནུས་པ་གང་ཡོད་བཏོན་ནས་བཀྲལ་ཀྱང་བརྩམས་ཆོས་ཀྱི་ཕྱོགས་ཡོངས་ལ་ཁྱབ་པའི་བརྗོད་དོན་གསལ་པོ་ཞིག་ད་རུང་རྟོགས་དཀའ་”ཞེས་པ་བཞིན་ནོ། །སྙན་ངག་འདི་ལ་མཚོན་ན་ཚིག་རྐང་ཐུང་ཞིང་དོན་འདུས་པའི་སྒོ་ནས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་སྙན་ངག་བརྩམས་ཆོས་ལེགས་པོ་ཞིག་དུ་འཁུམས་པའི་གནས་ལུགས་གོང་ནས་སྤྲོས་ཟིན་པ་བཞིན་ནོ། །འོན་ཀྱང་། སྙན་རྩོམ་འདི་ལ་ཞན་ཆ་མེད་པ་ཡང་མ་ཡིན་ཏེ་ཁ་ལྷོད་དྲགས་པ་དང་ཡུལ་སྐད་ཀྱི་དབང་དུ་སོང་བ། སྤྲོས་བརྗོད་མང་དྲགས་པ། ཚིག་མི་སྐྱེན་པ་བཅས་ནི་སྙན་ངག་པ་གང་ཉིད་ཀྱི་གཟབ་གཟབ་བྱེད་དགོས་པའི་གནས་སོ། །
ཞོར་དུ་སྨྲ་དགོས་པ་ཞིག་ནི་སྙན་ངག་པ་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས་རང་གི་གྲོལ་བའི་སྙན་ངག་གི་བརྩམས་ཆོས་ཀྱི་ནང་དུ་《མེ་ལོང་མ་》ལས་མངོན་པའི་རྒྱན་རེ་ཟུང་བཀོད་སྤྱོད་བྱས་ཡོད་པ་《རྩོམ་སྲོལ་གསར་པའི་སྙན་ངག་གི་མིང་མདོར་གླེང་》ཞེས་པ་ལས་འདི་ལྟར་བསྟན་ཡོད་དེ་“མཐའ་ཡས་ཆུ་གཏེར་གྱི་འཇིག་རྟེན་ས་འོག་ཏུ་ནུབ/རླུང་ཆེན་དར་གྲུ་ཡི་གྲིབ་མ་ཆ་མེད་དུ་ཡལ/”ལྟ་བུ་རང་བཞིན་བརྗོད་པའི་རྒྱན་དང་/“ཀྱེ་ཀྱེ/སྐྱེད་མ/ཁྱོད་ཀྱི་དུང་ལྟར་དཀར་བའི་དབུ་སྐྲ/གྲོག་ཤུར་ལ་འགྲན་པའི་གཉེར་མ/”ལྟ་བུ་དཔེ་རྒྱན། “གསོན་པོ་རུ་འཚོ་རྒྱུའི་སྙིང་སྟོབས་ཀྱི་སྐྱ་བ་དེ/འཚོ་བ་རྒྱ་མཚོ་ཡི་འཇིང་དུ་ཤུགས་ཀྱིས་བཙུགས་ནས/རྙོག་འཛིང་གི་རླུང་རླབས་གཤགས་ཏེ/མི་ཚེ་ཡི་གྲུ་ཆུང་ཕ་མཐར་སྒྲོལ་བའི/”ལྟ་བུ་གཟུགས་རྒྱན། “བྲག་རྡོ་སྐམ་པོ་ཡང་མིག་ཆུ་ཤོར/”ལྟ་བུ་རབ་རྟོག་གི་རྒྱན་ལྟ་བུའོ། །⑨སྙན་ངག་པ་ཨོ་རྒྱན་རྡོ་རྗེ་ན་རེ་“ངས་རྩོམ་སྲོལ་གསར་པ་དེ་སྤྱད་ནས་སྙན་རྩོམ་ཞིག་འབྲི་བཞིན་ཡོད་ཅིང་། དེ་ལས་ཚིག་རྐང་ཞིག་འབྲི་སྐབས་ཚིག་རྐང་དེ་ངེས་པར་དུ་གཙོ་བོ་མཚོན་བྱའི་དོན་ཧྲིལ་པོ་དང་དེ་མིན་ཚིག་རྐང་དེའི་གོང་འོག་ཚིག་རྐང་གི་ནུས་པ་དང་། དབྱངས་འགྲོས་སམ་མཚམས་ཚིག་སོགས་ལ་བལྟོས་ནས་གཅོད་མཚམས་གཏན་འཁེལ་བྱེད་དགོས། ཚིག་རྐང་དེ་དག་ངེས་པར་དུ་ཚིགས་བཅད་ཡིན་པའི་བྲོ་བ་ལྡན་དགོས་པ་མ་ཟད། ཚིག་རྐང་རེས་རང་བབ་ཀྱི་མཚམས་ཚིག་རེ་བཟུང་ཐོག་སྙན་རྩོམ་ཧྲིལ་པོ་འགྱུར་ཁུགས་སྙན་འཇེབས་ལྡན་པའི་རོལ་དབྱངས་གཅིག་གམ་ཡང་ན་རླབས་འགྲོས་མི་འདྲ་བའི་ཆུ་ཀླུང་ལྟ་བུ་དགོས་པའི་རོལ་དབྱངས་གཅིག་གམ་ཡང་ན་རླབས་འགྲོས་མི་འདྲ་བའི་ཆུ་ཀླུང་ལྟ་བུ་དགོས་པ་ཡིན། མཚམས་ཚིག་དེ་བརྗོད་དོན་སྙིང་པོར་བལྟོས་ནས་སྐབས་བབ་རྩོམ་མཁན་རང་ཉིད་ཀྱིས་དམ་འཛིན་བྱེད་དགོས་པ་ལས་འདི་ལ་སྤྱི་འགྲོས་ཤིག་བརྗོད་རྒྱུ་མེད”དོ། (10)
ལྔ། གཅན་མེ་སྟག་དང་གངས་ཞུན་གཉིས་ཀྱི་སྙན་ངག་བརྩམས་ཆོས་བཤད་པ།
དེང་གི་དུས་འདིར་སྙན་ངག་པར་རློམ་པ་ཁ་ཅིག་གིས་ཤེས་མ་ཤེས་ཀྱི་བར་ནས་ནུབ་གླིང་གི་འབྲེལ་ཡོད་རྩོམ་རིག་གྲུབ་མཐའ་རང་རེའི་རྩོམ་རིག་གི་ནང་དུ་ཚུད་པར་བྱེད་ཀྱང་། ལྷག་པར་དུ་བརྩམས་སྒྲུང་དང་སྙན་ངག་ལ་སོགས་པར་དཔྱད་བརྗོད་སྤེལ་དུས་གཞུང་ལུགས་ཐར་ཐོར་རེ་བཙན་གྱིས་སྦྱོར་བ་ནི་གཏད་སོ་མེད་པའི་གྱ་ཚོམ་གྱི་ལས་ལས་མ་འདས་སོ། །ང་ཚོས་ནམ་ཡང་རང་ཅག་གི་རྩོམ་པ་པོ་དང་རྩོམ་རིག་བརྩམས་ཆོས་ལ་རང་ལ་མཐུན་པའི་མ་རྐང་དང་རྒྱབ་རྩ་ཡོད་པ་བརྗེད་མི་རུང་ཞིང་། དེ་ལས་ཀྱང་སྲོལ་རྒྱུན་ནས་རྐང་ཚུགས་ཏེ། དེང་རབས་ལ་ཕྱོགས་རྒྱུ་བརྗེད་མི་རུང་། རྒྱའི་སྙན་ངག་པ་གྲགས་ཅན་ཝིན་དབྱི་ཏོ་ཡིས་“སྒྱུ་རྩལ་མཚོན་སྟངས་ཐད་ནུབ་གླིང་པར་སློབ་རུང་ལ། ཐ་ན་ནུབ་གླིང་ཅན་དུ་སྒྱུར་ཅི་ཐུབ་བྱས་ཀྱང་ཆོག་མོད། གཞི་རྩའི་རྨང་གཞི་དང་ངོ་བོ་རང་ཉིད་ཀྱི་ཡིན་དགོས་”ཞེས་པ་ལྟར་ན་གཞོན་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་དང་གངས་ཞུན་གཉིས་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་མཐུག་པོ་ཞིག་ཡོད་པའི་སྟེང་ནས་རྩོམ་རིག་གི་མཚོན་ཐབས་སྣ་ཚོགས་སྦྲང་མས་སྦྲང་རྩི་གསོག་པ་ལྟར་ཚུར་ལེན་བྱེད་ཀྱིན་ཡོད་པས་ཁོ་གཉིས་ཀྱི་སྙན་ངག་བརྩམས་ཆོས་ལ་ཐུན་མིན་གྱི་ཁྱད་ཆོས་དང་ཡིད་འགུག་གི་ནུས་པ་མངའ་ཞེས་དཔྱོད་ལྡན་ཁ་ཅིག་གིས་སྨྲ་བར་བྱེད་དོ། །
གཅན་མེ་སྟག མིང་དངོས་ལ་བསོད་ནམས་བརྟན་པ་ཟེར། 1970ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ལྷ་ས་ཞེས་པའི་གྲོང་སྡེ་ནས་སྐྱེས། 1989ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན། ཕལ་ཆེར་དུས་སྐབས་དེའི་སྔ་ཕྱི་ནས་བཟུང་ཁོས་རང་རེའི་སྲོལ་རྒྱུན་རིག་གནས་ལ་བརྩོན་པ་ལྷུར་ལེན་གྱི་རྨང་གཞིའི་སྟེང་ནས་རྒྱ་རིགས་ཀྱི་གནའ་རབས་ཀྱི་བརྩམས་ཆོས་གྲགས་ཅན་《ཆུ་ངོགས་གཏམ་རྒྱུད་རྒྱས་པ་》དང་《ཐང་སི་བླ་མའི་རྟོགས་བརྗོད་》སོགས་དང་། ཕྱི་གླིང་པའི་བརྩམས་ཆོས་《དམར་པོ་དང་ནག་པོ་》《ཤ་སྦྲང་》《ཇ་ལོའི་མེ་ཏོག་》བཅས་ལ་ཐོས་བསམ་བྱས་ཏེ་དུས་ཕྱིས་ཀྱི་རྩོམ་རིག་བརྩམས་ཆོས་འབྲི་བར་རྨང་བརྟན་པོ་བཏིང་། ཁོས་ལོ་རབས་བརྒྱད་ཅུ་པ་ནས་བཟུང་《སྦྲང་ཆར་》དང་《གངས་རྒྱན་མེ་ཏོག་》《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》《ཟླ་ཟེར་》《མཚོ་སྔོན་བོད་ཡིག་གསར་འགྱུར་》བཅས་ཀྱི་སྟེང་དུ་སྙན་ངག་གཙོ་ཡིན་པའི་བརྩམས་ཆོས་བརྒྱ་ལྷག་སྤེལ་ཞིང་དེ་དག་ལས་ཁག་གཅིག་དཔེ་དེབ་སྣ་ཚོགས་ཀྱི་ནང་དུ་བདམས་བཏུས་ཀྱང་བྱས་ཡོད། 2004ལོར་པར་སྐྲུན་བྱས་པའི་ཁོའི་སྙན་ངག་དེབ་ཐོག་མ་《ལྷོ་བཞུད་ཀྱི་ཆུ་འཛིན་》ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ། སྙན་ངག་པ་གཅན་མེ་སྟག་གིས་ད་ལྟ་མགོ་ལོག་ཁུལ་རྨ་ཆེན་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ཞོལ་ནས་ང་ཚོས་སྙན་ངག་པ་གཅན་མེ་སྟག་གིས་སྙན་དེབ་《ལྷོ་བཞུད་ཀྱི་ཆུ་འཛིན་》ལ་རོལ་མྱོང་ནུས་ཚོད་ཅིག་བྱའོ། །
སྙན་ངག་པ་གཅན་མེ་སྟག་གི་སྙན་དེབ་《ལྷོ་བཞུད་ཀྱི་ཆུ་འཛིན་》ཚན་པ་ལྔ་རུ་བགོས་ཡོད་ཀྱང་། ཚན་པ་རེར་སྙན་ངག་ཉི་ཤུ་ཙམ་འདུག་གོ། སྔ་ཕྱིའི་གོ་རིམ་ནི་སྙན་ངག་བརྩམས་པའི་དུས་ཚོད་ལྟར་བསྒྲིགས་འདུག་ཀྱང་ཚན་པ་དང་པོ་རུ་གཙོ་བོ་《ལྷའི་སིལ་ཏོག་》དང་《མེ་སྟག་》《གངས་ལྷ་མེ་ཏོག་》《མེ་ལྕེའི་སྙན་ཚིག་》སོགས་ཡིན་ཞིང་། བརྩམས་ཆོས་རྩོམ་པའི་དུས་ཚོད་ནི་1986ནས་1988ལོའི་བར་དུ་ཡིན་འདུག འདིའི་བར་གྱི་བརྩམས་ཆོས་ཀྱི་ནང་དུ་སྡུག་ཡུས་འདོན་པ་ཅུང་མང་ཞིང་། སྙན་ངག་པ་ཁོ་རང་ལ་མཚོན་ན་འདི་ནི་ཚོད་ལྟའི་གོམ་པ་དང་པོ་རེད། ལྷག་པར་དུ་《ལྷའི་སིལ་ཏོག་》ཅེས་པ་ནས་ཁོ་རང་གིས་ཕ་མས་གསོལ་བའི་རུས་མིང་གི་ཚབ་ཏུ་གཅན་མེ་སྟག་ཞེས་པའི་ཡུལ་མིང་མགོ་རུ་བཞག་པའི་སྨྱུག་མིད་འདིས་འཐུས་པར་བྱས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་གི་སྟེགས་བུ་རུ་གོམ་པ་དང་པོ་ཡང་བསྒྱུར། ཚན་པ་གཉིས་པར་《མཆོད་པའི་ལེའུ་》དང་《འཕགས་མའི་ལེའུ་》《རྨ་རྒྱལ་སྦོམ་རའི་ལེའུ་》སོགས་ཀྱིས་མཚོན་པའི་སྙན་ངག་ཁ་ཤས་བསྡུས་ཡོད་ཀྱང་འདི་ལས་གཙོ་བོ་སྙན་ངག་པས་རང་ལ་དབང་བའི་བསྟི་གནས་རྙེད་པར་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་སྣ་ཚོགས་བཅངས་ཡོད། སྣང་ཚུལ་འདི་ཚན་པ་གཉིས་པའི་འགོར་བྲིས་པའི་“དམར་ཞིང་གཞོན་ཤ་ཆགས་པའི་ཁྱེད་ཀྱི་མཆུ་སྒྲོས/ང་ཡི་རྨི་ལམ་བཅོལ་སའི/རྟག་བརྟན་གྱི་གནས་ཚང་ཡིན་པར་སྨོན/”ཞེས་པ་ལས་ཀྱང་མཚོན་ནུས་སོ། །ཚན་པ་འདི་རུ་ཁོའི་མིང་དུ་གྲགས་པའི་སྙན་ངག་བརྩམས་ཆོས་《གློག་ཆད་པ་》དང་《ཉི་ཟླ་རི་བོའི་སྙན་ཚིག་》སོགས་ཀྱང་བསྡུས་ཡོད། ཚན་པ་གསུམ་པར་《ལྷོ་བཞུད་ཀྱི་ཆུ་འཛིན་》དང་《རླུང་རྟ་ནག་པོ》《ང་ཚོ་སྤྲིན་བཞིན་འཕྱོ》《རླུང་ལྡང་བའི་སྔ་རོལ་》སོགས་ཀྱིས་མཚོན་པའི་སྙན་ངག་ཉི་ཤུ་ལྷག་གིས་གྲུབ་ཀྱང་“ཆུ་འཛིན་”དང་“རླུང་རྟ་ནག་པོ་”“མུན་པའི་སྦུབས་”སོགས་རང་གཤིས་མཚོན་པའི་མིང་ཚིག་མང་དུ་འབྱུང་བར་ལྟས་ན་སྙན་ངག་པ་རང་ཉིད་དང་ཁོར་ཡུག་ལས་བརྒལ་ཏེ་སྨྱུག་ཁ་འཛམ་གླིང་དུ་སྐོར་གྱིན་པ་མཐོང་ཐུབ། ཚན་པ་བཞི་བར་《རོགས་ཆུང་ལོ་སྙིང་ལ་རྗེ་བོ་》དང་《ང་བརྗེད་པར་གྱིས》《མགོ་ལོག་》བཅས་ཀྱིས་གྲུབ་སྟེ་གཙོ་བོ་བརྩེ་དུང་དང་རང་གི་ཉེ་འཁོར་གྱི་སྣང་ཚུལ་གསལ་བར་སྤྲོས་ཡོད་དོ། །ཚན་པ་ལྔ་པར་གཙོ་བོ་《ངའི་གདོང་རིས་》དང་《ས་སྲོད་》《དུས་ཚོད་མང་པོ་མི་འདུག་》《མི་འདི་ཚོ་》《ལུག་》དང་《ཁྱི་རོ་》《ཕྱག་གི་ངང་ཚུལ་》སོགས་ཡིན་ཞིང་གཙོ་བོ་དམ་བཅའ་དང་ནང་སེམས་ཀྱི་འགྱུར་བ་ཞིག་ཕྱིར་མངོན་བྱས་འདུག སྙན་ངག་པ་ཉིད་“རྩོམ་རིག་གསར་རྩོམ་གྱི་ཆེད་དུ་འཇིག་རྟེན་གྱི་བྱ་བ་ཟ་ཟི་དག་སྟེ་གོ་གནས་དང་མཚན་སྙན་སོགས་ཀྱང་ཅི་དགར་བསྐྱུར་བ་ཞིག་ཡིན། ལྷག་པར་དུ་སྙན་ངག་པ་ཉིད་བསྐྱར་ཟློས་དང་ལད་མོ་ལ་གཏན་ནས་མི་དགའ་བས་རང་ཉིད་ཀྱི་ཁྱད་ཆོས་དང་གསར་རྩོམ་གྱི་སྙེག་ཕྱོགས་ཐུན་མོང་མ་ཡིན་པ་ཞིག་ཡོད་དོ། །”(11)
ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད་ཅེས་པ་བཞིན། སྔོན་དུས་སུ་ཡིན་ནའང་འདྲ། དེང་དུས་ཡིན་ཡང་རུང་འུ་ཚོ་བོད་པས་དགེ་རྒན་ལ་བརྩི་བཀུར་བླ་ན་མེད་པ་བྱེད་ཚུལ་སྔོན་བྱོན་མཁས་པས་མཛད་པའི་གསུང་འབུམ་རི་བོའི་གཏོས་དང་མཉམ་པ་དག་ལ་བལྟས་ནའང་ཝ་ལེར་རྟོགས་ཐུབ། གཅན་མེ་སྟག་གིས་བྲིས་པའི་སྙན་ངག་《ལྷོ་བཞུད་ཀྱི་ཆུ་འཛིན་》ལས་ཀྱང་སྣང་ཚུལ་དེ་གསལ་བར་ཕྱིར་མངོན་འདུག《ལྷོ་བཞུད་ཀྱི་ཆུ་འཛིན་》ཞེས་པའི་སྙན་ངག་འདིའི་ཁ་བྱང་གི་གཤམ་དུ་“འཇར་པན་དུ་སློབ་གཉེར་དུ་ཕེབས་པའི་དགེ་རྒན་ཞིག་ལ་”ཞེས་བྲིས་པ་ལས་ཀྱང་ང་ཚོ་སྙན་ངག་དེ་ཀློག་པར་ཅུང་སྟབས་བདེ་བཟོས་འདུག སྙན་ངག་འདི་ཚན་ཆུང་ལྔ་རུ་དབྱེ་ཆོག་ཀྱང(གལ་ཏེ་རྩོམ་པ་པོ་ཉིད་ཀྱི་དགོངས་པ་དང་མ་མཐུན་ན་དཀྱེས་ཡངས་མཛོད་ཅིག)རང་བྱུང་ཚན་པ་དང་པོ་ནི་ཚན་ཆུང་དང་པོ་ཡིན། “ལྷོ་ཕྱོགས་ཀྱི་མཁའ་མཐར་བཞུད་པའི་ཆུ་འཛིན་ལ་ཡུན་རིང་ཅེར་ནས/ངས་མཐའ་མཇུག་གི་རེ་སྨོན་གང་ཡང་ཞུ་མ་སྤོབས/དེ་དུས་ཁྱེད་ཀྱིས་ང་རང་ཁྲིད་དེ་མཚོ་སྔོན་པོའི་རླབས་རྒྱུན་ལ་ཞུགས་ཤིང/འུ་གཉིས་ཀས/བརྩེ་ཞིང་ནེམ་པའི་ལྗང་མདོག་གི་རེ་སྨོན་ཞིག་བཅིངས་མྱོང/”ཡིད་ཡུལ་དང་ཚོར་འདུ། བརྩེ་དུང་བཅས་ནི་སྙན་ངག་བརྩམས་ཆོས་འགྲུབ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་པས་འདིར་ཡང་ཐོག་མར་“རབ་དཀར་ཞོ་གསར་སྤུངས་འདྲའི་”ཆུ་འཛིན་མཐོང་བ་ལས་སྙན་ངག་པའི་ཡིད་སེམས་དབང་མེད་དུ་རྣངས་པར་གྱུར་ཞིང་འདས་ཟིན་པའི་ལོ་ཟླའི་ནང་དུ་དགེ་སློབ་གཉིས་ཀས་ལྷན་དུ་ལྗང་མདོག་གི་ཕུགས་རེ་གླེང་ཚུལ་མངོན་ཆུང་གིས་སྨྲས་ཡོད་ཀྱང་། སྙན་ངག་པས་དགེ་རྒན་ལ་བཅངས་པའི་བརྩེ་པའང་མཁའ་མཐའ་ནས་ལྷོ་ཕྱོགས་སུ་བཞུད་པའི་ཆུ་འཛིན་དང་མཚུངས་པར་ཇི་འདྲའི་དྭངས་ཤིང་གཙང་པ་ཞིག་ཨང་། “ཡིན་ནའང་/གསལ་ལྷང་ངེར་ཁྱེད་ཕེབས་སོང/ཤུལ་དུ་ལུས་པ་ནི་འུ་ཐུག་ཐབས་ཟད་ཀྱི་སྐྱོ་འཛུམ་ཞིག་ཡིན/” འདུས་མཐར་འབྲལ་བ་ལྡོག་ཏུ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་ལགས་མོད་འོན་ཀྱང་ལྡོག་ཏུ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་འདི་དང་ཁ་གཏད་དུ་འགྲེང་ཕོད་མཁན་ཅི་ཙམ་ཡོད། སྙན་ངག་པས་འབྲལ་དུས་ཀྱི་གདུངས་པ་དེ་ཚིག་རྐང་གཉིས་ཀྱིས་འཐུས་པས་བྱས་པའང་སྙན་ངག་འདིའི་སྤྱིའི་བཀོད་རིམ་གྱི་སྒྲིག་སྟངས་དང་མཐུན་པ་ཞིག་རེད། དོན་འདུས་ཤིང་ཚིག་གསལ་ལ་དག་བརྗིད་ཀྱི་ཁྱད་ཆོས་ཤིག་མངའ་བ་འདིའང་གཅན་མེ་སྟག་གི་སྙན་ངག་བརྩམས་ཆོས་ཀྱི་ཁྱད་ཆོས་ཤིག་ཀྱང་ངོ་། །“བསིལ་བའི་དྲི་བཞོན་ཞིག་གིས་ཁྱེད་ཀྱི་དཀར་མདོག་གི་ཞལ་རས་བཏེགས་ཚེ/ཁྱེད་ཀྱིས་ས་གཞི་འདིར/བརྩེ་བྱམས་ཀྱི་འཛུམ་མདངས་གསར་བ་ཞིག་བསྣན་སོང/འོད་ཀྱི་ཐིག་ལེ/དྲན་པའི་ཁུར་བོ/ཁྱེད་ཉིད་འཕུར་བའི་གཤོག་སྒྲོའི་སྟེང/ལོ་ངོ་དུ་མའི་ཟླ་འོད་དང་རྒྱུ་སྐར་བརྩེགས་ཡོད་པ་རེད་ཨང/” སྙན་ངག་པས་སྐབས་དེའི་དགེ་རྒན་མཆོག་གི་ཕུགས་འདུན་མངོན་འགྱུར་དུ་བྱུང་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། “འོད་ཀྱི་ཐིག་ལེ/དྲན་པའི་ཁུར་བོ/”ཞེས་དམིགས་བཀར་གྱིས་དགེ་རྒན་གང་དང་གང་ལྟ་བུ་མང་པོ་ཞིག་གིས་ཤེས། རིག་གི་སྒྲོན་མེ་མཐོ་རུ་བཏེགས་ཏེ་མ་རིག་པའི་སྨག་རུམ་བཅོམ་པར་བསྟོད་བསྔགས་དང་གདེང་འཇོག་བྱས་ཤིང་། ལྷག་པར་དུ་དགེ་རྒན་མཆོག་གིས་ལོ་ངོ་དུ་མར་དཀའ་སྤྱད་འབད་འབུངས་བྱས་པའི་འབྲས་བུ་སྨིན་པར་ལགས་སོ་ཡང་ཐོབ་པ་རེད། སྙན་ངག་པ་རང་སེམས་ཀྱི་ཡིད་བག་གི་འགྱུར་བ་དང་ལྷན་དུ་ཡིད་ཡུལ་གྱི་བཀོད་སྒྲིག་ཀྱང་ཕུན་སུམ་ཚོགས་པོ་ཞིག་བྱུང་ཡོད། སྙན་ངག་པ་ཁོ་རང་གིས་སྨྲས་པ་བཞིན་“ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་ལ། སྙན་ངག་ནི་རྣམ་པ་མི་འདྲ་བའི་སྒོ་ནས་བྲིས་ཆོག་པ་ཞིག་རེད། བཅད་མའི་སྙན་ངག་ཡིནའང་འདྲ། རང་མོས་སྙན་ངག་ཡིན་ཀྱང་རུང་སྟེ། གཙོ་བོར་ཁྱོད་ཀྱིས་བརྗོད་པར་འདོད་པའི་དོན་བྱ་གང་ཞིག་གསལ་བོར་མཚོན་ནུས་པ་དང་། ཀློག་པ་པོའི་སྣང་ངོར་མཛེས་སྡུག་ལྷུན་གྱིས་གྲུབ་པའི་སྒྱུ་རྩལ་གྱི་ཡིད་འགུག་ནུས་པ་སྟེར་ཐུབ་པ་ཞིག་ཡིན་ཚེ། ཁྱོད་ཀྱིས་བསྟོད་པ་དང་སྨྲེ་སྔགས། སྨད་པ་དང་ཟུར་ཟ། ཁོང་ཁྲོ་དང་ཕྲག་དོག་གང་ཞིག་བརྗོད་བྱར་བྱས་ཀྱང་རྒྱན་དུ་འགྱུར་”(12)སྙན་ངག་པ་གཅན་མེ་སྟག་གིས་འདི་ལྟར་བསྙད་ཀྱིན་ཡོད་ལ་བསྒྲུབ་ཀྱིན་ཡང་ཡོད་དོ། །
“རི་རབ་གཙང་པོ་ཁྲི་ཕྲག་གི་མུ་མཐའ་ལས་བརྒལ་ཏེ/སེམས་མེད་ཆགས་མེད་དུའབྱོན་རོགས/བདག་གི་བརྩེ་གཤིན་གྱི་ཆུ་འཛིན/ཡིན་ནའང/ཁྱེད་ཀྱིས་འགྲོས་རིམ་གྱི་སྲབ་ཁ་ཡང་དུ་བཀག་སྟེ/ཕྱི་ལོག་ལིང་ལིང་གིས་གང་ལ་བལྟ/སྐོམ་གདུང་གི་རི་ཚོགས་འདི/སྤང་ཐང་འདི/ད་དུང/འཁྱག་གྲང་གི་སེམས་པ་འདི་ཡོད་ཚད་ཀྱིས/ཁྱེད་ལ་རེ་སྒུག་བྱས་ཡོད་ལགས/”ཐོག་མར་སྙན་ངག་པས་རང་གི་དགེ་རྒན་དམ་པར་སྐུལ་ལྕག་གི་ཚིག་སྨྲས་པ་ལས་“ཡངས་པའི་རྒྱལ་ཁམས་མ་མཐོང་བའི། །ས་མཐའི་བླུན་པོ་རང་མཐོང་ཆེ། །”པའི་རྣམ་ཐར་ལ་རྒྱབ་གཏོད་དང་ལྷག་པར་དུ་སློབ་དཔོན་ལ་རེ་ལྟོས་ཀྱི་མིག་ཟུང་ཅེར་མཁན་སྙན་ངག་པ་ཁོ་བོ་གཅིག་པུ་མ་ཡིན་ཞེས་ཚིག་རྟིང་མནན་ཏེ་སྨྲས་ཡོད་དོ། །ཕུན་སུམ་ཚོགས་པའི་ཀུན་རྟོག་དང་ལྷོད་ཡངས་པའི་ཚིག་རྒྱ། བཅོས་མིན་ཤུགས་ནས་བྱུང་བའི་བརྩེ་བས་ཀློག་པ་པོ་ཡང་སྙན་རྩོམ་གྱི་ནང་དུ་ཚུད་པར་བྱས་ཤིང་དེ་ལས་སྐྱེད་པའི་བར་སྟོང་དང་ཡུལ་དུས་ནི་བློ་ཡིད་ལས་འགོངས་པ་ཞིག་གོ། སྔོན་བྱོན་མཁས་པས་“ལྟོ་འདུན་ཅན་ལ་ཅི་ཡང་ཟས། །སྙན་ངག་མཁན་ལ་ཅི་ཡང་རྒྱན་”ཞེས་པའང་འདི་ལྟ་བུ་ཞིག་ལ་དགོངས་ནས་གསུངས་པ་ལོས་ཡིན། “ཁྱེད་ཕེབས་ཤིག/ཁྱེད་ཀྱི་དགའ་སྤྲོ་ནི་འགོག་ཐབས་བྲལ་བའི་རྒྱང་རིང་གི་ནམ་མཁའ་དེ་ཡིན་ལ/ཁྱེད་ཀྱི་རེ་འབྲས་དང་རླབས་ཆེ་བའི་མངོན་རྟགས་ཀྱང་དེ་ཡིན/གོ་ལའི་འཁོར་རྒྱུན་ལ་བཀག་རྒྱས་མ་བཅིངས་ཤིང/ལོ་ངོ་སྟོང་ཕྲག་གི་རྨ་ཁས/ཁྱེད་ཀྱི་དག་གཙང་གི་སེམས་པ་འགོག་མི་ནུས/”མི་ཞིག་ལ་ཕུགས་བསམ་མེད་ན་མི་གྲལ་དུ་ཚུད་པར་དཀའ་ཞིང་ཕུགས་བསམ་མངོན་འགྱུར་གྱི་སླད་དུ་རྟུན་པ་སྐྱེད་མ་ཐུབ་ན་དེ་ཡང་ངོ་ཚ་དང་ཕམ་ཁ་ལས་མ་འདས་སོ། །སྙན་ངག་པས་དགེ་རྒན་གྱི་དགོངས་པ་དང་ཕུགས་འདུན་རྟོགས་པས་ན་ལས་དེ་འཇུག་པར་ཡི་རང་དང་མོས་པ་བྱུང་ཞིང་། “ལོ་ངོ་སྟོང་ཕྲག་གི་རྨ་ཁས་”མཚོན་པའི་སྲོལ་རྒྱུན་རིག་གནས་ཁོ་ནས་དགེ་རྒན་དམ་པ་ཁོང་གི་ཡིད་མགུ་མ་ཐུབ་པས་“ཕེབས་ཤིག་”ཅེས་སྐུལ་ཚིག་གཅིག་གིས་“རྒྱལ་ཁམས་རིག་པས་”བསྐོར་བར་མོས་མཐུན་བྱུང་པ་རེད། ཆེས་མཇུག་མཐའི་ཚན་པ་ནི་“ས་མཐའ་ནས་ས་མཐར་གཟི་འོད་ཀྱི་ལང་ཚོ་སྦར་བཞིན/བསིལ་རླུང་གིས་ཟླ་འོད་སྙེག་པ་བཞིན་འབྱོན་རོགས/ནམ་མཁའི་ཕྱོགས་དེ་དང་/ས་གཞིའི་གྲུ་དེར/ངས་མཐོང་བ་ནི/ཁྱེད་ཀྱི་འོད་འཚེར་བའི་ལམ་ཞིག་དེད་ནས/མུ་མེད་ཀྱི་མུ་མེད་སྙེག་བཞིན་མཆིས/”འདི་ནི་སྙན་ངག་པའི་ཆེས་ཐོག་མའི་མཆིད་གསོལ་དང་ཆེས་“མཐའ་མཇུག་”གི་རེ་སྨོན་ཡང་ཡིན་ཏེ། དགེ་རྒན་ལ་བཅངས་པའི་བརྩེ་བ་དང་དུངས་ཀ་སླར་ཡང་མཚོན་པར་བགྱིས་ཏེ་དགེ་རྒན་གྱི་དགོངས་པ་དང་གཉེར་བའི་ལས་ཧ་ཅང་ཕུན་སུམ་ཚོགས་པ་དང་བྲོ་བས་ཕྱུག་པའང་བསྟན། སྙན་ངག་འདི་ལས་མིང་ཚིག་མང་པོ་ཞིག་ཡང་བསྐོར་བསྐྱར་བསྐོར་བྱས་ཏེ་འབྱུང་གིན་ཡོད་ཀྱང་། དགེ་སློབ་གཉིས་ཀྱི་བརྩེ་བ་མཚོན་པ་ལ་“རེ་སྨོན་”དང་“བརྩེ་ཞིང་ནེམ་པ་”“ལྗང་མདོག་”“སྐྱོ་འཛུམ་”“བརྩེ་བྱམས་”“འོད་ཀྱི་ཐིག་ལེ་”“དྲན་པའི་ཁུར་བོ་”“བརྩེ་གཤིན་”བཅས་དང་། ཁོང་གཉིས་ཀྱི་ཕུགས་འདུན་དང་སྙིང་སྟོབས་མཚོན་པ་ལ་“ཆུ་འཛིན་”དང་“དྲི་བཞོན་”“ས་གཞི་”“ཟླ་འོད་”“རྒྱུ་སྐར་”“གཙང་བོ་”“རི་ཚོགས་”“སྤང་ཐང་”“ནམ་མཁའ་”“ལང་ཚོ་”དང་“ཕྱི་མིག་ལིང་ལིང་”ལ་སོགས་ངང་ཚུལ་སྟོན་པའི་རྒྱན་སོགས་མང་དུ་བེད་སྤྱོད་བྱས་ཡོད་པ་འདིས་སྙན་ངག་སྤྱིའི་བརྗོད་དོན་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། གོང་དུ་བདག་གིས་ཟུར་དུ་མ་ནས་སྙན་ངག་པ་གཅན་མེ་སྟག་གི་སྙན་ངག་བརྩམས་ཆོས་《ལྷོ་བཞུད་ཀྱི་ཆུ་འཛིན་》ལ་དབྱེ་ཞིབ་བགྱི་ཁུལ་ཙམ་བྱས་རུང་། ཁ་ཅིག་སྡོམ་ཚིག་ཙམ་པོ་བ་དང་། ཁ་ཅིག་གིས་སྙན་ངག་པའི་བརྩམས་ཆོས་ལ་“བཀག་སྡོམ་”བྱས་པའི་ཆ་ཡང་ཡོད་མོད་གང་གིས་“སྒྱུ་རྩལ་ནི་བཀག་སྡོམ་ལས་བྱུང་པ་ཞིག་ཡིན་ལ། ཚད་ལས་བརྒལ་བའི་རང་དབང་ལས་ཉམས་དམས་སུ་འགྲོ་བཞིན་ཡོད་”ཅེས་པས་རང་ལ་སེམས་གསོའི་ཚུལ་དུ་ད་ནི་སྐབས་བསྟུན་གྱིས་དོན་མཇུག་རྫོགས་པར་བྱའོ། །
“རྩོམ་རིག་ནི་སྐད་ཆའི་རིགས་ཤིག་ཡིན་ཞིང་འཚོ་བ་ལས་འདས་པའི་སྐད་ཆ་ཞིག་མེད་པར་འདོད། སྐད་ཆ་ནི་མིས་གོ་ཐུབ་པ་ཞིག་དང་གོ་ཐུབ་པས་ད་གཟོད་སྐད་ཆར་གྲུབ་པར་འདོད། མི་བརྒྱ་ཡིས་གོ་ཐུབ་པའི་སྐད་ཆ་དེ་མི་བརྒྱ་ཡི་སྐད་ཆ་དང་མི་བཅུ་ཡིས་གོ་ཐུབ་པའི་སྐད་ཆ་དེ་མི་བཅུ་ཡི་སྐད་ཆ་ཡིན་ལ། རང་ཉིད་ཁོ་ནས་མ་གཏོགས་མི་གོ་བའི་སྐད་ཆ་དེ་སྐད་ཆ་མིན། སྙན་ངག་ལའང་རིགས་འགྲེའོ། །ཡུལ་དུས་ལས་འདས་པའི་སྐད་ཆ་མེད་པས་ཡུལ་དུས་ལས་འདས་པའི་སྙན་ངག་ཀྱང་མེད། འཚོ་བ་ནི་ད་ལྟ་ཁོ་ན་ཡིན་པས་སྙན་ངག་གི་བརྗོད་བྱའང་ད་ལྟ་ཉིད་དོ། །ཚིག་ནི་སྐད་ཆ་དང་སྐད་ཆ་ནི་གོ་ཐུབ་པའི་མཚན་ཉིད་ཅན་ཞིག་ཡིན་པས་སྙན་ངག་གི་རྗོད་བྱེད་ཀྱི་ཚིག་ལ་བརྗོད་ཚུལ་དམ་ལྷོད་ཙམ་ལས་གོ་དཀའ་སླའི་ཁྱད་པར་བཤད་རྒྱུ་མེད། སྙན་ངག་གི་སྐད་ཆ་ནི་འཇིག་རྟེན་གྱི་ཆེས་སྣུམ་པའི་སྐད་ཆ་དང་། སྙན་ངག་པའི་འཚོ་བ་ནི་མི་ཡུལ་གྱི་ཆེས་མཚར་སྡུག་གི་འཚོ་སྟངས་ཤིག་ལགས། ”(13)འདི་ནི་བོད་ཀྱི་ན་གཞོན་སྙན་ངག་པ་གངས་ཞུན་ལགས་ཀྱིས་རྩོམ་རིག་དང་སྐད་ཆ། སྤྱི་ཚོགས་འཚོ་བ་བཅས་ཀྱི་བར་གྱི་འབྲེལ་བ་དང་། ལྷག་པར་དུ་སྙན་ངག་དང་སྐད་ཆའི་ཐད་ནས་འཕྲོས་པའི་ལྟ་བའམ་བསམ་ཚུལ་འབའ་ཞིག་ལགས། ཚིག་དུམ་འདི་ལས་སྙན་ངག་པས་རྩོམ་རིག་ལ་བཅངས་པའི་མཛའ་བ་ལྷང་ལ་བུད་ཀྱང་། ནང་སྒོས་སུ་སྙན་ངག་གི་སྐད་ཆ་དང་སྙན་ངག་པའི་འཚོ་བར་རང་ལུགས་འབུར་དུ་ཀེར་ཡོད་པའང་མཐོང་ཐུབ་བོ། །གངས་ཞུན་ལགས་ཀྱི་མིང་དངོས་ལ་སངས་རྒྱས་རྒྱ་མཚོ་ཟེར་ཞིང་1969ལོར་མདོ་སྨད་གཅན་ཚ་ཚོ་དྲུག་ཡུལ་དུ་སྐྱེས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཅས་རིམ་གྱིས་འགྲིམས་མཐར། མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་དང་ཀུན་ཕན་ཐེབས་རྩ་ཚོགས་པ། ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་ཟི་བཅས་ནས་དགེ་རྒན་དང་ལས་གཞི་དོ་དམ་པ། གློག་བརྙན་ཕབ་བསྐྲུན་པ་བཅས་ཀྱི་འགན་ཁུར། སྙན་ངག་བརྩམས་ཆོས་ལ་གཙོ་བོ་《འཁོར་བའི་སྙིང་བོ་》དང་《ང་དང་མེས་པོའི་སེམས་བསྐྱེད》《སྙན་ངག་གི་རྒྱབ་ལྗོངས》《དྲིན་གཟོ》《ཁ་བྱང་མེད་པའི་རྩོམ》《རྔ་མོང་དང་ཁོ་མོའི་རྟེའུ་》《མ་བཅོས་དང་པོའི་འགྱུར་ཁུགས》《གངས་རི། ལྷ་སྒྲུང་དུ་འཐིམ་པའི་ཁྱེའུ་ཆུང་དཀར་མོ་》བཅས་ཡོད་ཀྱང་དེ་དག་ལས་ཁག་གཅིག་དབྱིན་ཡིག་དང་ཧྥ་རེན་སུའི་ཡི་གེར་བསྒྱུར་ཞིང་། 《སྙན་ངག་གི་རྒྱབ་ལྗོངས་》ལ་སྐབས་གསུམ་པའི་《སྦྲང་ཆར་》རྩོམ་རིག་བྱ་དགའ་ཐོབ། སྙན་ངག་གི་ཐད་ཁོས་ལྟ་བ་གཙོ་བོ་ཡིན་པའི་རྩོམ་རིག་དཔྱད་བརྗོད་ཀྱང་སྤེལ་ཡོད་དེ། གཙོ་བོ་ནི། 《གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ》《སྙན་ངག་གི་མ་འོངས་པ》《སྙན་ངག་གི་ངེས་ཤེས་ཆེན་པོ་གཉིས》《གནམ་འོག་འདི་ན་སྙན་ངག་ལ་རང་དབང་དུ་ཁ་ལོ་བསྒྱུར་ཐུབ་མཁན་མེད་》བཅས་ཅུང་མང་ངོ་། །སྙན་ངག་པ་གངས་ཞུན་ལགས་ལ་《མ་བུའི་བརྩེ་དུང་》ཞེས་པའི་སྙན་ངག་རིང་པོ་ཞིག་ཡོད་ཀྱང་བརྩམས་ཆོས་དེར་ལྟས་ཚོད་ཀྱིས་ཚིག་ཉོག་ཅུང་མང་ཞིང་། བརྗོད་བྱ་གདམ་གསེས་བྱས་པའང་དེ་ཙམ་དུ་མཐོང་པས་འདིར་གླེང་པ་ཙམ་གྱིས་འཐུས་པར་བྱའོ། །ང་རང་ཉིད་མི་སྒེར་ནས་སྙན་ངག་པར་ཆ་རྒྱུས་ཕྲན་བུ་ཡོད་པས་དུས་རྒྱུན་ཁོ་རང་ཁོའི་བརྩམས་ཆོས་《འཁོར་བའི་སྙིང་བོ་》ལ་ཞེ་མདང་ཆེན་པོ་ཡོད་པར་གཞིགས་ནས་འདིར་ཡང་དེར་དཔྱད་པ་སྤེལ་བ་ལས་ཁོའི་སྙན་ངག་སྤྱིའི་ཁྱད་ཆོས་ཟུར་བསྟན་ལེབ་མཐོང་གི་ཚུལ་བྱའོ། །
སྤྱིར་སྙན་ངག་བརྩམས་ཆོས་ཤིག་ལ་དཔྱད་བརྗོད་སྤེལ་དུས་དོན་གྱི་མཐིལ་བརྟོལ་རྒྱུ་ཅུང་གལ་ཆེ་ཞིང་གང་ལ་གང་འོས་དེ་ལ་དེ་མཐུན་གྱིས་གསེད་བཀྲོལ་ཕྲན་བུ་རེ་བྱེད་རྒྱུ་ཡང་བཏང་སྙོམས་སུ་བསྐྱུར་མི་རིགས། གངས་ཞུན་གྱི་སྙན་ངག་《འཁོར་བོའི་སྙིང་བོ་》ལ་ཚིག་རྐང་བདུན་ཅུ་ལྷག་ཡོད་ཅིང་བརྗོད་བྱ་གང་དེས་ཕ་རོལ་པོར་བཅངས་པའི་མཛའ་བ་གོ་སླ་བའི་ཚིག་གིས་ཤོག་ངོས་སུ་ཕབ་ཡོད། “ཁ་པར་ལས་ཁྱོད་དང་ཁ་བརྡ་ཐེངས་མང་བྱས་ཀྱང/ངས་ད་དུང་ཅི་ཞིག་བཤད་མ་ཚར་བ་དང་འདྲ་བ/འཕྲིན་ཡིག་ཅིག་བྲིས་ཏེ་སེམས་གཏམ་ཡོངས་རྫོགས་ཤར་མར་ཞུ་བསམས་ཀྱང/སྐད་ཆ་དྲགས་པས་གང་ནས་མགོ་རྩོམ་དགོས་པ་ཡང་མ་ཤེས/དེ་བས། ད་ལྟ་གང་དུ་སོང་ཡང་ངས་ཅི་ཞིག་བོར་ཟིན་པ་དང་འདྲ་ལ/གང་ནས་བསྡད་ཀྱང་ངས་ཅི་ཞིག་བརྗེད་སོང་པ་དང་མཚུངས། ”མི་ཚང་མས་བརྩེ་དུང་བྱ་བ་རླབས་ཆེན་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཅིང་། ལྷག་པར་དུ་སྙན་ངག་པ་ཞིག་ལ་མཚོན་ནས་བཤད་ན་བརྩེ་དུང་ལ་གོང་བཀུར་དང་དོ་སྣང་ཆེན་པོ་བྱེད་པས་ན་རླབས་ཆེན་གྱི་བརྩམས་ཆོས་མང་པོ་བྱུང་དང་འབྱུང་གིན་པ་འདི་ཡིན། “ཁ་པར་”དང་“འཕྲིན་ཡིག་”གི་ལམ་ནས་ཕན་ཚུན་ལ་སྙིང་གཏམ་གྱི་མེ་ཕུང་སྒྲོན་ཞིང་། དེ་ལས་འཕྲོས་པའི་བརྩེ་བར་སུས་ཀྱང་ཡི་རང་དང་བཀུར་བསྟི་བྱེད་སྲིད། སྙན་ངག་པས་གོང་གི་ཚིག་རྐང་འགའ་ལས་ཐོག་མར་ཧ་ཅང་བབ་ཆགས་ཀྱི་ཚིག་གིས་བརྩེ་དུང་གི་མདུན་ནས་སུ་ལའང་ལྷགས་སྲིད་པའི་སྣང་ཚུལ་ལམ་སེམས་ཁམས་ཀྱི་བཀོད་པ་ཞིབ་མོར་བསྙད་ཡོད་ཅིང་། ལྷག་པར་དུ་“བོར་ཟིན་པ་དང་འདྲ་”བྱ་བ་“བརྗེད་སོང་པ་དང་མཚུངས་”ཞེས་པས་སྙན་རྩོམ་སྤྱི་ལ་ཞུགས་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། རང་ཉིད་དུངས་ཀ་ཆེ་བའི་མཛའ་མོར(འདིར་ཆུང་མར་གོ་ན་འགྲིག)ཅི་ཙམ་ཕྱོགས་ན་དེ་ལྟར་སྡུག་བསྔལ་ཆེ་རུ་འགྲོ་ཞིང་དེ་དང་ལྷན་དུ་བསྡོངས་པའི་གོ་སྐབས་ནི་ཤིན་ཏུ་རིན་ཐང་ཆེ་བས་ན་ཚོར་འདུས་ཕྱུག་པའི་སྙན་ངག་པས་མི་སེམས་སྒུལ་བའི་སྙན་ངག་བརྩམས་ཆོས་འདི་ལྟ་བུ་འབྲི་གནང་མཛད་པ་རེད། གོང་གི་ཚིག་རྐང་དེ་དག་ལ་མཐུད་དེ་སྙན་ངག་པས་ཞོལ་ནས་“ལྷིང་འཇགས་ཀྱི་མཚན་མོར་”གང་དེ་དྲན་པའི་གདུངས་པ་ཚིག་གི་ཕྲེང་བར་བརྒྱུས་ཡོད་དོ། །“མི་སྐད་དང་འཕྲུལ་ཆས་ཀྱི་འུར་སྒྲ་ཅི་ཡང་མེད་པའི་མཚན་གུང/གློག་སྒྲོན་གཟིམས་ཤིང་མིག་ཟུང་བཙུམས/ལག་པ་སྙིང་གར་བཞག་ནས་ག་ལེར་བསམ་ན/ཁྱོད་ཀྱི་ཞལ་ངོ་ཐེངས་གཅིག་ལ་དངོས་སུ་རིག་ཐུབ་ན/ང་ལ་བཤད་དགོས་པའི་སྐད་ཆ་གཞན་ཅི་ཡང་མེད་ཀྱང/ཁྱོད་ཀྱི་འགྲམ་པར་སེམས་ཆུང་ངང་འོ་ཞིག་བྱེད་ཐུབ་ན/ང་ལ་བརྗེད་སོང་བའི་དོན་དག་གཞན་གང་ཡང་མེད་པ་ཚོར/”སྙན་ངག་ནི་སྤྱི་ཚོགས་འཚོ་བའི་ལག་ལེན་དང་ཉམས་མྱོང་དངོས་ལས་བྱུང་ཞིང་བརྩམས་ཆོས་གང་ཞིག་ཡིན་རུང་ཕྱིར་སྤྱི་ཚོགས་འཚོ་བ་དངོས་ལ་ཞབས་འདེགས་ཞུ་དགོས་པའང་ལྡོག་ཏུ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་དུ་འཁུམས། སྙན་ངག་པ་མང་པོ་ཞིག་ཕུགས་བསམ་དང་རྟོག་བཏགས་ཀྱི་ཁྲོད་ནས་འཚོ་བ་རོལ་བར་མོས་མཐུན་ཆེ་ཞིང་། ཚོར་འདུ་དང་བརྩེ་དུང་ནི་ནམ་ཡང་སྙན་ངག་པའི་སྨྱུག་རྩེ་དང་ཁ་འབྲལ་ཐབས་མེད། ཚིག་རྐང་འདི་དག་གིས་ཀློག་པ་པོའི་དྲན་པའི་མེ་ལོང་ངོས་སུ་གཟུགས་ཅན་བཞིན་དུ་གང་དེས་“མཚན་གུང་”ཁོ་མོ་དྲན་པའི་སྣང་ཚུལ་ཤར་མར་བསྟན་ཡོད། །སྙན་ངག་པ་གངས་ཞུན་ལ་མཚོན་ན་བྲིས་པའི་བརྩམས་ཆོས་དང་ཁོའི་མི་གཤིས་གཉིས་ཧ་ཅང་ཐོ་ཐུགས་ཤིང་། “སེམས་ཆུང་”དང་“ག་ལེར་”བཅས་ཀྱིས་ངང་རྒྱུད་རིང་ཞིང་བབ་ཆགས་ཚུལ་མཐུན་གྱི་སྙན་ངག་པའི་ཀུན་སྤྱོད་དང་གཤིས་ཀ་ལྷང་ལ་རྗེན་པར་བཏོན་འདུག དཔྱད་བརྗོད་པ་མང་ཤོས་ཀྱི་མིག་མདངས་ཁོའི་སྙན་ངག་བརྩམས་ཆོས་ཁ་ཤས་ཀྱིས་ཡིད་དབང་བཀུག་པར་ཡང་རྒྱུ་མཚན་འདི་ལ་རག་ལས་སོ་སྙམ། “རེད་ཡ/འཇིག་རྟེན་འདི་ན/ང་ལ་ཁྱོད་ལས་གཞན་ཅི་ཞིག་ཡོད/”ཅེས་པ་ནས་“ངས་འདི་དག་ཐམས་ཅད་སྙིང་བོ་མེད་པར་ཅི་ལྟར་བསྒོམ་ཐུབ། ”ཅེས་པའི་བར་དུ་གཙོ་བོ་གནས་ལུགས་དུ་མ་དྲངས་ཏེ་གང་དེར་བཅངས་པའི་བརྩེ་བར་སྐྱོར་མ་བྱས་ཤིང་།“ སྟོང་བ་”དང་“བདག་གི་”“སྡུག་བསྔལ་”“ཚོང་འདུས་ཀྱི་མགྲོན་པོ་”“དམ་པའི་གསུང་རབ་”“རྟོག་གེའི་གཏན་ཚིགས་ཀྱི་སྒྱོགས་རྡོ་”“གཅེས་པའི་ངག་”“འཁྲེང་པའི་སེམས་”“འཇམ་པའི་ལུས་”“མཛེས་པའི་སྤྱོད་པ་”“བྱམས་པའི་མིག་”བཅས་རེས་མོས་སུ་སྤྱད་པ་ལས་རྩོམ་པ་པོའི་བརྩེ་བ་ཁ་གཡང་དང་འུད་སྒྲོག་ཙམ་མིན་པར་“ངའི་སྙིང་གི་ཐིག་ལེ་ལ་འཛེར་མ་བཞིན་འཐས་ཟིན་པས་”ན་སྙན་ངག་པས་སྨྱུག་ཁ་སྐོར་ཐེངས་གཅིག་གིས་“ངས་འདི་དག་ཐམས་ཅད་སྙིང་བོ་མེད་པར་ཇི་ལྟར་བསྒོམ་ཐུབ་”ཅེས་འདྲི་ཚིག་བཏོན་པ་ལགས། གངས་ཞུན་གྱི་སྙན་ངག་མང་ཆེ་བའི་བརྗོད་བྱ་ཅུང་ཁོད་ཡངས་ཤིང་བསམ་གཞིག་གི་གཏིང་ཚད་ཅུང་ཟབ་པས་ན་ཀློག་པ་པོར་ཐུན་མིན་གྱི་སྤྲོ་བ་སྦྱིན་པའི་ཆ་ནི་མང་དུ་མཆིས་སོ།། དེ་ནི་ཕལ་ཆེར་སྙན་ངག་པ་ཁོ་རང་གིས་བསྟན་པ་ལྟར། ཟང་ཟིང་གི་སྤྱི་ཚོགས་ཀྱིས་ང་ལ་རྒྱུན་ཆད་མེད་པར་གསར་རྩོམ་གྱི་རྒྱུ་ཆ་མཁོ་སྤྲོད་བྱེད་བཞིན་ཡོད་ལ། ལྷིང་འཇགས་ཀྱི་གྲུ་ག་གང་རུང་ཞིག་ནས་ངས་ད་གཟོད་རྒྱུ་ཆ་དེ་དག་རང་གི་སེམས་ཁམས་སུ་དང་། མཇུག་མཐར་རྣམ་ཤེས་དང་ཚེ་སྲོག་གི་ངོ་བོར་བསྟིམས་ཡོད་ཅེས་པ་ལྟར་རོ། །ཡང་སྙན་ངག་པས་ཚོར་སྣང་དང་ལྟ་བ། གོ་རྟོགས་གསུམ་ནི་སྙན་ངག་གི་བླ་སྲོག་དང་སྙན་ངག་པའི་ནང་སེམས་ཀྱི་དེ་ཉིད་ལགས་སོ་ཞེས་པའང་གོ་རྒྱུ་ཅན་གྱི་གཏམ་ཡིན་ནོ། །“ཀྱེ/འཁོར་བ་ལ་སྙིང་བོ་ཡོད་དེ/ཁྱོད་ཡོད་པས/འཁོར་བ་ལ་སྙིང་བོ་ཡོད་ཨང/”ཞེས་པ་ནས་མཇུག་སྒྲིལ་པའི་བར་དུ་མུ་མཐུད་ནས་གང་དེར་བཅངས་པའི་བརྩེ་དུང་བསླུ་མེད་དང་གང་དེ་སྙན་ངག་པའི་ཡོད་ཚད་ཡིན་ཚུལ་གོ་སླ་བའི་གནས་ལུགས་ཀྱིས་བསྒྲུབས་ཡོད་དེ། ཐ་ན་སྟོན་པས་ཀྱང་“འཁོར་བ་སྟོབས་དང་ལྡན་”ཞེས་གསུངས་ཡོད་པ་ལས་ཞོར་དུ་འུ་ཅག་གང་ཟག་ཕལ་བ་སྨྲས་ཅི་འཚལ་ཞེས་བསྟན་ཡོད་དོ། །ཚན་པ་འདིར་“འཁོར་བ་ལ་སྙིང་བོ་ཡོད་པས། ”ཞེས་པའི་ཚིག་འདི་ཐེངས་འགར་བསྐྱར་མཐར་“འཚོ་བ་འཚོ་བར་ཤེས་ཤིང་དཀོན་མཆོག་དཀོན་མཆོག་ཏུ་རྟོགས་ཤིང་”“ཕ་མ་ཕ་མར་ཤེས་ཤིང་བླ་མ་བླ་མར་རྟོགས་”པ་དང་“མཛེས་པ་མཛེས་པར་ཤེས་ཤིང་བདེན་པ་བདེན་པར་ཚོར་བ་”ལས་ཀྱང་བརྩེ་དུང་གི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྟན་ཡོད། འདི་ནི་སྙན་ངག་པ་གངས་ཞུན་གྱི་སྙན་ངག་བརྩམས་ཆོས་འབྲི་ཐབས་ཡན་གར་བ་ཞིག་ཀྱང་ངོ་། །
《འཁོར་བའི་སྙིང་བོ་》ཞེས་པའི་སྙན་ངག་འདི་ལ་མཚོན་ན་བརྗོད་པར་བྱ་བ་གཙོ་བོ་ནི་ཕོ་མོའི་བར་གྱི་བརྩེ་དུང་ལ་བསྔགས་བརྗོད་བྱས་ཡོད་ཅིང་། རྗོད་བྱེད་ཀྱི་ཚིག་ཅུང་ལྷོད་ཤ་ཆེ་ཞིང་ནང་བའི་ཆོས་ལུགས་ཀྱི་ཐ་སྙད་མང་དུ་བཀོལ་སྤྱོད་བྱས་ཡོད་དོ། །སྤྱིར་ནང་བསྟན་གྱི་ཐ་སྙད་སྙན་ངག་བརྩམས་ཆོས་སུ་བཀོལ་མི་རུང་བ་མིན་མོད། །བཀོལ་སྤྱོད་ཐལ་དྲགས་ན་རང་ཅག་གི་སྙན་ངག་བརྩམས་ཆོས་ལ་མ་གཞི་ནས་ཡོད་པའི་མཛེས་ཉམས་དེ་བསྒྲིབས་ཀྱིན་པའི་ཞད་ཅིག་ཀྱང་མཆིས་སོ། །མདོར་ན་“སྙན་རྩོམ་འདི་ལས་ང་ཚོར་གསལ་བཤད་ཅིག་བྱེད་ཐུབ་པ་ནི། ང་ཚོས་གཞན་དཔེ་རང་འགྲེ་ཡི་ངལ་བ་འཛིན་མི་དགོས་པར་མ་ཟད། གཞན་ཐབས་བཙན་བཀོལ་གྱི་དཀའ་ལས་ཀྱང་མྱོང་མི་དགོས། ང་ཚོས་གནའ་ནས་གོམས་པའི་ཚུར་ལེན་རིང་ལུགས་ཀྱི་སྲོལ་བཟང་རྒྱུན་འཛིན་བྱེད་དགོས་པར་མ་ཟད། རང་ལུགས་རྒྱུན་འཛིན་གྱི་སྤོབས་པའང་བསྐྱེད་དགོས། གཞན་ལས་ཐུན་མོང་མ་ཡིན་པས་ང་ཚོ་ད་གཟོད་མི་རིགས་ཤིག་གི་གྲས་སུ་བགྲངས་ཤིང་། མི་རིགས་རང་བཞིན་ནི་སྒྱུ་རྩལ་གང་ལ་མཚོན་ནའང་བཙལ་བྱའི་ཡུལ་དམ་པ་དང་སྒྱུ་རྩལ་བརྩམས་ཆོས་དེ་ཉིད་འཇིག་རྟེན་མི་ཡུལ་འདིར་ཡུན་རིང་ལ་གནས་ཐུབ་མིན་གྱི་ཚེ་སྲོག་ཉག་ཅིག་ཡིན་ནོ། (14)
མཆན་འགྲེལ།
① 《ནུབ་གླིང་རྩོམ་རིག་རིགས་གཞུང་སྐོར་གྱི་ཕུལ་བྱུང་རྩོམ་ཡིག་གཅེས་བསྒྲིགས་》པེ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་གིས1986ལོར་དཔར་སྐྲུན་བྱས་པའི་བར་ཆའི་ཤོག་ངོས79ནའོ། །
② 《གངས་འདབས་ཀྱི་སེམས་པ་》1994ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས། 10ན་གསལ།
③《སོ་ལྟ་དང་གཟབ་ཉན་》2005ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས64ན་གསལ།
④《སྐྱ་རེངས་ལྷ་མོའི་འབོད་བརྡའ་》1998ལོའི་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས202ན་གསལ།
⑤《འཚོལ་རྟོག་སྙིང་སྟོབས་》2004ལོའི་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས། 136ན་གསལ།
⑥《ལྷུག་རྩོམ་པད་མའི་ཟེའུ་འབྲུ་》2001ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས495ན་གསལ།
⑦《ནགས་ཀློང་ཁུ་བྱུག་འདུ་གནས་》2006ལོའི་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས། 116ན་གསལ།
⑧《དེང་རྩོམ་གཅེས་བསྒྲིགས་》2005ལོའི་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས56ན་གསལ།
⑨1995ལོའི《གངས་ལྗོངས་རིག་གནས་》དེབ་གསུམ་པའི་ཤོག་ངོས44-45བར། །འདྲེན་རྟགས་ནང་གི་སྙན་ངག་བརྩམས་ཆོས་མ་ལུས་ཨོ་རྒྱན་རྡོ་རྗེ་ཡི་དཔེ་དེབ་《མཐོ་སྒང་གི་རླུང་》ལས་དྲངས་པའོ། །
⑩1995ལོའི་《གངས་ལྗོངས་རིག་གནས་》དེབ་གསུམ་པའི་ཤོག་ངོས43ན་གསལ།
(11)《ལྷོ་བཞུད་ཀྱི་ཆུ་འཛིན་》2004ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས247ན་གསལ།
(12)《ནགས་ཀློང་ཁུ་བྱུག་འདུ་གནས་》2006ལོའི་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས511ན་གསལ།
(13)《སོ་ལྟ་དང་གཟབ་ཉན་》200ལོའི་ཟླ6པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས208ན་གསལ།
(14)《ནགས་ཀློང་ཁུ་བྱུག་འདུ་གནས་》2006ལོའི་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་ངོས294ན་གསལ།
དབང་འདུས་ཀྱིས་ཞུས།