གནས་ཡུལ། མདུན་ངོས། ཞིབ་འཇུག་འབྲས་བུ།
 
 
༄༅།།དཔེ་མཛོད་ཁང་དང་འབྲེལ་བའི་བོད་ཡིག་གནའ་དཔེའི་འཚོལ་བསྡུ་དང་མཛོད་ཉར་སྐོར་གླེང་བ།
སྤེལ་དུས།2009-03-16   ཡོང་ཁུངས་།   རྩོམ་པ་པོ། སྤེན་པ་ཚེ་རིང་།

དེང་སང་ཤིང་པར་འབོར་ཆེན་བོད་ཡུལ་དུ་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུའང་མེད་པར་གྲགས་”①ཞེས་བོད་ཀྱི་ཉེ་རབས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུངས་པ་ལྟར།   རང་རེ་ཁ་བ་ཅན་གྱི་ཡུལ་ཁམས་འདིར་གནའ་སྔ་མོ་ནས་ཆོས་རྒྱལ་མེས་དབོན་དང་།   མཁས་གྲུབ་ལོ་པ   ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྗེའི་དྲིན་ལ་བརྟེན་ནས་འབྱུང་བའི་རིག་གནས་སོགས་བསྟན་པའི་གཞུང་ནོར་བུའི་གན་མཛོད་འདི་དག་པར་དུ་བརྐོ་བ་དང་འབྲི་བ་ལ་སོགས་སོར་རྩེའི་འཕྲུལ་ལ་བརྟེན་ནས་ལེགས་པར་བསྒྲུབས་པ་རང་ཅག་ཕྱི་རབས་པ་རྣམས་ལ་བཞག་ཡོད་པ་འདི་ལྟ་བུ་ནི།   གཞལ་བར་དཀའ་བའི་རིན་ཐང་ལྡན་པ་དང་།   དུས་ཡུན་རིང་པོ་ཇི་ཙམ་ཕྱིན་ཡང་དེ་ཙམ་གྱིས་འཛམ་གླིང་ཐོག་བརྩི་མཐོང་ཇེ་ཆེར་འགྲོ་བ།   ལྷག་པར་དེང་གི་དུས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་རིག་པ་ཞེས་སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་བཞིན་པའི་སྐབས་འདིར།   དེ་དག་འཚོལ་བསྡུ་དང་།   དག་སྒྲིག   སྲུང་སྐྱོབ་བཅས་བྱ་དགོས་པ་ནི་ང་ཚོ་ཕྱི་རབས་ཀྱི་བུ་རྒྱུད་རྣམས་ཀྱི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན་ལ།   ལྷག་དོན་དུ་དཔེ་མཛོད་ལས་དོན་པ་རྣམས་ཀྱིས་འབད་འབུངས་བྱ་བའི་དམིགས་གཞི་ཞིག་ཀྱང་ཡིན་པས་ན།   ཁོ་བོས་རང་གི་དཔེ་མཛོད་ལས་དོན་དང་ཟུང་དུ་འབྲེལ་ནས་དེ་དག་གི་སྐོར་རོབ་ཙམ་གླེང་བར་བྱ་སྟེ།  

                                         དང་པོ།   བོད་ཡིག་གནའ་དཔེའི་གོ་དོན་དང་འཚོལ་བསྡུའི་སྐོར།  

གཅིག   བོད་ཡིག་གནའ་དཔེའི་གོ་དོན་དང་འབྲེལ་བའི་དུས་འཚམས་དབྱེ་ཚུལ།  

བོད་ཡིག་གནའ་དཔེ་འཚོལ་བསྡུའི་བྱ་བ་རྩོམ་པར་ཐོག་མར་དུས་འཚམས་ཀྱི་དབྱེ་ཚུལ་ལ་བརྟེན་ནས་དུས་ཇི་ཙམ་ཞིག་གི་དཔེ་ཆར་གནའ་དཔེ་ཞེས་པའི་མིང་ཐོག་པ་དང་དཔེ་ཆའི་རྣམ་པ་ཇི་འདྲ་ཞིག་ལ་བོད་ཡིག་གནའ་དཔེར་བརྗོད་པ་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་ཡིན།   གང་ཞིག་ལ་བོད་ཡིག་གནའ་དཔེའམ་དཔེ་རྙིང་ཟེར་རམ་ཞེ་ན།   རྒྱ་ཆེ་བར་སྨྲས་ན་བོད་གནའ་རབས་སུ་བྱུང་བའི་བཀའ་དང་བསྟན་བཅོས།   ལོ་རྒྱུས་ཆོས་འབྱུང་།   སྐད་ཡིག་རིག་གནས་སོགས་བསྟན་པའི་རྩ་ཆེའི་གཞུང་དེ་དག་ཤེས་བྱ་ཁྱབ་སྤེལ།   ཉམས་མྱོང་ངོ་སྤྲོད།   བསམ་བློ་ཁྱབ་བསྒྲགས།   ལྟ་ཚུལ་བསྒྲགས་སྤེལ་བཅས་ཀྱི་ཆེད་དུ།   མཁས་པ་ཚོས་གསར་གཏོད་རིག་པའི་ཐབས་རྩལ་ལ་བརྟེན་ནས།   ཡི་གེ་དང་།   རི་མོ་མཚོན་རྟགས་སོགས་ཀྱི་གཟུགས་སུ་རྡོ་དང་།   ལྕགས།   ཟངས།   ཤིང་ཁྲམ།   ཤིང་ལོ།   རུས་པ།   ལྤགས་པ།   དར་གོས་སོགས་རྒྱུ་སྣ་ཚོགས་ཀྱི་སྟེང་དུ་འབྲི་བ་དང་།   བརྐོ་བ།   པར་བ་སོགས་ཀྱི་བྱ་ཐབས་སྤྱད་པའི་བོད་ཡིག་གི་བརྩམས་བྱ་མཐའ་དག་ལ་ཟེར།  

སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་བོད་ལ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དངོས་སུ་དར་འགོ་ཚུགས་པ་དང་ཕྱོགས་མཚུངས་ཆོས་ལུགས་གྲུབ་མཐའ་མང་པོ་ཤིག་འཕེལ་རྒྱས་བྱུང་ཡོད་པ་དེ་དག་གིས་གསུང་རབ་ཀྱི་དགོངས་འགྲེལ་དང་།   ལོ་རྒྱུས།   སྐད་ཡིག རིག་གནས་སོགས་ཀྱི་གླེགས་བམ་གྲངས་ཀྱིས་མི་ལངས་པ་སྤེལ་ཡོད་གཤིས།   དེ་དག་ནི་བོད་ཡིག་དཔེ་རྙིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།   འགྲོ་བ་མིའི་རིགས་ཀྱི་གནའ་བོའི་རིག་་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན།  

བོད་ཡིག་གནའ་དཔེར་དེའི་རྒྱུ་ཆ་དང་།   ལག་རྩལ།   །འདུ་ཤེས་འཛིན་སྟངས།   འཕེལ་རྒྱས་འགྲོ་ཚུལ་བཅས་ཀྱི་ཐད་ནས་དབྱེ་ན་དུས་རིམ་བཞིར་དབྱེ་ཆོག་སྟེ།   དུས་རབས་བདུན་པའི་གོང་སྟེ་ད་ལྟའི་བོད་ཡིག་འཐུས་ཚང་འདི་མ་དར་སྔོན་དང་།   བསྟན་པ་སྔ་དར་གྱི་དུས།   བོད་སིལ་བུ་དང་བསྟན་པ་ཕྱི་དར་གྱི་དུས།   པར་སྐྲུན་དར་འགོ་ཚུགས་པའི་དུས་རབས་བཅས་ལ་དབྱེ་བ་མཁས་མཆོག་དུང་དཀར་རིན་པོ་ཆེས་ཀྱང་བཞེད་པ་བོད་ཡིག་གནའ་དཔེ་བྱུང་འཕེལ་གྱི་ལོ་རྒྱུས་དངོས་ལ་དཔྱད་ནའང་བསྡོམས་ཚིག་དེ་རང་དུ་སྣང་བས་འཐད་པར་སེམས།   ཡང་འགའ་ཞིག་གིས་གདོད་མའི་གནའ་དཔེའི་དུས་རིམ་དང་དངོས་གཞིའི་གནའ་དཔེའི་དུས་རིམ་གཉིས་སུ་དབྱེ་བ་སྟེ།   གདོད་མའི་གནའ་དཔེའི་དུས་རིམ་ནི་རྡོ་དང་།   ཤིང་ཁྲམ།   རུས་པ་སོགས་ཀྱི་སྟེང་དུ་བརྐོས་པའི་གནའ་དཔེ་དང་།   དངོས་གཞིའི་གནའ་དཔེའི་དུས་རིམ་ནི་ཤོག་བུ།   སྣག་ཚ།   པར་ཤིང་སོགས་སྤྱད་དེ་བྲིས་པ་དང་པར་བའི་གནའ་དཔེ་ཡིན་ཞེས་གསུངས་པའང་སྣང་བས་དཔྱད་གཞིར་བྱ་འོས་སྙམ།  

སྤྱིར་བོད་ཡིག་གནའ་དཔེའམ་དཔེ་རྙིང་ཞེས་པའི་ཐ་སྙད་ཁོ་ནར་དཔྱད་ནའང་།   གནའ་དང་རྙིང་ཞེས་པ་དེང་དང་གསར་གྱི་ལྡོག་ཟླ་རུ་སོང་བས་དེ་དག་གི་བར་དུ་དུས་མཚམས་དབྱེ་འབྱེད་ཀྱི་དོན་དང་ལྡན་པ་ནི་རང་བཞིན་དུ་རྟོགས་ཐུབ་ལ།   དེའི་དུས་ཀྱི་འཕེལ་རིམ་ཡང་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དང་དཔར་བརྐོའི་ལག་རྩལ་གཉིས་དར་བ་དང་འབྲེལ་བ་ཟབ་མོ་ལྡན།   སྤྱི་ལོའི་དུས་རབས་བདུན་པའི་ནང་རྒྱལ་བློན་རིག་པ་ཅན་གཉིས་ཀྱི་དྲིན་ལས་ད་ལྟའི་བོད་ཡིག་འཐུས་སྒོ་ཚང་བ་འདི་གསར་གཏོད་བྱུང་བ་དང་།   དེའི་དུས་མཇུག་ཙམ་ལ་རང་རེ་ཁ་བ་ཅན་དུ་བོད་ཤོག་དང་།   སྣག་ཚ།   བོད་སྨྱུག་ལ་སོགས་ཤུགས་ཆེན་དར་ཞིང་དེ་དག་ཡོངས་སུ་སྤྱོད་འགོ་ཚུགས་ཡོད་དེ།   ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ནས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུ་སྐབས།   བློན་པོ་མགར་སྟོང་བཙན་གྱི་མདུན་དུ་རྒྱལ་པོས་རྒྱ་ཡིག་ཏུ་བྲིས་པའི་བཀའ་ཤོག་ཁག་གསུམ་བསྐྱུར་བར་གཞིགས་ན།   སྐབས་དེ་དུས་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཡོད་ཚོད་འདུག་ཀྱང་ཕོ་བྲང་ཁོ་ནར་མ་གཏོགས་དམངས་ཁྲོད་དུ་ཁྱབ་མི་ཆེ།   དེ་ནས་རྒྱལ་རབས་ལྔ་ཙམ་ཕྱིན་རྗེས་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱལ་ཁབ་ཀྱི་རྒྱ་ཆེའི་དོན་རིགས་བཀའ་བརྩིགས་ཤོག་བུར་བྲིས་ནས་བང་མཛོད་དུ་བཞག་པའི་ལོ་རྒྱུས་འདུག་ལ།   རྒྱ་གར་ནས་བོད་དུ་བསྒྱུར་བའི་གསུང་རབ་ཤོག་དྲིལ་བྱས་ཏེ་བྲིས་པ་དང་།   གཞན་ཡང་སློབ་དཔོན་དང་།   མཁན་པོ།   དགེ་རྒན།   སློབ་ཕྲུག སྒོམ་ཆེན་བཅས་ལ་ཤོག་བུ་བཅུ་དེབ་བཞི་ནས་གཉིས་བར་ཕོགས་རིམ་ཆེ་ཆུང་ལ་གཞིགས་ཏེ་སྤྲོད་སྲོལ་ཡོད་པ་སོགས་ལ་བརྟགས་ན་སྐབས་དེ་དུས་ཤོག་བཟོ་དར་ཁྱབ་ཆེ་ཙམ་བྱུང་ཡོད་ཚོད་འདུག ཤོག་བུ་དར་ཡུལ་དང་འབྲེལ་བའི་ཤོག་བུའི་རིགས་ལ་མཚོན་ནའང་།   བོད་ཡུལ་དུ་སྐད་གྲགས་ཆེ་བ་དྭགས་པོ་སྟོད་སྨད་ནས་ཐོན་པའི་དྭགས་ཤོག་དང་སྐྱེམས་ཤོག སྙེ་མོ་ཁུལ་ནས་ཐོན་པའི་སྨོན་དཀར་ལས་ཤོག་གམ་གཙང་ཤོག སྟོད་གཉའ་ནང་ནས་ཐོན་པའི་གཉའ་ཤོག ཆབ་མདོ་བྲག་གཡབ་ནས་ཐོན་པའི་ཁམས་ཤོག ད་དུང་རྒྱ་ནག་ནས་ཐོན་པའི་རྒྱ་ཤོག་དང་།   གན་ཤོག ཇུ་ཙེ་གསུམ།   མོན་ཡུལ་ནས་ཐོན་པའི་མོན་ཤོག་དང་།   འབྲུག་ཡུལ་ནས་ཐོན་པའི་འབྲུག་ཤོག་གམ་ལྷོ་ཤོག་སོགས་ཀྱང་ཡོད་པ་དེ་དག་མང་ཆེ་བ་ནི་རེ་ལྕག་ཟེར་བའི་དུག་རྩྭའི་རྩ་བ་ལས་བཟོས་པས།   དེའི་རྩ་བ་འཇམ་ཞིང་མཉེན་པས་ཡུན་རིང་སྤྱད་ཀྱང་མི་རལ་ལ།   དུག་ཤེད་ཆེ་བས་འབུ་དང་བྱི་བ་སོགས་ཀྱིས་མི་ཟ་བའི་དགེ་མཚན་དུ་མ་དང་ལྡན།  

སྨྱུ་གུ་དང་སྣག་ཚ་དར་བ་ན་ཐད་ཀར་ཡིག་རིས་འབྲི་བ་དང་།   ཡིག་རིས་པར་དུ་བརྐོ་བ་སོགས་བྱས་ཆོག་ལ་ད་དུང་དཔར་དུ་བརྐོས་ཟིན་པའི་ཤིང་ལེབ་ཐོག་སྣག་ཚ་བྱུག་ནས་པར་འདེབས་ཀྱང་བྱས་ཆོག་པས།   དེ་གཉིས་ནི་པར་བརྐོ་པར་འདེབས་ལག་རྩལ་གསར་གཏོད་དང་དར་རྒྱས་གཏོང་བར་མེད་དུ་མི་རུང་བའི་སྔོན་འགྲོའི་དངོས་པོའི་ཆ་རྐྱེན་ཞིག་ཡིན།   གཞན་ཡང་པར་བརྐོའི་ལག་རྩལ་གསར་གཏོད་ལ་མེད་དུ་མི་རུང་བའི་དངོས་པོའི་ཆ་རྐྱེན་གཞན་ཞིག་ནི་ཤོག་བུ་ཡིན།   ཤོག་བུ་མེད་པའི་གསར་གཏོད་དང་ལེགས་བཅོས་ནི་པར་དུ་བརྐོས་པའི་ཡིག་རིས་པར་འདེབས་བྱ་ཡུལ་མེད་པར་འགྱུར་སྲིད།   ཡིག་རིས་འབྲི་བའི་གཞི་རྟེན་ནི་དངོས་པོ་མང་པོའི་བྱེད་ནུས་ཏེ།   སྨྱུག་དོང་དང་།   ཤིང་ཁྲམ།   ལྤགས་པ།   རྡོ་ལེབ།   གཡང་ཉི།   རུས་པ།   ལྕགས་རིགས་ལ་སོགས་པ་ཚང་མའི་སྟེང་ཡིག་རིས་འགོད་ཐུབ།   འོན་ཀྱང་དེ་དག་གི་སྟེང་དུ་པར་བརྐོ་ཁག་པས་ཡིག་རིས་པར་རྒྱག་ལ་སྤྱོད་བདེ་བ་ནི་ཤོག་བུ་ལས་ལེགས་པ་མེད།  

ཤོག་བུ་བཟོ་བ་དང་པར་བརྐོ་བའི་ལག་རྩལ་དེ་གཉིས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་བཞིའི་ནང་ནས་གཙོ་བོ་གཉིས་ཡིན་ལ།   དེ་གཉིས་ཀྱིས་བོད་ཀྱི་པར་བརྐོའི་ལག་རྩལ་དང་ཤོག་བུ་བཟོ་བའི་ལག་རྩལ་ལ་སྐུལ་འདེད་དང་དེ་དག་འཐུས་ཚང་དུ་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཡོད་པ་ནི་ལོ་རྒྱུས་ལས་ར་སྤྲད་བྱུང་།   རབ་བྱུང་ལྔ་པའི་ནང་ཡོན་རྒྱལ་རབས་ཀྱི་གོང་མ་ཅིངམ་ཙིང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་(元仁宗爱育黎拔力达普颜)ལོ་དགུའི་རིང་སྲིད་བསྐྱངས་པའི་དུས་སྐབས་ནང་སྣར་ཐང་གི་དགེ་བཤེས་འཇམ་གག(འགག་)པཀྵི་བླ་མར་གདན་དྲངས་པས།   ཁོང་གིས་རང་གི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་སོགས་པར་རྒྱ་ནག་གི་སྣག་ཚ་དང་།   ཤོག་བུ།   སྨྱུ་གུ་སོགས་མང་དུ་བསྐུར་བ་ལ་བརྟེན་ནས་བཅོམ་ལྡན་རིག་པའི་རལ་གྲི་དང་།   དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས།   ལོ་ཙཱ་བ་བསོད་ནམས་འོད་ཟེར།   རྒྱང་རོ་བྱང་ཆུབ་འབུམ་བཅས་ཀྱིས་དབུས་གཙང་མངའ་རིས་སུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་ཡོད་ཚད་ཕྱོགས་བསྡུས་དང་།   ཞུས་དག གོ་རིམ་བསྒྲིགས་པ་བཅས་བྱས་ཏེ་བཀའ་བསྟན་གྱི་དཀར་ཆག་རྒྱས་བསྡུས་ཁག་གཉིས་མཛད་པ་དེ་ནི་བོད་དུ་བཀའ་འགྱུར་བསྟན་འགྱུར་ཆ་ཚང་གི་དཀར་ཆག་བྲིས་པའི་ཐེངས་དང་པོ་སྣར་ཐང་བཀའ་བསྟན་བྲིས་མ་དེ་ཡིན།   དུས་རབས་དེའི་ནང་བོད་ཀྱི་ས་གནས་མང་པོར་བཀའ་བསྟན་གྱིས་གཙོས་པའི་དཔེ་ཆ་བྲིས་མ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད།   འོན་ཀྱང་དེ་དུས་ཤོག་བུ་བཟོ་བའི་ལག་རྩལ་དར་ཡོད་ཀྱང་པར་ཤིང་བརྐོ་བའི་ལག་རྩལ་དར་འགོ་ཚུགས་མེད་པས།   དེ་དུས་མཚུར་ཕུ་དང་།   ས་སྐྱ།   མངའ་རིས།   ཁམས།   སོག་པོ།   རྒྱ་ནག་སོགས་ལ་དར་ཁྱབ་བྱུང་བའི་བོད་ཡིག་དཔེ་ཆ་དེ་དག་བྲིས་མ་ཤ་སྟག་ཡིན།   རབ་བྱུང་བདུན་པའི་ལྕགས་སྟག་སྟེ་སྤྱི་ལོ་།   1410ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་སྐབས་དེའི་བོད་ཀྱི་ཚལ་པ་བཀའ་འགྱུར་ལ་མ་ཕྱི་བྱས་ནས།   བོད་ཡིག་གི་བཀའ་འགྱུར་ཆ་ཚང་ཤིང་པར་སྤྱད་དེ་(འགའ་ཞིག་གིས་ཟངས་པར་དུ་བཤད་)པར་བའི་པར་ཐེངས་དང་པོ་རི་བོ་རྩེ་ལྔའི་དགོན་པར་ཕུལ་ཞིང་པར་ཐེངས་གཉིས་པའི་གྲས་ནས་སྐབས་དེའི་བོད་ཀྱི་ཆོས་ལུགས་མི་སྣ་གྲགས་ཅན་ས་སྐྱ་བ་དང་།   རྒྱལ་བ་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ།   རྗེ་ཙོང་ཁ་པ་བཅས་ལ་པར་ཕུད་མཚལ་པར་ངོ་མཚར་ཐེམ་སྐས་ཅན་གདོང་ལ་གསེར་ཡིག་བྲིས་པ་ཆ་ཚང་རེ་མཚམས་རྟེན་དུ་འབུལ་གནང་མཛད་པ་དེས་བོད་ཀྱི་མཁས་པ་རྣམས་ལ་པར་བརྐོ་བའི་སྤྱན་ལྟོས་ལེགས་པོ་ཞིག་ཏུ་གྱུར།   དུས་དེ་ཙམ་ནས་བོད་དུ་ཟངས་པར་དང་ཁྲོ་པར་ཐོག་ལུགས་བརྒྱབ་ནས་ཡི་གེ་བརྐོ་བའི་ལག་རྩལ་གྱི་ཁྱབ་ཁོངས་གུ་དོག་པོ་དེ་ཤིང་པར་པར་བརྐོའི་ལག་རྩལ་གྱི་ཕྱོགས་སུ་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་པས།   པར་སྐྲུན་གྱི་ལག་རྩལ་འཐུས་སྒོ་ཚང་བ་ཞིག་ཕྱོགས་ཡོངས་ནས་དར་འགོ་ཚུགས་ཡོད།   མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་པར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་།   པར་ལས་བྱེད་པའི་འགོ་ཚུགས་པ་དེ་ནས་བཟུང་ཡི་གེའི་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་།   ”③ཞེས་གསུངས་ཏེ་ཤིང་པར་བརྐོས་ཏེ་པར་སྐྲུན་བྱེད་པའི་སྲོལ་དེ་དུས་ནམ་ཞིག་དར་མིན་དང་དེས་བོད་ཡིག་གི་གཟུགས་དང་དག་ཆ་སོགས་ཀྱི་ཐད་ཕན་ནུས་ཇི་འདྲ་ཞིག་བྱུང་བ་སྔར་བས་གསལ་སྟོན་དང་ར་སྤྲོད་མཛད་ཡོད།  

བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་བོད་ཡིག་པར་སྐྲུན་གྱི་ལས་དོན་ཁག་འཕྲུལ་ཆས་ཅན་དང་རང་འགུལ་ཅན་དུ་འགྱུར་བའི་འགོ་ཚུགས་པ་དང་།   ད་ཆ་ལག་རྩལ་དེ་གློག་ཀླད་ཅན་དང་གློག་རྡུལ་གྲངས་གཞི་ཅན་གྱི་ཕྱོགས་སུ་གོང་འཕེལ་མགྱོགས་པོར་འགྲོ་བའི་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད།  

  གཉིས།   བོདཡིག་གནའ་དཔེ་འཚོལ་བསྡུའི་གོ་རིམ་དང་ཐབས་ལམ།  

རིག་གནས་ཇི་འདྲ་ཞིག་ཡིན་རུང་འཕེལ་འགྲིབ་ཀྱི་གོ་བསྐལ་མྱོང་དགོས་པ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡོག་ཏུ་མེད་པ་ཞིག་ཡིན་པས་ན།   གྲངས་ཀྱིས་མི་ལང་བའི་བོད་ཡིག་གནའ་དཔེ་འདི་དག་ལའང་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཚབས་ཆེན་ཕོག་ཡོད།   འོན་ཀྱང་ཕྱིས་སུ་ཏང་གི་ཡང་དག་བའི་སྲིད་ཇུས་འོག་སྲུང་སྐྱོབ་ཀྱི་འགྲོ་གྲོན་དང་།   དངོས་པོ།   མི་ཤུགས་སོགས་འབོར་ཆེན་བཏང་ཡོད་པས།   དགོན་སྡེ་ཁག་དང་།   ཞིབ་འཇུག་ཚན་པ།   དཔེ་མཛོད་ཁང་།   རྟེན་རྫས་བཤམས་མཛོད་ཁང་།   ཡིག་ཚགས་ཁང་།   མི་སྒེར་སོགས་ཀྱིས་བོད་ཡིག་གནའ་དཔེ་འཚོལ་བསྡུའི་ལས་དོན་ཞིག་ཚ་ཚ་འུར་འུར་ངང་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།   བོད་ཡིག་དཔེ་རྙིང་འཚོལ་བསྡུའི་ལས་དོན་དེ་ནི་དཀའ་ཚེགས་ཆེ་ལ་རྙོག་དྲ་ཚ་བ་ཞིག་ཡིན་པས།   ངེས་པར་དུ་འཚོལ་བསྡུའི་གོ་རིམ་དང་ཐབས་ལམ་ལ་སྣང་ཆེན་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།   འཚོལ་བསྡུ་བྱེད་སའི་ཡུལ་གཙོ་བོ་ནི་བོད་ཀྱི་པར་ཁང་ཆེ་གྲས་ཁག་ཡིན་ཏེ།   པར་སྐྲུན་གྱི་ལག་རྩལ་ཕྱོགས་ཡོངས་སུ་དར་འགོ་ཚུགས་པ་ནས་བཟུང་དབུས་གཙང་དང་།   མངའ་རིས།   ཁམས།   མདོ་སྟོད་སྨད།   སོག་ཡུལ་བཅས་ལ་བོད་ཡིག་གནའ་དཔེའི་པར་ཤིང་ཕོན་ཆེན་པོ་འཕེལ་རྒྱས་བྱུང་ཡོད་ལ།   པར་ཁང་ཆེ་ཆུང་མང་དག་ཅིག་དར་འཕེལ་བྱུང་ཡོད།   དེ་དག་ཁྲོད་ཡོངས་གྲགས་སུ་པར་ཁང་ཆེ་གྲས་ཁག་བཅུ་གཅིག་ཙམ་ཡོད་དེ།   དབུས་གཙང་ཁུལ་གྱི་དགའ་ལྡན་པར་ཁང་དང་།   ཞོལ་པར་ཁང་གསར་པ།   ཕུན་ཚོགས་གླིང་པར་ཁང་།   (ཞོལ་པར་ཁང་རྙིང་པ)འབྲས་སྤུངས་ཕོ་བྲང་པར་ཁང་།   བཀྲ་ཤིས་ལྷུན་པོའི་པར་ཁང་།   སྣར་ཐང་པར་ཁང་།   ཁམས་ཀྱི་སྡེ་དགེ་པར་ཁང་།། ལི་ཐང་པར་ཁང་།   མདོ་སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་པར་ཁང་།   སྐུ་འབུམ་པར་ཁང་།   ཅོ་ནེ་པར་ཁང་བཅས་དང་།   གཞན་ཡང་ཕོ་བྲང་པོ་ཏ་ལ་དང་།   སེ་ར་དགོན།   ཞ་ལུ་དགོན།   དཔལ་སྤུངས་དགོན།   མགོ་ལོག་རྭ་རྒྱ་དགོན།   རོང་པོ་དགོན་ལ་སོགས་པའི་དགོན་སྡེ་དང་།   གྲྭ་ཚང་ཁག ཁང་ཚན་སོ་སོ།   རི་ཁྲོད་ཆེ་ཆུང་སོགས་མང་པོས་ཆོས་ལུགས་དང་།   རིག་གནས།   ལོ་རྒྱུས་སོགས་སྐོར་གྱི་གནའ་དཔེ་འབོར་ཆེན་འབྲི་བ་དང་པར་དུ་བརྐོས་པས།  

སྤྱིར་ན་དགོན་སྡེ་ཆུང་ངུ་ཞིག་ལའང་དེ་གའི་བླ་མ་དང་མཁས་དབང་རིམ་བྱོན་ཚོའི་གསུང་འབུམ་མམ་གསུང་ཐོར་བུ་རེ་གཉིས་པར་འདེབས་མཛོད་ཉར་བས་ཡོད་པ་འདི་དག་གཅིག་ཏུ་བསྡེབས་ན་གཞལ་དུ་མེད་པ་ཡོད་སྐབས་དེའི་ལྷོ་ཁ་བྲག་དམར་ཀེ་རུ་ལྷ་ཁང་དང་།   མཉེས་ཐང་སྒྲོལ་མ་ལྷ་ཁང་།   ལྷུན་རྩེ་གྲོང་མཁར་ཆོས་སྡེ་ལ་སོགས་པར་ཡང་དཔེ་རྙིང་བྲིས་མ་འབོར་ཆེན་ཡོད་སྐད།   མདོར་ན་མདོ་དབུས་ཁམས་གསུམ་དང་།   མངའ་རིས་སྐོར་གསུམ།   རྒྱ་སོག་གི་ཡུལ་གྲུ་ཁག་ལ་གནས་པའི་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་དང་།   པར་ཁང་།   ཁྱིམ་པ་སྒེར་བཅས་སུ་རླུང་རྟ་དང་།   ཇོ་དར།   གཏོར་པར།   ཁ་འདོན་སོགས་ཆོས་ཚན་ཐོར་བུ་རེ་གཉིས་ནས་རིམ་བཞིན་གསུང་འབུམ།   ཕྱོགས་བསྒྲིགས་ཆེད་བཏུས་སོགས་འབོར་ཆེན་དར་འཕེལ་བྱུང་ཡོད་པ་འདི་དག་ནི་ང་ཚོས་བོད་ཡིག་གནའ་དཔེ་འཚོལ་བསྡུ་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་ཡིན།   རང་རེ་ཁ་བའི་ལྗོངས་འདིར་ས་དགེ་བཀའ་རྙིང་སོགས་ཀྱིས་མཚོན་པའི་ནང་པའི་གྲུབ་མཐའ་མི་འདྲ་བ་མང་པོ་ཐོན་ཞིང་།   དེ་དག་གི་རྟེན་གཞིར་གདན་ས་ཁག་མང་པོ་བསྐྲུན་པ་དང་སྦྲགས་སངས་རྒྱས་ཀྱི་གསུང་དང་།   ་གྲུབ་ཀྱིས་མཛད་པའི་བསྟན་བཅོས་དུ་མ་ཡིག་ལམ་དུ་ཕབ་པ་དང་པར་འདེབས་མཛད་དེ་ནང་རྟེན་དུ་མཛོད་ཉར་བྱས་པ་དེ་དག་ནི།   བོད་ཀྱི་གནའ་བོའི་དཔེ་མཛོད་ཁང་གི་རྣམ་པར་སྒྲུབ་པ་ཞིག་ཡིན།  

འོན་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་དུ།   བོད་ཡིག་གནའ་དཔེའི་ཁྱབ་ཁོངས་ནང་བརྒྱུད་རིམ་ལྡན་པའི་དཔྱད་བཤེར་དང་།   འཚོལ་བསྡུ།   ལེགས་སྒྲིག   དཔེ་སྐྲུན།   ཞིབ་འཇུག་བཅས་ཆ་ཚང་བ་ཞིག་བྱེད་ཐུབ་མེད་ལ།   མང་པོ་ཞིག་འཐོར་བརླག་དང་ཕྱི་གྱར་དུ་སོང་ཡོད་པ་དེང་གི་ཆར་ཨ་མེ་རི་ཁ་དེང་།   ཇར་མན།   དབྱི་ཊ་ལི།   ཧྥ་རཱན་སི།   ཧོ་ལན།   ནོ་ཝེ།   པོ་ལན།   སིང་གྷ་ཕོར།   ཨའོ་སི་ཁྲུ་ལེ་ཡ།   བལ་ཡུལ།   འབྲས་ལྗོངས།   འབར་མ་ལ་སོགས་པ་ཕྱིའི་རྒྱལ་ཁབ་དང་ཡུལ་གྲུ་མང་པོར་ཉར་ཚགས་འགྲེམས་སྟོན་བྱེད་བཞིན་པ་ལས་ཤེས་རྟོགས་ཐུབ།   དཔེར་ན།   ཨ་མེ་རི་ཁའི་རྒྱལ་ཚོགས་དཔེ་མཛོད་ཁང་(LC.)ཨེ་ཤེ་ཡ་ཚན་ཁག་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ཁྲོད་ཕུན་སུམ་ཚོགས་ཤོས་བོད་ཡིག་གནའ་དཔེ་ཡིན་ཏེ།   དཀར་ཆག་སྒྲིག་ཟིན་པ་ཁོ་ནའང་རིགས་4000ཙམ་ཡོད་པ་རེད།  

བོད་མི་རིགས་ཙམ་མ་ཟད་འཛམ་གླིང་མི་རིགས་ཧྲིལ་པོའི་ཤེས་རིག་སྙིང་བཅུད་དུ་གྲུབ་པའི་ཁྱད་འཕགས་དཔེ་རྙིང་དེ་དག་སྲུང་སྐྱོབ་དང་འཚོལ་བསྡུའི་ཆེད་དུ་རང་རེའི་རྒྱལ་ཁབ་ནས་སྔ་ཕྱིར་འགྲོ་གྲོན་འབོར་ཆེན་བཏང་ཡོད་ལ།   ཕྱོགས་མཚུངས་ཚན་པ་ཁག་དང་མི་སྒེར་ནས་ཀྱང་གང་ཐུབ་ཅི་ནུས་ཀྱིས་དེ་དག་སྲུང་སྐྱོབ་དང་བསྡུ་སྒྲིག་གི་བྱ་བར་བརྩོན་བཞིན་ཡོད།  

1996ལོར་བོད་ལྗོངས་སྤྱི་སྤྱོད་དཔེ་མཛོད་ཁང་དང་པོ་དེ་དབུ་བརྙེས་པ་དང་།   དེས་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛོད་ཉར་དཔེ་ཆ་འཚོལ་བསྡུ་དང་དེའི་ནུས་པ་འདོན་སྤེལ་བྱེད་ཕྱིར།   ཆེད་མངགས་བོད་ཡིག་བསྡུ་སྒྲིག་ཚན་པ་བཙུགས་ཡོད་པ་འདིས་སྔ་ཕྱིར་འཚོལ་བསྡུ་དང་།   ལེགས་སྒྲིགདཀར་ཆག་འགོད་པ་བཅས་བྱས་ཡོད་པའི་བོད་ཡིག་གནའ་དཔེའི་གྲངས་འབོར་ནི་རིགས་7500ཙམ་དང་།   པོད་16000ཙམ་ཟིན་ཡོད།   ལྷག་པར་དུ་དེ་དག་གི་ཁྲོད་ནས་མི་ཉུང་བ་ཞིག་ནི་བྲིས་མ་དཔེ་དཀོན་དང་ཁེར་རྐྱང་གི་གནའ་དཔེ་ཡིན།   སྤྱིར་ན་ཁམས་ཀྱི་སྡེ་དགེ་དང་།   དཔལ་སྤུངས།   རོང་བོ།   མདོ་སྨད་ཀྱི་སྐུ་འབུམ།   བླ་བྲང་།   དབུས་ཀྱི་ཞོལ་པར་ཁང་སོགས་སུ་ཡོད་པའི་ད་ཡོད་ཤིང་པར་དཔེ་ཆ་མང་ཆེ་བ་འདི་གར་བསྡུ་རུབ་བྱས་ཡོད།  

                       གཉིས་པ།   བོད་ཡིག་གནའ་དཔེའི་ཉར་ཚགས་དང་སྲུང་སྐྱོབ་སྐོར།  

གངས་ཅན་ལྗོངས་སུ་ཤོག་བུ་བཟོ་བ་དང་པར་བརྐོ་བའི་ལག་རྩལ་དར་རྒྱས་བྱུང་བ་ནས་པར་དུ་བསྐྲུན་པ་ནི།   མཁས་དབང་རེ་རེར་ཉུང་མཐར་པོད་བཅུ་ཕྲག་ཙམ་ནས་མང་བར་བརྒྱ་ཕྲག་འགའ་ལྗགས་རྩོམ་གནང་ཡོད་པ་དེ་དག་དགོན་སྡེ་དང་།   པར་ཁང་།   མི་སྒེར་སོགས་ནས་ཤིང་པར་དུ་བརྐོས་ཏེ་ཡུན་རིང་གཅེས་ཉར་བྱས་ཡོད་པ་ནི་བོད་ཀྱི་གནའ་བོའི་ཤེས་རིག་སྲུང་སྐྱོབ་ཐད་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ཡིན།  

གཅིག བོད་ཡིག་གནའ་དཔེའི་རིན་ཐང་དང་ཕན་ནུས།  

མི་རིགས་ཀྱི་རིག་གནས་ཤུལ་བཞག་ཏུ་གྱུར་བའི་བོད་ཡིག་གནའ་དཔེ་དེ་དག་ནི་བོད་བརྒྱུད་ནང་པ་སངས་རྒྱས་དང་བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ལ་བརྟག་དཔྱད་ཤེས་རྟོགས་བྱེད་རྒྱུར་སྤྱད་ན་རྫོགས་མཐའ་མེད་པའི་བང་མཛོད་ཆེན་པོ་ཞིག་ཡིན།   བོད་ཡིག་དཔེ་རྙིང་ལ་ལོ་རྒྱུས་རིན་ཐང་དང་།   རིག་དངོས་རིན་ཐང་།   ཞིབ་འཇུག་རིན་ཐང་།   རྒྱུན་འཛིན་དང་བེད་སྤྱོད་རིན་ཐང་བཅས་ལྡན་ཡོད་དེ།   ཏུན་ཧོང་དང་ལུ་ཡུལ་སོགས་ནས་ཐོན་པའི་བཙན་པོའི་དུས་སྐབས་ཀྱི་གནའ་ཡིག་སྟེ་དཔེ་རྙིང་ནང་གནའ་རབས་ལོ་རྒྱུས་ཐོག་བྱུང་བའི་དོན་གནས་ཇི་བཞིན་ཡིག་ཐོག་ཏུ་འཁོད་པ་ཞིག་ཡིན་པས་ན་ལོ་རྒྱུས་ཀྱི་ཉམས་མྱོང་ཤིན་ཏུ་ཕྱུག་པའི་རྒད་པོ་ཞིག་དང་མཚུངས་པར་ཕྱི་རབས་རྣམས་ལ་རང་གྱི་མྱོང་བ་གསལ་བར་སྟོན་ནུས།   དཔེར་ན་རྡོ་རིང་གི་ཡི་གེ་ལྟ་བུ་ལས་སྐབས་དེའི་བོད་ཀྱི་རྡོ་བརྐོས་ལག་རྩལ་རགས་ཙམ་ཤེས་རྟོགས་ཐུབ་རྒྱུ་དང་།   བཙན་པོའི་དུས་ཀྱི་ཡིག་མཁན་ཆེན་མོ་བརྒྱད་དང་དབུ་ཅན་ཡིག་གཟུགས་གྲགས་ཅན་བརྒྱད་ཡོད་པ་ལ་སོགས་ཤེས་རྟོགས་ཐུབ་པས་མཚོན་དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་དཔག་ཏུ་མེད་པ་ལྡན།  

གཞན་ཡང་མཐིང་ཤོག་ཐོག་རིན་ཆེན་སྣ་ལྔས་བྲིས་པ་དང་།   ཤིང་ཏ་ལའི་ལོ་མར་བྲིས་པའི་རྒྱ་དཔེ།   ཤིང་སྟག་པའི་པགས་པར་བྲིས་པའི་གནའ་དཔེ།   ཙན་དན་ལས་བྱས་པའི་གླེགས་ཤིང་།   རྡོ་རིང་དང་བྲག་བརྐོས་ཡི་གེ་སོགས་ལ་རིག་དངོས་དང་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན།  

བོད་ཡིག་དཔེ་རྙིང་ལ་བོད་རིག་པའི་ཞིབ་འཇུགཚན་རིག་ཞིབ་འཇུག རིག་གཞུང་ཚན་ཁག་གི་ཞིབ་འཇུག བོད་ཀྱི་གནའ་བོའི་སྤྱི་ཚོགས་དང་ལོ་རྒྱུས་ལ་ཞིབ་འཇུག་སོགས་རིག་པ་སྣ་མང་གི་ཞིབ་འཇུག་རིན་ཐང་ལྡན།   དཔེར་ན་དེང་ཀུན་གྱི་ལག་ཏུ་ཐོབ་དཀའ་བའི་བོད་ཡིག་གནའ་དཔེ་དཔེ་རྒྱུན་དཀོན་པོ་དག་ཤེས་ལྡན་པ་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་གྱུར་པས།   དེང་རབས་གོང་འཕེལ་འགྲོ་བཞིན་པའི་བོད་རིག་པའི་ཞིབ་འཇུག་གི་བྱ་བ་དང་བོད་ཀྱི་གནའ་རབས་རིག་གནས་ཀྱི་འབྱུང་ཁུངས་འཚོལ་རྒྱུའི་ཐད་བླ་ན་མེད་པའི་མཐུན་རྐྱེན་སྦྱར་བ་དང་།   ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆའི་ཐད་ལའང་སྔར་མེད་པ་ཁག་ཅིག་ཁ་སྐོང་ཐུབ་པ་དང་།   བརྟག་དཔྱད་ཞིབ་འཇུག་སྐོར་གྱི་ཐེ་ཚོམ་དོགས་གནད་ཁག་ཅིག་གྲོལ་བར་ཐུབ་ལ།   ཐ་ན་མཁས་པ་མང་པོ་ཞིག་གིས་གཏན་ལ་ཕབ་པའི་བཞེད་པ་འགའ་རེའང་དཔྱད་གཞིའི་རྒྱུ་ཆ་གསར་པའི་ར་སྤྲོད་འོག་འགྱུར་བ་འགྲོ་སྲིད་པ་ལྟ་བུས་མཚོན་ནོ། །གནའ་དཔེའི་རིན་ཐང་གཙོ་བོ་དེ་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་རིན་ཐང་ལས་མཚོན་པར་བྱས་ཡོད་དེ།   གནའ་དཔེར་འཁོད་པའི་ལོ་རྒྱུས་ཡིག་ཆ་ཧ་ཅང་ཕུན་སུམ་ཚོགས་པ་དེ་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱ་བར་མེད་དུ་མི་རུང་བའི་རྒྱུ་ཆ་ཨང་དང་པོ་དེ་ཡིན་པས་དེ་དག་གིས་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཕྱིན་པའི་དངོས་དོན་ར་སྤྲོད་བྱ་ཐུབ།  

གཉིས།   བོད་ཡིག་གནའ་དཔེའི་ཉར་ཚགས་དང་སྲུང་སྐྱོབ་བྱ་ཚུལ།  

སྤྱིར་དཔེ་མཛོད་ཁང་ཞིག་གི་ངོས་ནས་བཤད་ན།   རིན་ཐང་ཆེ་ཤོས་ནི་མ་དཔེའི་རྒྱུ་ཆ་ཙམ་མིན་པར་དཔེ་ཆའི་ནང་དོན་དག་ཡིན།   འོན་ཀྱང་རྟེན་རྫས་བཤམས་མཛོད་ཁང་གིས་མཚོན་པའི་རིག་དངོས་སྡེ་ཚན་ཞིག་གི་ངོས་ནས་བཤད་ན།   དཔེ་ཆ་དེའི་རྒྱུ་ཆས་གཙོ་བོར་མཚོན་པའི་ལོ་རྒྱུས་ཀྱི་རིན་ཐང་འདི་ཡིན།   མ་དཔེ་ནི་ནང་དོན་ཙམ་མ་ཟད་རྒྱུ་ཆ་སོགས་གང་ཐད་ནས་ཀྱང་ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་ལྡན་པས།   མ་དཔེར་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གལ་འགངས་དེ་བས་ཆེ་བ་ཞིག་ཡིན།   བོད་ཡིག་གནའ་དཔེའི་མཐོང་ཆོས་སུ་གྱུར་བའི་སྐྱོན་ཆ་ནི།   རལ་སྐྱོན།   བཞའ་ཚན་གྱི་རྐྱེན་པས་ཤོག་ལྡེབ་ཕན་ཚུན་གཅིག་ཏུ་སྦྱར་བ་དང་རུལ་བ།   འབུ་དང་བྱི་བ་སོགས་ཀྱི་བཟས་སྐྱོན།   ལོ་མང་སྤྱད་པས་རྙིང་ཟད་དུ་སོང་བ།   གཞན་ཡང་རང་བྱུང་གི་ཆུ་སྐྱོན་དང་།   མེ་སྐྱོན།   ས་ཡོམ་སོགས་ཀྱི་རྐྱེན་ལས་བྱུང་བའི་སྐྱོན་སྣ་ཚོགས་པ་ཡིན་ལ།   འགའ་ཞིག་ནི་ལས་དོན་པས་ཧོད་རྒྱུག་གི་རྐྱེན་པས་སྐྱོན་ཆགས་བྱུང་བའང་ཡོད་པས་དེ་ནི་ཧ་ཅང་འཕངས་སེམས་སྐྱེ་དགོས་པ་ཞིག་ཡིན།   བོད་ཡིག་གནའ་དཔེའི་ཁྲོད་བྲིས་མ་དེ་ཚོ་དཔེ་རྒྱུན་རྐྱང་པ་ཁོ་ན་ཡིན་པས་རང་བྱུང་གི་གནོད་འཚེ་དང་ལོ་རྒྱུས་ཐོག་གི་དུས་ཟིང་སོགས་འཇིགས་པ་སྣ་ཚོགས་ཀྱི་རྐྱེན་ངན་ལས་ཐར་ཏེ་ད་ཆ་མཐོང་ཆོས་སུ་གྱུར་བ་ནི་ཐར་ཐོར་ཙམ་ལས་མེད་པ་ལགས།   དེས་ན་རིན་ཆེན་སྣ་ལྔས་གཙོས་པའི་ནོར་བུའི་རིགས་འཇིགས་པར་གྱུར་ཡང་སླར་འཚོལ་རྙེད་ཐུབ་པའི་གོ་སྐབས་ཡོད།   འོན་ཀྱང་དུས་ཀྱི་འཁོར་བསྐྱོད་ལས་གསལ་སྟོན་ཐུབ་པར།   བོད་ཡིག་གནའ་དཔེ་རྩ་ཆེན་འདི་ཚོ་འཕྲོ་བརླག་སོང་ན་སླར་བཙལ་བའི་གོ་སྐབས་ནམ་ཡང་མེད་པས་ན།   དེ་དག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་དགོན་སྡེ་དང་།   དཔེ་མཛོད་ཁང་།   རིག་དངོས་ཚན་པ་སོགས་ཀྱིས་གཙོས་པའི་སྡེ་ཚན་ཁག་གི་འགན་འཁྲི་ཆེན་པོ་ཞིག་ཡིན་ལ།   རང་རེ་ཕྱི་རབས་པ་ཡོངས་ཀྱི་དོར་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན་པས།   ད་ཡོད་ཀྱི་དཔེ་རྙིང་རྩ་ཆེན་དེ་དག་གི་རིན་ཐང་ཤེས་པར་བྱས་ཏེ་རང་གི་གཅེས་པའི་མིག་འབྲས་བཞིན་དུ་སྲུང་སྐྱོབ་བྱེད་དགོས།   རང་རེའི་མེས་པོ་ཚོས་ཀྱང་མཐའ་ཀླས་པའི་རིག་གཞུང་དེ་དག་ཡིག་ཐོག་ཏུ་འགོད་པ་ཙམ་མིན་པར་དེ་དག་ཕྱི་རབས་ཀྱི་གང་ཟག་རྣམས་ལ་བསྐལ་བརྒྱའི་བར་དུ་སྤྱོད་རྒྱུ་ཡོང་བའི་ཕྱིར་སྔ་མོ་ནས་དེ་དག་གི་ཉར་ཚགས་དང་སྲུང་སྐྱོབ་ཀྱི་ཐབས་ལམ་ལ་དོ་སྣང་ཆེན་པོ་བྱས་ཡོད་དེ།   བརྗོད་དོན་མི་འཁྲུགས་པའི་ཕྱིར་སྡེ་ཚན་གྱི་རྒྱ།   གླེགས་བམ་མི་ནོར་ཕྱིར་ཁ་ཐོའི་རྒྱ།ལེ་ཚན་མི་ནོར་བའི་ཕྱིར་སྤྱན་ཁྱེར་གྱི་རྒྱ།   ཆད་ལྷག་མི་བྱུང་ཕྱིར་ཤོག་གྲངས་ཀྱི་རྒྱ།   མཐའ་སྣེ་མི་འཛོལ་ཕྱིར་སྣེ་ཐིག་གི་རྒྱ།   དཔེ་ཤོག་སྲུང་སྐྱོབ་ཀྱི་ཕྱིར་གླེགས་ཤིང་སྐུ་རགས་ཀྱི་རྒྱ།  མཆོད་པའི་ཕྱིར་ན་བཟའ་དཔེ་རས་ཀྱི་རྒྱ་བཅས་རྒྱ་རིམ་པ་བདུན་གྱི་ཐབས་ལམ་ལ་བརྟེན་ནས་གླེགས་བམ་གྱི་གཟུགས་སུ་སྒྲུབ་པའི་དཔེ་རྙིང་དེ་དག་ཉར་ཚགས་དང་སྲུང་སྐྱོབ་བྱས་ཡོད།   གནའ་དཔེ་སྲུང་སྐྱོབ་བྱ་བར་གཙོ་བོ་ཐབས་ལམ་གསུམ་ལ་དོ་སྣང་བྱེད་དགོས་ཏེ།   ཉར་ཚགས་བྱ་ཐབས་ཀྱི་སྲུང་སྐྱོབ་དང་།   པར་སློག་བྱ་ཐབས་ཀྱི་སྲུང་སྐྱོབ།   པར་ཤིང་དང་མ་དཔེར་སྲུང་སྐྱོབ་བཅས་གསུམ་ཡིན།  

1.པར་སློག་བྱ་ཐབས་ཀྱི་སྲུང་སྐྱོབ།   དེང་གི་དུས་རབས་འདི་ནི་ཚན་རིག་ལག་རྩལ་གྱིས་མཚོན་པའི་བྱ་དངོས་གསར་པ་དར་རྒྱས་ཆེན་པོ་བྱུང་བའི་དུས་རབས་གསར་པ་ཞིག་ཡིན་པས།   ང་ཚོས་པར་ཤིང་བརྐོ་བ་ཙམ་དུ་མ་ཟད།   གློག་དང་འོད་ས་སྒྲུབ་པའི་གློག་ཀླད་འཕྲུལ་འཁོར་དང་།   པར་སློག་འཕྲུལ་འཁོར།   གློག་རྡུལ་འདྲ་བཤུ་འཕྲུལ་འཁོར།   པར་རིས་ཆུང་སྡུས་འཕྲུལ་འཁོར།   རྩིས་སྦྱོར་པར་ཆས་སོགས་ཀྱི་ནུས་མཐུ་ལ་བརྟེན་ནས་ད་ཡོད་ཀྱི་བོད་ཡིག་གནའ་དཔེ་དག་གི་ནང་དོན་ཆད་ལུས་མེད་པ་དང་ཕྱིའི་རྣམ་པ་ཇི་མ་ཇི་བཞིན་དུ་སྤྱིན་ཤོག་དང་།   འོད་སྡེར་མཉེན་ཆས།   འགྱིག་པར།   ཤོག་བུ་ལ་སོགས་ཡུན་རིང་ཉར་ཚགས་ཀྱི་ནུས་པ་ལྡན་པའི་རྒྱུ་ཆ་དེ་དག་གི་ནང་པར་དུ་སྒྲུབ་ནས་གཅེས་ཉར་བྱས་ན།   ཡུན་རིང་རང་བཞིན་གྱི་སྲུང་སྐྱོབ་ཡོང་བ་དང་།   མཁོ་འདོན་དང་ཉར་ཚགས་ཡང་བྱེད་བདེ་བ།   ལྷག་པར་དེ་དག་གློག་ཀླད་དྲ་ལམ་བརྒྱུད་དེ་སའི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་སྤེལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་ན་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་ལ།   དེ་དག་ནི་གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་མངོན་དུ་འགྱུར་བའི་རྨང་གཞིའི་ཆ་རྐྱེན་དང་གཙོ་བོའི་ནང་དོན་ཡང་ཡིན།  

2.ཉར་ཚགས་བྱ་ཐབས་ཀྱི་སྲུང་སྐྱོབ།   ཕྱོགས་གཞན་ཐད་ནས་ད་ཡོད་ཀྱི་བྲིས་མ་དང་ཤིང་པར་ལས་གྲུབ་པའི་མ་དཔེ་དེ་ཚོ་ཉར་ཚགས་བྱེད་ཡུལ་མཛོད་ཁང་གི་དྲོད་ཚད་དང་།   གཤེར་ཚད།   མཁའ་རླུང་གི་འགྲོ་རྒྱུག་དང་སྙོམ་སྒྲིག་སོགས་གང་ཇིར་ཚད་དང་མཐུན་པའི་བྱ་ཐབས་སྤྱོད་དགོས་ལ།   ལྷག་དོན་དུ་འབུ་དང་བྱི་བ་སོགས་ཀྱིས་ཟ་ཞིང་དབྲལ་བའི་གནོད་འཚེར་དེ་བས་དོ་སྣང་བྱེད་དགོས།   གཞན་ཡང་དཔེ་མཛོད་ཁང་གི་སྦིར་འགུལ་འགོག་པ་དང་།   བཞའ་ཚན་འགོག་པ།   ཆུ་འགོག རྡུལ་འགོག ཚ་འགོག་སོགས་ཀྱི་ནུས་པ་ཚད་དང་ལྡན་པ་ཞིག་དགོས།   དཔེ་མཛོད་ཁང་གི་མཛོད་ཁང་གི་ངོས་ནས་བཤད་ན།   དེའི་མེ་སྐྱོན་དང་ཆུ་སྐྱོན་སྔོན་འགོག་གི་ནུས་རིམ་དང་པོ་ཡིན་དགོས་པ་དང་།   ཆུ་སྐྱོན་དང་མེ་སྐྱོན་བྱུང་སྐབས་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་ཆ་ཚང་དགོས།   སྤྱི་སྤྱོད་དཔེ་མཛོད་ཁང་གི་ལས་འགན་ནི་ཕུན་སུམ་ཚོགས་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་གང་མང་སྟབས་བདེ་ལ་མྱུར་པོའི་ཐོག་ནས་ཀློག་པ་པོའི་ཚོགས་ལ་མཁོ་འདོན་དང་ཕན་ཐོགས་པར་བྱེད་པ་དེ་ཡིན་ལ།   བལྟ་ཀློག་ལ་སྤྲོ་བའི་ཀློག་མཁན་ཚོས་ཀྱང་མ་དཔེ་དེ་དག་ཡང་ནས་ཡང་དུ་སྤྱད་ཚེ།   ནམ་ཞིག་མ་དཔེ་རྩ་ཆེན་དེ་དག་ཟད་རལ་དུ་འགྲོ་རྒྱུ་ནི་འདུས་བྱས་ཐབས་ཅད་མི་རྟག་པའི་ཆོས་ཉིད་ཁོ་ན་ལས་མ་འདས་པས་དཔེ་མཛོད་དོ་དམ་པ་དང་ཀློག་པ་པོས་དེ་དག་མཁོ་སྤྱོད་བྱེད་སྐབས།   དལ་བུར་ལེན་འཇོག་དང་།   ཀློག་པ།   དྲིལ་བ་སོགས་ཀྱི་ཐད་དེ་བས་ཡིད་གཟབ་བྱེད་དགོས།  

3.པར་ཤིང་དང་མ་དཔེར་སྲུང་སྐྱོབ།   དེང་རབས་ཚན་རྩལ་གསར་པར་བརྟེན་པའི་ཤོག་བུ་བཟོ་བའི་ལག་རྩལ་དང་།   གློག་དང་འོད་ལ་བརྟེན་པའི་པར་འདེབས་ལག་རྩལ་གཉིས་འཕེལ་རྒྱས་དང་དར་ཁྱབ་འགྲོ་མགྱོགས་པས་སྲོལ་རྒྱུན་གྱི་པར་སྐྲུན་ལག་རྩལ་ལ་ཤུགས་རྐྱེན་དང་སྐུལ་འདེད་ཆེན་པོ་ཐེབས་ཡོད།   འོན་ཀྱང་སྲོལ་རྒྱུན་གྱི་ལག་རྩལ་སྤྱད་དེ་པར་འདེབས་བྱས་པའི་བོད་ཡིག་གནའ་དཔེར་དམིགས་བསལ་གྱི་ཁྱད་ཆོས་མང་དུ་ལྡན་ཡོད་དེ།   ཤོག་ལྷེ་རྐྱང་པ་ཡིན་པས་བལྟ་ཀློག་བདེ་བ།   ཡི་གེ་ཆེ་ལ་ཡིག་ཤ་རྒྱས་པས་མིག་ལ་བཀྲ་བ།   ཤོག་བུ་བཟོ་བྱེད་རྒྱུ་ཆ་རང་བྱུང་སྐྱེ་དངོས་བཙན་བདུག་སོགས་ལས་གྲུབ་པས།   ཡངས་ཤིང་སྲ་ལ་འཇམ་ཤ་དོད་པ།   འབུ་སྲིན་སོགས་ཀྱིས་གནོད་མི་ཐུབ་པར་ལོ་ངོ་སྟོང་ཕྲག་ཙམ་ཉར་ཚགས་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ལས།   དེང་གི་ཤོག་བུ་ལྟར་ལོ་བཅུ་ཕྲག་འགའ་འདས་རྗེས་སེར་པོར་འགྱུར་བ་དང་གས་རལ་དུ་འགྲོ་བ་ཞིག་མིན།   གནའ་དཔེ་དེ་དག་ལོ་ངོ་རྒྱ་ཕྲག་འགའ་ནས་སྟོང་ཕྲག་འགའི་བར་གྱི་ལོ་རྒྱུས་ལྡན་རུང་།   ཡིག་རིས་རྣམས་གསར་དུ་བྲིས་མ་ཐག་པ་ཇི་བཞིན་བཀྲ་བའི་ཁྱད་ཆོས་ལྡན།   ཕྱོགས་མཚུངས་པར་ཤིང་ཉར་ཚགས་རྒྱུན་རིང་བྱེད་རྒྱུ་དེའང་གལ་ཆེན་པོ་ཞིག་ཡིན་ཏེ།   པར་ཤིང་ཉར་ཚགས་དང་ཉམས་གསོ་ལེགས་པོ་བྱུང་ན་ལོ་བརྒྱ་ཕྲག་འགའ་རྒྱུན་མཐུད་ནས་བེད་སྤྱོད་བྱེད་ཐུབ།   པར་བརྐོ་པར་འདེབས་ཀྱི་ལག་རྩལ་དེའང་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་པས།   དེ་རྒྱུན་འཛིན་དང་དར་རྒྱས་ཤུགས་ཆེན་བྱ་འོས་པ་ནི་སྨོས་མེད་ཡིན།   མ་དཔེར་གོང་སྨྲོས་ལྟར་ཐབས་ལམ་དུ་མའི་པར་སློག་དང་ཉར་ཚགས་བྱས་ཏེ་དེདག་ཀློག་པ་པོར་མཁོ་འདོན་བྱས་ན།   བེད་སྤྱོད་དང་སྲུང་སྐྱོབ་ལྷན་ཅིག་ཏུ་ཡོང་ཐུབ།  

དེས་ན།   དཔེ་མཛོད་ཁང་གིས་བོད་ཡིག་དཔེ་རྙིང་བསྡུ་རུབ་དང་།   ལེགས་སྒྲིགཉར་ཚགས་བྱེད་པ་ཙམ་དུ་མ་ཟད།   ད་དུང་དེ་དག་ཀློག་པ་པོའི་ཚོགས་ལ་འདོན་སྤེལ་གྱིས་ཞབས་འདེགས་ཞུ་ཐུབ་ན།   བོད་ཡིག་གནའ་དཔེ་དེ་དག་དཔེ་མཛོད་ཁང་གི་མཚར་སྡུག་ཡིད་དུ་འོང་བའི་རྒྱན་ཆ་ཞིག་དང་།   ཀློག་པ་པོའི་རིན་ཐང་བྲལ་བའི་གཅེས་ནོར་ཞིག་ལ་འགྱུར་རྒྱུ་གདོན་མི་ཟའོ།  

མཆན་འགྲེལ།  

མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཛད་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ།   ཤོག་གྲངས་32ཤིང་པར་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ནས་དོ་དམ་གྱིས་བསྐྲུན་པ།  

དུང་དཀར་རིན་པོ་ཆེས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ཤོག་གྲངས79མི་རིགས་དཔེ་སྐྲུན་ཁང་།   2004ལོའི་ཟླ་བ་3པར།  

                                                                    དབང་འདུས་ཀྱིས་ཞུས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060