གནས་ཡུལ། མདུན་ངོས། ཞིབ་འཇུག་མི་སྣ།
 
 
༄༅།།ངག་བློ་ཡིས་འཛམ་གླིང་ཡོངས་ཀྱི་འདྲེན་བྱེད་ཁམས་པའི་གོམས་འདྲིས་སུ་དྲངས།
སྤེལ་དུས།2009-06-05   ཡོང་ཁུངས་།《ཁམས་པའི་མཛུམ་མདངས》    རྩོམ་པ་པོ། དཀོན་རྡོ། ཡེ་མགོན། དབང་ཕྱུག འབྲུག་མོས་ཞུས།

      
    
ས་གཞི་ཆེན་པོར་དཔྱིད་ཀྱི་བུ་མོས་སྔོན་པོ་གཡུ་ཡི་གོས་བཟང་བཀླུབས་པའི་དུས་བཟང་འདིར། བྱང་སྡེ་རྫ་ཆུ་ཁ་ནས་འོངས་པའི་ཁམས་པའི་ཕོ་གས་ངག་བློ་ཡིས་བློ་རིག་བསྒྲིམས་ནས་དར་རྩེ་མདོའི་མི་ཉག་སྟག་སྒོ་ཕྱོགས་སུ་བསྐྲུན་པའི་བོད་ཀྱི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམ་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོ་སྤེལ་བ་རེད། ཟླ་བ་པའི་ཚེས་༡༥ཉིན་སྨྱུག་འཛིན་པས་བོད་ཀྱི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམ་སྟོན་ཁང་ལ་ལྟ་སྐོར་བྱེད་ཞོར་དུ་ངག་བློ་ལ་བཅར་འདྲི་བྱས་པ་ཡིན། ཆུང་བྱིས་པའི་དུསནས་ཕ་ཡུལ་དང་བྲལ་ཏེ་གཞན་ཡུལ་ད་མདོར་སློབ་གཉེར་གྱི་ལམ་དུ་ཞུགས།
      
༡༩༦༤ལོར་ངག་བློའི་ལྟེ་ཁྲག་ཐོག་མར་བྱང་སྡེ་རྫ་ཆུ་ཁའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཕོས།རང་ཉིད་ལོ་ན་བདུན་ལ་སོན་པའི་སྐབས་སུ་སྡེ་བའི་སློབ་ཆུང་དུ་འཇུག་ནས་སློབ་གཉེར་གྱི་གོམ་སྟབས་ཐོག་མར་སྒྱུར་འགོ་ཚུགས། བློ་རིག་གསལ་ལ་སྤྱང་གྲུང་ལྡན་པའི་ངག་བློ་ལ་ཆུང་བྱིས་པའི་དུས་ནས་ཤེས་རིག་ཡོན་ཏན་གྱིས་རང་ཉིད་ཀྱི་ལས་ཀྱི་སྐལ་བ་བསྒྱུར་རྒྱུའི་ཆོད་སེམས་མཆིས་པའི་དབང་གིས། དུས་རྒྱུན་ཁོའི་སེམས་སུ་སློབ་གཉེར་ལ་ཞུགས་པའི་བརྩོན་སེམས་ཀྱིས་སྐུལ་བར་བརྟེན། དགེ་རྒན་གྱི་འཆི་གསོའི་བདུད་རྩི་ལྟ་བུའི་བཀའ་སློབ་སེམས་སུ་དམ་པོ་བཅངས་ནས་ཤེས་བྱ་རིག་གནས་ཀྱི་ཡངས་པའི་ཐང་ཆེན་དུ་སྦྱངས་བརྩོན་གྱི་བང་རྩལ་མངོན་བཞིན་མཐར་གཏུག་གི་དམིགས་ཡུལ་འགྲུབ་པར་བརྩོན་ལེན་བྱས། འོན་ཀྱང་དེའི་སྐབས་སུ་རང་ཉིད་སྡེ་བའི་སློབ་གྲྭའི་ཆ་རྐྱེན་ཞན་ལ། དགེ་རྒན་མི་འདང་བའི་དབང་གིས་སློབ་ཁྲིད་ཀྱི་སྤྲུས་ཀ་ནི་དེ་བས་ཀྱང་སྨོས་མ་དགོས་པ་རེད། དེར་བརྟེན། ཕ་མ་ཟུང་གིས་རེ་འདུན་བཞིན་ངག་བློ་ཉིད་དར་རྩེ་མདོར་ལས་དོན་སྒྲུབ་བཞིན་པའི་ཞང་པོར་བཅོལ་ནས་ཤེས་བྱ་རིག་གནས་ལ་སློབ་གཉེར་བྱས་མཐར། ལོ་ན་བརྒྱད་མ་གཏོགས་སོན་མེད་པའི་ངག་བློ་ཉིད་རང་གི་ལྟེ་ཁྲག་ཐོག་མར་འཕོས་སའི་ཕ་ཡུལ་དང་བྲལ་ནས་དར་མདོའི་ཕྱོགས་སུ་གོམ་ཁ་བསྒྱུར། 
    
སློབ་གྲྭ་ཆུང་རིམ་སྐབས་ཀྱི་ངག་བློའི་སློབ་གྲོགས་ཚོ་དང་ཁ་བརྡ་ལབ་ཞོར་དུ་ཤེས་རྟོགས་བྱུང་བར་གཞིགས་ན། ངག་བློ་བྱང་སྡེ་རྫ་ཆུ་ཁ་ནས་བྲལ་ཏེ་དར་མདོའི་ཧུར་རིགས་སློབ་ཆུང་དུ་སློབ་གཉེར་བྱེད་དུ་འོངས་པའི་སྐབས་སུ།  དང་ཐོག་འཕྲད་པའི་དཀའ་ངལ་ནི་སྐད་ཆ་གོ་བརྡ་མི་འཕྲོད་པས་དགེ་རྒན་གྱི་སློབ་ཁྲིད་བྱེད་སྐབས།   སྟོང་བསམ་གྱི་གནམ་གྲུརབསྡད་ནས་དུས་ཚོད་འགོར་ཐབས་བྱེད་དགོས་ཐུག
    
དེར་བརྟེན་སློབ་གྲྭའི་དགེ་རྒན་གྱིས་ངག་བློའི་དོན་དངོས་ལ་གཞིགས་ནས་སློབ་རིམ་ཕབ་སྟེ་སླར་ཡང་སློབ་རིམ་དང་པོ་འདོན་མཐར། དེའི་སྐབས་སུ་འཛིན་གྲྭའི་སློབ་མ་ཚོས་ངག་བློ་ལ་གཟུགས་ཆེནཞེས་ཨ་མཚར་རྩེད་མོའི་ཚུལ་གྱི་དེ་ལྟར་བརྗོད། བརྩོན་འགྲུས་ཅན་ལ་མི་འགྲུབ་གང་ཡང་མེདཅེས་པའི་དཔེར་ལྟར། ཁོས་དུས་རྒྱུན་དུས་ཚོད་སྐར་ཆ་ཙམ་ལ་ཡང་གཅེས་འཛིན་བྱས་ཏེ་བརྩོན་པ་དྲག་པོ་བྱས་མཐར། ལོ་གཅིག་ཙམ་འདས་རྗེས་རྒྱ་སྐད་ཆུ་རྒྱུན་བཞིན་བརྗོད་ཐུབ་པར་མ་ཟད་འཛིན་གྲྭ་ཉིད་ཀྱི་ཕུལ་བྱུང་སློབ་མར་གྱུར། དེ་ནས་དར་མདོ་སློབ་འབྲིང་གི་དམའ་རིམ་སློབ་འབྲིང་ལ་རྒྱུགས་འཕྲོད་ནས་མུ་མཐུད་དེ་མཐོ་རིམ་སློབ་འབྲིང་འདོན་པའི་སྐབས་སུ་ངག་བློའི་སྦྱངས་འབྲས་ནི་དགེ་སློབ་ཀུན་གྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར་པར་བརྟེན། ཁོ་རང་ཉིད་སློབ་གྲྭ་ཆེན་པོའི་རྒྱལ་སྒོའི་ནང་གོམ་ཁ་བསྒྱུར་བར་རྨང་གཞི་ངེས་ཅན་ཞིག་འདིང་ཡོད་པ་རེད།
    
ཁམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་སློབ་གླིང་རྒྱལ་སྒོ་ལ་འཇུག་ནས་འཚར་ལོངས་ཀྱི་འཇོན་ནུས་བསྐྲུན།
    
 ས་གཞི་ཡངས་པོར་འབྲུ་དྲུག་སྨིན་པའི་དུས་ཚིགས་འདི་ནི་ཤེས་ལྡན་ཀུན་གྱིས་བཅངས་པའི་རེ་འདུན་འགྲུབ་པའི་མཚོན་རྟགས་སུ་བརྩི་སྲོལ་ཡོད་ཅིང་། ༡༩༨༦ལོའི་ཟླ་བ་པར་ངག་བློ་ཡིས་སྦྱངས་འབྲས་ལེགས་པའི་ཐོག་ནས་ཁམས་པའི་ཆེད་སྦྱོང་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་ནས་རང་གི་མི་ཚེའི་རེ་འདུན་གྱི་གོམ་ཁ་དང་པོ་གྲུབ་པར་བརྟེན། ཁམས་པའི་ཆེད་སྦྱོང་དགེ་འོས་སློབ་གྲྭའི་དང་པོའི་སློབ་མར་གྱུར།  
    
སློབ་གྲྭར་རྒྱུགས་འཕྲོད་རྗེས།   ངག་བློའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་གྱིས་ཁོ་དབྱིན་ཇིའི་སྐད་ཡིག་ཚན་ཁག་ཏུ་བགོས། བྱང་སྡེ་རྫ་ཆུ་ཁ་ནས་འོངས་པའི་ཁམས་པའི་ཕོ་གསར་འདི་ཉིད་སློབ་གྲྭ་དེའི་དབྱིན་ཇི་ཡི་གེ་ཚན་ཁག་གི་ཆེས་ཉུང་ཤོས་ཀྱི་བོད་རིགས་གྲས་ཀྱི་ཡ་གྱལ་ཞིག་ཡིན།   ཁ་བརྡ་ལབ་ཞོར་དུ་ཤེས་རྒྱུས་ལོན་པ་ལྟར་ན།   དེའི་སྐབས་སུ་ངག་བློའི་སེམས་གཞུང་དུ་བཅངས་པའི་རེ་འདུན་ཉག་ཅིག་དེ་ནི་རང་རིགས་ཀྱི་སྐད་ཡིག་ལ་སྦྱངས་འབྲས་ལེགས་པོ་ཐོབ་པར་བརྩོན་ལེན་བྱས་པའི་རྨང་གཞིའི་ཐོག དབྱིན་ཇིའི་ཡི་གེར་བརྩོན་པ་དྲག་པོ་བྱས་ཏེ་རང་ཉིད་ཀྱི་གོམ་ཁ་འཛམ་གླིང་ཕྱོགས་སུ་བསྒྱུར་རྒྱུའི་ཕུགས་འདུན་བཅངས་པར་བརྟེན། ཁམས་པའི་དགེ་འོས་ཆེད་སྤྱོང་སློབ་གྲྭ་གན་ཡུལ་ལ་ཆ་བཞག་ནས་བཤད་ན། དབྱིན་ཇིའི་སྐད་ཡིག་ཐོག་ནས་ཁ་བརྡ་ལབ་སའི་ཁོར་ཡུག་གྱི་ཆ་རྐྱེན་མེད་ནའང་། ཁོས་གོ་སྐབས་སྣ་ཚོགས་བཙལ་ནས་སློབ་གྲྭའི་ཆེད་གདན་ཞུས་པའི་ཕྱི་རྒྱལ་དགེ་རྒན་གྱི་སྐུ་མདུན་བཅར་ཏེ་དབྱིན་ཇིའི་སྐད་ཡིག་སྦྱོང་བས་མ་ཚད། དབྱིན་ཇིའི་ཡི་གེའི་རྩོམ་ཡིག་བྲིས་ཏེ་དགེ་རྒན་ལ་སྤྲད་པའི་དབང་གིས་ངག་བློའི་དབྱིན་ཇིའི་ཡི་གེའི་ཆུ་ཚད་ཉིན་རེ་བཞིན་ལེགས་ཕྱོགས་སུ་གྱུར་མཐར།   དགེ་རྒན་གྱི་ཆེས་དགའ་མཉེན་ཡོད་པའི་བོད་རིགས་སློབ་མ་ཞིག་ཏུ་གྱུར། ངག་བློའི་སྤྱོད་ཡོན་གཉིས་ཀའི་ཐད་ལེགས་ཆ་འཛོམས་པའི་དབང་གིས་སློབ་གྲྭའི་སློབ་མ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལ་བསྐོ་བཞག་བྱས་པར་ཟད།   ཁམས་པའི་དགེ་འོས་ཆེས་སྦྱོང་སློབ་གྲྭའི་ཚོ་དང་པོའི་ཕུལ་བྱུང་སློབ་མར་གྱུར་ནས་རང་ཉིད་ཀྱི་སྤྱི་ཚོགས་ཐོག་གོམ་ཁ་བརྟན་པོ་བསྒྱུར་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
    
ཆ་རྐྱེན་ལེགས་པའི་རྒྱལ་ཁབ་ཀྱི་ལས་བྱེད་པའི་ལས་གནས་ལས་བྲལ་ཏེ་ལྗོངས་རྒྱུ་ཚོང་གཉེར་གྱི་ལས་ལ་ཞུགས།
    
༡༩༨༩ལོའི་པའི་ནང་ངག་བློ་ཉིད་ཁམས་པའི་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་དངོས་སུ་གོམ་ཁ་དང་པོར་སྒྱུར་འགོ་ཚུགས། དེའི་སྐབས་སུ་ཕུལ་བྱུང་སློབ་གྲྭ་ཆེན་མོ་བ་ཞིག་ལ་ཆ་བཞག་ནས་བཤད་ན། ལས་བགོས་ཐད་རང་ཉིད་ཀྱིས་བདམ་ཀ་བྱེད་ན་ཆོག་གི་རེད། ཡིན་ནའང་ཁོས་རང་རེ་ཁུལ་གྱི་ཆ་རྐྱེན་ཆེས་ཞནཔའི་སེར་ཤུལ་རྫོང་དུ་ལས་དོན་སྒྲུབ་ས་འགྲོ་རྒྱུའི་ཆོད་སེམས་བཅངས། ལས་རྐང་ཐོག་ཏུ་ཁོའི་འཇོན་ནུས་ཀྱི་དབང་གིས་ལོ་གཉིས་འདས་རྗེས་སེར་ཤུལ་རྫོང་སྲིད་གཞུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་བྱས་ཡོད། ལས་དབང་གིས་རྐྱེན་པས་༡༩༩༡ལོའི་དབྱར་གཞུང་དུ་ཕྱི་རྒྱལ་གྱི་ཚན་རིག་རྟོག་ཞིབ་པ་བརྒྱད་ཀྱིས་སེར་ཤུལ་རྫོང་ཁོངས་ཀྱི་འབྲི་ཆུ་འབབ་རྒྱུད་དུ་ཚན་རིག་རྟོག་ཞིབ་བྱེད་པའི་སྐབས་སུ། རྗོང་དེས་ཁོ་ཉིད་ཕྱི་རྒྱལ་གྱི་ཚན་རིག་རྟོགས་ཞིབ་ཚོགས་པར་སྐད་སྒྱུར་བྱེད་མཁན་མངག་ཅིང་། རྟོག་ཞིབ་བྱེད་མཇུག་བསྒྲིལ་སྐབས་ཁོའི་སྐད་སྒྱུར་གྱི་འཇོན་ནུས་དང་དབྱིན་ཇིའི་ཡི་གེའི་བྱང་ཚད་ལ་ཕྱི་རྒྱལ་གྱི་ཆེད་རམས་པ་ཚོས་གདེངས་འཇོག་མཐོན་པོ་བྱས་པ་དང་ཆབས་ཅིག   ངག་བློ་ལ་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་དུ་འོངས་རྒྱུའི་གདན་འདྲེན་ཞུས་པ་རེད།   དེར་བརྟེན། གོ་སྐབས་རང་བཞིན་འཕྲད་ཀྱང་བརྩོན་ལེན་རང་གིས་བྱེདཅེས་པའི་དཔེར་ལྟར།   ༡༩༩༤ལོའི་ལོ་སྟོད་ནས་༡༩༩༥ལོའི་ལོ་མཇུག་བར་དབྱིན་ཇི་རྒྱལ་ཁབ་ཀྱི་ལ་ཧྥུ་ཁ་ལི་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར། ངག་བློ་ཡིས་སློབ་གྲྭ་དེའི་ནང་དབྱིན་ཇིའི་ཡི་གེ་ཟབ་སྦྱོང་བྱེད་ཞོར་དུ་བོད་ཀྱི་རིག་གནས་ཆེད་ཁྲིད་བྱས་པ་དང་། བོད་ས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་དང་ད་ཡོད་གནས་ཚུལ། མི་མངོན་པའི་གསར་སྤེལ་བྱེད་རིན་སོགས་ངོ་སྤྲོད་བྱས་པར་བརྟེན།   ཁམས་པའི་རིག་གནས་དང་མཛེས་ལྗོངས་ས་ཁུལ་རྒྱལ་ཁབ་གཞན་དུ་ཁྱབ་སྤེལ་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་ཁམས་པའི་ཡུལ་སྲོལ་གོམས་འདྲིས་ཀྱི་དམངས་ཁྲོད་རིག་གནས་ལ་དོ་ཁུར་བྱེད་པའི་སེམས་པ་འཆང་དུ་བཅུག 
    
ཕྱི་རྒྱལ་ནས་རང་ཡུལ་དུ་ལོག་རྗེས་། ངག་བློའི་སེམས་གཞུང་དུ་སྲིད་གཞུང་གི་སྤྱི་ཞབས་པ་ཞིག་བྱས་ན་རང་གི་ཕུགས་བསམ་འགྲུབ་བྱེད་ཀྱི་ཐབས་ལམ་མི་འདུག་པའི་སྐུལ་སེམས་བཅངས་པར་བརྟེན། ༡༩༩༦ལོར་གཞུང་ཞབས་པའི་ལས་གནས་ལས་བྲལ་ཏེ་ཡུལ་སྐོར་ལྗོངས་རྒྱུའི་ཚོང་གཉེར་གྱི་ལམ་བུའི་སྟེང་བསྐྱོད་པའི་གོམ་སྟབས་སྤོས། དུས་དེ་ནས་བཟུང་ངག་བློ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཚོང་ར་གསར་སྦོལ་བྱེད་པར་ནུས་ཤུགས་བསྒྲིམས་པ་དང་ཆབས་ཅིག རང་རྒྱལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ལས་རིགས་དར་རྒྱས་ཆེ་བའི་ས་ཁུལ་དུ་ལྟ་སྐོར་རྟོག་ཞིབ་བྱས་པས་མ་ཚད། ཕྱིའི་རྒྱལ་ཁབ་ཨ་མེ་རི་ཁ། དབྱིན་ཇི། འཇར་མན། དབྱི་ཐ་ལི་ཨོ་སི་ཁྲུ་རི་ཡ།   ཧྥ་རི་སེ་བཅས་རྒྱལ་ཁབ་བཅུ་ཙམ་ལྗོངས་རྒྱུ་དང་སློབ་སྦྱོང་བྱེད་དུ་ཆས་མྱངས་ཤིང་།   ཁོས་ས་གནས་དང་རྒྱལ་ཁབ་དེ་དག་གིས་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་ཐད་སྔོན་ཐོན་གྱི་དོན་དམ་བྱེད་སྟངས་དང་ཞབས་ཕྱི་སྒྲུབ་སྟངས་ལ་སློབ་སྦྱོང་བྱེད་ཞོར་དུ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་བཅས་འཛམ་གླིང་གི་གླིང་སྟེགས་ཐོག་མངོན་སྟོན་བྱས་པར་བརྩོན་ལེན་དྲག་པོ་བྱས་མཐར། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཚོང་ར་ལ་གསོན་གསར་པ་བསྣན་ཡོད་པ་རེད།   ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་སྒྲུབ་གཉེར་བྱས་པའི་དུས་མཚུངས་སུ།   ངག་བློས་བོད་ཁམས་ཡོངས་སུ་རྟོག་ཞིབ་ལ་གོམ་སྟབས་སྒྱུར་བའི་སྐབས་སུ།   ཁོའི་མཐོང་ལམ་དུ་འཆར་བ་ནི་བོད་ཡོངས་སུ་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཆ་ཚང་འཛོམས་པའི་འགྲེམས་སྟོན་ཁང་ཞིག་ད་དུང་འཛུགས་མེད་པའི་རྣམ་པ་ཉིད་ཡིན་པ་རེད།
    
དེ་བས་ན། ༢༠༠༦ལོར་ངག་བློ་ཡིས་མ་དངུལ་སྒོར་ཁྲི་༢༠༠༠ཙམ་གསོག་འཇོག་བྱས་ཏེ་བོད་ཁུལ་དུ་སྙན་པའི་གྲགས་པ་ཁྱབ་པའི་རྟའུ་ཡི་ཡུལ་མི་སྡོད་ཁང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམ་སྟོན་ཁང་ཞིག་དར་རྩེ་མདོའི་མི་ཉག་སྟག་སྒོའི་ཕྱོགས་སུ་གཞིས་ཆགས་པར་བརྟེན།   རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་བོད་ཀྱི་རིག་གནས་ཆེ་ཆུང་ལྔ་དང་དམངས་ཁྲོད་ཀྱི་བཟོ་རྩལ།   དམངས་གཞས། བཟའ་བཅའ། གོས་ཆས་ལ་སོགས་པའི་རིག་གནས་ཆ་ཚང་འཛོམས་པའི་འགྲེམ་སྟོན་ཁང་མེད་པའི་སྟོང་ཆའི་ཁ་སྐོང་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060