གནས་ཡུལ། མདུན་ངོས། ཞིབ་འཇུག་མི་སྣ།
 
 
༄༅། །རྗེ་ཤར་གདོང་རིན་པོ་ཆེ་དང་ཁོང་གི་གསུང་རྩོམ་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2009-10-21   ཡོང་ཁུངས་།《རྩེར་སྙེག》   རྩོམ་པ་པོ། འཇམ་བུ་མཁའ་འགྲོ་ཚེ་རིང་། འབྲུག་མོས་ཞུ་དག་བྱས།

     ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཤར་གདོང་བློ་བཟ་བཤད་སྒྲུབ་མཆོག་ནི།    དེང་རབས་བོད་ཀྱི་མཁས་པ་རྒན་པོའི་ཁྲོད་ནས་མི་རིགས་སློབ་གསོའི་ཁྲིད་སྟེགས་སུ་བཞུགས་ཡུན་ཆེས་རིང་བ་དང་།    མི་རིགས་སློབ་གསོའི་ལས་དོན་གྱི་བྱ་གཞག་རླབས་པོ་ཆེ་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ལགས།    ཁོང་གི་ཐུགས་རྗེ་བྱམས་བརྩེའི་འོག་འཚར་ལོངས་བྱུང་བའི་ཤེས་ལྡན་པ་སྐོར་ཞིག་ཀྱང་ད་ལྟ་མི་རིགས་ཀྱི་ལས་གནས་སོ་སོ་རུ་གསེར་གྱི་ཐང་མལ་བརྡལ་བ་ཇི་བཞིན་ཁྱབ་ཡོད་ལ།    ཁོང་གི་ཐུན་མིན་གྱི་ལྗགས་རྩོམ་དག་ལའང་རྒྱ་ཆེ་བའི་བོད་རིགས་ཀློག་མཁན་སྤྱི་དང་ཁྱད་པར་དུ་ནང་དོན་རིག་པའི་སྐོར་འཇུག་པའི་སློབ་གཉེར་བ་དག་གིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།    ཉེ་སྔོན་འདིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི་ལྗགས་རྩོམ་ཡོད་ཚད་ཕྱོགས་བསྒྲིགས (པོད་དྲུག་བཞུགས)ཀྱིས་པར་དུ་བསྐྲུན་ཏེ།    རྒྱ་ཆེ་ཀློག་མཁན་དག་གི་སྤྱན་ལམ་དུ་བཀྲམ་པས།    ཤེས་ལྡན་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ལྷུག་པར་གཏོར།    ཕྲན་ཆུང་བདག་ལའང་བསོད་ནམས་ཀྱི་བགོ་སྐལ་དུ་ཁོང་གི་གསུང་རྩོམ་ལ་འཇལ་བའི་གོ་སྐབས་ཐོབ་པས།    མཆོག་གི་གསུང་རྩོམ་ལ་མཇལ་བ་ཙམ་ནས་ཡིད་དབང་འཕྲོག་པར་བྱེད་ཅིང་།    དད་པའི་སྙིམ་པའང་ཡང་ཡང་དང་གར་སྦྱར་དགོས་བྱུང་།    འདིར་ཁོང་རིན་པོ་ཆེས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་གཉིས་ཙམ་སོང་བ་ལ།    བདག་གིས་རྗེས་དྲན་གྱི་ཚུལ་དུ་རང་སྣང་གི་འཆར་ཚུལ་ཙམ་སྤྲོ་བར་བྱ

དང་པོ།    ཁོང་རིན་པོ་ཆེའི་ལོ་རྒྱུས་མདོར་བསྡུས།

     བཤེས་གཉེན་ཆེན་མོ་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི།    སྤྱི་ལོ1922ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་བྱ་ཁྱུང་དགོན་གྱི་ཉེ་འདབས་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་ཡབ་གཟུངས་ཐར་དང་།    ཡུམ་འཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།    ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་རྗེ་ཁ་གྱ་འཇམ་དབྱངས་དཔལ་ལྡན་མཆོག་གིས་ཤར་གདོང་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད།    དགུང་ལོ་བདུན་གྱི་སྟེང་དགེ་ལྡན་བསྟན་པའི་འབྱུང་གནས་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་གདན་འདྲེན་ཞུས་ཤིང་།    བེ་སི་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་བཤད་སྒྲུབ་རྒྱ་མཚོར་གསོལ།    སན་ཁྲོན་ཨ་ལགས་ཡཱང་ཀྱུ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མ་ལ་ཚུལ་བཞིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་།    སུམ་རྟགས་དག་གསུམ།    སྒྲ་སྙན་ངག་སྐར་རྩིས་སོགས་ཐུན་མོང་རིག་གནས་སྤྱི་ལ་གསན་སྦྱོང་ཆེན་པོ་མཛད་ཅིང་དཔྱིས་ཕྱིན་པར་མཁྱེན།    མཁས་གྲུབ་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་།    དཔལ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་རྣམ་གཉིས་ཀྱི་དྲུང་དུ་སྔ་ཕྱིར་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་།    འཛིན་གྲྭ་རིམ་བརྒྱུད་མཐར་ཕྱིན་ཏེ་བཀའ་བཅུ་རབ་འབྱམས་པའི་མིང་རྟགས་བླངས།    བསྟན་པའི་གསལ་བྱེད་ཆེན་མོ་བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་།    རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ལས་ཀྱང་དབང་ལུང་ཁྲིད་གསུམ་གྱི་མན་ངག་གི་བདུད་རྩི་མང་དུ་མནོས་ཤིང་མཁས་པའི་གྲགས་པ་རིམ་གྱིས་འབར།    ཁྱད་པར་དུ་ཁོང་གིས་ལམ་རིམ་ཆེན་མོའི་ཤིང་པར་ལ་ཞུ་དག་ཞིབ་གསལ་གནང་བའི་ཡོན་ཏན་གྱིས་ཐུགས་ཡིད་འཕྲོག་ནས།    རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ནསམཁྱེན་རབ་ཀྱི་དབང་ཕྱུག་ཤར་གདོང་སྤྲུལ་བའི་སྐུ་ཞེས་རྗེས་སུ་ཡི་རངས་ཀྱི་མེ་ཏོག་གཏོར་ཞིང་།    རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས་ཀྱངབྱ་ཁྱུང་གི་ས་དཀར་ནང་ན་གསེར་སེར་བོ་རྡོག་ཅིག་འདུགཅེས་དོན་དང་མཐུན་པའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
    
1956ལོ་ནས་བཟུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་ལྟར།    བོད་ཡིག་དགེ་རྒན་གྱི་ཁུར་བཞེས་ཏེ་སྔ་ཕྱིར་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིགསྙན་ངག་བཅས་ཀྱི་དཔེ་ཁྲིད་མཛད་ཅིང་སློབ་མའི་བློ་དང་འཚམ་པའི་སློབ་དེབ་དུ་མའང་རྩོམ་སྒྲིག་མཛད།    1958ལོ་ནས་བཟུང་མ་ཉེས་ཁ་གཡོགས་ཐེབས་ནས་ལོ་ངོ་ཉི་ཤུའི་རིང་ལ་འོ་བརྒྱལ་ཆེན་པོ་མྱངས་ཀྱང་།    སྐབས་དེ་དག་ཏུ་དམ་པའི་རང་རྟགས་མ་ཉམས་པར་ངོ་མཚར་གྱི་ལོ་རྒྱུས་བསྟན་པ་བརྗོད་ལས་འདས།    1979ལོ་ནས་བཟུང་སྲིད་ཇུས་གསར་བའི་ཉི་འོད་སླར་ཡང་འཕྲོས་པས།    ཁོང་ཉིད་ལ་ཡང་དཀར་འདོན་བྱས་ནས་སླར་ཡང་མཚོ་སྔོན་མི་རིགས་སློབ་གྲྭས་གདན་ཞུས་ལྟར།    བོད་ཤེས་རིག་སྡེ་ཁག་གི་དགེ་རྒན་ཆེན་མོའི་ཁུར་བཞེས་ཐོག སྔ་རྗེས་སུ་སློབ་གྲྭ་ཆེན་མོ་བ་དང་།    ཞིབ་འཇུག་སློབ་མ།    དགེ་རྒན་བཅས་ལ་གང་ལ་གང་འཚམ་གྱིས་ནང་དོན་རིག་པ་དང་།    ཚད་མ་རིག་པ།    གནའ་རབས་རྩོམ་ཡིག སྙན་ངག་བཅས་བུམ་པ་གང་བྱོའི་ཚུལ་དུ་སློབ་མ་རྣམས་ལ་དཔེ་ཁྲིད་ཟམ་མ་ཆད་པར་གནང་བས།    བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་ལ་མཛད་རྗེས་བླ་མེད་བཞག ཁྱད་པར་དུ་ཁོང་རིན་པོ་ཆེའི་ཐུགས་ན་ཡོན་ཏན་གྱི་གཏེར་བརྡོལ་ཡང་ཕྱི་རུ་ཁེངས་ཉམས་དང་དྲེགས་ཉམས་གཏན་ནས་མེད་པར།    འདོད་ཆུང་ཆོག་ཤེས་ཀྱིས་རྙེད་དང་བཀུར་བསྟི་ཡེ་ནས་མི་གཉེར་ལ།    རིས་མེད་ཀྱི་བྱམས་བརྩེ་ཀུན་ལ་ཁྱབ་ཅིང་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་ཡོན་ཏན་གྱིས་གདུལ་བྱ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ནས་དད་པའི་ཐལ་མོ་སྙིང་གར་མི་སྦྱོར་བ་གཅིག་ཀྱང་མེད།    དེ་ལྟར་སློབ་གྲྭ་དང་དགོན་སྡེ་གང་མང་གིས་གདན་འདྲེན་ཞུས་པ་ལྟར་ཐུཊ་དགྱེས་བཞིན་དང་ལེན་མཛད་ནས་འདོད་པའི་རེ་བ་ཇི་བཞིན་དུ་བསྐང་བ་ལས།    ཁོང་གིས་སྐུ་ཚེ་ཧྲིལ་བོར་མི་རིགས་སོ་སོའི་ལས་དོན་ལ་ཕུལ་བའི་སྙིང་སྟོབས་དེ་མཚོན་ཐུབ་པ་ཡིན།    ཁོང་གིས་བསྐྱངས་པའི་སློབ་བུ་རྣམས་ཀྱང་གསེར་གྱི་ཐང་མ་བརྡལ་བ་ཇི་བཞིན་ས་གནས་སོ་སོ་ན་རང་ནུས་ཅི་ཡོད་ཀྱིས་མི་རིགས་ཀྱི་ལས་དོན་ལ་གཞོལ་ཞིང་མཆིས།    1987ལོར་པཎ་ཆེན་རིན་པོ་ཆེ་ཡིས་པེ་ཅིན་གྱི་བོད་བརྒྱུད་ནང་བསྟན་སློབ་གྲྭ་ལ་དཔེ་ཁྲིད་ཕེབས་པར་རེ་བ་གནང་ལྟར།    ཁོང་ཉིད་ཀྱིས་ཀྱང་པཎ་ཆེན་རིན་པོ་ཆེའི་བཀའ་ལུང་སྤྱི་བོའི་རྒྱན་དུ་བཅིངས་ནས།    པེ་ཅིན་དུ་གྲུབ་མཐའ་སོ་སོའི་བོད་སོག་གི་བླ་སྤྲུལ་མང་བོརབྱང་ཆུབ་ལམ་རིམ་ཆེན་མོགཙོས་གཞུང་ཆེན་གང་མང་ཞིག་དཔེ་ཁྲིད་གནང་བ་དང་།    རྒྱ་བོད་ཀྱི་དགོན་ཁག་མང་བོར་ཕེབས་ནས་དད་ལྡན་སེར་སྐྱ་བགྲང་ལས་འདས་པ་སྨིན་གྲོལ་གྱི་ལམ་དུ་བཀོད་པས།    གདུལ་བྱའི་འཕྲིན་ལས་དབྱར་མཚོ་བཞིན་དུ་འཕེལ་ནས།    རྒྱལ་ཁབ་ཕྱི་ནང་ཀུན་གྱི་དད་ལྡན་རྣམས་བུང་བ་པད་ཚལ་དུ་འདུས་པ་ལྟར་ངང་གིས་འདུས་པར་གྱུར།
    
རྗེ་ཁོང་ཉིད་ནི་བོད་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ལ་བཀའ་དྲིན་མཆོག་ཏུ་ཆེ་ལ།    འཆད་པ་དང་རྩོད་པའི་ཡོན་ཏན་ལའང་འགྲན་པའི་ཟླ་དང་བྲལ་བར་མ་ཟད།    རྩོམ་པའི་ཡོན་ཏན་ལའང་རྣམ་དཔྱོད་མཆོག་ཏུ་གྱུར་པ་ཞིག་ཡིན་པས།    སྐུ་ན་གཞོན་དུས་ནས་རྩོམ་སྣ་ཚོགས་ལྗགས་རྩོམ་མཛད་མོད་ཀྱང་།    མང་བོ་ཞིག་དུས་ཀྱི་འཕོ་འགྱུར་ནང་འབྱུང་བ་ལྔ་རུ་ཐིམ་པས་ཕངས་པ་ཤིན་ཏུ་ཆེ།    ཁོང་གིས་ལོ་འདི་གའི་ནང་དུ་དཔེ་ཁྲིད་གནང་བ་རྣམ་དཔྱོད་ཅན་གྱི་སློབ་བུ་དག་གིས་སྒྲ་ཐག་ལས་ཟིན་བྲིས་སུ་ཕབ་པ་དང་།    ལེགས་བཤད་ཀྱི་རྩོམ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཁྱོན་བསྡོམས་པོད་དྲུག་ཡོད་པ་དེ།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་པས།    ཀློག་མཁན་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ།    གསུང་འབུམ་དེར2000ལོའི་ཟླ་དགུ་བར་ཞིང་ཆེན་བཅོ་ལྔའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་དཔེ་སྐྲུན་ཁང་བཅོ་བརྒྱད་ཀྱིས་བསྡུས་པའི་དཔེ་དེབ་དཔྱད་འདེམ་ཁྲོད་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ་དང་།    2001ལོའི་ཟླ8པར་སྐབས་ལྔ་བའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་དཔྱད་འདེམ་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།    ཡང་ལོ་དེའི་ཟླ12པར་པེ་ཅིན་དུ་སྐབས་ལྔ་བའི་མི་རིགས་དཔེ་དེབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ།    བྱ་དགའ་འདི་ལ་མཚོན་ན་ཀྲུང་གོའི་མི་རིགས་དཔེ་དེབ་ཀྱི་བྱ་དགའི་ཆེས་མཐོ་བའི་རྣམ་གྲངས་ཡིན།

གཉིས་པ།    ཁོང་གི་གསུང་འབུམ་གྱི་ནང་དོན་དང་ཁྱད་ཆོས།

     སྤྱིར་ཁོང་གི་གསུང་རྩོམ་ནི་ཁ་གསལ་ཞིང་གོ་བདེ་བ་དང་།    རྒྱས་བསྡུས་འཚམ་ཞིང་གནད་དུ་འཁེལ་བ་ཞིག་ཡིན་ལ།    གསུང་འབུམ་དེབ་དང་པོ་རུ་ད་ལྟའི་སློབ་གྲྭ་ཆེན་མོ་བ་དང་ལས་དང་པོ་དག་གི་བློ་ཁ་དང་བསྟུན་ནས་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུ་དང་སྐྱེས་བུ་འབྲིང་གི་སྐབས་ཀྱི་བརྗོད་དོན་དག་གོ་སླ་བའི་ངང་ལེགས་པར་བཀྲལ་ཡོད།    དེའི་རྗེས་རྟེན་འབྲེལ་བསྟོད་པ་དང་།    བླ་མ་ལྔ་བཅུ་བའི་འགྲེལ་བ།    འཕྲིན་ཡིག་གི་སྐོར།    སྙན་རྩོམ་གྱི་སྐོར།    བསླབ་བྱའི་སྐོར།    འཕྲིན་བཅོལ་གྱི་སྐོར།   དཀར་ཆག་གི་སྐོར་སོགས་བསྡུས་ཡོད།    པོད་གསུམ་པ་རུ་དཔེ་ཡི་སྒོ་ནས་དོན་སྟོན་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་བ་མོས་ལྡན་ཡིད་ཀྱི་བདུད་རྩི་ཞེས་པ་དེ་བཀོད་ཡོད།    པོད་བཞི་བ་རུབེའུ་བུམ་སྔོན་པོའི་འགྲེལ་བལ་འགྲེལ་ལེགས་པར་བཏབ་ནས་སློབ་གཉེར་གནང་མཁན་རྣམས་ལ་གོ་བདེའི་ངག་གིས་བཀྲལ་ཡོད།    པོད་ལྔ་བ་རུ་བློ་སྦྱོང་དོན་བདུན་མ་རྒྱས་པར་ཀོད་པའི་སྟེང་།    འགྲེལ་བ་གསལ་ལ་མ་ནོར་བར་ཆ་ཚང་བར་གསུངས་ཡོད།    པོད་དྲུག་པ་རུ་ཞི་ལྷག་གི་སྐོར་བཀོད་ཡོད་དོ།     
    
གོང་གསལ་གྱི་གསུང་རྩོམ་པོད་དྲུག་པོའི་ནང་དུ་ཁོང་གི་སྐུ་ཚེ་གང་བོར་མི་རིགས་སློབ་གསོ་དང་།    བོད་ཀྱི་རིག་གནས་རྒྱུན་འཛིན་སྤེལ་གསུམ་གྱི་མཛད་རྗེས་བླ་མེད་བཞག་པའི་ངང་ཚུལ་དེ་ཡོངས་སུ་འདུས་ཡོད་པས།    དེང་རབས་བོད་རིགས་ཤེས་ལྡན་ན་གཞོན་སུ་ཡིན་ཡང་ཁོང་གི་ལེགས་བཤད་བཙོ་མ་གསེར་དང་འདྲ་བའི་གསུང་རྩོམ་འདིར་མཇལ་བ་ཙམ་གྱིས་ངེས་ཤེས་ཆེན་པོ་འདྲོངས་པར་མ་ཟད།    ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཀྱི་བླ་ན་མཐོ་བའི་རང་བཞིན་ཡང་རྟོགས་ཐུབ་བོ།   
    
སྤྱིར་ཁོང་རིན་པོ་ཆེས་དགོངས་པ་ཆོས་དབྱིངས་སུ་བསྡུས་ཏེ་ངེད་ཅག་དང་ཁ་བྲལ་ནས་ལོ་འཁོར་གཉིས་ཙམ་འགོར་ནའང་།    ཁོང་གི་ཟུམ་པ་མེད་པའི་ཐུགས་རྗེ་ཡི་སྤྱན་ཟུང་ནི་ང་ཚོའི་སེམས་ན་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་ལེར་ཡོད་ལ།    འགག་པ་མེད་པའི་གསུང་དབྱངས་ནི་ད་དུང་ང་ཚོའི་སྙན་ལམ་ན་ལྷང་ལྷང་དུ་གྲགས་བཞིན་ཡོད།    ལྷག་པར་དུ་ཁོང་རིན་པོ་ཆེའི་གསུང་རྩོམ་རྣམས་ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་མངོན་པར་བསྟར་ཡོད་པས།    ང་ཚོས་ཀྱང་ཁོང་གི་བཀའ་སློབ་ལྟར་འབད་བརྩོན་དང་དཀའ་སྤྱད་ཀྱི་སློབ་གཉེར་ཁུར་དུ་བླངས་ནས་བོད་ཀྱི་རིག་གནས་ལ་སྦྱངས་པ་ལེགས་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས་སོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060