གནས་ཡུལ། མདུན་ངོས། ཞིབ་འཇུག་མི་སྣ།
 
 
༄༅།། དགེ་བའི་གཤེས་གཉེན་རྗེ་བཙུན་ཤེས་རབ་རྒྱ་མཚོ།
སྤེལ་དུས།2014-10-09   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        ༄༅། ། དྲི་མེད་མཁྱེན་གཏེར་འཇམ་དཔལ་གཞོན་ནུ་དཔལ། ། འགྲོ་བའི་དོན་དུ་ངུར་སྨྲིག་རྣམ་རོལ་བ།། གདུལ་བྱའི་མ་རིག་བློ་མུན་ཐབས་མཁས་ཀྱིས། ། བསལ་མཛད་བཤེས་གཉེན་གང་ལ་སྙིང་ནས་འདུད། ། ཅེས་ཕྱག་བྱ་བའི་ཚིག་ཤླཽཀ་གཅིག་གིས་མདུན་བསུས་ཏེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་༧རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་གི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེས་ཟིན་པའི་ཆུ་ཐིགས་ཙམ་ཞིག་ཀློག་མཁན་རྣམས་ལ་མཚམས་སྦྱོར་བར་བྱ་སྟེ།
       
གངས་ཅན་མཁས་པའི་ཁྱུ་མཆོག་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་ལྗགས་ཀྱི་འདབ་མ་རབ་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་ནི། ། མདོ་ཁམས་སྨད་ཀྱི་ཆར་གཏོགས་པ་བཀྲ་ཤིས་པའི་དགེ་མཚན་རྣམ་པར་བཀྲ་བའི་གནས་རྡོ་སྦིས་གསེར་སྨུག་ལྗོངས་ཞེས་གྲགས་པའི་ཡུལ་གྱི་ཁོངས་གཏོགས། ས་ལ་དགེ་ཚང་བ་དང་དེར་གནས་པའི་སྐྱེ་བོ་རྣམས་ཀྱང་དད་ལྡན་ཡ་རབས་ཀྱི་ལུགས་ལས་མི་འགོངས་པ་ཤ་སྟག་ཡིན་པ་ཧོར་གྲོ་བ་ཞེས་འབོད་པའི་གྲོང་སྡེ་དེར་རིགས་རུས་ཕུན་སུམ་ཚོགས་པའི་དར་གྱི་རིགས་ཡབ་ལྷ་ལུང་སྐྱབས་དང་། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྤྲེལ་གྱི་ལོའི་སྤྱི་ལོ༡༨༨༤ལོས་ག་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པའི་སྐྱ་རེངས་དང་པོ་ཤར་བ་དང་དུས་གཅིག་ཏུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་སྐུ་བལྟམས།
       
དགུང་ལོ་ལྔ་བའི་ཚེ་སྒོ་མང་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཏེ་དགེ་ལྡན་འཕེལ་རྒྱས་གླིང་རྡོ་སྦིས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ཡེ་གེ་སྦྱོར་ཀློག་ལ་རྦུང་བ་ལེགས་པར་མཛད།
       
དགུང་ལོ་བཅུ་དྲུག་གི་སྟོན་ཁར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་ལ་ཉིན་མཚན་སྦྲེལ་བའི་བརྩོན་པ་ཆེན་པོ་གནང་ཞིང་། སྐབས་དེར་བསེ་བསྡུས་གྲྭ་དང་། བློ་རྟགས་མཐའ་དཔྱོད་གཉིས། འགྲེལ་བ་དོན་གསལ། རྒྱན་འཇུག་གཉིས་དང་བཅས་ཚོགས་རྒྱུགས་སུ་ཕུལ་བ་དང་། དེའི་དགུན་ཆོས་ཆེན་མོར་དམིགས་བསལ་གྱིས་འཛིན་གྲྭ་གོང་དུ་སྤར་བ་སོགས་ཀྱིས་གྲྭ་རྒན་གཞོན་ཀུན་ངོ་མཚར་བའི་དོན་མང་པོ་བྱུང་། ཨ་ཁུ་གོང་ཐང་བློ་གྲོས་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་སྡེ་སྣོད་འཛིན་པའི་བླ་མ་དུ་མ་བསྟེན་པ་དང་། ཁྱད་པར་དུ་ཨ་ཁུ་གོང་ཐང་བློ་གྲོས་ཚང་གི་མདུན་ནས་དགེ་སློང་གི་སྡོམ་པ་ཡང་དག་པར་མནོས་ལ། རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་ནི་སྐུ་ཚེ་འདིར་སྡོམ་གསུམ་གྱི་བཅས་མཚམས་ཕྲ་རགས་གང་གི་ཐད་ལ་ཉེ་ལྟུང་གི་དྲི་མས་གཞར་ཡང་མ་གོས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་མཛད་པའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་ནོ། །
       
དགུང་ལོ་ཉེར་གཅིག་གི་ཚེ། ཁོང་ལྷ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་མདོ་སྔགས་རིག་གནས་ཡོངས་སུ་རྫོགས་པའི་མཁས་པའི་དབང་པོ་མཆོག་གྲུབ་དཀར་པོ་དང་། བླ་མ་འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་རིགས་པའི་གནས་མཐའ་དག་དང་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ནས་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་ཤིང་སྒོ་ཐམས་ཅད་ནས་འགྲན་པའི་ཟླ་དང་བྲལ་བའི་མཁས་པའི་གོ་འཕང་མཐོན་པོར་གཤེགས།
       
དེའི་ཚེ་ཁོང་གིས་ལེགས་བཤད་སྙིང་པོ་སོགས་ཉིན་རེར་ཤོག་གུ་མདའ་ཚད་མ་བདུན་རེ་ཆག་མེད་དུ་བློ་འཛིན་གནང་ནས་གཞུང་པོ་ཏི་མང་པོ་ཐུགས་ལ་བྱང་བར་མཛད། ཀློག་ཆོད་ནི། སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཉིན་རེར་བཀའ་འགྱུར་པོ་ཏི་གཉིས་རེ་གསུངས་གྲུབ་པར་མ་ཟད་དེའི་ཚིག་དོན་ལ་བརྟག་གཞིགས་མཛད་པ་སོགས་ཁྱད་ཆོས་གཞན་ལ་མེད་པ་ཤིན་ཏུ་མང་།
       
དགུང་ལོ་སོ་གསུམ་གྱི་སྟེང་དམིགས་གསལ་གྱིས་ལྷ་རམས་པ་འཕར་མའི་མིང་བཏགས་བྱུང་བ་དང་། ནོར་བུ་གླིང་གའི་རྩོད་རྒྱུགས་ཚེ་ཨང་དང་པོ་བྱུང་བ། རྩེ་གཟིམས་ཆུང་དུ་ཚོགས་ལངས་དམིགས་གསལ་ཅན་གནང་བ་སོགས་ཡ་མཚན་པའི་མཛད་བཟང་མང་པོ་གྲུབ། དེ་ལོའི་སྨོན་ལམ་ཉི་ཤུ་བཞིའི་ཉིན་ནོར་བུ་གླིང་གར་གཞུང་གི་སྐུ་དྲག་སེར་སྐྱ་ཚང་འཛོམས་ཀྱི་དབུས་སུ་རྩེ་དྲུང་ཡིག་ཆེན་མོ་ཆོས་དར་ལགས་ནས་ལྷ་རམས་པའི་དམ་བཅའ་ཨང་གྲངས་ཀྱི་རིམ་པ་སྒྲིག་སྐབས། རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ལུང་ལྟར་རིག་པའི་གནས་ལྔ་ལ་མཁས་པའི་ཨང་དང་པོ་ནི་འབྲས་སྤུངས་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོའོ་ཞེས་མཚན་སྙན་མེ་ཏོག་གི་ཕྲེང་བ་དགུང་དུ་འཐོར་བས་དེར་བཞུགས་ཚོགས་པ་ཀུན་གྱིས་ངོ་མཚར་བ་དང་རྗེས་སུ་ཡི་རང་ཚད་མེད་བྱས།
       
དགུང་ལོ་སོ་བཞི་བར། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་ལྟར་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་གསུང་འབུམ་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད། ལོ་དྲུག་ཙམ་གྱིས་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་ལེགས་པར་གྲུབ། དེའི་རྗེས་སུ་ཡང་རྒྱལ་དབང་ཐམས་ཅན་མཁྱེན་པའི་བཀའ་སྤྱི་བོར་བླངས་ཏེ། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད་དེ་ལོ་བརྒྱད་ཙམ་གྱིས་དཔར་གཞི་གསར་བཞེངས་ལེགས་གྲུབ་བྱུང་། གཞན་ཡང་རྒྱལ་དབང་ཐམས་མཁྱེན་པའི་བཀའ་བཞིན་རྩེའི་རིག་གནས་སློབ་གྲྭ་ཆེན་མོར། སྔོན་མཁས་པའི་དབང་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་སྡེབ་སྦྱོར་བསྒྲིགས་པ་དེར་ཞུ་དག་དང་འབྲེལ་བར་སྡེབ་སྦྱོར་གསར་སྒྲིག་ཀྱང་མཛད། སེར་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་བའི་བཤེས་གཉེན་དྲག་གྲས་རྣམས་ནོར་གླིང་དུ་གཞུང་པོ་ཏི་ལྔ་དང་སྔགས་ཀྱི་རྩོད་རྒྱུགས་ཚེ། བདེ་ཡངས་མཚན་དཔྱད་པ་གཞན་ཞིག་དང་། རྗེ་ཤེས་རབ་རྒྱ་མཚོ་ཁོང་རྣམ་གཉིས་ཀྱིས་རྩོད་པའི་དཔང་པོ་མཛད་འཕྲིན་ངོ་མཚར་བ་མང་པོ་བྱུང་།
       
ཁོང་རིན་པོ་ཆེ་ནི་སྐུ་ན་ཆེས་ཕྲ་བའི་དུས་ནས་ཤེས་རབ་ཀྱི་ཀློང་བརྡོལ་བས་དགུང་ལོ་བཅོ་ལྔའི་སྟེང་ནས་ལྗགས་རྩོམ་གནང་བའང་ཡོད། ཁོང་གིས་བསྟན་འགྲོ་སྤྱིའི་དོན་ལ་དམིགས་ནས་བསྟན་བཅོས་གང་མང་ཞིག་བརྩམས་མོད། བསྟན་པ་འཕེལ་འགྲིབ་དང་དུས་ཀྱི་འགྱུར་བའི་དབང་གིས་གསུང་རྩོམ་གྱི་མ་ཕྱི་པོ་ཏི་བཅུ་ཕྲག་ལྷག་མེད་བརླག་ཏུ་གྱུར་ལ། ད་ལྟ་ཡོད་པ་རྣམས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྡུད་གང་ཐུབ་ཀྱིས་དཔེ་སྐྲུན་བྱས་ཡོད།
       
རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་གིས་སྐུ་ཚེ་འདིར་སྲས་ཀྱི་ཐུ་བོ་དགེ་བའི་བཤེས་གཉེན་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང་། དགེ་བཤེས་གཞོང་པ་ཚུལ་ཁྲིམས་སོགས་སྡེ་སྣོད་འཛིན་པའི་བུ་སློབ་བགྲངས་གིས་མི་ལང་བ་བསྐྱངས་པ་དང་། དེ་ལས་གཞན་པའི་སྐྱ་སེར་སློབ་གཉེར་ལ་འདུན་པ་དྲག་པ་གང་མང་མང་ལ་སྒྲ་སྙན་ངག་སུམ་རྟགས་དག་གསུམ་སོགས་ཁྲིད་ནས་བསྐྱེད་བསྲིངས་པས་བོད་མི་རིགས་ཀྱི་རིག་གནས་མི་ཉམས་གོང་སྤེལ་གྱི་འཕྲིན་ལས་རྒྱ་ཆེན་པོ་སྤེལ།
       
དགུང་ལོ་ང་ལྔ་ཕེབས་ཚེ། སྐབས་དེའི་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་མཁན་གོ་མིན་ཏང་གིས་གདན་དྲངས་པ་ལྟར་རྒྱ་ནག་ཏུ་ཕེབས་ནས་ཆོས་སྲིད་ཟུང་གི་བྱ་བ་མང་པོ་མཛད་པ་དང་ཁྱད་པར་དུ་རྒྱལ་ཁབ་གསར་བ་དབུ་བརྙེས་རྗེས་མི་དམངས་སྲིད་གཞུང་གི་བཀའ་ལྟར་བསྟན་འགྲོ་སྤྱི་ལ་ཕན་པའི་ཐུགས་སྨོན་རྣམ་པར་དག་པའི་སྒོ་ནས་ཆོས་སྲིད་གཉིས་ཀའི་ཐད་ནས་རྣམ་པར་དཀར་བའི་མཛད་བཟང་གི་གྲུ་ཆར་བསྙིལ་བར་མཛད།
       
དགུང་ལོ་དོན་གསུམ་གྱི་ཚེ། རྒྱ་གར་དང་། བལ་བོའི་རྒྱལ་ཁབ་གཉིས་ཀྱིས་གདན་ཞུས་ལྟར། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་ཚོགས་ཆེན་ལ་ཞུགས།
       
གཞན་ཡང་དེའི་སྔོན་གཞུག་ཏུ་འབར་མ་དང་། ཅན་པུའུ་ཀྲེ། སིང་ག་ལ། རོས་ཏན་སོགས་ཆོས་ལྡན་རྒྱལ་ཁབ་དེ་དག་ལ་ཕེབས་ནས་དེ་གའི་ཆོས་པ་རྣམས་ལ་བཀའ་ཆོས་མང་དུ་གསུངས་ཤིང་བསྟན་པ་སྤྱི་དང་འགྲོ་བ་ཡོངས་ལ་ཕན་པའི་མཛད་འཕྲིན་རྒྱ་ཆེན་པོ་མཛད་དོ། །
       
ལུང་རྟོགས་ཀྱི་ཡོན་ཏན་མཐའ་དག་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོ་འདི་ཉིད་ནི་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེག་གྱི་ལོ་དབྱུ་གུ་ཟླ་བའི་ཡར་ངོའི་དགའ་བ་གསུམ་པའི་ཉིན་སྤྱི་ལོ་༡༩༦༨པའི་ཟླ་༡༡ཚེས་༡ཞིང་འདིའི་གདུལ་བྱ་རྣམས་རྟག་འཛིན་གྱི་འཆིང་བ་དམ་པོ་གཅོད་པར་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
       
མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོ་རྗེ་བཙུན་ཤེས་རབས་རྒྱ་མཚོས་སྐུ་ཚེ་གང་པོར་འཛམ་གླིང་གི་ཞི་བདེ་དང་། མེས་རྒྱལ་གྱི་དར་རྒྱས། སེམས་ཅན་གྱི་བདེ་སྐྱིད་བཅས་ཀྱི་དོན་དུ་རྨད་བྱུང་གི་མཛད་རྗེས་ནམ་མཁའ་དང་མཉམ་པ་མིག་མཐོང་ལག་ཟིན་དུ་ཡོད་པ་ནི་གཟུར་གནས་རྣམ་པར་དཔྱོད་པའི་མིག་དཀྱུས་རིང་པོར་གྱུར་པ་རྣམས་ཀྱི་བློ་ངོར་སྒྲིབ་བྲལ་གསུབ་མེད་དུ་ལྷང་ངེར་ཡོད་ལ། རང་ཅག་ཕྱི་རབས་པ་རྣམས་ཀྱིས་སྐྱབས་མཆོག་དམ་པ་གང་ཉིད་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དད་གུས་དང་རྗེས་དྲན་ཟོལ་མེད་བྱེད་དགོས་པ་ཡིན་ནོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005