འཛམ་གླིང་གོ་ལའི་ཐོར་ཅོག་ཏུ་གྱུར་པའི་ཁ་བ་ཅན་གྱི་ཞིང་ཁམས་འདིར་ཆགས་པའི་བོད་རིགས་མི་དམངས་ཀྱིས་རང་བྱུང་སྣོད་ཀྱི་ཚ་གྲང་ཆར་རླུང་ཁྲོད་དཀའ་ཚེགས་དང་དུ་བླངས་ཏེ་འོད་སྣང་འབུམ་ཕྲག་འཕྲོས་པའི་བློ་གྲོས་ལ་བརྟེན་ནས་འཛམ་གླིང་ཕྱོགས་བཞིར་སྙན་པར་གྲགས་པའི་མི་རིགས་རིག་གཞུང་གསར་གཏོད་མཛད་ཡོད་པར། བོད་ཀྱི་གསོ་བ་རིག་པ་ཡང་དེ་དག་ཁྲོད་ཀྱི་རིན་བྲལ་ནོར་བུ་ཞིག་ཡིན་པ་སྨོས་མེད་ལ། དེ་ཡང་ཀྲུང་ཧྭ་མེས་རྒྱལ་གསོ་རིག་བང་མཛོད་ཆེན་པོའི་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་རིག་འདིར་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་དང་ཕུན་སུམ་ཚོགས་པའི་སྨན་བཅོས་ལག་ལེན་ཟུང་དུ་འབྲེལ་བའི་ཁྱད་ཆོས་མངོན་པར་འཕགས་པ་ལྡན་ཡོད་པ་དེ་དག་ལོ་ངོ་ཉིས་སྟོང་སུམ་བརྒྱའི་སྔོན་གྱི་སྨན་པ་གྲགས་ཅན་དཔྱད་བུ་ཁྲི་ཤེས་ནས་ཉེ་རབས་གསོ་རིག་མཁས་ཅན་ནམ་མཁའི་སྐར་ཚོགས་ལ་འགྲན་ནུས་པ་ལྷན་རྒྱས་ཀྱི་གཞལ་དུ་མེད་པའི་སྐུ་དྲིན་ཡིན་མོད། འོན་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་ཐོབ་པའི་ལོ་ངོ་ལྔ་བཅུའི་གོང་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱིས་འདུ་ཤེས་རྣམ་པའི་ཁྱབ་ཁོངས་ལ་སྒེར་འདོམ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཡིན་པའི་རྐྱེན་གྱིས་གསོ་བ་རིག་པ་དེ་ཡང་ཆོས་སྲིད་ཟུང་སྦྲེལ་གྱི་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བ་ལས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཤིན་ཏུ་ཞན་པ་དང་། གསོ་རིག་གཞུང་ལུགས་དང་སྨན་བཅོས་ལག་རྩལ་ཀྱང་འཕེལ་རྒྱས་འགྲོ་བ་འགོར་པོ་ཡོད་པས་སྐབས་དེར་བོད་ཡོངས་ལ་བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཚན་གསུམ་ལས་མེད། འོན་ཀྱང་བོད་ཞི་བས་བཅིངས་འགྲོལ་མ་ཐོབ་པའི་ལོ་ངོ་ལྔ་བཅུའི་གོང་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱིས་འདུ་ཤེས་རྣམ་པའི་ཁྱབ་ཁོངས་ལ་སྒེར་འདོམ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཡིན་པའི་རྐྱེན་གྱིས་གསོ་བ་རིག་པ་དེ་ཡང་ཆོས་སྲིད་ཟུང་སྦྲེལ་གྱི་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བ་ལས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཤིན་ཏུ་ཞན་པ་དང་། གསོ་རིག་གཞུང་ལུགས་དང་སྨན་བཅོས་ལག་རྩལ་ཀྱང་འཕེལ་རྒྱས་འགྲོ་བ་འགོར་པོ་ཡོད་པས་སྐབས་དེར་བོད་ཡོངས་ལ་བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཚན་གསུམ་ལས་མེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་ལོངས་སྤྱོད་བྱེད་རྒྱུ་ག་ལ་ཡོད།
དེང་འདིར་གངས་ལྗོངས་ས་ཕྱོགས་ཁག་ཏུ་སྟོན་གྱི་འབྲས་བུ་བསྡུ་བའི་སྐལ་བཟང་ཐོག་མི་རིགས་ཁག་གི་མི་དམངས་ཀྱིས་སྤྲོ་བ་རབ་ཏུ་འཕེལ་ཏེ་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་དང་དྲན་གསོ་ཞུ་བའི་མཚམས་འདིར་ཁོ་བོས་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཏང་གི་མི་རིགས་སྲིད་ཇུས་བཟང་པོ་དང་། ཐུགས་འཁུར་ཆེ་བཞེས་ཀྱི་མཛད་ཕྱོགས་ཁག དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གི་གཟིགས་སྐྱོང་བླ་ན་མེད་པའི་འོག་བོད་ལུགས་གསོ་བ་རིག་པར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་རླབས་ཆེན་བྱུང་ནས་བོད་ལུགས་གསོ་རིག་གི་སྨན་ཁང་སྒྲིག་གཞི་གསར་འཛུགས་དང་། སློབ་གསོ་དར་སྤེལ་དང་མི་སྣ་གསོ་སྐྱོང་། སྨན་རྫས་ཐོན་སྐྱེད། ཚན་རིག་ཞིབ་འཇུག་བཅས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་བ་རྣམས་ཁག་སོ་སོར་དབྱེ་ནས་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་འདི་ཡང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་། ལྷག་ཏུ་འཕྲོད་བསྟེན་མི་སྣ་ཡོངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དྲན་གསོའི་ལེགས་སྐྱེས་འབུལ་བའི་རྟེན་དུ་གྱུར་ཅིག།
གཅིག བོད་ལུགས་གསོ་རིག་སྨན་ཁང་གི་སྒྲིག་གཞིར་ཤུགས་སྣོན་ཆེན་པོ་ཐེབས་པའི་སྐོར།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནི་སྤྱི་ལོ་༡༩༡༦ལོར་གསར་འཛུགས་བྱས་ཤིང་། སྐབས་དེར་“ལྷ་ས་སྨན་རྩིས་ཁང”ཞེས་བརྗོད་ཀྱི་ཡོད་ཅིང་། སྔ་རྗེས་སུ་སྨན་རྩིས་ཀྱི་ཞིབ་འཇུག་མི་སྣ་སྟོང་ལ་ཉེ་བ་གསོ་སྐྱོང་བྱས་པ་རེད། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་དགེ་སློབ་ཁྱོན་བསྡོམས་མི་བདུན་ཅུ་དོན་གསུམ་ལས་མེད་ཅིང་། སྨན་ཁང་གི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུབ་ཞིན་མ་ཆིག་སྟོང་ལྔ་བརྒྱ་ལྔ་བཅུ་ཁོ་ན་ལས་མེད། ལོ་གཅིག་ལ་ནད་བརྟག་སྨན་བཅོས་བྱེད་པའི་མིའི་ཐང་གྲངས་ནི་ཁྲི་གཅིག་ཙམ་ཡིན་ཞིང་། སྐབས་དེར་ནད་ཁྲི་རྐང་གཅིག་ཀྱང་མེད་པ་རེད། བོད་སྨན་ཐོན་སྐྱེད་བྱེད་ཚད་ནི་ཕལ་ཆེར་རྒྱ་མ་ལྔ་སྟོང་ཙམ་རེད། བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུའི་ནང་ང་ཚོའི་སྨན་ཁང་ནི་རིམ་བཞིན་ལྗོངས་ཡོངས་ལ་བོད་སྨན་སྨན་བཅོས་དང་། སྔོན་འགོག ལུས་ཁམས་བདེ་སྲུང་། སློབ་འཁྲིད། དེ་བཞིན་ཚན་རིག་ཞིབ་འཇུག་དང་བོད་སྨན་ཐོན་སྐྱེད་ཞབས་ཞུ་བྱེད་མཁན་བཅས་ཀྱི་ལྟེ་གནས་སུ་གྱུར་ཡོད། ད་ལྟ་སྨན་ཁང་ཡོངས་ལ་ལས་བཟོ་མི་གྲངས་བཞི་བརྒྱ་བཞི་ཅུ་ཐམ་པ་ཡོད་ཅིང་། དམངས་གཙོའི་བཅོས་བསྒྱུར་བྱེད་པའི་སྐབས་ལས་ལྡབ་དྲུག་ཙམ་འཕར་སྣོན་བྱུང་ཡོད་ཅིང་། དེའི་ནང་འཕྲོད་བསྟེན་ལག་རྩལ་གྱི་མི་སྣ་ཉིས་བརྒྱ་བདུན་ཅུ་དོན་ལྔ་ཡོད་པས་སྨན་ཁང་ཡོངས་ཀྱི་ལས་བཟོའི་བསྡོམས་འབོར་གྱི་བརྒྱ་ཆའི་༦༢.༥ཟིན་ཡོད་པ་དང་། མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པ་མི་སུམ་ཅུ་དེས་འཕྲོད་བསྟེན་ལག་རྩལ་མི་སྣའི་བརྒྱ་ཆའི་༡༠.༩ཟིན་ཡོད་པ་རེད། ད་ལྟའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུ་བཞི་མ་ཁྲི་བཞི་ལྷག་ཙམ་ཡོད་པ་དེས་དམངས་གཙོའི་བཅོས་བསྒྱུར་བྱེད་སྐབས་ལས་ལྡབ་ཉི་ཤུ་རྩ་ལྔ་འཕར་སྣོན་བྱུང་ཡོད་ཅིང་། སྒོ་བསྟེན་སྨན་བཅོས་པུའུ་དང་། ནད་སྡོད་པུའུ། སྨན་བཟོ་གྲྭ་བཅས་ཁག་གསུམ་ལ་དབྱེ་ཡོད། མིག་སྔར་ཁོག་ནང་དང་། ཕྱི་བཅོས། བུད་མེད་ཕྲུ་གུ། དོད་དྲག གསེར་ཁབ་སོགས་ནད་ཐོག་སྡེ་ཁག་བཙུགས་ཡོད་ཅིང་། སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་བྱེད་པ་ཕུད། ད་དུང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་དང་ཕོ་བའི་ནད། རུས་ཆག་ནད། ཁ་ནད་མིག་ནད། དབང་པོ་ལྔའི་ནད་སོགས་ལ་སྨན་བཅོས་བྱེད་པའི་ཆེད་ནད་ཆེད་བཅོས་ཀྱི་རིམ་པ་གཉིས་པའི་སྡེ་ཁག་གམ་གཙོ་གནད་ཀྱི་ཆེད་བཅོས་སྡེ་ཁག་བཙུགས་ཡོད་པ་རེད།
སྨན་ཁང་དུ་ནད་ཁྲི་སྒྲིག་བཀོད་བྱེད་པའི་འཆར་གཞི་ནི་༢༥༠ཡིན་ཞིང་དོན་དངོས་ནད་ཁྲི་༢༢༠བཙུགས་ཡོད་ཅིང་རེར་སྒོ་བསྟེན་དུ་སྨན་བཅོས་བྱེད་པའི་མིའི་ཐེངས་གྲངས་ནི་ཁྲི་༢༦ལྷག་ཙམ་ཟིན་གྱི་ཡོད། སྨན་ཁང་གི་རྨང་གཞིའི་སྒྲིག་ཆགས་ལའང་ལེགས་བཅོས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། ནད་ཁྲི་བེད་སྤྱོད་ཚད་ནི་བརྒྱ་ཆའི་༩༥.༥ཡན་ལ་སླེབས་ཡོད་ཅིང་། སྒོ་བསྟེན་སྨན་བཅོས་པུའུ་དང་ནད་ཁང་དུ་བོད་སྨན་གྱི་སྨན་བཅོས་བྱེད་ཚད་ནི་བརྒྱ་ཆའི་༨༥ཡན་ལ་སླེབས་ཡོད་པ་རེད། དེ་སྔོན་ང་ཚོའི་སྨན་ཁང་གི་ཞོར་གཏོགས་ཡིན་པའི་བོད་སྨན་བཟོ་གྲྭ་དེ་ཡང་གསར་སྤོས་བྱས་ནས་རྒྱ་ཁྱོན་ལྡབ་ཁ་ཤས་ཆེ་རུ་བཏང་ནས་རང་ལྗོངས་སུ་བོད་སྨན་ཐོན་སྐྱེད་བྱེད་པའི་གལ་ཆེའི་རྟེན་གཞིར་གྱུར་ཅིང་སྨན་ཁང་རང་ཉིད་ལ་བོད་སྨན་བེད་སྤྱོད་བྱེད་རྒྱུ་འགན་སྲུང་བྱེད་ཐུབ་པ་ཕུད། ད་དུང་ལྗོངས་ཕྱི་ནང་དུ་བོད་སྨན་མཁོ་འདོན་བྱེད་པའི་ལས་འགན་འཁུར་གྱི་ཡོད། སྲོལ་རྒྱུན་གྱི་བོད་སྨན་བཙོ་ཐལ་གྱི་སྦྱོར་བར་རྒྱལ་ཁབ་གྱི་གཅིག་པོར་དབང་བའི་ཁེ་དབང་ཐོབ་པ་དང་། སྐབས་དེ་དུས་ལོ་རེའི་ཐོན་སྐྱེད་བྱེད་ཚད་དེ་སྤྱི་རྒྱ་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། ལྷག་པར་ལོ་ཤས་ནང་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ནང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་མི་སྣ་༡༠༧༡བར་འཕེལ་རྒྱས་ཕྱིན་ཡོད་ཅིང་། ད་དུང་དམངས་ཁྲོད་དུ་བོད་ལུགས་གསོ་རིག་སྨན་པ་༤༢༩ཡོད་པ་དེ་ཚོས་ཞིང་འབྲོག་ཁུལ་དུ་སྒེར་གཉེར་གྱི་ཐོག་ནས་སྨན་པ་བྱེད་བཞིན་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཤང་གྲོང་སྨན་པ་༣༠༠༠ལྷག་ཙམ་ཡོད་པའི་ནང་བརྒྱ་ཆའི་༤༥ཟིན་པའི་མི་སྣས་བོད་ལུགས་སྨན་པའམ་ཡང་ན་བོད་ཕྱི་ཟུང་འབྲེལ་བྱེད་པའི་ཐབས་ལ་བརྟེན་ནས་མང་ཚོགས་ལ་ནད་འགོག་སྨན་བཅོས་གནང་བཞིན་ཡོད་པ་དང་། ཆུས་འཐེན་ཤང་བཙུགས་བྱས་རྗེས་ཤང་འཕྲོད་བསྟེན་ཁང་གསར་འཛུགས་བྱས་པའི་ནང་སྤྱིར་བཏང་བྱས་ན་བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ་གཅིག་རེ་བཀོད་སྒྲིག་བྱས་ཡོད་པ་རེད། དཔེ་མཚོན་བོད་ལུགས་གསོ་རིག་སྨན་ཁང་འཛུགས་སྐྲུན་བྱེད་སྐབས་“ལོ་ལྔ་ཚན་བརྒྱད་པའི”འཆར་གཞིའི་དུས་ཚོད་ནང་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྒྱལ་ཕྱི་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་ཉེ་བའི་ལོ་ཤས་ནང་གསར་དུ་བཙུགས་པའི་ལྷོ་ཁ་སྨན་རྩིས་ཁང་དང་ཉེ་བའི་ལོ་ཤས་ནང་གསར་དུ་བཙུགས་པའི་ལྷོ་ཁ་སྨན་རྩིས་ཁང་གཉིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་“མངར་ཁམ”འཆར་གཞིའི་ནང་བཅུག་སྟབས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་ཚོ་༥༠༠ལྷག་ཙམ་བཏང་ནས་གཙོ་གནད་འཛུགས་སྐྲུན་བྱས་པས་སྨན་ཁང་འདི་གཉིས་ཀྱི་གཞི་ཁྱོན་དང་། ནུས་པ། ཆུ་ཚད་སོགས་ཀྱི་ཐད་ལ་རྣམ་པ་གསར་རྐྱང་ཞིག་ཐོན་ཐུབ་ཡོད། ད་དུང་བོད་རང་སྐྱོང་ལྗོངས་དང་ས་གནས། གྲོང་ཁྱེར། རྫོང་བཅས་ཀྱིས་མ་དངུལ་བཏང་ནས་སྔ་རྗེས་སུ་ནག་ཆུ་དང་། ཆབ་མདོ། མངའ་རིས། གཞིས་རྩེ། ཉིང་ཁྲི་ས་གནས་བཅས་ཀྱི་སྨན་རྩིས་ཁང་དང་། དེ་བཞིན་སོག་རྫོང་། ངམ་རིང་རྫོང་། ཉི་མ་རྫོང། གོ་འཇོ་རྫོང་སོགས་སུའང་སྨན་རྩིས་ཁང་གསར་འཛུགས་གནང་ཡོད།
དེ་མིན་བོད་ལྗོངས་ཀྱི་རྫོང་ཁག་ཚང་མའི་མི་དམངས་སྨན་ཁང་དུ་བོད་སྨན་སྡེ་ཁག་བཙུགས་ཡོད། བོད་སྨན་གྱི་ཐོན་སྐྱེད་བྱེད་པའི་ནུས་པ་ཤུགས་ཆེར་ཕྱིན་ཡོད་པ་དང་། རྩ་བའི་ཆ་ནས་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ནད་འགོག་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། གོང་བརྗོད་ལྗོངས་སྨན་རྩིས་ཁང་གི་བོད་སྨན་བཟོ་གྲྭ་ནི་ལྗོངས་ཡོངས་སུ་བོད་སྨན་ཐོན་སྐྱེད་བྱེད་པའི་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་ཅིང་ལོ་རེར་བོད་སྨན་སྤྱི་རྒྱ་ཁྲི་ཚོ་བཅུ་ཐོན་སྐྱེད་བྱེད་ཐུབ་པ་དང་། བོད་སྨན་གྱི་རྣམ་གྲངས་༣༥༠ལྷག་ཙམ་ཟིན་ཡོད། ས་གནས་ཁག་གི་སྨན་རྩིས་ཁང་དང་། རྫོང་གི་སྨན་རྩིས་ཁང་ལ་གཞི་རྒྱ་འབྲིང་ཆུང་གི་བོད་སྨན་བཟོ་གྲྭ་བཙུགས་ཡོད་ཅིང་བོད་སྨན་བཟོ་གྲྭ་དེ་ཚོས་ལོ་རེར་བོད་སྨན་སྤྱི་རྒྱ་ཁྲི་གཅིག་ཡན་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པ་རེད། རྫོང་སྨན་ཁང་གི་བོད་ལུགས་སྡེ་ཁག་ནང་སྨན་བཟོ་ཁང་བཙུགས་ཡོད་ཅིང་མང་ཆེ་བས་རང་འཐུ་དང་། རང་བཟོ། རང་སྤྱོད་བཅས་བྱེད་ཀྱི་ཡོད་པ་རེད། བོད་སྨན་ཐོན་སྐྱེད་བྱེད་པའི་ནུས་པ་ལོ་ལྟར་རིམ་བཞིན་འཕེལ་རྒྱས་ཤུགས་ཆེན་བྱུང་བར་བརྟེན་ཞིང་འབྲོག་ས་ཁུལ་དུ་སྨན་དཀོན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད་པ་རེད། ལྷག་པར་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཛུགས་སྐྲུན་རྣམ་གྲངས་དྲུག་ཅུ་རེ་གཉིས་ཀྱི་ཁོངས་སུ་ཚུད་པ་དང་ཅང་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་ཚོ་༧༦༠༠བཏང་ནས་རོགས་བསྐྲུན་བྱས་པའི་ལྗོངས་བོད་སྨན་བཟོ་གྲྭའི་རྒྱ་སྐྱེད་ལས་གྲྭའི་འཛུགས་སྐྲུན་གྱི་ལས་གྲྭ་ཚང་མ་ལོ་ལྔའི་གོང་ནས་ལེགས་འགྲུབ་ཟིན་པ་དང་། ད་ལྟ་ཚོད་ལྟའི་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།
གཉིས། བོད་ཀྱི་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་རིག་པ་བརྒྱུད་འཛིན་དང་འཕེལ་རྒྱས་ཆེན་པོ་བྱུང་བ།
དེ་ནི་ཏང་དང་མི་དམངས་ཀྱིས་ང་ཚོར་དཀྲིས་པའི་ལས་འགན་གཟི་བརྗིད་ཆེ་ལ་དཀའ་ཚེགས་ལྡན་པ་ཞིག་རེད། ང་ཚོས་ཏང་གི་མཛད་ཕྱོགས་སྲིད་ཇུས་བླ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་ཏེ་བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་རིག་པ་རྒྱུད་འཛིན་དང་། འདོན་སྤེལ། ཕྱོགས་སྒྲིག གོང་མཐོར་གཏོང་རྒྱུ་དང་། ད་དུང་དུས་སྐབས་དམ་བཟུང་གིས་ཤེས་ལྡན་མི་སྣ་བསྡུ་ལེན་དང་། རྩ་ཆེའི་སྨན་རྩིས་རིག་གནས་ཤུལ་བཞག་མྱུར་སྐྱོབ་ཀྱི་བྱེད་ཐབས་རབས་དང་རིམ་པ་སྤེལ་ཏེ་སྨན་རྩིས་ཀྱི་རྩ་ཆེའི་ཤུལ་བཞག་རིག་དངོས་དང་། དཔེ་ཆ། དེ་བཞིན་མི་རབས་ནས་མི་རབས་བར་བསགས་པའི་མཁས་དབང་རྣམ་པའི་སྨན་རྩིས་སྐོར་གྱི་སྨན་བཅོས་ལག་རྩལ་དང་། གཞུང་ལུགས་སློབ་འཁྲིད། མཐོང་བརྒྱུད་ལག་ལེན་སོགས་མྱུར་སྐྱོབ་བྱེད་དགོས་པ་གོང་རིམ་ཏང་སྲིད་ལས་ཁུངས་དང་དབུ་ཁྲིད་རྣམ་པར་སྙན་སེང་རེ་འདུན་ཞུས་པ་དང་། དེའི་ཉེར་ལེན་ལས་སྔ་ཕྱིར་བོད་སྨན་གྱི་འཐུས་མི་ཚོགས་ཆེན་དང་། བོད་སྨན་གྱི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ། གནམ་རིག་སྐར་རྩིས་སྐོར་གྱི་ལོ་ཚོགས། རྒྱལ་ཡོངས་བོད་ལུགས་སྨན་ཁང་གི་ལས་དོན་གྲོས་ཚོགས། ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་རྒྱ་ཆེ་གཟབ་རྒྱས་ཀྱི་བོད་སྨན་དར་རྒྱས་ཚོགས་ཆེན་སོགས་སྐོང་འཚོགས་གནང་སྟབས་རྒྱ་ཆེའི་སྨན་རྩིས་ལས་དོན་པིའ་ཧུར་བརྩོན་རང་བཞིན་སྐོང་འཐེན་དང་སྨན་རྩིས་རིག་གནས་གོང་འཕེལ་བཏང་སྟེ་ཅན་བཞིའི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་དང་། ཕྱོགས་མཚུངས་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ཡོད་ཟབ་ལ་འཇོན་ཐང་ཆེ་བའི་ཤེས་ལྡན་མི་སྣ་བཙལ་འཚོལ་དང་། གདན་ཞུ་བཀུར་བསྟི་ཞུ་རྒྱུར་མཐོང་ཆེན་བྱས་པ་ཡིན། དཔེར་ན་ལོ་རབས་དྲུག་ཅུའི་ནང་ལྕགས་རི་འགྲོ་ཕན་གླིང་གི་མཁས་དབང་དགེ་རྒན་ཆེན་མོ་ཐུབ་བསྟན་ཚེ་རིང་མཆོག་དང་། སྨན་རྩིས་ཁང་གི་དེ་སྔའི་རྩིས་པའི་དགེ་རྒན་ཡེ་ཤེས་ཆོས་འཕེལ་མཆོག ད་དུང་ལྕགས་རིའི་སྨན་པ་རོང་བྱམས་ཆེན་པ་བློ་བཟང་ཚུལ་ཁྲིམས་དང་ལྷོ་ཁ་གདེང་འགོ་ཆེའི་སྨན་པ་འགྱུར་མེད་ཆོས་དབང་། ཆུ་བཅོས་མཁས་པ་སྨན་པ་ཡོན་ཏན་ཚུལ་ཁྲིམས་བཅས་གདན་འདྲེན་ཞུས་པ་དང་། དེ་རྗེས་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་བཅུ་ཕྲག་རིག་པའི་གནས་ལ་མཆོག་ཏུ་གྱུར་པ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་དང་། མཁས་དབང་བློ་བཟང་སྙན་གྲགས་མཆོག མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་མཆོག དེ་སྔ་སྨན་རྩིས་ཁང་གི་སྨན་པའི་དགེ་རྒན་ཆེན་མོ་དཔལ་ལྡན་བསྟན་འཛིན། ལྷོ་ཁ་འཕྱོང་རྒྱས་ལམ་རིམ་དགོན་གྱི་སྨན་པ་བློ་བཟང་མཐར་ཕྱིན། ལྕགས་རིའི་སྨན་པ་བྲག་ཡེར་པ་འཕྲིན་ལས་བརྩོན་འགྲུས། དེ་སྔ་སྨན་རྩིས་ཁང་གི་སྨན་པའི་དགེ་རྒན་ཆེན་མོ་དཔལ་ལྡན་བསྟན་འཛིན། ལྷོ་ཁ་འཕྱོང་རྒྱས་ལམ་རིམ་དགོན་གྱི་སྨན་པ་བློ་བཟང་མཐར་ཕྱིན། ལྕགས་རིའི་སྨན་པ་བྲག་ཡེར་པ་འཕྲིན་ལས་བརྩོན་གའྲུས། དེ་སྔ་སྨན་རྩིས་ཁང་ཐོན་པ་བོད་དམག་ཏ་དང་དམག་སྒར་གྱི་སྨན་པ་པ་སངས་ཚེ་རིང་། སོག་པོ་སྨན་པ་སྐལ་བཟང་རྒྱ་མཚོ་སོགས་བསྡུ་ལེན་བྱས་ཤིང་ཁོང་རྣམས་འགའ་ཤས་ཞིང་ཁུལ་དང་། འགའ་ཤས་འབྲོག་ཁུལ། འགའ་ཤས་སྤྱི་བདེའི་ཁོངས་སུ་ཡོད་ཅིང་། ཁོང་ཚོ་སྨན་རྩིས་ཁང་དུ་ཕེབས་རྗེས་གོང་རིམ་ཏང་ཨུད་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ཏང་གིས་ཤེས་ཡོན་ཅན་ལ་འཛིན་པའི་སྲིད་ཇུས་དོན་འཁྱོལ་གནང་བ་དང་། མི་རིང་བར་ཁོང་རྣམས་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུད་ཨུད་དང་། ཡང་ཨུ་ཡོན། ད་དུང་ནང་བསྟན་ཆོས་ཚོགས་དང་། ལྗོངས་ཚན་རིག་མཐུན་ཚོགས་ཀྱི་དབུ་འཛིན་མཚན་གནས་ཀྱང་གནང་ཡོད། དེ་བཞིན་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། མངའ་རིས་སོགས་ནས་གནས་དང་རྫོང་མི་ཉུང་བར་ཡང་བོད་ལུགས་སྨན་པའི་གྲས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་ཆོས་ཚོགས་ཀྱི་ལས་འཛིན་ཕྱག་ལས་གནང་རྒྱུར་བཀོད་སྒྲིག་མཛད་འདུག ང་རང་ལ་ཆ་བཞག་ནའང་བྱས་རྗེས་དང་། འཇོན་ཐང་། ནུས་པ་གང་ཡང་མེད་རུང་བོང་བ་གསེར་གཟིགས་ཀྱིས་ལྗོངས་ཏང་ཨུད་དང་། མི་དམངས་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་སྔ་རྗེས་སུ་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་དང་། འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ། བོད་སྨན་སློབ་གྲྭ་ཆེན་མོའི་ཡོན་ཀྲང་། ལྗོངས་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་ཐོག་ནོར་སྲུང་ལ་གདོང་ལྔའི་མིང་བཏགས་ཏེ་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་པ་དང་། རྒྱལ་ཡོངས་སྨན་ཁང་གི་ཕུལ་བྱུང་ཡོན་ཀྲང་། སྐབས་དྲུག་པ་དང་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སོགས་གནང་སྟབས་ང་ཚོ་བོད་ལུགས་གསོ་རིག་གི་ལས་ཀ་བྱེད་མཁན་ཚོ་ཆབ་སྲིད་ཀྱི་ཐོབ་ཐང་དང་། འཚོ་བའི་ཐོབ་ཐང་སྔོན་ཆད་གང་དང་མི་འདྲ་བ་ཡོད་པ་མ་ཟད། རང་རང་སོ་སོའི་ཤེས་ཡོན་ལག་རྩལ་ལ་གཞིགས་པས་ལག་རྩལ་གོ་རིང་འོས་ཤིང་འཚམས་པ་གནང་བར་བརྟེན་རང་ཅག་མི་རིགས་ཀྱི་ཕུལ་བྱུང་གི་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱེད་རྒྱུ་དང་། རྒྱུད་འཛིན་བྱེད་རྒྱུ། འཕེལ་རྒྱས་གཏོང་རྒྱུ་བཅས་པར་གལ་ཆེའི་ནུས་པ་ཐོན་རྒྱུར་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བསྩལ་བྱུང་།
ང་ཚོ་སྔ་ཕྱི་བར་གསུམ་དུ་ཏང་གི་བཀའ་དྲིན་དང་། སྲིད་གཞུང་གི་བྱམས་བརྩེ། མང་ཚོགས་ཀྱི་རྒྱབ་སྐྱོར་གནང་བ་རྣམས་སྐུལ་མ་དང་སྒུལ་ཤུགས་ཤིག་ལ་བརྩིས་ནས་རྒྱུན་ཆད་མེད་པར་རང་འཁྲིའི་སྨན་བཅོས་ལས་དོན་དང་། ཞབས་འདེགས་རྣམ་འགྱུར་རྒྱུན་ཆད་མེད་པར་ལེགས་བཅོས་དང་སྦྲགས་ཧུར་བརྩོན་གྱིས་རྩོམ་ཡིག་འབྲི་བ་དང་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་ཏེ་རིག་གཞུང་དཔྱད་ཐབས་ཀྱི་བགྲོ་གླེང་འཁྲུགས་པོ་བྱས་ཤིང་། ཁྱོན་བསྡོམས་སྨན་པ་རྒན་གཞོན་བར་གསུམ་གྱིས་བྲིས་པའི་རྩོམ་ཡིག་རྣམ་གྲངས་༢༠༠ལྷག་ཙམ་ཟིན་པ་དང་། ཕུལ་བྱུང་གི་རྩོམ་ཡིག་མང་པོ་བོད་ལྗོངས་གསོ་རིག་མཐུན་ཚོགས་ཀྱིས་བཏོན་པའི་དུས་དེབ་ཐོག་བཀོད་ཡོད། ལྷག་པར་སྤྱི་ལོ་༡༩༨༦ཟླ་༩པའི་ནང་འཚོགས་པའི་བོད་རང་སྐྱོང་ལྗོངས་བོད་སྨན་དར་རྒྱས་ཀྱི་ལས་དོན་ཚོགས་འདུའི་སྐབས་《བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས》ཞེས་པ་རྩོམ་འབྲི་བྱས་པའི་ནང་། སྔོན་བྱོན་མཁས་དབང་རྣམས་ཀྱིས་གསོ་རིག་དང་རྩིས་རིག་གོང་འཕེལ་གཏོང་གནང་མཛད་པའི་རྣམ་ཐར་དང་། བོད་ཀྱི་གསོ་རིག་རྒྱུད་བཞི་ཐོག་མའི་འབྱུང་ཁུངས་ཀྱི་གསལ་བཤད། རྒྱུན་སྲོལ་བོད་སྨན་གྱི་ཀུན་སྤྱོད་སློབ་གསོ། ལྕགས་རི་འགྲོ་ཕན་གླིང་དང་སྨན་རྩིས་ཁག་གི་གདན་རབས་རགས་བསྡུས། ད་དུང་བོད་སྨན་མཁས་པ་ཁག་ཅིག་གིས་ལོ་མང་རིང་ལག་ལེན་གྱི་ནང་དུ་ནད་ཐོག་སྨན་བཅོས་གནང་བའི་ཉམས་མྱོང་། དེ་བཞིན་སྨན་རྩིས་གཉིས་བར་གྱི་ཕན་ཚུན་འབྲེལ་བ་སོགས་ནང་དོན་ཕུན་སུམ་ཚོགས་པའི་རྩོམ་ཡིག་སྤེལ་བ་དང་། དེ་དག་བརྒྱུད་སྨན་རྩིས་གཞུང་ལུགས་སློབ་འཁྲིད་དང་། མན་ངག་ལག་ལེན་ངོ་སྤྲོད། མན་ངག་ལན་ལེན་ངོ་སྤྲོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་པར་ཧ་ཅང་གལ་འགངས་ཆེ་བའི་ཕན་ནུས་ཐོན་པར་བརྟེན་དེང་གི་ཆར་ལྗོངས་སྨན་རྩིས་ཁང་ནི་སྨན་རྩིས་གཉིས་པོ་གཙོ་བོར་བྱས་ཏེ་བཅུ་ཕྲག་རིག་པའི་གནས་ཀྱི་ལྟེ་གནད་ཅིག་ཏུ་གྱུར་པར་བརྟེན་མཚོ་སྔོན་དང་། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་པའི་བོད་རིགས་ས་ཁུལ་ནས་ལྗོངས་སྨན་རྩིས་ཁང་དུ་ཐོས་བསམ་བྱེད་པར་ཡོང་མཁན་མི་ཉུང་བ་ཡོད་པའི་ཁར། ཕྱིའི་རྒྱལ་ཁབ་བཅུ་གྲངས་ལྷག་ཙམ་གྱིས་ཀྱང་བོད་དུ་སྨན་རྩིས་སློབ་སྦྱོང་བྱེད་རྒྱུའི་རེ་བ་བཏོན་པའི་ཡི་གེ་མང་པོ་འབྱོར་བྱུང་།
སྔོན་ཆད་ལྕགས་རི་འགྲོ་ཕན་གླིང་དང་སྨན་རྩིས་ཁང་གཉིས་ནི་བོད་ཀྱི་སྨན་རྩིས་རིག་གཞུང་གི་འབྱུང་གནས་ཡིན་གཤིས་ལོ་མང་རིང་གསོག་འཇོག་བྱས་པའི་རྩ་ཆེའི་རིག་དངོས་དང་། སྨན་རྩིས་དཔེ་ཆ་པར་མ་དང་བྲིས་མ། སྨན་ཐང་། སྐུ་བརྙན་སོགས་མང་པོ་ཡོད་པ་རྣམས་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཚབས་ཆེན་བྱུང་བར་ས་གནས་གཞན་དུའང་སྨན་དཔེ་མེ་ལ་བསྲེགས་པ་དང་སྨན་ཁུག་ཆུ་ལ་བསྐྱུར་བ་སོགས་བློ་ཕམ་ཡིད་ཆད་ཀྱི་གནས་སུ་གྱུར་རུང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྣམས་བོད་ལྗོངས་སུ་ལག་ལེན་མཐར་ཕྱིན་བསྟར་བས་ལྗོངས་སྨན་རྩིས་ཁང་དུ་མི་སྣ་ཆེད་བསྐོས་དང་གྲོན་དངུལ་གྱ་ནོམས་པ་བསྩལ་ཏེ་སྔ་རྗེས་སུ་སྨན་རྩིས་དཔེ་ཆའི་པར་ཤིང་ཁ་གསབ་དང་སྨན་ཐང་༨༠འདྲ་བཤུས། གཡུ་ཐོག་སོགས་ཀྱི་སྐུ་བརྙན་གསར་བཞེངས། ཆབས་ཅིག་རྩེ་ཕོ་བྲང་གི་དཔེ་མཛོད་ཁང་དང་། ནོར་གླིང་དཔེ་མཛོད་ཁང་། ཞོལ་པར་ཁང་གི་ཡིག་ཚགས་ཁང་། ས་སྐྱ། སྡེ་དགེ་པར་ཁང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་དཔེ་ཚན་ཁྲི་ལ་ཉེ་བ་འཚོལ་བསྡུས་ཀྱིས་ལེགས་སྒྲིག་དང་། པར་ལོག་འདྲ་བཤུས། དཔེ་སྐྲུན་བཅས་བྱས་པ་དང་། ལྗོངས་སྨན་རྩིས་ཁང་གི་སྒོ་བསྟེན་པུའུའི་ཁང་ཆེན་གྱི་གསུམ་ཐོག་ཏུ་པར་ཁང་གསར་བཙུགས་ཀྱིས་གསོ་རིག་《རྒྱུད་བཞི》དང་། དེའི་འགྲེལ་པ་《བེེཌཱུར་སྔོན་པོ》དང་། 《མེས་པོའི་ཞལ་ལུང་》《གཡུ་ཐོག་རྣམ་ཐར》སོགས་དང་། རྩིས་རིག་སྐོར་ནས་《བེེཌཱུར་དཀར་པོ》དང་། 《གཡའ་སེལ》《པད་དཀར་ཞལ་ལུང་》《རིགས་ལྡན་སྙིང་ཐིག》《འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་》དན་འབག་བསྟན་ལེའམ《འབྲས་རྩིས》སོགས་ཉམས་ཆག་མེད་པར་ཉར་ཚགས་དང་འབྲེལ་སྔར་སྲོལ་ཇི་བཞིན་པར་བཏབ་ནས་ཕྱི་ལ་འགྲེལ་ཚོང་བྱེད་ཀྱི་ཡོད། བཞི་ཐོག་ལ་ཚོན་ཁྲ་ཅན་གྱི་སྨན་ཐང་། གསེར་བྲིས་ཀྱི་《རྒྱུད་བཞི་》གཡུ་ཐོག་གསར་མས་བེད་སྤྱོད་གནང་མྱོང་བའི་སྨན་གྱི་རྡོ་གཞོང་སོགས་བཞུགས་སུ་གསོལ་བས་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཅིང་། བསྔགས་བརྗོད་ཚད་མེད་བྱེད་ཀྱི་འདུག གོང་གསལ་ཚོན་ཁྲ་ཅན་གྱི་གསོ་རིག་རྒྱུད་བཞིའི་《སྨན་ཐང་》དེར་རྒྱ་བོད་ཤན་སྦྱར་དང་དབྱིན་བོད་ཤན་སྦྱར་གྱིས་པར་བསྐྲུན་བྱས་པར་ཀྲུང་གོའི་དཔེ་དེབ་ཀྱི་བྱ་དགའ་ཞེས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ། ཐེངས་དང་པོའི་ཀྲུང་གོའི་ཀྲུང་དབྱི་རིག་དངོས་བཤམས་བཏོན་ཁང་《ཧྲེན་ལུང་བུམ་པ》ཞེས་པའི་དངུལ་གྱི་རྟགས་མ་བཅས་ཐོབ་བྱུང་། ད་དུང་སྤྱི་ལོ་༡༩༩༦ལོར་ཐེངས་གཉིས་པའི་ལྗོངས་ཡོངས་ཀྱི་བོད་སྨན་དར་རྒྱས་ཀྱི་ཚོགས་འདུ་འཚོགས་པ་དང་དུས་མཚུངས་ཐེངས་ལྔ་པའི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་པ་མ་ཟད། རྩོམ་ཡིག་ལེགས་གྲས་རྣམས་བདམས་གསེས་ཀྱི་སྒོ་ནས་དུས་དེབ་ཁག་གཉིས་སུ་བཀོད་ཡོད། ལྷག་པར་སྤྱི་ལོ་༢༠༠༠ལོར་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་འདི་གནའ་གྲོས་ལྷ་སར་འཚོགས་པ་མ་ཟད། གཏམ་བཤད་གནང་མཁན་མང་ཆེ་བ་ལོ་ངོ་ལྔ་བཅུའི་ནང་གསོ་སྐྱོང་བྱུང་བའི་རྒན་དར་གཞོན་གསུམ་གྱི་ཤེས་ལྡན་མི་སྣ་ཡིན།
མདོར་ན་བོད་ཀྱི་སྨན་རྩིས་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་བ་དེས་བོད་ཀྱི་གསོ་རིག་འདི་ཀྲུང་གོའི་གསོ་རིག་གི་གལ་ཆེའི་གྲུབ་ཆ་དང་། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཤུལ་བཞག བོད་ལྗོངས་ས་མཐོའི་སྟེང་གི་འོད་ཟེར་འཕྲོ་བའི་རིན་ཆེན་མུ་ཏིག་ཅིག་ཡིན་པ་དོན་དངོས་མང་པོས་ར་སྤྲོད་བྱས་ཡོད།
གསུམ། གསོ་རིག་སློབ་གསོའི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
༡༩༥༩ལོར་དུས་བབས་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་དེ་སྔའི་ལྕགས་རི་འགྲོ་ཕན་གླིང་དང་སྨན་རྩིས་ཁང་སློབ་གྲྭ་གཉིས་ཟླ་བསྒྲིལ་ཏེ་རྒྱ་སྐད་ལ་ལྷ་ས་གྲོང་ཁྱེར་བོད་ལུགས་སྨན་ཁང་དང་། བོད་ཡིག་ལ་ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་ཞེས་པ་རང་འཇགས་འཇོག་རྒྱུར་གོང་རིམ་གྱི་བཀའ་སློབ་ཡོད། སྐབས་དེར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་སྨན་ཁང་ཡོན་ཀྲང་གི་དབུ་གནས་ཐོག་སྔར་བཞིན་སྨན་རྩིས་ཁང་གི་ཐུགས་འགན་ཆེ་བཞེས་མཛད་པར་རྒྱ་ཆེའི་མང་ཚོགས་ཀྱི་བློ་མོས་དང་དགའ་བསུ་ཅི་ཆེར་བྱས། དེ་དུས་སློབ་གྲྭ་དམིགས་བསལ་མེད་ཀྱང་ལྕགས་རི་འགྲོ་ཕན་གླིང་དང་སྨན་རྩིས་ཁང་བསྡོམས་པས་སྨན་དཔེ་མ་ཐོན་པ་མི་གྲངས་༢༥ཡོད་པར་དགེ་རྒན་ཆེད་བཙུགས་དང་སློབ་ཁྲིད་འཐུས་ཚང་གནང་རྐྱེན་སྤྱི་ལོ་༡༩༦༡ལོ་དང་སྤྱི་ལོ་༡༩༦༢ལོ་སོ་སོར་སློབ་གྲྭ་ཐོན་པ་དང་། སློབ་ཐོན་ལག་ཁྱེར་ཡང་ཡོན་ཀྲང་སྐུ་ངོ་མའི་ཕྱག་དམ་སྦྱར་མ་གསོལ་རས་བསྩལ་ཞིང་ཚང་མ་སྨན་རྩིས་ཁང་དུ་ཐུགས་ཉར་གནང་། འོན་ཀྱང་སླད་ཕྱིན་སློབ་མ་མེད་ན་རྒྱུད་འཛིན་གསོ་སྐྱོང་ཐད་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་འགྱུར་རྒྱུ་ཉག་ཅིག་ལ་བརྟེན་ཡོན་ཀྲང་མཁྱེར་རབ་ནོར་བུའི་ཐུགས་དགོངས་མི་བདེ་བར་གྱུར་ནས་གོང་རིམ་གྱི་དབུ་ཁྲིད་མཇལ་རིམ་བཞིན་སྨན་རྩིས་ཁང་དུ་གསར་སྐྱེས་སྟོབས་ཤུགས་ཁག་ཅིག་ཁང་སྣོན་ཡོང་བ་དང་། ཞིབ་ཕྲའི་ཐད་རིག་གནས་ཆུ་ཚད་ངེས་ཅན་ཡོད་པའི་གཞོན་ནུ་ཕོ་མོ་༣༠སྐོར་གཏོང་གནང་ཐུགས་རྗེ་ཆེ་བ་ཞེས་པའི་ཞབས་སྐུལ་ནམ་ནམ་ཞར་ཞར་མཛད་མཐར་ཡོན་ཀྲང་གཤེགས་པའི་ལོ་རྗེས་མ་སྟེ་༡༩༦༣ལོར་དམའ་རིམ་སློབ་འབྲིང་ཐོན་པ་མི་གྲངས་༡༠དང་། རྒྱལ་གཅེས་ཡར་ཐོན་གྱི་བུ་ཕྲུག གདན་ས་གསུམ་གྱི་སྨན་སློབ་བཅས་ཁྱོན་མི་གྲངས་༤༠སྨན་རྩིས་ཁང་དུ་འབྱོར་འཕྲལ་དགེ་རྒན་དྲག་འདེམས་མི་གཉིས་བསྐོས་ནས་བོད་སྨན་སྦྱོང་བརྡར་འཛིན་གྲྭ་ཆེད་བཙུགས་དང་སློབ་ཁྲིད་ཀྱི་ཐབས་ཤེས་དང་ནང་དོན་ཚང་མ་སྔར་གྱི་ལམ་ལུགས་ཇི་མ་ཇི་བཞིན་ཕྱག་ལེན་གྱིས་《དཔལ་ལྡན་རྒྱུད་བཞི》རྩ་བར་བཟུང་སྟེ་འགྲེལ་པ་《བེེཌཱུར་སྔོན་པོ》ཡིས་ཟུར་ཁྲིད་དང་། དེ་མིན་སྐབས་དེའི་སློབ་གསོའི་བྱེད་ཕྱོགས་ལྟར་ལས་ཕྱེད་སློབ་ཕྱེད་བྱེད་རྒྱུ་རྒྱུན་འཁྱོངས་ཁར་སློབ་གསོས་འབྱོར་མེད་གྲལ་རིམ་ཞབས་འདེགས་དང་སློབ་གསོ་དང་ཐོན་སྐྱེད་ཟུང་འབྲེལ་བྱེད་པའི་མཛད་ཕྱོགས་ལ་བསྟར་ཐོག་སྨན་གཞུང་སློབ་སྦྱོང་ཕུད་ད་དུང་ངལ་རྩོལ་སྦྱོང་བརྡར་དང་། དབྱར་ཁ་རི་ལ་སྨན་འཐོག་འགྲོ་བ་སོགས་བྱས་ནས་བསམ་བློ་དང་ཀུན་སྤྱོད་གཟུགས་པོ་བཅས་འཚར་ལོངས་ཅུང་ལེགས་ཙམ་བྱུང་། ཁོང་ཚོའི་སློབ་ཡུན་ལོ་གསུམ་དང་༡༩༦༦ལོར་སློབ་གྲྭ་ཐོན་སྐབས་འབྲིང་རིམ་བོད་སྨན་གྱི་ཆུ་ཚད་ལ་སླེབས་པ་བྱེད་རྒྱུ་རེད། ༡༩༧༡ལོར་མའོ་ཀྲུའུ་ཞིའི་འབོད་སྐུལ་དང་ལེན་ཞུས་ཏེ་ཚང་མ་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་ལ་བོད་སྨན་གྱིས་སྨན་བཅོས་བྱེད་པ་དང་ཆབས་ཅིག་ཕྱི་ལུགས་གསོ་རིག་གི་ཤེས་བྱ་ཕྲན་ཙམ་སྦྱངས་ནས་དེ་གཉིས་ཟུང་འབྲེལ་གྱི་སྨན་བཅོས་བྱས་པར་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་ཡོད། ད་ལྟའི་ཆར་སྐབས་དེའི་སློབ་མ་མང་ཆེ་བ་ལྗོངས་སྨན་རྩིས་ཁང་དུ་ཡོད་པས་སྡེ་ཁག་སོ་སོའི་ནང་རྐང་འཛིན་གྱི་ནུས་པ་འདོན་བཞིན་ཡོད། ༡༩༧༡ལོར་སླར་ཡང་གོང་རིམ་ལ་སྨན་རྩིས་ཁང་དུ་རྒྱུད་འཛིན་སློབ་མ་གསོ་སྐྱོང་བྱ་རྒྱུའི་སྐོར་སྙན་སེང་ཞུས་པས། ལྷ་ས་སློབ་ཆུང་ནས་ཐོན་པའི་སློབ་མ་༢༠ཁ་གསབ་བྱུང་། འོན་ཀྱང་ཁོང་ཚོ་རིག་གནས་ཆུ་ཚད་དམའ་བ་དང་། ལོ་ན་ཆུང་བས་འཕྲལ་དུ་སྨན་གཞུང་ཞིབ་རྒྱས་འཁྲིད་ཐབས་མེད་པ་མ་ཟད་དུས་ཀྱི་གནས་བབ་དབང་གིས་སློབ་མ་ཚོས་སྨན་གཞུང་བློ་འཛིན་བྱེད་མ་དགོས་པ་དང་། སློབ་དེབ་ཀྱང་གཏན་འཁེལ་མེད་སྟབས་ཐོག་མར་སྨན་རྫས་སྐོར་ནས་སློབ་འཁྲིད་བྱེད་རྒྱུར་དགེ་རྒན་གཉིས་ཆེད་བསྐོས་བྱས་རུང་སློབ་མ་ཉུང་ཤས་ལས་མང་ཆེ་བ་བོད་སྨན་གྱི་ཤེས་ཚད་དམའ་བའི་སྐྱོན་ཆ་བྱུང་སོང་༡༩༧༤ལོར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭར་ཐེངས་དང་པོའི་བོད་སྨན་འཛིན་གྲྭ་བཙུགས་པ་དང་། དེ་སྐབས་སློབ་གསོ་གསར་བརྗེ་བྱེད་རྒྱུའི་སྐབས་དང་འཁེལ་བས་བོད་ཀྱི་སྨན་གཞུང་《རྒྱུད་བཞི》ཐད་ཀར་སློབ་ཁྲིད་བྱེད་མི་ཆོག་པ་དང་། བཀས་མ་བཟོ་གསུམ་གྱི་ནང་དོན་ཡོད་རིགས་བསྒྱུར་བཅོས་བྱེད་དགོས་པའི་གཏན་འབེབས་ཡོད་གཤིས་བོད་སྨན་འཛིན་གྲྭའི་སློབ་དེབ་གསར་པ་ཕྱོགས་སྒྲིག་བྱེད་རྒྱུ་དང་། དགེ་རྒན་ཟུར་འཐེན་བྱེད་རྒྱུའི་ལས་འགན་ཆ་ཚང་སྨན་རྩིས་ཁང་ནས་བླངས། སྔ་ཕྱིར་འབྲིང་རིམ་ཆེད་ལས་ཀྱི་འཛིན་གྲྭ་ཐེངས་བཞི་ལ་སློབ་མ་༡༦༡ཡོད་པ་མང་ཆེ་བ་རང་ལྗོངས་ཀྱི་ས་གནས་ཁག་དང་། རྫོང་ཁག ཆུས་སོ་སོར་བཏང་།
༡༩༨༣ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་འབྲིང་རིམ་བོད་སྨན་སློབ་གྲྭ་དངོས་སུ་བཙུགས་པ་དང་། སློབ་གྲྭའི་འགོ་ཁྲིད་དང་བདག་གཉེར་གྱི་ལས་ཀ་ཚང་མ་ལྗོངས་སྨན་རྩིས་ཁང་ནས་བྱས་པ་དང་སྦྲགས་བོད་སྨན་གྱི་ཁྱད་ཆོས་འདོན་སྤེལ་གང་ཐུབ་བྱས་ཏེ་སྨན་གཞུང་《རྒྱུད་བཞི》དང་། ཡང་ན་《རྒྱུད་གསུམ》དང་། དེ་བཞིན་《ཆོས་སྤྱོད》དང་། རྩིས་དཔེ་《འབྱུང་རྩིས》དང་། དེ་བཞིན་《ལྔ་པ་འཕྲོད》སོགས་བློ་འཛིན་བྱེད་རྒྱུ་དང་། སྡེབ་རྒྱུགས་འབུལ་རྒྱུ། དགོངས་མོ་སྐྱོར་ཏ་ཚུགས་རྒྱུ་སོགས་སྔར་གྱི་སྲོལ་རྒྱུན་བསྐྱར་གསོ་ཐུབ་པ་བྱུང་བའི་ཁར། འབྲིང་རིམ་ཆེད་སློབ་ཀྱི་སློབ་ཡུན་སྔོན་ལ་ལོ་གསུམ་དང་དེ་ནས་ལོ་བཞིའི་གཏན་འབེབས་བཟོས། བོད་སྨན་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་སློབ་མ་རྣམས་མངའ་རིས་དང་། ནག་ཆུ། ཆབ་མདོ། གཞིས་རྩེ། ཉིང་ཁྲི། ལྷ་ས་བཅས་ཀྱི་ཞིང་འབྲོག་ས་ཁུལ་དུ་བཏང་བ་དེས་གཤམ་ལ་སྨན་པ་དཀོན་ཞིང་སྨན་རྫས་ཉུང་བའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ངེས་ཅན་བྱུང་ཡོད། ཀྲུང་དབྱང་གིས་བོད་ལ་གནང་བའི་ཡིག་ཨང་༣༡དགོས་དོན་ལྟར་བོད་ཀྱི་གསོ་རིག་དང་། གནམ་རིག་སྐར་རྩིས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་དང་། ཆ་རྐྱེན་མ་འཛོམས་བར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་སུ་བོད་སྨན་ཚན་ཁག་འཛུགས་རྒྱུ་དང་། ཆ་རྐྱེན་འཛོམས་མཚམས་དངོས་སུ་བོད་སྨན་སློབ་གྲྭ་འཛུགས་རྒྱུའི་དགོངས་དོན་ལྟར་༡༩༨༥ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྨན་ཚན་ཁག་ལ་འཛིན་གྲྭ་གསུམ་གཉེར་ཞིང་། སློབ་ཡུན་ལོ་ལྔ་ཡིན་པ་དང་། ཚན་ཁག་གི་དགེ་རྒན་སོགས་ལྗོངས་སྨན་རྩིས་ཁང་ནས་ཆེད་གཏོང་བྱས། ༡༩༨༦ལོའི་ལོ་མཇུག་ཏུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྒྲིག་གཞི་བསྒྱུར་བཅོས་བྱེད་སྐབས་བོད་སྨན་སློབ་གྲྭ་ཆེན་མོའི་སྒྲིག་གཞི་དང་འགོ་ཁྲིད་མི་སྣ་གཏན་འཁེལ་གནང་བ་མ་ཟད། ཀྲུང་དབྱང་འཕྲོད་བསྟེན་པུའུ་དང་། རྒྱལ་ཁབ་ཀྲུང་དབྱི་དོ་དམ་ཅུས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་བོད་སྨན་སློབ་གྲྭ་ཆེ་མོ་འཛུགས་རྒྱུར་གང་ཅིའི་རྒྱབ་སྐྱོར་དང་གྲོན་དངུལ་སྒོར་ཁྲི་ཚོ་༧༠༠གནང་སྟེ་དུས་ཡུན་ལོ་གཅིག་ལྷག་ཙམ་རིང་གཞི་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༡༤༤༤༧ཡོད་པའི་བོད་སྨན་སློབ་གྲྭའི་ཨར་ལས་འཛུགས་སྐྲུན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། ༡༩༨༩ལོའི་ཟླ་བ་༩ཚེས་༣ཉིན་དངོས་སུ་བོད་སྨན་སློབ་གྲྭ་ཆེ་མོ་དབུ་བརྙེས།
ད་ལྟའི་བོད་སྨན་སློབ་གྲྭ་ཆེ་བའི་པུའུ་དང་། འབྲིང་རིམ་ཆེད་ལས་པུའུ། ཟབ་སྦྱོང་པུའུ་བཅས་ཁག་གསུམ་ལ་དབྱེ་ཡོད་ལ། ཁོ་ཚོའི་སློབ་ཡུན་ལོ་ལྔ་ཡིན་ཞིང་། སྨན་གཞུང་སྟེང་སྙན་སུམ་དང་། སྒྲ་དང་སྡེབ་སྦྱོར། རྩིས་རིག་སྐར་ནག་བཅས་སློབ་ཀྱི་ཡོད། དགེ་རྒན་དང་ལས་བཟོ་མི་གྲངས་༡༠༨ཡོད་པའི་ནང་དུ་ཆེད་ལས་དང་ཞོར་ལྕོག་དགེ་རྒན་ཕལ་ཆེ་བ་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཡིན་པ་དང་། ལྷག་པར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའི་ཐའི་དབྱིང་གིས་བོད་སྨན་སློབ་ཆེར་གཟིགས་ཞིབ་གནང་སྐབས་ཁྱེད་ཚོས་གང་ཐུབ་ཀྱིས་བོད་སྨན་རང་གི་དོན་དངོས་ལ་བསྟུན་རྒྱུ་དང་། བོད་སྨན་གྱི་ཁྱད་ཆོས་འདོན་སྤེལ་འོས་འཚམས་ཀྱིས་ཕྱི་ལུགས་གསོ་རིག་ཤེས་བྱ་བསླབ་དགོས། དགེ་རྒན་ཐད་ཞོར་ལྕོག་མང་ཙམ་དང་ཆེད་གཉེར་ཉུང་ཙམ་བྱེད་དགོས་གསུངས་པ་དང་། ལྗོངས་སྨན་རྩིས་ཁང་གི་ནད་ཁང་དང་སྒོ་བསྟེན། སྨན་བཟོ་གྲྭ། གསོ་རིག་ཞིབ་འཇུག་ཁང་། གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་བཅས་ནི་བོད་སྨན་སློབ་གྲྭ་ཆེ་མོའི་དངོས་སྦྱོང་བྱེད་ཡུལ་ཡིན་པ་དང་། དེ་བཞིན་ལྷོ་ཁ་དང་། གཞིས་རྩེ། ནག་ཆུ་བཅས་ཀྱི་སྨན་རྩིས་ཁང་ཡང་བོད་སྨན་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཚོའི་དངོས་སྦྱོང་བྱེད་ཡུལ་གྱི་གནས་སུ་གྱུར་ཡོད། གོང་གསལ་བོད་སྨན་སློབ་གྲྭ་ཆེ་མོའི་ཁོངས་ཀྱི་སློབ་ཆེ་པུའུ་དང་། ཆེད་ལས་འབྲིང་རིམ་པུའུ། ཟབ་སྦྱོང་པུའུ་བཅས་པར་རང་ལྗོངས་ཕུད་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་སློབ་ཕྲུག་ཀྱང་ཡོད། གཞན་ཡང་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བོད་ལུགས་སྨན་པ་འབོར་ཆེན་གསོ་སྐྱོང་བྱས་པའི་ནང་ལྗོངས་སྨན་རྩིས་ཁང་གཅིག་པུས་ད་བར་བོད་སྨན་ཟབ་སྦྱོང་འཛིན་གྲྭ་དང་། གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་བཙུགས་པར་མི་གྲངས་༣༠༠ལྷག་ཙམ་ཡོད་པ་དེའི་ནང་ཤིན་ཅང་དང་། ནང་སོག་གི་སྨན་པའང་ཡོད། ལྗོངས་སྨན་རྩིས་ཁང་གིས་བོད་སྨན་འབྲིང་རིམ་ཆེད་ལས་དང་། བོད་སྨན་སློབ་ཆེའི་དངོས་སློབ་རྣམས་ལ་སྔ་ཕྱིར་དངོས་སྦྱོང་གི་སློབ་ཁྲིད་དང་། ནད་ཐོག་ལག་ལེན། སྨན་སྦྱོར་བྱེད་སྟངས་སོགས་མདོར་ན་གཞུང་དང་ལག་ལེན་ཟུང་འབྲེལ་བྱེད་རྒྱུ་དང་། སློབ་ཁྲིད་དང་། མཐོང་བརྒྱུད་ཟབ་ཁྲིད་བྱེད་རྒྱུའི་ཁྱད་ཆོས་འདོན་སྤེལ་བྱས་སྟབས་སློབ་མའི་སྦྱངས་འབྲས་ལ་ཕན་སྐྱེད་ཆེན་པོ་བྱུང་སོང་།
དེ་མིན་གཞིས་རྩེ་དང་། ལྷོ་ཁ། མངའ་རིས་དང་། ཆབ་མདོ། ལྷ་ས་བཅས་ཀྱི་ས་གནས་སྨན་རྩིས་ཁང་དང་འཕྲོད་བསྟེན་ཅུས་ཀྱིས་ཀྱང་སྔ་ཕྱིར་བོད་སྨན་འཛིན་གྲྭ་ཁག་འགའ་ཤས་བཙུགས་ཏེ་ཁྱོད་བསྡོམས་མི་གྲངས་༡༨༡ཙམ་སློབ་གྲྭ་ཐོན་པ་དང་། སྤྱི་ལོ་༡༩༩༠ལོ་ནས་བཟུང་སུའེ་ཙེལ་ལན་གྱི་རྒྱ་གྲམ་དམར་པོའི་ཚོགས་པ་དང་། བོད་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ལྷན་ཚོགས། དེ་བཞིན་རྒྱལ་ཁོངས་ཕྱི་རྒྱལ་བ་ཡིན་པའི་མི་སྣའི་རོགས་སྐྱོར་འོག་ཁག་སོ་སོར་སློབ་ཡུན་ལོ་དྲུག་ཡིན་པའི་གཞིས་རྩེ་སྤེན་གཞུང་བོད་ལུགས་གསོ་རིག་སློབ་གྲྭ་དང་། ལྷོ་ཁ་སྲོང་བཙན་བོད་སྨན་སློབ་གྲྭ། མངའ་རིས་གངས་དཀར་ཏི་སི་བོད་ལུགས་གསོ་རིག་སློབ་གྲྭ་བཅས་གསར་འཛུགས་བྱས་ཤིང་།སློབ་གྲྭ་དེ་ཚོས་སློབ་ཁྲིད་བྱེད་སྟངས་དང་ནང་དོན་ཐད་ཞིང་འབྲོག་ས་ཁུལ་གྱི་དོན་དངོས་ཀྱི་གནས་ཚུལ་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཞིང་འབྲོག་ས་ཁུལ་དུ་གནས་སྡོད་ཐུབ་པ་དང་། བེད་སྤྱོད་ཐུབ་པ་མ་ཟད། ཞིང་འབྲོག་ཁུལ་དུ་གཞིས་ཆགས་ཆགས་ཐུབ་པའི་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་མི་སྣ་གསོ་སྐྱོང་བཅས་བྱེད་པའི་ཐད་བགྲོད་ལམ་གསར་པ་ཞིག་གཏོད་པ་རེད། ད་དུང་རྒྱལ་ཁབ་མི་དོན་པུའུ་དང་། འཕྲོད་བསྟེན་པུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་བཅས་ནས་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་དགོས་པའི་འབོད་སྐུལ་ལྟར་རང་ལྗོངས་སུ་སྔོན་ལ་དགེ་ཕྲུག་མི་བཅུ་ཁྲིད་ཟིན་པ་དང་ཐེངས་གཉིས་པའི་ཁོངས་སུ་སླར་ཡང་མི་བཅུ་ཁྲིད་པ་རྣམས་འདི་ལོར་མཇུག་འགྲིལ་རྒྱུ་ཡིན་པ་དེས་ཀྱང་ད་བཞུགས་མཁས་དབང་རྣམ་པའི་གཞུང་དང་ལག་ལེན་ཕུན་སུམ་ཚོགས་པ་རྣམས་མུ་མཐུད་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་དགོས་པ་རླབས་ཆེན་ལྡན་ཡོད། ལྷག་པར་༡༩༨༨ལོར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ་ནས་དམངས་ཁྲོད་ཀྱི་ཕྱི་ལུགས་གསོ་རིག་ཤེས་པའི་སྨན་པ་ཁག་གཅིག་ལ་ལོ་གཉིས་རིང་བོད་སྨན་གྱི་ཤེས་བྱ་སློབ་པའི་འཛིན་གྲྭ་ཞིག་བཙུགས་ཏེ་ཁོང་ཚོས་ཕྱོགས་གཅིག་ནས་ཕྱི་ལུགས་གསོ་རིག་གི་ཤེས་བྱ་ཤེས་པ་དང་། ཕྱོགས་གཞན་ཞིག་ནས་བོད་སྨན་གྱི་ཤེས་བྱ་ཤེས་པ་དེས་ཕྱི་ལུགས་དང་བོད་སྨན་ཟུང་འབྲེལ་གྱིས་སྨན་བཅོས་བྱེད་ཐུབ་པར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག དེང་གི་ཆར་བོད་ཀྱི་ས་གནས་ཁང་ཏུ་རིམ་པ་གསུམ་གྱི་སྨན་བཅོས་དྲ་བའི་ནང་བོད་སྨན་གྱིས་སྔོན་འགོག་དང་བདེ་སྲུང་བྱ་བར་རང་ནུས་ལེགས་སྐྱེས་འབུལ་བཞིན་ཡོད་ལ། བོད་ཀྱི་འཕྲོད་བསྟེན་བྱ་གཞག་ནང་བོད་སྨན་ནི་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན།
བཞི། ཤེས་ལྡན་མི་སྣ་སྐུལ་སློང་བྱས་ནས་ཚན་རིག་ཞིབ་འཇུག་ལས་ཀར་ཤུགས་སྣོན་ཆེན་པོ་ཐེབས་པ།
སྤྱིར་བོད་ཀྱི་གསོ་རིག་དང་། སྨན་རྫས་རིག་པ། གནམ་རིག་སྐར་རྩིས་རིག་པ་གང་ཞིག་ཡིན་རུང་སྔོན་གྱི་མཁས་དབང་དུ་མས་དཀའ་བ་མང་པོ་སྤྱད་དེ་ཕྱི་རབས་རྣམས་ལ་ཐུགས་བརྩེ་ཆེན་པོས་བརྒྱུད་སྤྱོད་དང་ཡིག་འཇོག་མཛད་པ་དེ་ནི་ང་ཚོས་ཚན་རིག་ཞིབ་འཇུག་བྱེད་རྒྱུར་ལྟ་བས་ཆོག་མི་ཤེས་པ་དང་། མཐོང་བས་ངོམས་པ་མེད་པ། སྤྱད་ན་འཛད་མཐའ་མེད་པ་ཞིག་ཡིན། ལོ་ངོ་ལྔ་བཅུའི་རིང་ཏང་གི་མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་། མི་རིགས་སྲིད་ཇུས་བཅས་ཀྱི་མཛུབ་ཁྲིད་འོག་བོད་ལུགས་གསོ་རིག་གི་སྒྲིག་གཞི་སྔར་ལས་འཐུས་ཚང་དང་། དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པའི་ཁར་སྨན་རྩིས་རིག་གནས་མྱུར་སྐྱོབ་དང་རྒྱུད་འཛིན་བྱས་པའི་འབྲས་བུར་རང་རེས་བློ་བདེ་བག་ཕེབས་ངང་ཚན་རིག་ཞིབ་འཇུག་བྱེད་རྒྱུའི་ལས་ཀ་འགོ་ཚུགས་ཐུབ་པ་བྱུང་། ལོ་རབས་དྲུག་ཅུ་པའི་དཀྱིལ་ནས་བོད་སྨན་དང་ཀྲུང་དབྱིའི་ཕྱི་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་འགོ་ཐོག་མར་བཏོད་པ་དང་། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་སྐབས་ལེགས་སྐྱེས་འབུལ་ཆེད་《བོད་ཀྱི་གསོ་རིག་སྨན་རྫས་ལ་རྟོག་ཞིབ་རགས་ཙམ་བྱས་པ》ཞེས་པ་དེ་པར་དུ་བཏབ། དེ་རྗེས་སྨན་ཁང་ནང་གཞུང་ཞུགས་ལག་རྩལ་ལ་བརྩོན་ཞིབ་དང་། རང་རང་གི་མྱོང་བྱང་ཟིན་བྲིས་སུ་བཀོད་དེ་ཉམས་མྱོང་སྤེལ་རེས་ཀྱི་བྱེད་སྒོ་འཁྲུག་ཤོས་ཤིག་བྱུང་བ་དེའི་ནང་མཁས་དབང་ཡོན་ཀྲང་སྐུ་གཞོན་ཀུན་དགའ་ཕུན་ཚོགས་དང་། མཁས་དབང་ཡོན་ཀྲང་སྐུ་གཞོན་ངག་དབང་ཆོས་གྲགས། བུད་མེད་སྨན་པ་མཁས་ཅན་དབྱངས་ཅན་ལྷ་མོ། ལྕགས་རི་འགྲོ་ཕན་གླིང་གི་མཁས་དབང་དགེ་རྒན་ཐུབ་བསྟན་ཚེ་རིང་། སྨན་རྩིས་མཁས་ཅན་ཡེ་ཤེས་ཆོས་འཕེལ། སྨན་པ་མཁས་ཅན་འགྱུར་མེད་ཆོས་དབང་། སྨན་པ་མཁས་ཅན་འགྱུར་མེད་ཆོས་དབང་། ཆུ་བཅོས་མཁས་ཅན་ཡོན་ཏན་ཚུལ་ཁྲིམས་བཅས་པས་ཆམ་ནད་དང་། ཕོ་བའི་ནད། མོ་ནད། མཁལ་ནད། གྲིབ་སྐྱོན། འབམ་ནད། དམུ་ཆུའི་ནད་རིགས་བཅོས་པའི་ཉམས་མྱོང་ངོ་སྤྲོད་གནང་བར་ཕན་འབྲས་བཟང་པོ་ཐོན་བྱུང་། དེའི་ཕྱི་ལོ་༡༩༦༦ལོའི་ལོ་འགོར་ལྷོ་ཁང་སྨིན་གྲོལ་གླིང་གི་མཁན་པོ་མཁྱེན་བརྩེ་ནོར་བུ་སྨན་ཁང་དུ་གདན་ཞུས་ཀྱིས་སྨིན་གླིང་རྡོ་འཛིན་གྱི་ཕྱག་བཞེས་དམུ་ཆུའི་གསང་སྨན་ངོས་འཛིན་སྐོར་ལ་སློབ་ཁྲིད་དབུ་ཚུགས་གནང་རུང་མི་རིང་བར་རིག་གནས་གསར་བརྗེའི་ཤུགས་རྐྱེན་གྱིས་ལམ་ལྷོངས་མ་བྱུང་བར་མཁྱེན་བརྩེ་ནོར་བུ་རིན་པོ་ཆེ་སྐུ་གཤེགས་པ་སོགས་ཀྱི་ཚན་རིག་ཞིབ་འཇུག་གི་ལས་ཀ་བར་མཚམས་ཆད། དེ་ནས་ལོ་རབས་བདུན་ཅུའི་ནང་བོད་ཀྱི་གསོ་རིག་ཞིབ་འཇུག་ཙུའུ་ཞེས་པ་བཙུགས་ཏེ་སྨན་པ་རྒན་གྲས་གྲགས་ཅན་འགའ་ཤས་དང་། དར་མ་གཞོན་སྐྱེས་ཁག་གཅིག་མཉམ་དུ་གསོ་རིག་《རྒྱུད་བཞི》གཙོ་བོར་བྱས་ཏེ་རིག་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཏེ་རིམ་བཞིན་《བོད་སྨན་གསར་སྒྲིག་སྐྱ་རེངས་གསར་པ》ཞེས་པའི་དཔེ་དེབ་དང་། 《རྐང་རྗེན་སྨན་པའི་སྦྱོར་སྡེ་གསར་བསྒྲིག》ཅེས་པ། 《རྒྱུན་སྤྱོད་བོད་སྨན་གྱི་ལག་དེབ》ཅེས་པ་སོགས་རྩོམ་འབྲི་དང་། དཔེ་སྐྲུན་བྱས། ནད་ཐོག་སྨན་བཅོས་སྐོར་ལ་《བོད་སྨན་གྱིས་ཕོ་བའི་བད་ཀན་སྨུག་པོ་དང་ལོང་སྨུག་པོའི་ནད་གཞིར་སྨན་བཅོས་བྱས་པའི་མྱོང་ཚོར་》ཞེས་པ་འདི་ནི་ཕྱི་ལུགས་གློག་པར་བརྒྱབ་ནས་ཕན་སྐྱེད་ཇི་བྱུང་གི་ར་སྤྲོད་ཡོད་པས་བོད་ཕྱི་ཟུང་འབྲེལ་གྱིས་ནད་ཐོག་ཞིབ་འཇུག་བྱེད་ཐེངས་དང་པོའི་མྱོང་རྩོམ་ཡིན།
༡༩༧༧ལོར་བོད་ཀྱི་སྨན་སྦྱོར་ནང་ནས་མང་ཚོགས་ཀྱིས་སྤྱོད་གོ་བདེ་ཞིང་། ཕན་ནུས་ཆེ་བའི་གྲས་ཏེ་ཟླ་ཤེལ་བདུད་རྩི་མ་དང་། ཨ་གར་༡༥འཁྲུལ་ཐང་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་མཛོད་དེབ་ནང་ཚུད། ༡༩༧༨ལོར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན། ཤིན་ཅང་བཅས་ས་ཁུལ་དྲུག་པོ་མཉམ་སྦྲེལ་ཐོག་རང་རྒྱལ་གྱི་ཐེངས་དང་པོའི་ཁྲིམས་སྲོལ་ལྡན་པའི་སྨན་དཔེ《བོད་སྨན་གྱི་ས་གནས་ཚད་གཞི》དཔེ་བསྐྲུན་བྱས། ༡༩༧༩ལོར་ཀྲུང་གོའི་གསོ་རིག་ཀུན་འདུས་ཀྱི་ནང་ཚན་《བོད་ཀྱི་གསོ་བ་རིག་པ》ཞེས་པ་བོད་ལྗོངས་གཙོ་བོར་བྱས་ཏེ་མཚོ་སྔོན་དང་ཀན་སུའུ་སོགས་ཀྱིས་མཉམ་ལས་བྱེད་རྒྱུར་ཀྲུང་དབྱང་འཕྲོད་བསྟེན་པུའུས་ལས་འགན་གནང་བ་དེ་དག་སྔ་ལོ་ལེགས་སྒྲུབ་བྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་གནང་ཟིན་པར་ཁྱོན་བསྡོམས་ཡིག་འབྲུ་ལྔ་འབུམ་སྐོར་ཡོད། དཔེ་དེབ་དེ་ནི་བོད་ལུགས་གསོ་རིག་ངོས་ནས་བཤད་ན་གཞི་རྒྱ་ཆེ་ལ་ནང་དོན་ཆ་ཚང་བའི་དཔེ་དེབ་ཅིག་དང་། ཕྱིན་ཆད་བོད་ལུགས་གསོ་རིག་དཔེ་དེབ་ནང་ནས་དབང་གྲགས་ཆེ་ཤོས་དང་། ཧ་ཅང་ཚད་ལྡན་གྱི་ཆ་འཇོག་ཡོང་ངེས་ཡིན། ༡༩༨༥ལོ་ནས་འགོ་བཙུགས་ཏེ་བོད་སྨན་སློབ་གྲྭ་ཆེ་མོའི་སློབ་དེབ་ཀྱི་ནང་ཚན་《གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་འདོད་འབྱུང་ནོར་བུའི་མཛོད》ཅེས་པ་རྩོམ་སྒྲིག་བྱས་པར་ཀུན་གཟིགསས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་ཕྱག་བསྟར་མ་དང་། ཕྱག་དམ་འཁོད་པ་བཀའ་དྲིན་དུ་བསྩལ་ནས་༡༩༨༧ལོར་ཡོངས་སུ་གྲུབ་སྟེ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་རོགས་རམ་གནང་། དེ་བཞིན་བོད་ལྗོངས་དང་། མཚོ་སྔོན། ཀུན་སུའུ། སི་ཁྲོན་བཅས་ཀྱིས་བོད་སྨན་འབྲིང་རིམ་ཆེད་ལས་ཀྱི་སློབ་དེབ་རྣམས་གྲངས་༡༢གསར་སྒྲིག་གིས་དེང་སྐབས་གཅིག་གྱུར་ཐོག་བེད་སྤྱོད་གཏོང་རྒྱུ་བྱུང་ཡོད།
འབྱུང་འགྱུར་བོད་ཀྱི་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་ཚན་རིག་ཞིབ་འཇུག་བྱེད་རྒྱུའི་ཆེད་དུ་ང་ཚོས་བོད་ཕྱི་ཟུང་འབྲེལ་གྱི་སྒོ་ནས་ནད་རྟགས་སྨན་བཅོས་བྱེད་པའི་འགོ་ཚུགས་ཤིང་། དང་ཐོག་ང་ཚོས་བདམས་པ་ནི་ཕོ་རུབ་ཀྱི་ནད་དེ་ཡིན་པ་དང་། གལ་ཏེ་བཅོལ་དུས་ཡོལ་ཚེ་མཐའ་མར་ཕོ་བའི་འབྲས་སྐྲན་ནད་ལ་གྱུར་ཏེ་བཅོས་ཐབས་དཀའ་བར་བརྟེན་བོད་སྨན་གྱིས་ནད་དེར་ཕན་པ་ཡོད་པ་ཤེས་རྗེས་ཚན་པ་གཞན་དང་མཉམ་དུ་ཞིབ་འཇུག་ལོ་གསུམ་ལྷག་ཙམ་བྱས་པར་ཕན་འབྲས་ཡག་པོ་བྱུང་སྟེ་ཀྲུང་དབྱང་འཕྲོད་བསྟེན་པུའུ་ཡིས་སྔོན་ཐོན་ཚན་རིག་གྲུབ་འབྲས་ཀྱི་མིང་ཐོག་ནས་བྱ་དགའ་རིམ་པ་གསུམ་པ་གནང་བ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་འཕྲོད་བསྟེན་འཐབ་ཕྱོགས་ལ་ཆེས་མཐོའི་བྱ་དགའ་ཐོབ་ཐེངས་དང་པོ་རེད་འདུག དེ་རྗེས་༡༩༨༩ལོར་འབུ་ཕྲའི་རང་བཞིན་གྱི་བཤལ་རིམས་ཞིབ་འཇུག་བྱས་པ་དང་། ཐབས་ཤེས་ནི་ཕྱི་ལུགས་ཀྱི་བརྟག་དཔྱད་དང་བོད་སྨན་གྱིས་བཅོས་ཀ་བྱས་པར་ཕན་ནུས་བརྒྱ་ཆའི་༩༤ཐོན་པ་ཤེས་རྟོགས་བྱུང་ཁར། དེ་སྔོན་བོད་སྨན་གྱི་ཛ་དྲག་ནད་གཞིར་ཐབས་ཤེས་མེད་པའི་ངོས་འཛིན་ལ་འགྱུར་ལྡོག་ཐུབ་བོ།། གཞན་ཡང་ཧྭ་ཤིས་གསོ་རིག་སློབ་གྲྭ་ཆེ་བའི་སྨན་རྫས་སློབ་གྲྭ་ཆེ་མོ་དང་མཉམ་ལས་ཀྱིས་སྲོ་ལོ་དམར་པོ་ཞེས་པའི་སྔོ་སྨན་དང་། ཕྱག་རྡོར་རྟག་ངུ་ཞེས་པའི་སྔོ་སྨན་གཉིས་ལ་རྒས་ཀ་སྲ་བ་དང་། ས་མཐོའི་གསོ་རླུང་མི་ལྡེང་བར་ཕན་སྐྱེད་ཡག་པོ་ཡོད་པ་ར་སྤྲོད་བྱུང་། ཡང་བོད་སྨན་སྦྱོར་ཚད་སྣེ་ཁ་བཅུ་གཅིག་སོ་སོར་གཉན་ཁ་གཅོག་པ་དང་། ནད་འབུ་འགོག་པའི་ཞིབ་འཇུག་རགས་ཙམ་བྱས་པར་ཕན་འབྲས་ལེགས་པོ་ཡོད་པ་ཤེས་བྱུང་། ཚང་མས་ཤེས་གསལ་ལྟར་རིན་ཆེན་རརྣ་བསམ་འཕེལ་དང་། གྲང་སྦྱོར། མང་སྦྱོར། བཙོ་བཀྲུ་ཟླ་ཤེས་བཅས་ནི་རྩ་ཆེན་སྨན་རིགས་མང་པོས་བཟོས་པ་དང་། སྨན་སྦྱོར་དང་ལག་ལེན་ཚད་ལྡན་ཡིན་གཤིས་སྔར་ནས་བཟུང་རྒྱ་ཆེའི་མང་ཚོགས་ཚོས་ཡིད་ཆེས་དང་དགའ་བསུ་ཆེན་པོ་བྱེད་བཞིན་པའི་ཁར་རརྣ་བསམ་འཕེལ་ལམ་མིང་གཞན་མུ་ཏིག་༧༠ཞེས་པར་སྔ་ཕྱི་ཐེངས་གཉིས་ལ་རྒྱལ་ཁབ་དཔལ་འབྱོར་འཆར་འགོད་ཨུ་ཡོན་ལྷན་ཁང་ནས་དངུལ་གྱི་རྟགས་མ་བསྩལ་བ་དང་། ༡༩༨༩ལོར་སྨན་རྣམ་གྲངས་༡༣ལ་རྒྱལ་ཡོངས་མེ་སྟག་འཆར་གཞིའི་གྲུབ་འབྲས་བེད་སྤྱོད་དང་སྤེལ་རེས་བྱེད་པའི་འགྲེམས་སྟོན་ཁང་གི་གསེར་གྱི་རྟགས་མ་ཐོབ་པ། ༡༩༩༠ལོར་ཐེངས་དང་པོའི་ཀྲུང་དབྱི་སྨན་རྫས་རིག་གནས་དངོས་མང་བཤམས་སྟོན་སྐབས་རརྣ་བསམ་འཕེལ་ལ་《ཧྲེན་ལུང་བུམ་པ》ཞེས་པའི་གསེར་གྱི་རྟགས་མ་ཐོབ་པ་དང་། དུས་མཚམས་རིན་ཆེན་གྲང་སྦྱོར་ཆེན་མོར་《ཧྲེན་ལུང་བུམ་པ་》ཞེས་པའི་ཟངས་ཀྱི་རྟགས་མ་ཐོབ་པ། ཡང་ལོ་དེ་རང་ལ་རརྣ་བསམ་འཕེལ་དང་། གྲང་སྦྱོར། མང་སྦྱོར་བཅས་ལ་རྒྱལ་ཡོངས་ཀྱི་སྨན་རྫས་དང་འཕྲོད་བསྟེན་ཚན་རིག་གྲུབ་འབྲས་ཐོབ་པའི་འགྲེམས་སྟོན་ཐོག་ཕུལ་བྱུང་གི་བྱ་དགའ་བཅས་ཐོབ་བྱུང་། ད་ལྟ་བོད་སྨན་སྣ་ཁ་༡༤རྒྱལ་ཁབ་ཀྱི་སྨན་མཛོད་ནང་ཚུད་པ་དང་། འཕྲོད་བསྟེན་པུའུ་ནས་འགྲེམས་སྤེལ་བྱས་པའི་རང་རྒྱལ་གྱི་ཐེངས་དང་པོའི་མི་རིགས་སྨན་གྱི་ཚད་གཞི་བོད་སྨན་ཚད་གཞི་ཞེས་པ་སྤྱི་ལོ་༡༩༩༥ལོས་ཟླ་བ་བདུན་པར་འགྲེམས་སྤེལ་བྱས་པ་དེས་བོད་སྨན་གྱི་ཐོན་སྐྱེད་རིམ་བཞིན་ཚད་གཞི་ལྡན་པ་དང་། ཁྲིམས་དང་ལྡན་པ། ཚན་རིག་དང་ལྡན་པ་བཅས་ཀྱི་དོ་དམ་བྱེད་པའི་ལམ་བུར་བསྐྱོད་ཟིན་ཡོད་ཅིང་། བོད་སྨན་གསར་པ་ཞིབ་འཇུག་བྱེད་པའི་རྣམ་གྲངས་སྤེལ་བས་བོད་སྨན་གསར་པ་ཁག་༤ལ་མཆོག་མཆན་གྱི་ཨང་རྟགས་ཐོབ་ཡོད།
སྔར་ལས་ལྷག་པའི་སྒོ་ནས་བོད་ལུགས་གསོ་རིག་སྨན་ཁང་ལ་ཚན་རིག་གིས་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆེད་དུ་རང་ལྗོངས་སུ་སྔ་རྗེས་ལ་《བོད་ལུགས་གསོ་རིག་སྨན་ཁང་ལ་རིམ་པ་དབྱེ་ནས་དོ་དམ་བྱེད་པའི་ཚད་གཞི》དང་། 《རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་ཁང་གི་ལས་ཀའི་སྲོལ་ཡིག》《བོད་ལུགས་གསོ་རིག་གི་ཚད་ལྡན་ནད་དེབ་འབྲི་སྟངས》《བོད་ལུགས་གསོ་རིག་གི་ནད་སྐྱོང་པས་བཀོལ་སྤྱོད་བྱེད་པའི་སྒྲིག་སྲོལ》སོགས་དངོས་སུ་བཏོན་པས་སྒྲིག་སྲོལ་ལམ་ལུགས་ཁག་དང་ལས་གནས་ཀྱི་འགན་འཁྲི་ཁག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་རིམ་པ་དབྱེ་ནས་དོ་དམ་བྱེད་པའི་དམིགས་ཚད་ལ་སླེབས་པའི་བྱེད་སྒོ་སྤེལ་བ་དང་ཕྱོགས་བསྡུས་དམིགས་ཚད་ལ་དོ་དམ་བྱེད་པའི་འགན་འཁྲིའི་ལམ་ལུགས་རིམ་བཞིན་ལག་བསྟར་བྱས་པར་བརྟེན་བོད་ལུགས་གསོ་རིག་སྨན་ཁང་ལ་དེང་རབས་ཅན་གྱིས་དོ་དམ་བྱེད་པའི་བགྲོད་ལམ་ཐོག་བསྐྱོད་བཞིན་ཡོད། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་གཉིས་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་ཅིང་། ལོ་རྒྱུས་ཐོག་དེ་གཉིས་ཟུང་འབྲེལ་གྱིས་ཡུལ་ལུང་ཡར་རྒྱས་དང་། ཐོན་སྐྱེད་གོང་འཕེལ། ལུས་ཁམས་བདེ་སྲུང་བཅས་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། སྔོན་ཆད་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ལ་སྐར་ནག་རྩིས་ཀྱི་རིག་པར་ཆེད་བཙུགས་ཀྱི་སྡེ་ཚན་གསུམ་ལས་མེད་པ་སྡེ་སྟོད་ལུང་མཚུར་ཕུ་དགོན་དང་། ལྷོ་ཁ་སྨིན་གྲོལ་གླིང་། ལྷ་ས་སྨན་རྩིས་ཁང་བཅས་ཡིན། ད་ལྟ་ལྗོངས་སྨན་རྩིས་ཁང་ཙམ་མ་ཟད་གཞིས་རྩེ་དང་། ལྷོ་ཁ། ནག་ཆུ། མངའ་རིས། ཆབ་མདོ་བཅས་ཀྱི་ས་གནས་དང་། དེ་བཞིན་སོག་རྫོང་དང་། སྦྲ་ཆེན། གོ་འཇོ་རྫོང་བཅས་པར་ལོ་ཐོ་རྩོམ་འབྲི་ཚོགས་ཆུང་དང་བླ་མཁྱེན་མི་ཉུང་བ་ཡོད། ལྷག་པར་༡༩༨༡ལོར་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་དབུ་བརྙེས་པ་དང་། དེ་ནས་བཟུང་ད་བར་ལོ་ཚོགས་ཐེངས་བརྒྱད་འཚོགས་ཤིང་། སྔ་ཕྱིར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་སྐུ་གཞོན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་མཇལ་འཕྲད་གནང་བ་དང་། གལ་ཆེའི་བཀའ་སློབ་གནང་བས་བོད་ཀྱི་སྐར་རྩིས་རིག་གཞུང་དར་རྒྱས་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཆེད་དུ་རང་ནུས་གང་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་ཆེ་རུ་ཕྱིན་སོང་།
ཉེ་བའི་ལོ་བཅུའི་རིང་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པས་མཁས་དབང་ཚེ་བརྟན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། བསམ་གྲུབ་རྒྱ་མཚོ། སྨད་གསོ་བཛྲ། འཇིགས་མེད། ཤེས་རབ་ཆོས་འཕེལ། བསམ་གཏན། འགོས་ཀླུ་སྒྲུབ་སོགས་གདན་ཞུས་ཀྱིས་ཕན་ཚུན་ཉམས་མྱོང་སྤེལ་རེས་གནང་བ་དང་། ད་དུང་ཀྲུང་གོ་ཚན་རིག་ཁང་རང་བྱུང་ཚན་རིག་ཞིབ་འཇུག་ཁང་གི་མཁས་དབང་དྲིན་ཅིའི་ཅིང་དང་། ལོ་ཙཱ་ཆེན་པོ་དང་རྩིས་རིག་མཁས་པ་ཧོང་མིན་ཤན། ནན་ཅིང་རྩེ་ཅིན་རི་བོའི་གནམ་རིག་བབས་ཚུགས་ཁང་གི་དེང་རབས་གནམ་རིག་སྐར་རྩིས་མཁས་ཅན་བིའུ་སྤའོ་ལིན་སོགས་བོད་དུ་གདན་ཞུས་ཐོག་ཉི་ཟླ་གཟའ་འཛིན་སོགས་ཚན་རིག་ཞིབ་འཇུག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་སྟེ། དཔེར་ན། རབ་བྱུང་༡༧རྩིས་འགོ་ལེགས་པར་སྤོས་ཏེ་《རྩིས་གཞུང་རིག་ལྡན་འཛུམ་པའི་འོད་ཟེར》ཞེས་པ་གསར་དུ་ཕྱོགས་སྒྲིག་བྱས་པར་རང་སྐྱོང་ལྗོངས་ཚན་རྩལ་ལྷན་ཁང་གིས་གྲུབ་འབྲས་རིམ་པ་གཉིས་པའི་བྱ་དགའ་བསྩལ། ད་དུང་《བོད་ལྗོངས་གནམ་རིག་སྐར་རྩིས་ཀྱི་ལོ་བཅུའི་ཕྱོགས་བསྡོམས》ཞེས་པ་དང་། 《དུས་འཁོར་སྐར་རྩིས་ཇི་ལྟར་དར་བའི་ལོ་རྒྱུས་ལེགས་བཤད་ནོར་བུའི་ཕྲེང་མཛེས》《ཕུག་ལུགས་རྩིས་གཞུང་རིགས་ལྡན་འཛུམ་པའི་འོད་ཟེར་གྱི་རྩིས་རིག་བང་མཛོད་འབྱེད་པའི་ངོ་སྤྲོད་རགས་བསྡུས་ཀྱི་ལྡེ་མིག》《རྒྱ་བོད་རྩིས་ཀྱི་ཉི་ཟླ་འཛིན་ཚུལ་དང་། ལྔ་སྒྲ། གཟའ་ལྔ་སོགས་ཀྱི་ས་རིས་རྒྱབ་སྟངས་དང་། རྩིས་རྒྱག་འཕྲུལ་འཁོར་ཟུང་འབྲེལ་གྱི་རྒྱུ་མཚན་འདྲེན་པ་ཕུག་པའི་དགོངས་རྒྱན》སོགས་རྩོམ་འབྲི་དང་། ཕྱོགས་མཚུངས་སྔོན་གྱི་རྩིས་གཞུང་གྲགས་ཅན་《མཁས་པ་དགའ་བྱེད》དང་། 《ཉིན་བྱེད་སྣང་བ》《རྣམ་འགྲེལ་གསེར་གྱི་ཤིང་རྟ》སོགས་དཔེ་བསྐྲུན་བྱས་པ། ཡང་སྒོས་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ལོ་རེའི་ལོ་ཐོ་འདི་ཉིད་ཞིང་འབྲོག་ཐོན་སྐྱེད་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། ལོ་རེའི་དཔེ་སྐྲུན་བྱེད་ཚད་ཉིས་འབུམ་ལྷག་ཙམ་ལོན་གྱི་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་ཕན་འབྲས་དངོས་རྗེན་ཞིག་ཡིན་ལ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་། རླུང་འཕྲིན་རྒྱང་བསྒྲགས་གཉིས་ཀས་ཉིན་རེའི་གནམ་གཤིས་སྔོན་བརྡ་བརྒྱུད་གཏོང་བྱས་པར་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཅི་ཆེ་ཐོབ། ལྷག་པར་ཁོ་བོས་གཙོ་འགན་རྩོམ་སྒྲིག་པའི་འགན་འཁུར་བའི་《བོད་ལྗོངས་གནམ་རིག་སྐར་རྩིས་ཀུན་འདུས་ཆེན་མོ》ཞེས་པར་ཡིག་འབྲུ་ཁྲི་དྲུག་བརྒྱ་ལྷག་ཟིན་ཡོད་པ་དང་། དཔེ་ཚོགས་འདི་ལ་ནང་གསེས་སུ་བོད་ཀྱི་སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་དང་། བསྟན་རྩིས་ཀྱི་སྐོར། སྐར་རྩིས་ཀྱི་སྐོར། སྐར་རྩིས་ལ་ཉེ་བར་མཁོ་བའི་རེའུ་མིག་སྐོར། ནག་རྩིས་ཀྱི་སྐོར་བཅས་དེབ་ཚོགས་ལྔ་ཡོད་པ་དེ་ནི་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་དང་ནང་དོན་གཏིང་ཟབ་ཤོས། དཔྱད་གཞི་བློས་འཁེལ་ཤོས་ཞིག་ཡིན་པའི་དཔེ་དེབ་མཛེས་བཀོད་ལེགས་པ་དང་རྒྱུ་ཆ་སྤུས་དག་ཡིན་པར་རྒྱལ་ཡོངས་དཔེ་དེབ་ཀྱི་འགྲེམས་སྟོན་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། སྤྱི་ལོ་༡༩༩༩ལོར་བོད་ལྗོངས་ཚན་རིག་ལག་རྩལ་མདུན་སྐྱོད་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
དེ་ལྟར་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུའི་རིང་ལ་བོད་ཀྱི་སྨན་རྩིས་རིག་གནས་མྱུར་སྐྱོབ་དང་། རྒྱུད་འཛིན་གྱི་རྨང་གཞིའི་ཐོག་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཏང་དང་སྲིད་གཞུང་གི་དབུ་ཁྲིད་ཡང་དག་པ་དང་། བྱམས་བརྩེའི་ཐུགས་ཁུར། ལྷག་པར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཏང་གི་མཛད་ཕྱོགས་སྲིད་ཇུས་སྤྱི་དང་། བྱེ་བྲག་མི་རིགས་སྲིད་ཇུས། ཤེས་ཡོན་ཅན་གྱི་སྲིད་ཇུས་སོགས་ལག་བསྟར་དོན་འཁྱོལ་བྱུང་བའི་འབྲས་བུ་ཡིན་པ་གཙོ་གནད་ཀྱིས་མཚམས་སྦྱོར་ཞུས་ཡོད།