གནས་ཡུལ། མདུན་ངོས། གསོ་རིག་དར་བའི་ལོ་རྒྱུས།
 
 
༄༅།།གནམ་རིག་སྐར་རྩིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་བཞུགས་སོ།།
སྤེལ་དུས།2009-04-27   ཡོང་ཁུངས་།《ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ》   རྩོམ་པ་པོ། ཁྲོ་རུ་ཚེ་རྣམ། དབང་འདུས་ཀྱིས་ཞུས།
     དབུ་ཁྲིད་རྣམ་པ་དང་། མཁས་དབང་རྣམ་པ། བློ་མཐུན་རྣམ་པ།
    
རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་གནམ་རིག་སྐར་རྩིས་ཀྱི་ཤེས་ལྡན་མི་སྣ་རྣམས་དུས་བཞི་སྔོན་པོས་འགྱུར་བའི་ཁུན་མིང་གྲོང་ཁྱེར་འདིར་འཛོམས་ནས། ཏང་ཀྲུང་དབྱང་གི་ཚན་རིགལག་རྩལ་ལས་དོན་སྐོར་གྱི་མཛུབ་སྟོན་བསྐྱར་སྦྱོང་དང་། དེའི་དགོངས་དོན་གཞིར་བཟུང་ནས་ཚང་མས་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་བབ་ཀྱི་དགོས་མཁོ་དང་འཚམས་པའི་ཆེད་དུ།   གནམ་རིག་སྐོར་གྱི་ཉམས་མྱོང་སྤེལ་རེས།   བསམ་འཆར་བརྗེ་ལེན་བཅས་བྱེད་རྒྱུ་བྱུང་བ་འདིར་ངས་ཆེས་དགའ་སྤྲོའི་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། ང་རང་གི་བསམ་ཚུལ་ཡང་ཚིག་ཁ་ཤས་ཞུ་རྒྱུ་ཡིན། 

གླེང་སློང་།

  སྤྱིར་བཟོ་དང་གསོ་བ་སྒྲ་དང་ཚད་མ་སོགས་རིག་པའི་གནས་ཆེ་བ་ལྔ་དང་། སྐར་རྩིས་དང་། སྙན་ངག   སྡེབ་སྦྱོར། མངོན་བརྗོད། ཟློས་གར་བཅས་རིག་པའི་གནས་ཆུང་བ་ལྔ་གྲགས་པ་སྟེ་ བཅུ་ཕྲག་རིག་པའི་གནས་ཆེ་ཆུང་དེ་རྣམས་ནི། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་བྱུང་བ་དང་ཆགས་པ་ཞིག་རེད། དེར་བརྟེན་ད་རེས་གནམ་རིག་སྐར་རྩིས་ཀྱི་སྐོར་ནས་གླེང་ནའང་དེའི་བྱུང་བ་དང་ལོ་རྒྱུས། དེ་དང་རིག་གནས་གཞན་དག་བར་གྱི་འབྲེལ་བ། དེའི་དགོས་དོན་བཅས་ནས་གླེང་དགོས་པ་ཞིག་རེད། 

གཅིགགནམ་རིག་སྐར་རྩིས་ཀྱི་བྱུང་བ།

   བོད་མི་དམངས་ཀྱིས་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ནི་ཧ་ཅང་རིང་པོ་ཞིག་ཡོད་པ་རེད། ད་ལྟའི་སྐར་རྩིས་རིག་པ་འདི་མ་དར་བའི་ལོ་ངོ་༢༠༠༠ལྷག་ཙམ་གྱི་སྔོན་ནས་ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པའི་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས།    བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པ་སོགས་དུས་བརྟག་གི་རྩིས་རིག་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དང་། དེ་ནས་རིམ་གྱིས་འཕེལ་ཏེ་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས་ཟླ་བའི་འཕེལ་འགྲིབ།ལོ་ཟླ་ཞག་གསུམ་བརྩི་སྲོལ་གྱི་སྒྲོམ་གཞི་ཆགས། ལྷོ་ཁ་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་ཟླ་བའི་འཕེལ་འགྲིབ་དང་། དུས་ཚིགས་ཀྱི་འགྱུར་བ་དངོས་པོ་དང་གནམ་གཤིས་ཀྱི་འབྲེལ་བ་བཅས་བཀོད་ཡོད། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།ཁྲི་ལྡེ་གཙུག་བརྟན་གྱི་སོ་སོའི་སྐུ་དུས་སུ་མེས་རྒྱལ་ནས་ཀོང་ཇོ་སྔ་ཕྱི་གཉིས་ཁབ་ཏུ་བཞེས་པ་དང་། རྒྱ་ནག་ལུགས་ཀྱི་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྒྱུར་ཐོག་མཉམ་དུ་དར་སྤེལ་བཏང་ནས་སྨན་རྩིས་ཀྱི་གཞུང་ལུགས་དར་རྒྱས་འགྲོ་བའི་ཐབས་ལམ་རྒྱ་ཆེར་བཏང་།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་བོད་དུ་ཐེངས་འགའ་ཕེབས། སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་མཧཱ་ཙི་ནའི་ལུགས་ཀྱི་ཧོང་ལེ་བརྩི་བའི་དར་སྲོལ་ཡང་ཆགས། སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་སྨན་དཔྱད་ཀྱི་ཕྱག་ལེན་རྒྱ་ཆེར་གནང་བ་དང་ཆབས་ཅིག་སྐར་རྩིས་རི་བོ་རྡུལ་འབེབས་ནག་རྩིས་འཁོར་འདས་གཏན་འབེབས་སོགས་ཀྱི་གཞུང་ལུགས་འགའ་ཞིག་འཆད་སྤེལ་དང་། ཀོང་པོ་སྨན་ལུང་དུ་སློབ་གྲྭ་བཙུགས་ནས་སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་སྟེ་སྨན་རྩིས་ཟུང་འབྲེལ་གྱི་རྒྱུན་སྲོལ་དར་སྤེལ་བཏང་བར་གྲགས། དེ་སྔོན་མོད་སྡེ་ཕལ་མོ་ཆེའི་བྱེ་མ་རྡུལ་རྩིས་སུ་གྲགས་པ་དང་། རྒྱ་ཆེར་རོལ་པར་རྩིས་ལ་སྦྱོར་བའི་ཚུལ་བསྟན་པ་སོགས་ལས་བརྩམས་ཏེ་གྲངས་དང་རྩིས་ཀྱི་རིག་པ་རྣམས་ཀྱང་བོད་ཀྱི་མཁས་པ་རྣམས་ཀྱིས་ལག་ལེན་ཅི་རིགས་གནང་གི་ཡོད། དེ་དག་ལས་ཀྱང་ད་ལྟ་ནས་ཡར་རྩིས་པའི་ལོ་༩༥༨པ་སྟེ་སྤྱི་ལོ་༡༠༢༧རབ་བྱུང་དང་པོའི་ཐོག་མ་མེ་ཡོས་ལོར་རྭ་འབྲོ་ཙ་མི་པཎ་ཆེན་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར།
    
དེ་ཕྱིན་ཆད་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ལེར་གནམ་ས་གོ་ལའི་ངེས་པ་རྒྱ་ཆེར་བསྟན་པ་དེ་དག་རྩ་བར་བཟུང་སྔ་རབས་ཀྱི་དུས་བརྟག་གནམ་དཔྱད་ཀྱིས་ཟུར་བརྒྱན་ཏེ། གནམ་ས་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་ས་ལ་དུས་བཞིའི་མངོན་རྟོགས་ཇི་ལྟར་ངོམ་པའི་ཚུལ་གསལ་པོར་སྟོན་ཐུབ་པའི་ལོ་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་སྔར་ཡོད་ཀྱི་སྐར་རྩིས་རིག་པ་དེ།ཚན་རིག་གི་རང་བཞིན་དང་། ཕྱོགས་ཡོངས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཕུན་སུམ་ཚོགས་པའི་དུས་རིམ་འདི་འདྲ་ཞིག་ལ་འཕེལ་རྒྱས་བྱུང་བ་རེད།
    
སྤྱི་ལོ་༡༢༦༠ལོར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྲིད་དབང་བཟུང་སྟེ་བོད་གཅིག་གྱུར་བྱུང་བའི་སྐབས་དེར་གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། ཀུན་དགའ་དཔལ་བ་སོགས་གནམ་རིག་སྐར་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་འཇུག་ནན་ཏན་མཛད་རྗེས། མཧྭ་ཙི་ནའི་ཧོང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་ནས་ས་སྐྱའི་ལོ་ཐོ་ཞེས་པ་རྩོམ་སྒྲིག་གནང་སྟེ། བོད་ཀྱི་ལོ་ཐོའི་སྲོལ་སྔར་ལས་ལྷག་པའི་གོང་འཕེལ་བྱུང་། དེ་ནས་རབ་བྱུང་ལྔ་པའི་ས་རྟ་སྤྱི་ལོ་༡༣༡༨ལོར་རྗེ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའི་ཚིག་རྣམས་གོང་བདེ་བའི་སླད་དུ་བདུན་ཚིག་ཏུ་བཀྲོལ།རྒྱུད་ལས་མསྟན་པའི་རྩིས་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན།དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་ནས་རྩིས་ཀུན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་མཛད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་རབ་བྱུང་ལྔ་པའི་མེ་སྟག་ལོར་རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་སྐྱེད་ཡན་ལག་དང་བཅས་པ་བརྩམས་པ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ལྔ་བསྡུས་ཀྱི་ལག་ལེན་མ་བུ་བཅས་མཛད་པ་འདི་དག་ནི་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་སྔ་གྲས་རྣམས་ཡིན་ནོ། གཞན་ཡང་འགོས་ལོ་ཡིད་བཟང་རྩེ་པ། བྱང་བདག་སོགས་མཁས་དབང་མང་པོས་གནམ་རིག་སྐར་རྩིས་སྐོར་ལ་ལེགས་སྐྱེས་མང་དུ་ཕུལ་ཡོད།
    
 དེ་ནས་རབ་བྱུང་༨པའི་མེ་ཡོས་སྤྱི་ལོ་༡༩༩༧ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་རྩིས་ཀྱི་གཞུང་ལུགས་ཆེན་པོ་མཛད། མཚུར་ཕུའི་ལོ་ཐོ་ཞེས་པ་ཐོག་མར་བཏོན། སྔར་རབས་ཀྱི་བྱ་ཞག་རྩིས་ལ་སོགས་པའི་དུས་བརྟག་གནམ་དཔྱད་རྣམས་ཚེས་ཁོངས་སུ་བཀོད་པ་ཟླ་རེའི་གནམ་གཤིས་འགྱུར་ལྡོག ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་ཀྱི་སྔོན་བརྡ་བསྟན་ཡོད་པས་དུས་ཕྱིས་བར་དབུས་གཙང་ཁུལ་དུ་འདི་ལྟར་ཁྱབ་ཆེ། རྩིས་ཀུན་བསྡུས་པ་ལས། ཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་རྩིས་འགྲེལ་དང་དཔའ་བོ་གཙུག་ལག་ཕྲེང་བས་རྩིས་འགྲེལ་རིན་ཆེན་གཏེར་མཛོད་མཛད་པ་སོགས་ཀྱིས་དར་སྤེལ་བཏང་བ་ལ་མཚུར་ལུགས་ཞེས་སུ་གྲགས། ལོ་འདི་ནས་རྩིས་འགོ་བཟུང་སྟེ།   མཁས་དབང་ནོར་བཟང་རྒྱ་མཚོ་དང་། ཕུག་པ་ལྷུན་གྲུབ་རྒྱ་མཚོས་རྩིས་ཀྱི་ལེགས་བཤད་པད་དཀར་ཞལ་ལུང་མ་བུ་དང་དྲི་མེད་འོད་རྒྱན་སོགས་རིམ་པར་བརྩམས། བོད་ཀྱི་ཡུལ་དུས་དང་འཚམས་པའི་དུས་བརྟག་གནམ་དཔྱད་གཏན་ལ་ཕབ་སྟེ་ལོ་ཐོ་སྦྱོར་སྲོལ་གྱི་བྱ་གཞག་རིམ་གྱིས་གོང་འཕེལ་བཏང་། རྩིས་སྟོན་བསམ་རྒྱལ་བ་སོགས་ཀྱིས་རིམ་བཞིན་སྤེལ་བ་ལ་གྲ་མདའ་ཕུག་པའི་རིང་ལུགས་ཞེས་ཡོངས་སུ་གྲགས་པ་སྟེ་བཀའ་སྲོལ་ཆེན་པོ་རྣམ་པ་གཉིས་བྱུང་། དེ་དག་གི་རྒྱུན་ལས་ཕྱིས་རབ་བྱུང་༡༢་པའི་མེ་ཡོས་ལོར། སྡེ་སྲིད་མི་དབང་པཎྚི་ཏ་སངས་རྒྱས་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་བེེ་ཌཱུ་རཡ་དཀར་པོ་མ་བུ་བརྩམས་ནས་དཀར་ནག་དབྱངས་གསུམ་ཀའི་དོན་ཤིན་ཏུ་རྒྱས་པར་བཤད། ཉི་སྐར་དང་བསྒྲིགས་ནས་དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ། ལྡོག་གཉིས་དབུགས་སྒང་སོགས་ཀྱི་ཚད་གཞི་རི་མོའི་སྒོ་ནས་ངེས་གཏན་ཁེལ་བ་གནང་། ལོ་ཟླ་ཞག་དུས་ཀྱི་ས་བདག་རྒྱུ་བ་སྤར་སྨེ། རྟེན་འབྲེལ་སོགས་ཉེ་བར་མཁོ་བ་རྣམས་ཚེས་ཁོངས་སུ་བཀོད་པ་སོགས་ལོ་ཐོ་རྩོམ་སྒྲིག་གི་ཚུལ་ལུགས་སྔར་ལས་ཤིན་ཏུ་རྒྱས་པར་གཏན་ལ་ཕབ་པ་དེའི་བཀའ་སྲོལ་གྱི་རྒྱུན་བོད་ཁམས་ཡོངས་ལ་དར་ཁྱབ་གྱུར་། དེ་བཞིན་རབ་བྱུང་༡༢ཤིང་རྟ་ལོར་སྨིན་གླིང་ལོ་ཆེན་དྷ་རྨ་ཤྲཱིས་རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ་མ་བུ་ཆ་ལག་བཅས་དང་། དེའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་བརྩམས་ནས་སྨིན་གྲོལ་གླིང་གི་ལོ་ཐོ་ཞེས་པ་བཏོན་ནས་བར་སྐབས་སུ་དབུས་གཙང་ཁུལ་དུ་ལོ་ཐོ་འདི་ཉིད་གཙོ་བོ་གནང་སྲོལ་ཡོད། སྨིན་གླིང་རང་དུ་རིག་གནས་སློབ་གྲྭ་བཙུགས་ནས་འཆད་ཉན་ལག་ལེན་བྱེད་པ་བཅས་གནམ་རིག་སྐར་རྩིས་ཀྱི་བྱ་བ་ཆ་ཚང་བ་དང་། ཡང་དག་པའི་སྒོ་ནས་འཕེལ་རྒྱས་བཏང་།རྩིས་གཞུང་ཆེན་པོ་ཕྱི་མ་འདི་གཉིས་ནི་ད་ལྟ་རང་རེས་རྒྱུན་དུ་སྤྱོད་པའི་རྩིས་ཀྱི་ལག་ལེན་ཕལ་ཆེར་གྱི་ཁུངས་གཏུགས་ས་ཞིག་ཏུ་གྱུར་སྟབས་ཤིན་ཏུ་གྲགས་ཆེ་ཞིང་གྲ་མདའ་སྦུགས་པའི་རིང་ལུགས་དར་ཁྱབ་འགྲོ་བའི་ཕྲིན་ལས་གཙོ་བོར་གྱུར། མདོ་ཁམས་སྟོད་དུ་སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་སྡེ་དགེ་དཔལ་སྤུངས་སུ་སྨན་རྩིས་སོགས་རིག་པའི་གནས་ཀྱི་སློབ་གྲྭ་བཙུགས་ནས་སྨན་རྩིས་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་གནང་། མཚུར་ལུགས་གཙོ་བོར་གནང་བའི་སྔར་སྲོལ་བོད་ཀྱི་གནམ་རིག་སྐར་རྩིས་གཞུང་ལུགས་ལག་ལེན་བཅས་དར་སྤེལ་ཤུགས་ཆེན་གནང་སྟབས་མདོ་ཁམས་ཡོངས་སུ་དེའི་སྲོལ་དར་ཁྱབ་བྱུང་བ་མ་ཟད། བོད་ཡོངས་ལ་ཤུགས་རྐྱེན་ཆེ།ད་དུང་རྒྱ་གར་ནས་འབྲས་རྩིས་ཁག་གཉིས་བསྒྱུར་བ་དང་། མེས་རྒྱལ་ནས་གསོ་རིག་དང་། མདོ་སྟག་རྣའབྱུང་རྩིས་ཀྱི་གཞུང་ལུགས་ལག་ལེན་མང་པོ་གསར་འགྱུར་མཛད་པ་ལ་རྒྱ་རྩིས་གསར་མ་ཞེས་གྲགས་ཏེ་དར་ཁྱབ་ཆེ། ལྷག་པར་དུ་རྒྱ་ནག་གླང་རྩིས་ཀྱི་ལག་ལེན་གསར་འགྱུར་མཛད་ནས་རྒྱ་ནག་ལུགས་ཀྱི་བཀའི་ས་གླང་བརྟག་པའི་བརྩིས་སྲོལ་ཐོག་མར་གསར་གཏོད་གནང་བ་བོད་ཁམས་ཡོངས་ལ་དར་ཁྱབ་གྱུར་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཡོངས་ནས་ལོ་རེ་བཞིན་ཐན་ཞོད་ཆེ་ཆུང་། ལོ་ཕྱུགག་ལེགས་ཉེས།བཙའ་སད་སེར་བ་སོགས་ཇི་ལྟར་འབྱུང་བའི་སྐོར་ལ་རྩིས་འབྲས་གཞན་དག་ལས་ཀྱང་ས་གླང་གི་འབྲས་སུ་གཙོ་བོར་དཔྱད་དེ་གླེང་མོལ་དང་། དོ་སྣང་བྱེད་པའི་གོམས་སྲོལ་ཆགས་ཡོད་སྟབས་སྙན་གྲགས་ཆེ་ལ་ཡིད་ཆེས་གཏིང་ཟབ་བྱེད་ཀྱི་ཡོད།
    
དེ་རྗེས་རབ་བྱུང་༡༢པའི་ཆུ་བྱི་སྤྱི་ལོ་༡༧༣༢ལོར་དཔལ་སྤུངས་རྗེ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རྩིས་ཀྱི་ལག་ལེན་ཉེར་མཁོ་བུམ་བཟང་བརྩམས་པ་དང་། མཚུར་ལུགས་གྲུབ་རྩིས་དཔལ་སྤུངས་ལོ་ཐོ་ཞེས་པ་སྔར་ལས་རྒྱས་པ་ཞིག་བཏོན། དུས་ཀྱི་གཟེར་རྣམས་མཚུར་ཕུ་འཇམ་དབྱངས་ཆེན་པོ་དང་། རྗེ་མི་སྐྱོད་རྡོ་རྗེའི་ལུགས་བཞིན་བཀོད། འབྱུང་རྩིས་ཀྱི་ལོ་འགོ་བཟུང་ས་མི་འདྲ་བའི་ཁྱད་པར་ལས། ས་བདག་གི་རྒྱུ་ཁྲ་མི་འདྲ་བ་དང་། གྱོ་ཁང་རེའུ་མིག་ཚེས་ཁོངས་སུ་བཀོད་པ་སོགས་ཕུག་ལུགས་གྲུབ་རྩིས་ཀྱི་བཞེད་སྲོལ་དང་ཅུང་ཟད་ཐ་དད་དུ་བྱས་པ་འདི་ལ་དུས་ཕྱིས་མཚུར་ལུགས་ལོ་ཐོ་ཞེས་གྲགས་སྟབས་བཀའ་སྲོལ་འདི་བཞིན་ལག་ལེན་བྱེད་མཁན་ཡང་མང་དུ་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ། སྨན་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་སོ་སོར་བཙུགས་ནས་རྩིས་རམས་པ་མང་པོ་གསོ་སྐྱོང་གནང་བའི་རྒྱུན་ལས་མདོ་སྨད་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ། ལྷག་པར་དུ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རབ་ཚེས་མེ་ཡོས་ལོར་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་རིགས་ལྡན་མཆོད་པའི་འོད་སྣང་ཞེས་པ་བརྩམས་ནས་ཕུག་ལུགས་རྩ་བར་བཟུང་། ལོ་ཐོ་སྦྱོར་འགྲེལ་གྱི་ཚུལ་བེེ་དཀར་དང་། ཉི་སྣང་ལྟར་བཀོད། རྒྱ་རྩིས་ཀྱི་རི་མོ་རྣམ་དག་གིས་ཟུར་བརྒྱན་པ་སོགས་ལ་བརྟེན་ནས་སྐར་རྩིས་ཀྱི་ལག་ལེན་རྒྱུན་མ་ཆད་པར་གོང་འཕེལ་ཕྱིན་པའི་ཕྲིན་ལས་ཀྱི་འོད་སྣང་ད་ལྟའང་གསལ་བཞིན་ཡོད། ལྷག་པར་དུ་རྨད་དུ་བྱུང་བའི་ཐུགས་སྐྱེད་དང་། ནོར་བུ་མཆོག་ནས་བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་གནང་སྟེ་། ཕྱོགས་ཀྱི་སློབ་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་བ་དང་། རབ་བྱུང་༡༦པའི་མེ་ཡོས་ལོར་རྩིས་ཀྱི་ལམ་ལེན་རིག་ལྡན་སྙིང་ཐིག་རྩིས་འགོ་སྤོས་གནང་ནས། ཕུག་ལུགས་གཙོ་བོར་བྱས་པའི་ལོ་ཐོ་རྩོམ་སྒྲིག་གནང་སྟེ་རྒྱ་གར་གྱི་དུས་དབྱངས་རྒྱ་རྩིས་ཧོང་ལེ། འབྱུང་རྩིས། སྔ་རབས་བོད་ཀྱི་ཉམས་མྱོང་ལས་བྱུང་བའི་དུས་བརྟག་གནམ་དཔྱད་ཀྱི་སྟེང་། སྐུ་ཞབས་རང་ཉིད་ཀྱིས་ཉམས་མྱོང་བསགས་པའི་གནམ་དཔྱད་དུས་གཟེར་འགའ་ཞིག་གཏན་ལ་ཕབ་ནས། ལོ་བཤད། ཟླ་བཤད། ཉིན་བཤད། རགས་ཞིབ་སོགས་ཤིན་ཏུ་རྒྱས་པར་བཀོད་ནས་ལོ་རེ་བཞིན་ཤིང་པར་བརྐོས་ཏེ་འགྲེམས་སྤེལ་བྱས་པར་བརྟེན་བོད་ཀྱི་ལོ་ཐོ་ཞེས་གྲགས་པ་བོད་ཡོངས་སུ་ཁྱབ་ནས་ཀུན་གྱིས་ཚད་མར་འཛིན་པར་བྱེད། ད་ལྟའང་བོད་ལྗོངས་སྨན་རྩིས་ཁང་ནས་ལོ་རེ་བཞིན་ལོ་ཐོ་བཏོན་པ་འདི་ཉིད་ལ་བོད་ཡོངས་ནས་སྔར་བཞིན་བརྩི་མཐོང་དང་། ཆ་འཇོགས་ས་བྱས་ནས་བེད་སྤྱོད་བྱེད་ཀྱི་ཡོད་པས།   བོད་ཁམས་ཀུན་ཏུ་དར་ཁྱབ་ཆེ་བར་མ་ཟད། ད་དུང་འདིའི་ཕྲིན་ལས་ཀྱི་འོད་སྣང་གངས་རིའི་མུ་ཁྱུད་བརྒལ་ནས། མི་རིགས་གཞན་དག་དང་། ས་ཁུལ་གཞན་དག རྒྱལ་ཁབ་གཞན་དག་བཅས་མི་ཉུང་བ་ཞིག་འདི་ནང་དུའང་ཁྱབ་སྟེ་ལག་ལེན་དང་།བེད་སྤྱོད། ཞིབ་འཇུག་བྱེད་བཞིན་ཡོད།

      གཉིསརིག་པའི་གནས་ཕན་ཚུན་བར་གྱི་འབྲེལ་བ།

      སྤྱིར་བཅུ་ཕྲག་རིག་པའི་གསན་ཆེ་ཆུང་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་འབྲེལ་བ་ཞིག་ཡིན། དེར་བརྟེན་རིག་པའི་གནས་ཆེ་བ་ཞིག་ལེགས་པར་ཤེས་པར་བྱེད་པ་ལ་རིག་པའི་གནས་གཞན་རྣམས་ཀྱང་བྱང་ཆུབ་པ་ཞིག་གམ་ཐ་ན་རགས་ཙམ་ཞིག་ནི་ངེས་པར་དུ་ཤེས་དགོས།
    
གལ་ཏེ་རིག་པའི་གནས་གཞན་དག་གི་འགྲོ་ཚུལ་མ་ཤེས་ན་དེ་དག་དང་འབྲེལ་བ་ཡོད་པའི་རིག་པའི་གནས་གཞན་དེ་ཆ་ཚང་བ་ཞིག་ཤེས་དཀའ། དཔེར་ན། སྐར་རྩིས་ཀྱི་གཞུང་རྩ་བ་ཡིན་པ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སྒྲ་དང་ཚད་མ། བཟོ་དང་གསོ་བ།
    
ནང་དོན་རིག་པ། སྐར་རྩིས། མངོན་བརྗོད་སོགས་ཀྱི་ནང་དོན་དང་། བརྡ་ཆད་ཅི་རིགས་པ་ཞིག་བསྟན་ཡོད་སྟབས་དུས་ཀྱི་འཁོར་ལོའི་རྒྱུད་ལེགས་པར་ཤེས་པར་བྱེད་པ་ལ་རིག་པའི་གནས་དེ་དག་གི་ནང་དོན་རགས་ཙམ་ཞིག་ནི་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་དུ་རིག་པའི་གནས་དེ་དག་ཇི་བཞིན་ཤེས་པར་བྱེད་པ་ལའང་དུས་ཀྱི་འཁོར་ལོའི་རྒྱུད་དོན་གྱི་འགྲོ་ཚུལ་ཤེས་དགོས་པ་ལྟ་བུ་ཡིན།ལྷག་པར་དུ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རིག་པ་ནི་ནང་དང་གཞན་དུས་ཀྱི་འཁོར་ལོ་སོགས་རིག་པའི་གནས་གཞན་དག་དང་འབྲེལ་བ་ཡོད་པར་མ་ཟད། གསོ་བ་རིག་པ་ལ་མེད་དུ་མི་རུང་བའི་འབྲེལ་བ་ཞིག་གྲུབ་ཡོད། སྨན་པས་རྩ་ཆུ་ལ་བརྟེན་ནས་ནད་བརྟག་པའི་སྐབས་དང་། ནད་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་བྱེད་པ། ནད་སྔོན་འགོག་བྱེད་པ། དུས་སུ་སྤྱོད་པའི་སྤྱོད་ལམ་གྱི་སྐབས་སུ་དུས་མི་འགྱུར་བའི་གཟེར་ཤེས་པར་བྱེད་པ་སོགས་སྐབས་མང་པོ་ཞིག་གཙུག་ལག་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཤེས་དགོས་ཀྱི་ཡོད་པ་རེད། རེག་པ་རྩ་ལ་བརྟེན་ནས་ནད་བརྟག་པའི་སྐབས། རྩ་མདོ་ལས། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། །མ་བུ་དགྲ་གྲོགས་བཞི་ཡི་སྐོར་འགོ་བརྩི། ཞེས་བསྟན་ཡོད། དེ་ནི་དཔྱིད་ཀ་ལ་སོགས་པའི་ཕྱིའི་དུས་བཞི་དུས་མཚམས་བཅས་ལྔ་དང་། མཆིན་པ་ལ་སོགས་པའི་ནང་གི་དོན་ལྔའི་ཁམས་རྣམས་རྩའི་འཕར་སྟངས་དང་ལྷན་ཅིག་ཏུ་སྦྱར་ནས། རྒྱུན་རྩ་དང་། དུས་རྩ། ནད་རྩ་བཅསསོ་སོར་ངེས་པར་བྱེད་དགོས་པའི་དོན་ཏེ། དཔྱིད་དབུགས་ཐོབ་པ་ནས་བཟུང་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ཤིང་རྩི་ཁ་འབུས་པ་སོགས་ཀྱི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ཤིང་ཁམས་མཆིན་རྩ་ཕྲ་ལ་གྲིམསཔར་འཕར་བ། དེ་བཞིན་དུ་དབྱར་ས་ཟླའི་དབུགས་ཐོབ་པ་ནས་བཟུང་ཕྱི་འབྱུང་བ་འདབ་རྒྱས་ཆར་དུས་ཀྱི་ཆོས་ཉིད་དང་མཐུན་པ་ནང་གི་མེ་ཁམས་སྙིང་རྩ་སྦོམ་ལ་རིང་བར་འཕར་བ་དང་། སྟོན་དུས་ཞག་༧༢རིང་ལ་ལྕགས་ཁམས་གློ་རྩ་ཐུང་ལ་རྩུབ་པར་འཕར་བ། དགུན་དུས་ཞག༧༢རིང་ལ་ཆུ་ཁམས་མཁལ་རྩ་འཇམ་ལ་དལ་བར་འཕར་བ། དུས་མཚམས་བཅོ་བརྒྱད་ཕྲག་བཞི་སྟེ་ཞག་༧༢རིང་ལ་ས་ཁམས་མཆེར་རྩ་ཐུང་ལ་འཇམ་པར་འཕར་བ་བཅས་ཀྱི་ཚུལ་འདི་དག་དུས་བཞི་སོ་སོར་ཕྱིའི་འབྱུང་བའི་ཁམས་མི་འདྲ་བ་རེ་ཡོད་པ་བཞིན་དུ། ནང་གི་དོན་ལྔའི་རླུང་ཁྲག་གི་རྒྱུ་བའང་མི་འདྲ་བ་རེ་ཡོང་གི་ཡོད་པ་རེད། འདི་ནི་ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྟེན་འབྲེལ་ལས་འབྱུང་བ་ཡིན་ཞིང་། གནད་འདི་ཞིབ་ཕྲ་ཤེས་པར་བྱེད་པ་ནི་སྐར་རྩིས་ཀྱི་གཞུང་ནས་བསྟན་པའི་ཟླ་བ་སོ་སོའི་དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་སོགས་དུས་བཞི་མི་འགྱུར་བའི་གཟེར་ལ་བརྟེན་ནས་དཔྱིད་དབྱར་སྟོན་དགུན་གྱི་དུས་མཚམས་རྣམས་ལེགས་པར་ངོས་ཟིན་པ་ལ་རགས་ལས་པ་ཞིག་ཡིན། གནད་འདི་ལེགས་པར་མ་རྟོགས་ན་རྒྱུན་རྩ་དང་། དུས་རྩ། ནད་རྩ་དང་། ནད་མེད་ཀྱི་རྩའི་དབྱེ་བ་འབྱེད་མི་ཐུབ་ལ། འབྱུང་བ་རྣམས་ཀྱི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ལེགས་པར་མ་ཤེས་ན་ངོ་མཚར་རྩ་བདུན་སོགས་ཀྱང་བརྟག་མི་ཤེས་ཤིང་ནད་ངོས་ཀྱང་ལེགས་པར་ཟིན་པར་དཀའ།ནད་ངོས་ལེགས་པར་མ་ཟིན་ན་བཅོས་ཐབས་གནད་ལ་འཁེལ་བ་ཞིག་ག་ལ་ཡོང་ཐུབ། དེས་ན་དེ་དག་ཤེས་པའི་ཆེད་དུ། གཙོ་ཆེར་འབྱུང་རྩིས་ཀྱི་རིག་པ་ལ་བརྟེན་ནས་དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ། མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་བརྩིས་ནས་ཤེས་དགོས་པས་རེག་པ་རྩ་ལ་བརྟེན་ནས་ནད་བརྟག་པའི་ཐབས་འདི་ནི་གཙུག་ལག་རྩིས་ཀྱི་རིག་པ་དང་འབྲེལ་བ་ཆེས་ཆེ་བ་ཞིག་ཏུ་གྲུབ་པར་མ་ཟད།ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས་ཞེས་པའི་སྐབས་སོགས་ཆུ་ལ་བརྟག་པའི་ཚེའང་རྩིས་ཀྱི་རིག་པ་ལ་བརྟེན་ནས་རྟོགས་དགོས་པ་འགའ་ཞིག་ཡོད་ལ། ནད་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་བྱེད་པའང་དུས་བཞི་མི་འགྱུར་བའི་གཟེར་རྣམས་ཚུལ་བཞིན་ཤེས་པ་ལ་རགས་ལས་པ་ཞིག་ཡིན།
    
ཡང་བཤད་པའི་རྒྱུད་དུ། སྐད་ཅིག་ལ་སོགས་ཐང་ཅིག་ཡུད་ཙམ་སྟེ། །ཉིན་ཞག་ཟླ་བ་དུས་དང་ལོར་འགྱུར་ཏེ། ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུའང་ལྡོག །གསུམ་ནི་ལྷོ་དང་བྱང་དུ་འགྲོ་ཞེས་བྱ། ། ཞེས་པ་སོགས་ནད་སྔོན་འགོག་བྱེད་པ་དུས་སུ་སྤྱོད་ པའི་སྤྱོད་ལམ་གྱི་སྐབས་འདིར་ནི་ཕྱི་རྒྱུད་རྩ་མདོའི་སྐབས་འབྱུང་རྩིས་ལྟར་དུས་བཞི་ལ་རབ་འབྲིང་ཐ་མའི་རྣམ་བཞག་མཛད་པ་དང་མི་འདྲ་བར། དགུན་སྟོད་དགུན་སྨད་དཔྱིད་དང་སོ་ག་དང་། །དབྱར་སྟོན་དགུན་ཟླ་ར་སོགས་གཉིས་རིམ་བཞིན། ། ཞེས་འདུལ་མངོན་ལྟར་དུས་དྲུག་གི་རྣམ་བཞག་མཛད་པ་དང་། ལོ་འགོ་ཡང་མཆུ་ཟླ་བ་ནས་མི་འཛིན་པ་དང་། དེ་ནས་དགུན་ཟླ་ཐ་ཆུང་ལ་སོགས་པ། །ཉི་མ་བྱང་དུ་འགྲོ་བའི་དུས་ཀྱི་ཚེ། །ཞེས་སོགས་མར་ངོ་སྔོན་འགྲོ་མཛད་པ་སོགས་སྤྱིར་རྒྱུད་གོང་འོག་ཅུང་ཟད་མི་འདྲ་བའི་སྣང་ཚུལ་ཡོད་པ་དེ་དག་གི་རྣམ་བཞག་ཞིབ་ཕྲ་ཤེས་པ་དང་། །བྱེ་བྲག་ལྡོག་གཉིས་མཉམ་གཉིས་འབྲུག་སྒྲ་སྒྲོགས་ཆད་སོགས་ཟླ་བ་སོ་སོའི་དུས་གཟེར་གྱི་ཞིབ་ཆ་རྣམས་སྐར་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཤེས་དགོས་པ་ཤ་སྟག་ཡིན། གཞན་ཡང་སྨན་སྦྱོར་བ། སྨན་གཏོང་བ། དཔྱད་བྱེད་པའི་དུས་སོགས་སུ་ཉེ་བར་མཁོ་བ། སྨན་སྦྱོར་བ་ལ་ཉི་སྐར་ནས། ། སྨན་པ་སྨན་ཐུར་སྨན་ཕོར་བཅས། །ནད་པ་རྣམས་ལ་བདུན་བདུན་ཏེ། ། ཟླ་བའི་སྐར་མ་གང་གནས་བརྟག །ཅེས་དང་། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་བུག་ཟུང་སྔ། ། ཞེས་པ་སོགས་གསོ་རིག་གཞུང་གི་སྐབས་དོན་མང་པོ་ཞིག་རྩིས་ཀྱི་རིག་པ་ལ་བརྟེན་དགོས་པ་ཡིན་སྟབས།སྨན་པ་རྣམས་ཀྱིས་སྨན་སློབ་པའི་ཚེའང་རྩིས་ཀྱི་རིག་པ་འདི་ལ་མ་བརྟེན་ཐབས་མེད་པ་ལྟ་བུ་ཞིག་ཡིན། གཞན་ཡང་སྡེབ་སྦྱོར་ལྟ་བུ་ལ་མཚོན་ནའང་། ངོ་མཚར་རྟོགས་བྱེད་ཀྱི་ཆོ་གའི་ནང་གི། ཡང་བའི་ཡི་གེ་ཇི་སྙེད་བསྡོམས་དང་། ཞེས་པ་ལྟ་བུ་ཡང་རྩིས་ཀྱི་རིག་པའི་ཆོ་ག་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས་མཚོན། བཅུ་ཕྲག་རིག་པའི་གནས་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་འབྲེལ་བ་ཞིག་ཡིན་ལ་ལྷག་པར་དུ་སྨན་རྩིས་གཉིས་ནི་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་གྲུབ་ཡོད་སྟབས་དུས་ནམ་ཡང་མཉམ་སློབ་མཉམ་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད།

       (གསུམ) གནམ་རིག་སྐར་རྩིས་ཀྱི་དགོས་དོན།

         གནམ་རིག་སྐར་རྩིས་ཀྱི་བྱ་བ་ནི། ལོ་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་བཞི་ཇི་ལྟར་རྩོམ་པའི་ཚུལ་དང་། ས་ལ་དུས་བཞིའི་མངོན་རྟོགས་ཇི་ལྟར་ངོམ་པའི་ཚུལ་གཏན་ལ་ཕབ་སྟེ། གནམ་སའི་ཁམས་ཀྱི་རང་འབྱུང་འགྱུར་ལྡོག་གི་ཁྱད་པར་ལས་ལོ་རེ་བཞིན་དུ་ཆར་ཆུ་བཟང་ངན།ཐན་པ་ཆེ་ཆུང་། བཙའ་སད་སེར་བ། ས་གཡོ་ཤྭ་ཉོད། ལྷགས་རླུང་འཚུབ། ལོ་ཏོག་ལེགས་ཉེས། ཕྱུགས་རིགས་བདེ་གཟར། ཉི་ཟླ་གཟའ་འཛིན་སོགས་རང་བྱུང་ཁམས་ལས་ཕན་སྟེར་གནོད་སྦྱིན་ཇི་ལྟར་འབྱུང་བའི་དོན་རྣམས་ངེས་རྟོགས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གནས་ཡུལ་གྱི་ས་བབ་གནམ་གཤེས་གནས་ཚུལ་ལ་གཞིགས་ནས་སྔོན་འགོག་དང་། གྲ་སྒྲིག་གི་ལསཀ་ཇི་ལྟར་བྱེད་དགོས་པའི་ཚུལ་དང་། ས་བོན་འདེབས་འཛུགས།ཞིང་ཆུ་འདྲེན་གཏོང་། རུ་བ་སྐྱས་སྤོ་སོགས་ཀྱི་དངོས་གཞིའི་ལས་ཀའི་དུས་ཚོད་སྔ་ཕྱི་དང་། ལས་ཀའི་བྱེད་ཐབས་བཅས་ཀྱི་སྔོན་བརྡ་བཏང་ནས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལག་ལེན་དངོས་ཀྱི་ནང་དུ་ཚན་རིག་དང་མཐུན་པའི་སྒོ་ནས་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་གྲུབ་པའི་གྲོགས་བྱེད་པ་བཅས་བོད་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཕན་ཡོད་ཀྱི་ནུས་པ་འདོན་ཐུབ་ཀྱི་ཡོད་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་བརྩི་བཀུར་ཞུ་གི་ཡོད། །
    
བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པའི་ལི་ཧྲི་ཁྲོ་རུ་ཚེ་རྣམ་ནས་སྤྱི་ལོ་༡༩༨༥ལོའི་ཟླ་༤ཚེས༦ཉིན་བྲིས་པའོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060