གནས་ཡུལ། མདུན་ངོས། གསོ་རིག་དར་བའི་ལོ་རྒྱུས།
 
 
༄༅།། བཤད་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལུས་ཀྱི་ཆགས་ཚུལ་བསྟན་པ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།2015-08-05   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། གཡུ་ཐོག་ཡོན་ཏན་མགོན་པོ།

 ལེའུ་གཉིས་པ། ལུས་ཀྱི་ཆགས་ཚུལ་བསྟན་པ།

         དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གྲུབ་པ་ལུས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དང་པོ་གང་གི་དོན་དུ་གསོ་བ་ལུས། །གྲུབ་པ་ལུས་གནས་བསྟན་པ་འདི་ལྟ་སྟེ། །ཆགས་ཚུལ་འདྲ་དཔེ་གནས་ལུགས་མཚན་ཉིད་དང༌། །དབྱེ་བ་ལས་དང་འཇིག་ལྟས་བདུན་དུ་བཤད། །དེ་ལ་དང་པོ་ཆགས་པའི་ཚུལ་བསྟན་པ། །ཆགས་རྒྱུ་འཕེལ་རྐྱེན་བཙའ་རྟགས་རྣམ་པ་གསུམ། །དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་མཚུངས། །ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ། །མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མནམ། །བད་ཀན་སྐྱ་འབྱར་རོ་མངར་བསིལ་བ་སྟེ། །ཁྲག་གིས་རུལ་ཏེ་བད་རླུང་དུམ་བུར་ཆད། །ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན། །རླུང་མཁྲིས་སྐམ་ཞིང་འདུས་པ་བཤང་གཅི་འདྲ། །འདི་དག་སྐྱོན་རེས་ས་བོན་བྱེད་མི་ནུས། །ལས་མ་འཛོམ་ན་རྣམ་ཤེས་མི་འཇུག་སྟེ། །ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཁུ་བ་དཀར་ལྕི་མངར་ལ་མང་བ་དང༌། །ཟླ་མཚན་ཚོས་ཁུ་རི་བོང་ཁྲག་འདྲ་བ། །བཀྲུས་ན་དག་འགྱུར་སྐྱོན་མེད་མངལ་ཆགས་བྱེད། །བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག །དེ་རྟགས་ཉམ་ཆུང་བཞིན་རས་ངན་པ་དང༌། །ནུ་མ་རྐེད་པ་འགུལ་བ་མིག་དཀུ་གཡོ། །ཟླ་མཚན་ལྡན་པ་སྐྱེས་པ་འདོད་པའི་རྟགས། །མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར། །དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན། །གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ། །གཉིས་དང་བཞི་དྲུག་བརྒྱད་པ་བུ་མོར་འགྱུར། །ཉི་མ་ནུབ་པས་པད་མའི་ཁ་ཟུམ་བཞིན། །བཅུ་གཉིས་འདས་ནས་ཁུ་བ་མངལ་མི་སྡོད། །ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་གྱི། །ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར། །ཆ་མཉམ་མ་ནིང་བྱེ་ལས་མཚེ་མར་སྐྱེ། །སྐྱེ་གནས་མི་མཐུན་པ་དང་གཟུགས་མི་སྡུག །འདི་དག་གནོད་པའི་དྲི་མས་སྐྱེ་བར་འགྱུར། །མངལ་ཆགས་མཚན་མས་ས་བོན་འཛིན་པ་དང༌། །འདོད་པ་ངོམས་ཤིང་ལུས་སྙོམ་ལྕི་བ་ཡིན། །ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང༌། །ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེད། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་འགྲུབ། །དེ་ལྟར་ཆགས་ནས་འཕེལ་བའི་ཚུལ་བསྟན་པ། །མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་དང་ལྟེ་བ་འབྲེལ། །རྩ་གཉིས་བསམ་སེ་བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ་ཡིས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། །དཔེར་ན་རྫིང་ཡུར་ཆུ་ཡིས་ཞིང་སྐྱེད་འདྲ། །དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི། །རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེ། །ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས། །འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས། །བདུན་ཕྲག་གཉིས་པ་ནུར་ནུར་པོ་རུ་འགྱུར། །བདུན་ཕྲག་གསུམ་པ་ཞོ་ཆགས་ལྟ་བུར་སྣང༌། །སྐྱེས་བུ་འདོད་པས་དུས་འདིར་ཐབས་བསྟེན་ཏེ། །མཚན་མ་གསལ་བར་མ་གྱུར་གོང་དུ་བྱ། །འདི་སྟོབས་ལྡན་པས་ལས་ཀྱང་ཟིལ་གནོན་ནུས། །སྐར་མ་རྒྱལ་ལ་སྐྱེས་པ་བུ་ཡི་གཟུགས། །ལྕགས་སྣ་ཁ་ཡར་ལས་བརྡུངས་སོལ་མེ་ལ། །མདོག་འགྱུར་བསྲེགས་པ་བ་ཡི་འོ་མའི་ནང༌། །གོང་གི་གྲངས་གསུར་ཁུ་བ་སྙིམ་གང་བླུད། །ཉི་མ་ཟླ་བའི་དྭངས་མ་བཟའ་བ་དང༌། །བཅིངས་དང་གདགས་པའི་རྟེན་འབྲེལ་བསྟེན་པར་བྱ། །ཉལ་པོ་རྩོལ་དྲག་མཚན་མོ་གཉིད་མི་ལོག །ཉིན་གཉིད་ཤུགས་བཀག་ཚ་རྣོ་ལྕི་བ་དང༌། །བཤང་དགག་ཟས་དང་རློན་ཁྲུས་མས་བཏང་དང༌། །གཏར་ག་ལ་སོགས་ཟླ་བརྒྱད་བར་དུ་སྤང༌། །ཅི་ཕྱིར་མངལ་འཇིག་འཆི་འམ་དཀུ་སྐམས་འགྱུར། །བཞི་པ་གོར་གོར་མེར་མེར་ནར་ནར་པོ། །དེ་ལས་ཕོ་མོ་མ་ནིང་རིམ་པར་འགྱུར། །དེ་རྟགས་དཀུ་ལྕི་ལུས་རིད་ཡི་ག་འགག །གཡལ་རྨྱང་སྒྱིད་སྐྱུར་ནུ་མ་སྐྱེ་བ་དང༌། །སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད། །དེ་བཀག་མངལ་འཇིག་གཟུགས་མི་སྡུག་པར་འགྱུར། །དེ་བས་གནོད་པའང་ཕན་བསྲེས་ཅུང་ཟད་བྱིན། །ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ། །མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས། །དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། །བདུན་པར་མིག་གི་དབང་པོ་གཟུགས་སུ་དོད། །བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས། །དགུ་པར་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས། །ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། །དཔུང་པ་གཉིས་དང་དཔྱི་གཉིས་འབུར་དུ་དོད། །བཅུ་གཅིག་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། །བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད། །བཅུ་གསུམ་པ་ལ་སྣོད་དྲུག་གཟུགས་དབྱིབས་དོད། །ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ། །དཔུང་རྐང་བརླ་རྐང་བཞི་པོའི་གཟུགས་དབྱིབས་དོད། །བཅོ་ལྔ་པ་ལ་རྐང་ལག་རྗེ་ངར་དོད། །བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད། །བཅུ་བདུན་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས། །ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་ཤ་ཚིལ་ཆགས། །བཅུ་དགུ་པ་ལ་ཆུ་བ་རྒྱུས་པ་ཆགས། །ཉི་ཤུ་པ་ལ་རུས་དང་རྐང་མར་ཆགས། །རྩ་གཅིག་པ་ལ་ཕྱི་ཡི་པགས་པ་གཡོགས། །དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ། །དབང་པོ་སྒོ་དགུའི་བུ་ག་རྣམ་པར་བྱེ། །རྩ་གསུམ་སྐྲ་དང་བ་སྤུ་སེན་མོ་སྐྱེ། །རྩ་བཞི་པ་ལ་དོན་སྣོད་གསལ་བར་སྨིན། །དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར། །རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང༌། །རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ། །དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས། །སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར། །ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས། །སོ་ལྔའི་བར་དུ་ཐམས་ཅད་ཆེར་འཕེལ་བྱེད། །མ་དང་བུ་གཉིས་ཐང་རེ་གཟི་མདངས་འཕོ། །ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས། །མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་འབྱུང༌། །སོ་བདུན་པ་ལ་ལོག་པའི་འདུ་ཤེས་སྐྱེ། །སོ་བརྒྱད་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན། །འོན་ཀྱང་ཁྲག་ཟགས་པ་ན་འཕེལ་མི་ནུས། །མངལ་རྒྱས་ཟླ་བ་ཚང་ཡང་བཙའ་བ་དཀའ། །རླུང་གིས་དཀུ་བཀག་ཟླ་བ་ཚང་ཡང་འགོར། །དེ་ལྟར་མངལ་དུ་འཕེལ་ཞིང་སྨིན་པའི་ཚེ། །ཟླ་དགུ་འདས་ནས་བཙའ་བའི་དུས་ཡིན་ཏེ། །དེ་ཡང་གཡས་ལོགས་ལ་བརྟེན་དཀུ་གཡས་མཐོ། །ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང༌། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེ་འུ་སྐྱེ། །སྐྱེས་པ་ཕྲད་འདོད་གླུ་གར་རྒྱན་ལ་དགའ། །གོང་ལས་ལྡོག་པ་བུ་མོ་སྐྱེ་བའི་རྟགས། །དེ་དག་འདྲེས་ལས་མ་ནིང་འབྱུང་བ་སྟེ། །དབུས་དམའ་མཐའ་གཉིས་མཐོ་ན་མཚེ་མར་སྐྱེ། །དེ་ནས་མྱུར་དུ་བཙའ་རྟགས་ལུས་སྙོམ་ཞིང༌། །དཀུ་ལྷོད་སྨད་ལྕི་ཚང་ར་རྐེད་པ་ན། །ལྟོ་བ་ཆུ་སོ་ན་ཞིང་ལྡང་དུབ་བྱེད། །མཚན་བྱེ་གཅིན་མང་དབང་མེད་ན་ཟུག་ལྡང༌། །བུད་མེད་བཙའ་མྱོང་གིས་བསོར་བཙའ་བར་བྱ། །སྲོག་འབྲལ་འདྲ་བའི་ནད་སོས་ཚས་ཀྱིས་གསོ། །ཞེས་གསུངས་སོ། །
        
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005