གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།རྣམ་གྱུར་ནད་ཀྱི་མཚན་ཉིད་ཅུང་ཞིབ་པར་བཤད་པ།
སྤེལ་དུས།2009-12-24   ཡོང་ཁུངས་།《བོད་ལྗོངས་ཞིབ་འཇུག》   རྩོམ་པ་པོ། གུར་ཆུང་། འབྲུག་མོས་ཞུ་དག་བྱས།
ནད་དོན་གནད་བསྡུས།རྩོམ་འདིའི་ནང་གཙོ་བོ་རྣམ་པར་གྱུར་པ་ནད་ཅེས་པ་དེ་ཉིད་བྱུང་བའི་ཚུལ་བཤད་པ་སྟེ། ཉེས་པ་གསུམ་དང་ལུས་ཟུངས་བདུན། དྲི་མ་གསུམ་གང་རུང་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པ་ན་ནད་ཡིན་པ་བསྟན་པ་དང་། དེ་ལྟར་འགྱུར་བའི་རྒྱུ་དང་། དེ་དག་གི་རྟགས་སོགས་རྣམ་གྱུར་ནད་ཀྱི་མཚན་ཉིད་རྣམས་ཅུང་ཞིབ་མོའི་སྒོ་ནས་གསལ་བཤད་བྱས་ཡོད།
བརྡ་ཆད་གཙོ་བོ།རྣམ་པར་གྱུར་པ་ན། ཉེས་པ་གསུམ། ལུས་ཟུངས་དང་དྲི་མ། འཕེལ་ཟད་འཁྲུགས་གསུམ། ནད་ཀྱི་རྒྱུ། ནད་ཀྱི་རྐྱེན།
     
འདིར་རྣམ་པར་གྱུར་པའི་ནད་ཀྱི་མཚན་ཉིད་ཅེས་པ་ནི་ཉེས་པ་སོགས་རང་རང་གི་ལྡང་ཚད་ལས་མང་བས་འཕེལ་བ་དང་། དེ་ལས་ཉུང་བས་ཟད་པ། དེ་དག་ཕན་ཚུན་འཁྲུགས་པ་སྟེ་རྣམ་པ་གསུམ་དུ་འདུས་ཤིང་། དེ་ལྟར་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་ནད་དེ་ཡང་རླུང་ལ་སོགས་པའི་ཉེས་པ་གསུམ་དང་། དྭངས་མ་ལ་སོགས་པའི་ལུས་ཟུངས་བདུན། བཤང་བ་ལ་སོགས་པའི་དྲི་མ་གསུམ་དང་བཅས་པ་ལས་འབྱུང་བ་ཡིན་ཏེ། འདིར་ནད་ཟུངས་དྲི་མ་གསུམ་པོ་རེ་རེ་ལའང་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་བའི་རྒྱུ་བསྟན་པ་དང་། འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་རྟགས་བསྟན་པ། ཉེས་པ་གསུམ་གྱི་འཁྲུགས་རྟགས་སོ་སོར་བསྟན་པ་བཅས་བཞིའི་ཐོག་ནས་བརྗོད་པར་བྱའོ།

གཅིག འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་རྒྱུ།

དེ་ལའང་འདིར་ཉེས་པ་དང་། ལུས་ཟུངས། དྲི་མ་དང་བཅས་པའི་འཕེལ་ཟད་ཀྱི་རྒྱུ་སོ་སོར་བསྟན་པ་སྟེ།
     
༡.ཉེས་པ་འཕེལ་ཟད་ཀྱི་རྒྱུ། དེ་ཡང་རླུང་ལ་སོགས་པའི་ཉེས་པ་རྣམས་འཕེལ་བ་དང་ཟད་པའི་རྒྱུའི་གཙོ་བོ་གང་གིས་བྱེད་དམ་ཞེ་ན། ཐོག་མར་མི་བདེ་ཐང་བ་ཞིག་གི་ལུས་ཀྱི་ཉེས་པ་རྣམས་འཕེལ་བ་དང་། ཡང་ན་ཟད་པ་ལ་མངོན་དུ་ཕྱོགས་པ་དེའི་ཚེ། བསྟེན་པར་བྱ་བའི་ཟས་དང་སྤྱོད་ལམ་རྣམས་དང་མཚན་ཉིད་ཀྱི་མཐུན་ཕྱོགས་རྣམས་ཡི་གར་འོང་ཞིང་བསྟེན་པར་འདོད་པ་དང་འཕྲོད་པར་སྙམ་པ། དེ་ལས་ལྡོག་ཕྱོགས་ཀྱི་རིགས་སྤྱོད་པར་མི་འདོད་ཅིང་མི་འཕྲོད་པར་སྙམ་པའི་སྣང་བ་འབྱུང་སྲིད་པ་སྟེ། དཔེར་ན་ཉེས་པ་རླུང་གི་ཁམས་འཕེལ་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ། ཤ་ཆང་ལ་སོགས་པ་རོ་མངར་ཞིང་ནུས་པ་ལྕི་སྣུམ་སོགས་ཀྱི་ཟས་སྐོམ་དང་། དྲོ་སར་གཉིད་ཉལ་བ་སོགས་དྲོ་ཞིང་དལ་བའི་སྤྱོད་ལམ་གྱི་རིགས་རྣམས་སྤྱོད་པར་མི་འདོད་ཅིང་དེ་མི་འཕྲོད་པར་སྙམ་པ། དེའི་དབང་གིས་མ་ཟོས་པ་དང་མ་བསྟེན་པར་སྤངས་དྲགས་པ་དང་། སྐྱབས་ཁུར་དང་ཇ་ལ་སོགས་པ་རོ་ཁ་ཞིང་བསྐ་བ་བཅུད་མེད་པའི་ཟས་རིགས་དང་། ལྟོ་བ་སྟོང་ཞིང་གཉིད་ཆག་པ་སོགས་ཡང་ལ་རྩུབ་པའི་སྤྱོད་ལམ་རྣམས་འདོད་ཅིང་འཕྲོད་པར་སྙམ་པས་དེ་རིགས་ཟོས་ཤིང་བསྟེན་དྲགས་པའི་ཕྱིར་རླུང་གི་ནད་འཕེལ་བ་དང་། དེ་ལས་གོ་ལྡོག་པ་སྟེ་ཡང་རྩུབ་བསིལ་བ་སོགས་ཀྱི་ཟས་སྤྱོད་རྣམས་འདོད་ཀྱང་མ་བྱིན་པས་སྤངས་དྲགས་པ་དང་། ལྕི་སྣུམ་དྲོ་བའི་རིགས་ཀྱི་ཟས་སྤྱོད་རྣམས་མི་འདོད་ཀྱང་ནན་གྱིས་བསྟེན་པ་ཡིས་རླུང་ཟད་པའི་ནད་དུ་འགྱུར་བ་ཡིན་ནོ། རྒྱུད་ལས། དང་པོ་ཉེས་པ་འཕེལ་དང་ཟད་པའི་རྒྱུ།། ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲོད།། སྤངས་བྱིན་དེ་དང་དེ་འཕེལ་ཟད་པར་འགྱུར།། ཞེས་གསུངས་པ་དང་། གཞན་ཟླ་ཟེར་ལས་ཀྱང་། ཟས་གང་མི་འདོད་གང་ཞིག་སློང་།། དེ་ལ་མི་འཕྲོད་འཕྲོད་པ་ནི།། སྤང་དང་སྦྱིན་པར་བྱ་བ་དང་།། དེ་དང་དེས་འཕེལ་ཟད་པར་འགྱུར།། ཞེས་གསུངས་པ་ལྟར་ཟས་སྤྱོད་མི་འདོད་པ་དང་འདོད་པ་སློང་བ། མི་འཕྲོད་པ་དང་འཕྲོད་པར་སྙམ་པ། དེ་དག་སྤངས་པ་དང་བྱིན་ནས་བསྟེན་པ་དེ་དང་དེ་དག་གིས་ནད་འཕེལ་བ་དང་ཟད་པར་འགྱུར་བ་ཡིན་ཞེས་རིམ་པར་སྦྱར་ནས་གོ་དགོས། མདོར་ན་ལྕི་སྣུམ་སོགས་ཉེས་པ་རླུང་གི་མཚན་ཉིད་ཀྱི་ལྡོག་ཕྱོགས་རྣམས་སྤངས་དྲག་པ་དང་། ཡང་རྩུབ་སོགས་རླུང་རང་གི་མཚན་ཉིད་དང་ཆོས་མཐུན་པ་རྣམས་བསྟེན་དྲགས་པ་ཡིས་རླུང་འཕེལ་བའི་ནད་དུ་འགྱུར་བ་དང་། དེ་ལས་ལྡོག་པ་སྟེ་ལྕི་སྣུམ་སོགས་རླུང་གི་མཚན་ཉིད་དང་མི་མཐུན་ཕྱོགས་བསྟེན་དྲགས་པ་དང་། ཡང་རྩུབ་སོགས་རླུང་རང་གི་མཚན་ཉིད་དང་མཐུན་པ་རྣམས་སྤངས་དྲགས་པ་ཡིས་རླུང་ཟད་པའི་ནད་དུ་འགྱུར་བ་ཡིན་ནོ། དེ་བཞིན་དུ་བསིལ་རྟུལ་སོགས་མཁྲིས་པའི་མཚན་ཉིད་དང་ཆོས་མི་མཐུན་པ་རྣམས་སྤངས་དྲགས་པ་དང་། ཚ་རྣོ་སོགས་མཁྲིས་པ་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པའི་རིགས་བསྟེན་དྲགས་པས་མཁྲིས་པ་འཕེལ་བའི་ནད་དུ་འགྱུར་བ་དང་། དེ་ལས་ལྡོག་སྟེ་བསིལ་རྟུལ་སོགས་མཁྲིས་པའི་མཚན་ཉིད་ཀྱི་ལྡོག་ཕྱོགས་རྣམས་བསྟེན་དྲགས་པ་དང་། ཚ་རྣོ་སོགས་མཁྲིས་པ་རང་གི་མཚན་ཉིད་དང་ཆོས་མཐུན་པ་རྣམས་སྤངས་དྲགས་པ་ཡིས་མཁྲིས་པ་ཟད་པའི་ནད་དུ་འགྱུར་བའོ། དེ་བཞིན་རྣོ་རྩུབ་ཡང་བ་སོགས་བད་ཀན་གྱི་མཚན་ཉིད་དང་རྗེས་སུ་མི་མཐུན་པའི་རིགས་སྤངས་དྲགས་པ་དང་། ལྕི་སྣུམ་བསིལ་བ་སོགས་བད་ཀན་རང་གི་མཚན་ཉིད་དང་མཐུན་ཕྱོགས་རྣམས་བསྟེན་དྲགས་པ་ཡིས་བད་ཀན་འཕེལ་བའི་ནད་དུ་འགྱུར་བ་དང་། དེ་ལས་གོ་ལྡོག་པ་སྟེ་རྣོ་རྩུབ་ཡང་བ་སོགས་བསྟེན་དྲགས་པ་དང་། ལྕི་སྣུམ་བསིལ་བ་སོགས་སྤངས་དྲགས་པ་ཡིས་བད་ཀན་ཟད་པའི་ནད་དུ་འགྱུར་བ་ཡིན། དེ་ལྟར་ཉེས་པ་རྣམས་འཕེལ་བ་དང་ཟད་པ་གང་རུང་གི་ནད་དུ་གྱུར་པའི་ཚེ་འོག་ནས་བསྟན་པའི་འཕེལ་ཟད་རང་རང་གི་ན་ལུགས་སོགས་ཀྱི་རྟགས་སྟོན་པ་ཡིན་ནོ།
     
དེ་ཡང་སྐབས་འདིར་ངེས་པར་དུ་ཤེས་དགོས་པ་ནི། དུས་ལ་ལྟོས་དགོས་པ་ཡིན་ཏེ། རྣམ་པར་མ་གྱུར་པའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ག་ཐ་མལ་དུ་གནས་པ་དེ་ཉིད་འཕེལ་ཟད་གང་རུང་ལ་མངོན་དུ་ཕྱོགས་པ་དེའི་ཚེ་བསྟེན་བྱའི་ཟས་སྐོམ་དང་སྤྱོད་ལམ་སོགས་ཀྱི་རོ་ནུས་ཡོན་ཏན་གྱིས་ཉེས་པའི་མཚན་ཉིད་མཐུན་ཕྱོགས་རྣམས་བསྟེན་དྲགས་པས་འཕེལ་བ་དང་སྤངས་དྲགས་པས་ཟད་པར་གྱུར། མཚན་ཉིད་ཀྱི་ལྡོག་ཕྱོགས་རྣམས་བསྟེན་དྲགས་པས་ཟད་པ་དང་སྤངས་དྲགས་པས་འཕེལ་བར་གྱུར་ནས། མཐར་འཕེལ་ཟད་གང་རུང་གི་ནད་དུ་གྱུར་བ་ཡིན་ཕྱིར། འདི་སྐབས་བཤད་པའི་འཕེལ་བ་དང་ཟད་པའི་རྒྱུ་ཡང་ཟས་སྤྱོད་ཀྱི་རོ་དང་ནུས་པ། དེའི་ཡོན་ཏན་དང་ལྡན་པའི་རིགས་རྣམས་བསྟེན་ཚུལ་དྲག་ཞན་སོགས་སུ་སོང་བ་ལ་ངོས་བཟུང་སྟེ། དེས་འཕེལ་ཟད་ཀྱི་ནད་དུ་འགྱུར་བ་ཡིན་ཞེས་གསོ་རིག་གི་གཞུང་དུ་མ་ནས་བཞེད་པ་གཅིག་མཐུན་དུ་གསུངས་མོད། འོན་ཀྱང་ཟས་སྤྱོད་ཀྱི་རོ་སོགས་བསྟེན་ཚུལ་ལོག་པ་དེ་འཕེལ་ཟད་ཀྱི་ནད་སྐྱེད་པར་བྱེད་པ་ནི་རྐྱེན་བྱེད་པ་ཙམ་ལས་རྒྱུ་མ་ཡིན་ཞིང། རྒྱུ་དངོས་ནི་འཕེལ་ཟད་དུ་མ་འགྱུར་པའི་སྔོན་གྱི་ཉེས་པ་གསུམ་པོ་གང་རུང་དེ་ལ་ངོས་བཟུང་ན་མི་འགྲིག་གམ། ཚེ་རྣམ་རིན་པོ་ཆེའི་འགྲེན་ཆེན་དྲང་སྲོང་ཞལ་ལུང་དུ་སྐབས་འདིའི་ས་བཅད་འདྲེན་ནུས། ཉེས་པ་འཕེལ་ཟད་ཀྱི་རྒྱུ་མཚན་དང་། ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ་མཚན། དྲི་མ་འཕེལ་ཟད་ཀྱི་རྒྱུ་མཚན་ཞེས་གསུངས་ཡོད་པ་ལས། ཉེས་པ་འཕེལ་ཟད་ཀྱི་རྒྱུ་ཞེས་གསུངས་མེད་པས་ཐུགས་ཧ་ཅང་སྒམ་པར་སྣང་ངོ་།
     
༢.ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ། དེ་ཡང་ལུས་ཟུངས་རྣམས་རང་གི་ལྡང་ཚད་ལས་ཉེ་ བར་འཕེལ་བ་དང་ཟད་པར་བྱེད་པའི་རྒྱུ་གཙོ་བོ་ནི་ཕོ་བའི་མེ་དྲོད་རྣམ་གསུམ་ཞེས་པ་དེ་ཡིན་ཞིང་། དེ་ཉིད་རང་རང་གི་གནས་སུ་ཐ་མལ་དུ་འདུག་པ་དེ་དང་། དེ་དག་གི་ཆ་ཤས་ལུས་ཟུངས་ཀུན་གྱི་རྡུལ་ཕུང་སོ་སོར་གནས་པ་དེའི་སྟོབས་ཉམས་ཤིང་བྲི་བས་ལུས་ཟུངས་རྣམས་འཕེལ་བ་དང་། ཆེས་ཆེར་འབར་བས་ལུས་ཟུངས་རྣམས་འཕེལ་བ་དང་། ཆེས་ཆེར་འབར་བས་ལུས་ཟུངས་རྣམས་ཟད་པར་འགྱུར་བ་ཡིན་ཏེ། དེའང་ལུས་ཟུངས་དང་པོ་དྭངས་མ་འཕེལ་བས་ཁྲག་ལ་སོགས་པའི་ཟུངས་ཕྱི་མ་རྣམས་འཕེལ་བ་དང་། དང་པོ་ཟད་པས་ཕྱི་མ་རྣམས་ཀྱང་ཟད་པར་འགྱུར་བ་ཡིན་ནོ། དཔེར་ན། ཟས་སྐོམ་འཇུ་བྱེད་ཀྱི་མེ་དྲོད་དང་། ཁྲག་དང་ཤ་ལ་སོགས་པའི་མེ་དྲོད་ཀྱི་ཆ་ཤས་རྣམས་ཉམས་ཤིང་བྲི་བ་ན། ཕོ་བར་བསྟེན་པའི་ཟས་སྐོམ་རྣམས་མྱག་བྱེད་ཀྱིས་མྱག་མ་ནུས། འཇུ་བྱེད་ཀྱིས་བཞུ་མ་ནུས། མེ་མཉམ་གྱིས་དྭངས་སྙིགས་འབྱེད་མ་ནུས་པས་ཟས་སྐོམ་གྱི་དྭངས་མ་དེ་སྨིན་ཞིང་། དེས་རྒྱུ་བྱས་ནས་ཁྲག་དང་ཤ་ལ་སོགས་པ་རྣམས་ཀྱི་རང་རང་གི་མེ་དྲོད་ཀྱིས་ཀྱང་ཕྱི་མ་ཕྱི་མ་རྣམས་ཀྱི་དྭངས་མ་དེ་མ་སྨིན་ཞིང་ཉེས་པའི་ཕྱིར་འོག་ནས་བསྟན་པའི་ལུས་ཟུངས་འཕེལ་བའི་ནད་རྟགས་རྣམས་སོ་སོར་སྟོན་པ་ཡིན། རྒྱུ་མཚན་ནི། མེ་རླུང་གི་མཐུ་ཉམས་པའི་ཚེ་ས་ཆུའི་སྟོབས་རྒྱས་པ་ཡིན་པར་སྙམ། དེ་བཞིན་དུ་ཕོ་བའི་མེ་དྲོད་དང་ལུས་ཟུངས་ཀྱི་མེ་དྲོད་རྣམས་ཆེས་ཆེར་འབར་དྲགས་ན་ཟས་སྐོམ་གྱི་དྭངས་མ་བསྐམ་པར་འགྱུར་ཞིང་། དེ་བསྐམ་པར་གྱུར་པས་ལུས་ཟུངས་ཕྱི་མ་རྣམས་ཀྱང་རིམ་གྱིས་ཟད་དེ་འགྲིབ་པར་ན་སོ་སོ་རང་རང་གི་ནད་རྟགས་རྣམས་འོག་ནས་འབྱུང་བ་ལྟར་སྟོན་པ་ཡིན། རྒྱུ་མཚན་ནི། མེ་རླུང་གི་སྟོབས་རྒྱས་ཏེ་ས་ཆུ་ཉམས་པར་བྱེད་པ་ཡིན་པར་སེམས། ཟླ་ཟེརལས། ལུས་ཀྱི་མེ་དྲོད་རང་གནས་འདུག། ཆ་ཤས་ལུས་ཟུངས་རྣམས་ལ་བསྟེན།། དེ་རྣམས་འགྲིབ་དང་རབ་འབར་བས།། ལུས་ཟུངས་འཕེལ་དང་ཟད་པར་འགྱུར།། ལུས་ཟུངས་དང་པོ་ཕྱི་མ་ནི།། རྒྱས་བྱེད་ཟད་པའང་དེ་བཞིན་ནོ།། ཞེས་གསུངས་པའི་ཕྱིར་རོ།
     
སྐབས་འདིར་རྒྱུད་ཀྱི་འགྲེལ་པ་འགའ་རེར། འབར་དང་འབྲི་བས་འཕེལ་དང་ཟད་པར་འགྱུར།། ཞེས་པར་བཅོས་ནས་འགྲེལ་བ་སྟེ། ལུས་ཀྱི་མེ་དྲོད་མཁྲིས་པ་འཇུ་བྱེད་དེ་མ་ཉམས་པར་རང་གནས་ན་འདུག་པ་དེའི་ཆ་ཤས་ཀྱི་མེ་དྲོད་ལུས་ཟུངས་བདུན་པོ་ཀུན་ལ་གནས་པ་སྟེ། མེ་དྲོད་རྣམས་འབར་ན་ལུས་ཟུངས་འཕེལ་བར་འགྱུར་ལ། མེ་དྲོད་དེ་རྣམས་བྲི་ན་ལུས་ཟུངས་ཟུད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཕོ་བའི་མེ་དྲོད་དེ་འབར་ན་ཟས་སྐོམ་ཞུ་བས་ལུས་ཟུངས་ཀྱི་དང་པོ་དྭངས་མ་རྒྱས། དྭངས་མ་རྒྱས་པས་ཁྲག་རྒྱས། ཁྲག་རྒྱས་པས་ཤ་ཚིལ་རུས་རྐང་ལ་སོགས་པ་ཕྱི་མ་རྣམས་ཀྱང་རྒྱས་པར་བྱེད་དོ། དེ་བཞིན་ཕོ་བའི་མེ་དྲོད་བྲི་བས་ཟས་མ་ཞུ་བར་ལུས་ཟུངས་ཀྱི་དང་པོ་དྭངས་མ་འགྲིབ། དྭངས་མ་འགྲིབ་པས་ཁྲག་སོགས་ལུས་ཟུངས་དྲི་མ་རྣམས་འགྲིབ་པར་བྱེད་པའི་ཕྱིར་ལུས་ཟུངས་འཕེལ་ཟད་ཀྱི་རྒྱུ་མེ་དྲོད་འབར་བ་དང་བྲི་བ་ལས་ཤེས་པར་བྱའོ། ཞེས་གསུངས་ནས་འགྲེལ་པ་མཛད་འདུག འོན་ཀྱང་བཞེད་པ་འདི་རིགས་ལ་ཟུར་མཁར་བ་སོགས་ཀྱིས་དགག་པ་གནང་བ་སྟེ། འདི་འདྲ་བས་ནི་ཕྱོགས་ཙམ་ཡང་མ་རྟོགས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བཤད་རྒྱུད་ཀྱི་ལུས་ཀྱི་མཚན་ཉིད་བསྟན་པའི་སྐབས་སུ། མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས།། སྟོབས་རྒྱས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ།། ཞེས་སོགས་ཀྱི་དོན་དང་གཅིག་ཏུ་འཁྲུལ་བའི་ཕྱིར་རོ། གང་ལགས་ཤེས་ན། དེ་ནི་མེ་དྲོད་རང་གི་ལྡང་ཚད་ལས་མ་གཡོས་པར་སྟོབས་རྒྱས་ཤིང་གནས་པ་དེ་དྭངས་མ་ལ་སོགས་པ་ལུས་ཀྱི་སྟོབས་ཀྱང་རྒྱས་པར་བྱེད་པའི་གཞི་ཡིན་པས་ན་ལུས་བདེ་བའི་རྒྱུ་ཡིན་པར་བཤད་ཅིང་། སྐབས་འདིར་ནི་ལུས་ཟུངས་ལོག་པར་འཕེལ་བའམ་ཟད་པས་ལུས་ལ་ནད་སྐྱེད་པར་བྱེད་པའི་ཚུལ་སྟོན་པ་ཡིན་ཏེ། ནད་ཟུངས་དྲི་མ་གསུམ་ག་འཕེལ་ཟད་ཀྱི་ནད་དུ་འགྱུར་བའི་རྒྱུ་བཤད་པའི་སྐབས་ཡིན་པའི་ཕྱིར་ན། འོག་ནས། དྭངས་མ་འཕེལ་བས་བད་ཀན་དང་འདྲ་ལ། ཞེས་སོགས་ཀྱི་འཕེལ་ཟད་ཀྱི་རྟགས་སྟོན་པའི་སྐབས་སུ་ལུས་ཟུངས་འཕེལ་བ་ནད་ཡིན་པར་བཤད་ཅིང་། འདིར་ལུས་ཟུངས་འཕེལ་བ་ཡོན་ཏན་དུ་འདོད་པ་ནང་འགལ་ལ། ཁྱད་པར་དུ་ཉེས་པའི་མཚན་ཉིད་སྟོན་པའི་སྐབས་ཡིན་པ་ཙམ་ཡང་མ་ཤེས་པས་ནོངས་སོ། ཞེས་དགག་པ་མཛད་པ་དང་། དེ་ལྟར་རྒྱུན་ལྡན་གྱི་ཕོ་བའི་མེ་དྲོད་དེ་ལྡང་ཚད་ལས་མ་གཡོས་པར་སྟོབས་རྒྱས་ཤིང་འབར་བ་དེས་ཟས་སྐོམ་བདེ་བླག་ཏུ་འཇུ་ཞིང་ལུས་ཟུངས་མདངས་དང་བཅས་པའི་སྟོབས་རྒྱས་ཤིང་འཕེལ་བའི་རྒྱུ་བྱེད་པ་དང་། དེ་ལས་ལྡོག་སྟེ་ཕོ་བའི་མེ་དྲོད་འབར་དྲགས་པ་དང་ཡང་ན་ཟད་དེ་ཉམས་དྲག་པས་དེས་ཟས་ཚུལ་བཞིན་དུ་འཇུ་མི་ནུས་པ་དང་ལུས་ཟུངས་འཕེལ་ཟད་ཀྱི་ནད་དུ་འགྱུར་བའི་རྒྱུ་བྱེད་པ་སྐབས་ཐོབ་ཀྱིས་གོ་དགོས་པ་གལ་ཆེ་བའོ། བཞེད་ཚུལ་འདི་ལ་ཚེ་རྣམ་རིན་པོ་ཆེས་ཀྱང་། དེ་ནི་རྒྱ་གཞུང་ཚད་ལྡན་དང་རྒྱུད་ཀྱི་དགོངས་པ་འཁྲུལ་མེད་ལགས་པས། ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པར་གོམ་མ་ཆག་གོ་ཞེས་གསུངས་པའོ།
     
༣.དྲི་མ་འཕེལ་ཟད་ཀྱི་རྒྱུ། གོང་དུ་བཤད་པའི་ཉེས་པ་དང་ལུས་ཟུངས་འཕེལ་ཟད་དུ་གྱུར་པ་དེ་དག་སྐབས་འདིའི་རྒྱུར་འདོད་པ་ཡིན་ལ། དེས་དྲི་མ་རྣམས་ལ་གནོད་ཅིང་ཚུལ་བཞིན་དུ་འབྱུང་བ་ལ་བར་ཆད་བྱ ས་ཏེ་འཕེལ་བའམ་ཡང་ན་ཟད་པའི་ནད་དུ་འགྱུར་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཐོག་མར་ཟས་སྐོམ་སོགས་བསྟེན་ཚུལ་ལོག་པས་ཉེས་པ་འཕེལ་ཟད་དུ་གྱུར་པ་དང་། ཉེས་པ་འཕེལ་ཟད་དུ་གྱུར་པས་ལུས་ཟུངས་འཕེལ་ཟད་དུ་གྱུར་པ་དང་། ལུས་ཟུངས་འཕེལ་ཟད་དུ་གྱུར་པས་དྲི་མ་ལ་གནོད་པར་བརྟེན་དེ་དག་ཕྱིར་མི་འབྱུང་བར་རང་རང་གི་གནས་སུ་གསོག་ཅིང་མང་དྲགས་པས་འཕེལ་བ་དང་། ཡང་ན་འཁྲུ་ཞིང་ཉུང་དྲགས་པས་ཟད་པ་སྟེ་མཚན་ཉིད་དེ་གཉིས་ལས་ཤེས་ཤིང་གོ་བར་བྱའོ། རྒྱུད་རང་ནས། དྲི་མ་ཐོགས་དང་ཤིན་ཏུ་འབྱུང་ལས་ཤེས།། ཞེས་གསུངས་པའི་ཕྱིར་རོ།

གཉིས། འཕེལ་ཟད་དུ་གྱུར་པའི་རྟགས།

འཕེལ་ཟད་ཀྱི་རྟགས་བསྟན་པ་དེ་ལ་འཕེལ་བའི་རྟགས་བསྟན་པ་དང་། ཟད་པའི་རྟགས་བསྟན་པའོ།
     
དང་པོ་འཕེལ་བའི་རྟགས་ལའང་ནད་ཟུངས་དྲི་མ་གསུམ་གྱི་འཕེལ་རྟགས་སོ་སོར་སྟོན་པ་ཡིན་ཏེ།
     
༡ .དེ་ཡང་ཉེས་པ་རྣམས་ལས་རླུང་འཕེལ་བའི་རྟགས་ལ་རང་གི་མཚན་ཉིད་རྩུབ་པ་དང་ཕྲ་བ་སོགས་འཕེལ་དྲགས་པས་ཟུངས་ཀྱི་དྭངས་མ་ལ་གནོད་ཅིང་ས་ཆུ་བཅོམ་པས་ལུས་ཀྱི་ཤ་རིད་ཅིང་སྐམ་ལ་པགས་མདོག་ནག་པ་དང་། མཚན་ཉིད་གྲང་བ་འཕེལ་བས་དྲོད་ཀྱི་རིགས་ལ་དགའ་བ་དང་། ཡང་གཡོ་གྲང་བས་ལུས་འདར་ཞིང་ལྟོ་སྦོས་པ་དང་། ཐུར་སེལ་གྱི་སྲ་བ་སོགས་ཀྱིས་བཤང་བ་སྲི་ཞིང་གྱེན་རྒྱུའི་ཡང་གཡོ་འཕེལ་བས་སྨྲ་བ་མང་ལ་མགོ་བོ་ཟི་ཐོམ་དུ་འཁོར་བ་དང་། དེ་མིན་སྤྱི་བྱེ་བྲག་གི་རླུང་རྣམས་ཀྱི་ལས་ལོག་པས་ལུས་ཀྱི་སྟོབས་ཉམས་པ་དང་། གཉིད་ཡེར་བ། དབང་པོ་རྣམས་ཀྱི་མཐུ་ཉམས་པས་རང་རང་གི་ཡུལ་ལ་ཇི་བཞིན་དུ་འཇུག་པར་མི་ནུས་པར་བྱེད་པའོ། དེ་བཞིན་དུ་མཁྲིས་པ་འཕེལ་བའི་རྟགས་ནི་སྣོད་ཀྱི་མཁྲིས་པ་ལུད་དེ་རྩ་ལམ་དུ་ཤོར་བ་དང་། རང་མདོག་འཕེལ་བས་དྲི་མ་དང་པགས་པ། མིག་སྤྲིན་སེན་མོ་སོགས་སེར་པོར་འགྱུར་ཞིང་། རྣོ་ཞིང་ཚ་བའི་མཚན་ཉིད་ཀྱི་སྟོབས་འཕེལ་བས་བཀྲེས་ཤིང་སྐོམ་པ། ལུས་ལ་ཚ་དྲོད་ཆེ་བ་དང་། ཡང་བས་གཉིད་ཆུང་ཞིང་འཁྲུ་བ་དང་གཤེར་བ་འཕེལ་བས་ཐུར་དུ་འཁྲུ་ལ་དྲི་འཕེལ་བས་དྲི་དུགས་པའོ། བད་ཀན་འཕེལ་བའི་རྟགས་ནི་རང་གི་མཚན་ཉིད་ཀྱི་བསིལ་བ་སོགས་འཕེལ་བས་ཕྱི་ནང་གི་དྲོད་ཉམས་ཤིང་ཟས་སྐོམ་འཇུ་མི་ནུས་པ་དང་། ལྕི་བརྟན་སོགས་ཀྱིས་ལུས་ལྕི་ཞིང་ཁོང་སྙོམ་པ་སྟེ་སྒྱིད་ལུག་ནས་བྱ་བ་བྱེད་འདོད་མེད་པ། འཇམ་པ་དང་འབྱར་བག་དག་གིས་མཆིལ་མ་དང་ལུད་པ་མང་ཞིང་དབུགས་ཀྱི་རྒྱུ་བ་མི་བདེ་བས་འཚང་བ། བད་ཀན་ས་ཆུའི་སྟོབས་ཀྱིས་ཤ་ཚིལ་འཕེལ་བས་ལུས་དང་ཡན་ལག་ལྷོད་ཅིང་གཉིད་ཆེ་བ་དང་། རང་མདོག་རྒྱས་པས་པགས་མདོག་དཀར་བའོ།
     
༢. ལུས་ཟུངས་ཀྱི་དང་པོ་དྭངས་མ་འཕེལ་བའི་རྟགས་ནི་གོང་དུ་བཤད་པའི་བད་ཀན་འཕེལ་རྟགས་དང་གཅིག་འདྲ་འབྱུང་བ་ཡིན་པས་ན། མེ་དྲོད་ཉམས་ནས་ཟས་སྐོམ་འཇུ་དཀའ་ཞིང་ཕྱི་ནང་གི་ལུས་དྲོད་ཆུང་དུ་འགྲོ་བ་ལ་སོགས་པའི་རྟགས་སུ་རྣམས་འབྱུང་བའོ། ལུས་ཟུངས་ཀྱི་གཉིས་པ་ཁྲག་འཕེལ་བའི་རྟགས་སུ་ལུས་ཀྱི་པགས་པར་མེ་དབལ་གྱི་ནད་འབྱུང་བ་སྟེ་པགས་ངོས་སུ་འབྲུམ་པ་དམར་པོས་ཁྱབ་ཅིང་མེས་ཚིག་པ་ལྟར་དྲོད་རྒྱས་པ། ཚ་དབལ་བྱེད་ཅིང་ཆུ་སེར་འཛག་པ་སོགས་དང་། དོན་སྣོད་སོགས་ཀྱི་ཡུལ་ལ་འབྲས་ནད་བྱུང་ནས་སོ་སོའི་ན་ལུགས་ཀྱི་རང་རྟགས་སྟོན་པ་དང་། ཁྱད་པར་དུ་མཆེར་པར་ཁྲག་འཕེལ་ཞིང་རྒྱས་པའི་ནད་དང་། མཛེ་ནད་ཀྱི་རིགས་འབྱུང་བའི་རྒྱུ་བྱེད་པ་དང་། གཞན་ཡང་ཁྲག་སྐྲན་སོགས་ཁྲག་ནད་ཐམས་ཅད་དང་། ལྷག་པར་དུ་ཁྲག་དེ་མཆིན་མཁྲིས་ཀྱི་གནས་སུ་འཕེལ་བས་མཁྲིས་ནད་མིག་སེར་ལ་སོགས་པ་བྱུང་ནས་ཁ་ཁ་ཞིང་མགོ་ན་བ། སྒྱུད་པ་སྐྱུར་ཞིང་ལུས་འགུལ་སྐྱོད་དཀའ་བ་སོགས་ཀྱི་རྟགས་སྟོན་པ་དང་། དེ་མིན་སོ་རྙིལ་སྐྲངས་ཤིང་ཁྲག་དོན་པ། མིག་སྤྲིན་དང་། བཤད་གཅི། པགས་པ་བཅས་ཀྱི་མདོག་དམར་སྨུག་ཏུ་གྱུར་པ་བཅས་ཀྱི་རྟགས་རྣམས་འབྱུང་བ་ཡིན་ནོ། ལུས་ཟུངས་ཀྱི་གསུམ་པ་ཤ་འཕེལ་བའི་རྟགས་ནི་མགྲིན་པའི་ཝ་བའི་རིགས་ཆེར་རྒྱས་ཤིང་འཕེལ་བ་དང་། ལྷག་པར་དུ་སྟོད་སྨད་ཀྱི་རྨེན་བུའི་རིགས་དག་ཀྱང་ཆེར་རྒྱས་ནས་ནད་དུ་གྱུར་པ་དང་། ལུས་ཀྱི་ཆ་ངེས་མེད་དུ་ཤ་ལྷག་སྐྱེ་ཞིང་ལུས་ཀྱི་ཤ་འདམ་སོ་སོ་རྒྱས་ནས་སྦོམ་པོར་གྱུར་པ་སོགས་ཀྱི་རྟགས་འབྱུང་བའོ། ལུས་ཟུངས་ཀྱི་བཞི་པ་ཚིལ་འཕེལ་བའི་རྟགས་ནི་ལུས་སེམས་ངལ་ཞིང་དུབ་པས་བྱ་བ་ལ་འཇུག་འདོད་ཆུང་ཞིང་། ལྷག་པར་དུ་གྱེན་དུ་འགྲོ་ཞིང་བང་རྒྱུག་པ་སོགས་མི་ནུས་པ་དང་། ཅུང་ཙམ་བསྐྱོད་ཀྱང་དབུགས་འཚང་ཞིང་རྒོད་པ། ཕྱི་ནང་གི་ཚིལ་བུ་འཕེལ་བས་ནུ་མ་དང་གསུས་པ་སོགས་རྒྱས་ཏེ་ལུས་སྦོམ་ཞིང་ལྟོ་ལྡིར་བ་སོགས་ཀྱི་རྟགས་སྟོན་པའོ། ལུས་ཟུངས་ཀྱི་ལྔ་རུས་པ་འཕེལ་བའི་རྟགས་ནི་ལུས་སྟོད་སྨད་ཀྱི་རུས་པ་གང་རུང་གི་གནས་སུ་རུས་ལྷག་བྱུང་ན་དེར་རེག་པའི་ཚེ་འབུར་འདྲིལ་སོགས་ཀྱི་རྟགས་ཡོད་པ་མ་ཟད། ལ་ལར་རྩིའི་རྒྱུན་ལ་རྐྱེན་ཐེབས་ནས་སྦྲིད་ཅིང་ན་ཟུག་འབྱུང་བ་དང་། རྐན་དང་སོ་རྙིལ་ཕྱི་ནད་དག་ནས་ཀྱང་སོ་ལྷག་འབྱུང་བཅས་ཀྱི་རྟགས་སྟོན་པ་ཡིན། ལུས་ཟུངས་ཀྱི་དྲུག་པ་རྐང་མར་འཕེལ་བའི་རྟགས་ནི་སྤྱིར་ན་རྐང་མར་ལུས་ཀྱི་བཅུད་དུ་འགྱུར་བ་ཡིན་ཞིང་དེ་འཕེལ་ཆེ་བས་ལུས་པོ་ལྕི་ལ་འགུལ་སྐྱོད་བྱེད་དཀའ་བ་དང་། མིག་གི་དམངས་དང་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ། རྐང་མར་གྱི་གནས་ལྷ་སོབ་མཐུག་སའི་ཚིགས་མགོ་རྣམས་སྦོམ་ཞིང་ཆེ་བར་གྱུར་པ་སོགས་ཀྱི་རྟགས་འབྱུང་བའོ། ལུས་ཟུངས་བདུན་པ་ཁུ་བ་འཕེལ་བའི་རྟགས་ནི། ཁུ་བ་འཕེལ་བས་རོ་ཙའི་ནུས་པ་རྒྱས་ཏེ་བུད་མེད་ལ་ཤིན་ཏུ་དད་ཅིང་ཆགས་པ་སྐྱེ་བར་འགྱུར་བ་དང་། ཁུ་བ་རང་ཉིད་ལ་བརྟེན་པའི་རྡེའུའི་ནད་འབྱུང་ཞིང་ཆུ་སོར་ཟུག་པ་སོགས་ཀྱི་ནད་རྟགས་སྟོན་པ་ཡིན་ནོ།
     
༣.དྲི་མ་རྣམས་ཀྱི་དང་པོ་བཤང་བ་འཕེལ་བའི་རྟགས་ནི་ལུས་ལྕི་བའི་སྣང་བ་བྱུང་ཞིང་འགུལ་སྐྱོད་ཆེར་མི་འདོད་པ་དང་། ལྟོ་བ་ཅུང་ཟད་སྦོས་ནས་རྒྱུ་ལོང་གི་གནས་སུ་ཅུང་གཟེར་ཞིང་འུར་འཁྲོག་དང་། འོག་རླུང་མང་བ་སོགས་ཀྱི་རྟགས་སྟོན་པའོ། གཅིན་པ་འཕེལ་བའི་རྟགས་ནི་ཆུ་སོར་ཞེས་ལྟེ་བའི་འོག་རྣམས་སུ་གཟེར་ཞིང་ན་ལ། གཅིན་པ་ཡང་ཡང་བཏང་ནའང་དེ་མ་ཐག་ཏུ་མ་བཏང་བའི་སྣང་བ་ཤར་ཞིང་སླར་ཡང་གཏོང་དགོས་པའི་སྣང་བ་འབྱུང་བ་སོགས་ཀྱི་རྟགས་སྟོན་པའོ། རྔུལ་འཕེལ་བའི་རྟགས་སུ་དཔྲལ་བ་དང་སྐེ་མཇིང་སོགས་ལུགས་ཀྱི་ཆ་གང་དུ་ཡང་རྔུལ་ནག་ཆེར་འབྱུང་བ་དང་། ལུས་ཀྱི་དྲི་མ་ལྡོག་སྟེ་དྲི་མང་ཞིང་མི་ཞིམ་པར་བྲོ་བ། འབྲུམ་པ་དང་གཡན་པ་ལ་སོགས་པའི་པགས་པའི་ནང་རིགས་གང་ཡང་འབྱུང་བ་བཅས་ཀྱི་རྟགས་སྟོན་པ་ཡིན་ནོ། གཞན་ཡང་དྲི་མ་ཕྲ་མོ་སྟེ་དབང་པོ་རྣམས་ཀྱི་དྲི་མ་ཞེས་དཔེར་ན་མིག་གི་དྲི་མ་མིག་སྐྱག་དང་། སྣའི་དྲི་མ་སྣབས་དང་། རྣ་བའི་དྲི་མ་རྣ་སྤབས་སོགས་བུ་ག་རྣམས་ནས་བྱུང་བའི་དྲི་མ་རྣམས་འཕེལ་བའི་རྟགས་ནི་དབང་པོ་རང་རང་གི་གནས་རྣམས་ལྕི་ཞིང་གཡའ་ལ་བརྩེ་བ་དང་། ཡང་ན་འདྲུལ་ཞིང་རྨ་ལ་སོགས་པའི་ནད་འབྱུང་བ་བཅས་ཀྱི་རྟགས་སྟོན་པ་ཡིན་ནོ།
     
གཉིས་པ་ཟད་པའི་རྟགས་ལའང་དེ་ལྟར་དུ་ནད་ཟུངས་དྲི་མ་གསུམ་གྱི་ཟད་རྟགས་སོ་སོར་སྟོན་པ་ཡིན་ཏེ།
     
༡.དེ་ཡང་ཉེས་པ་རྣམས་ལས་རླུང་ཟད་པའི་རྟགས་ནི་རང་གི་མཚན་ཉིད་ཡང་གཡོ་སོགས་བྲི་བ་དང་གྱེན་རྒྱུའི་རླུང་གི་བྱེད་ལས་ཉམས་པས་ལུས་ཀྱི་རྩོལ་བ་ཆུང་དུ་འགྲོ་ཞིང་དྲན་པའི་དབང་པོ་མི་གསལ་བ་དང་། སྨྲ་བརྗོད་ལ་ཆེར་མི་སྤྲོ་ཞིང་གཏམ་ཇེ་ཉུང་དུ་འགྲོ་བ། ལུས་མི་བདེ་བ་དང་སྟོབས་མདངས་ཉམས་པ་སོགས་འབྱུང་བ་མ་ཟད། མེ་དྲོད་ཉམས་པ་དང་ཁ་ཟས་མི་འཇུ་བ་སོགས་བད་ཀན་འཕེལ་བའི་རྟགས་རྣམས་སྟོན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རླུང་ནི་འབྱུང་བ་ནམ་མཁའ་དང་རླུང་གི་རང་བཞིན་ཡིན་པས། དེ་ཟད་ན་འབྱུང་བ་ས་ཆུའི་རང་བཞིན་ཅན་གྱི་བད་ཀན་འཕེལ་བའི་རྟགས་སྟོན་པ་ཡིན་ཏེ། དེ་ནི་གཅིག་ཟད་ན་ཅིག་ཤོས་མི་མཐུན་པ་དེ་འཕེལ་བའི་དོན་གྱིས་སོ། མཁྲིས་པ་ཟད་པའི་རྟགས་ནི་ལུས་ཕྱི་ནང་གི་མེ་དྲོད་ཀྱི་རང་བཞིན་དང་པགས་པ་སོགས་ཀྱི་མདོག་ཉམས་ཤིང་ཟད་པར་གྱུར་རེག་བྱ་གྲང་ཞིང་ཁ་དོག་ནག་པོར་འགྱུར་བ་ཡིན་ཏེ། དེ་ནི་མཁྲིས་པའི་མཚན་ཉིད་རྣོ་ཞིང་ཚ་བ་སོགས་དང་། ཁྱད་པར་དུ་འཇུ་བྱེད་དང་མདོག་གསལ་གྱི་སྟོབས་ཉམས་ཤིང་ཟད་པའི་ཕྱིར་རོ། བད་ཀན་ཟད་པའི་རྟགས་ནི་བད་ཀན་གྱི་རང་གནས་མགོ་དང་། ལྷག་པར་དུ་དྭངས་མ་དང་། ཤ་དང་། ཚིལ་ལ་སོགས་པར་གནས་ཏེ་དེ་དག་ཉམས་ཤིང་བྲི་བས་ཀླད་ཟུངས་ལའང་གནོད་ནས་མགོ་ཡུ་འཁོར་ཞིང་། ཤ་སོགས་ལུས་ཟུངས་རྣམས་རིད་ཅིང་སྐེམ་པར་འགྱུར་བ་དང་། བད་ཀན་གྱི་མཚན་ཉིད་ལྕི་བ་དང་བརྟན་པ་ཟད་ཅིང་རླུང་གི་ཡང་བ་དང་གཡོ་བའི་མཚན་ཉིད་འཕེལ་བས་སྙིང་འདར་བ། འབྱོར་བྱེད་ཀྱི་མཐུ་ཉམས་པས་ལྷུ་ཚིགས་རྣམས་དམ་པོ་མེད་པར་ལྷོད་པར་འགྱུར་བ་སོགས་ཀྱི་རྟགས་འབྱུང་བ་ཡིན་ནོ།
     
༢.ལུས་ཟུངས་རྣམས་ལས་དང་པོ་དྭངས་མ་ཟད་པའི་རྟགས་ནི། དེ་ཡང་དྭངས་མ་ཟད་པར་གྱུར་ན་ཤ་ལ་སོགས་པའི་ལུས་ཟུངས་གཞན་དག་འཕེལ་བའི་རྒྱུ་མེད་པས་ལུས་སྐེམ་པོར་ཆགས་པ་དང་། དེའི་ཚེ་དབང་པོ་སོ་སོའི་མཐུ་ཉམས་པས་ན་ཁ་ཟས་ཀྱང་མིད་དཀའ་ལ། རླུང་གི་རྩུབ་པ་སོགས་འཕེལ་བས་ཕྱིའི་པགས་མདངས་ཉམས་ནས་རེག་བྱ་རྩུབ་ཅིང་གྱོང་པོར་གྱུར་པ་དང་། ཕྱི་ནང་གི་བུ་ག་རྣམས་སུ་ཟུངས་རྒྱུ་བ་ཟད་པས་རྩ་རྣམས་སྟོང་ཞིང་འབྱུང་བ་ནམ་མཁའི་མཁས་སུ་གྱུར་པ་ཤས་ཆེ་བ་རྣ་བའི་བུ་གར་སྒྲ་ཆེན་པོ་བྱུང་བའམ་སྒྲོག་པའི་ཚེ་བཟོད་མི་ནུས་པ་ལྟ་བུའི་བཟོད་སྲན་ཆུང་ལ། རླུང་གི་ན་ལུགས་བཞིན་དུ་དཔྱི་རྐེད་དང་རུས་ཚིགས་མ་ལུས་པ་ན་བ་སོགས་ཀྱི་རྟགས་སྟོན་པ་ཡིན་ནོ། ཁྲག་ཟད་པའི་རྟགས་ནི། ལུས་སྟོད་སྨད་དོན་སྣོད་སོགས་ཀྱི་ཁྲག་རྒྱུ་བའི་ཡལ་ག་རྣམས་སྟོང་པར་གྱུར་པས་རྩ་ལྷོད་ཅིང་། རྩ་ཕྲན་གྱི་བུ་ག་ཕྲ་མོ་རྣམས་ཀྱིས་ལུས་ཀྱི་པགས་ངོས་ཐམས་ཅད་ཁྱབ་ཅིང་དེའི་ནང་གི་རྒྱུ་བ་ཟད་པས་པགས་པ་རྩུབ་པོར་འགྱུར་བ་དང་། དེ་དག་གིས་ལུས་དྲོད་ཉམས་ཤིང་ཞན་པས་ཁྲག་དང་ཚ་བས་སྐྱེད་པའི་འབྱུང་བ་མེ་སའི་སྟོབས་ཤས་ཆེ་བའི་རོ་སྐྱུར་བ་སོགས་ལ་དགའ་ཞིང་དད་པ་དང་། ཁྲག་ཟད་པའི་མཐར་རླུང་སྐྱེས་པས་ཁྲག་གི་ཚད་རོ་དང་འཁྲུགས་པས་རེག་བྱ་སོགས་བསིལ་བའི་རིགས་ལ་དགའ་ཞིང་འདོད་པ་བཅས་ཀྱི་རྟགས་སྟོན་པའོ། ཤ་ཟད་པའི་རྟགས་ནི། ལུས་ཟུངས་ཤ་སྐྱེད་པའི་རྒྱུ་ཁྲག་ཡིན་ལ། དེ་ཟད་པས་གཞིའི་ཟུངས་ཤ་ཡང་རིམ་པར་ཟད་དེ་རུས་པའི་ལྷུ་དང་ཚིགས་རྣམས་ལ་ན་ཚ་དང་ཟུག་གཟེར་འབྱུང་ཞིང་པགས་པ་རིམ་གྱིས་རུས་པ་ལ་འབྱར་ཏེ་ལུས་སྐམ་ཞིང་རིད་པར་འགྱུར་བ་སོགས་ཀྱི་རྟགས་སྟོན་པའོ། ཚིལ་ཟད་པའི་རྟགས་ནི། ཚིག་སྐྱེད་པའི་རྒྱུ་དེ་ཡང་ལུས་ཟུངས་གོང་མ་རྣམས་ལས་འབྱུང་བ་ཡིན་ཏེ། དེ་དག་རིམ་པར་ཟད་པས་གཞིའི་ཚིལ་རྣམས་ཀྱང་ཟད་དེ་རླུང་གི་མཚན་ཉིད་ཡང་གཡོ་འཕེལ་བས་གཉིད་ཆུང་བར་འགྱུར་བ་དང་། ཤ་སྐམ་པའི་དུས་མཉམ་དུ་ཚིལ་ཡང་སྐེམ་པར་གྱུར་པས་སྣུམ་པ་དང་འཇམ་པའི་མཚན་ཉིད་ཟད་དེ་རླུང་འཕེལ་བས་ཕྱིའི་ལུས་ཀྱི་པགས་མདོག་སྔོ་སྐྱར་འགྱུར་བ་སོགས་ཀྱི་རྟགས་སྟོན་པའོ། རུས་པ་ཟད་པའི་རྟགས་ནི། ལུས་ཟུངས་གོང་མ་རྣམས་ལས་བཤད་པ་ལྟར་རུས་པ་སྐྱེད་པའི་རྒྱུ་ཡང་ཚིལ་སོགས་ཡིན་ཏེ། དེ་དག་ཟད་པས་རུས་པ་ཡང་ཟད་དེ་སྔར་སྐྱེས་ཀྱི་སྐྲ་དང་བ་སྤུ། སོ་དང་སེན་མོ་རྣམས་ཕྱིར་ཐོན་པ་དང་། ཚབས་ཆེན་བྱི་ཞིང་བུད་འགྲོ་བ་སོགས་ཀྱི་རྟགས་སྟོན་པ་སྟེ། ཅིའི་ཕྱིར་ཞེ་ན། སྐྲ་སེན་སོགས་ནི་རུས་པའི་སྙིགས་མ་ཡིན་པས་རུས་པ་ཟད་ན་སྙིགས་མ་འབྱུང་བའི་རྒྱུ་མེད་པས་ཡིན་ནོ། རྐང་ཟད་པའི་རྟགས་ནི། ལུས་ཟུངས་རྐང་མར་གྱི་གནས་ཏེ་རུས་པ་དང་ལྷ་བའི་སྦུབས་ཀྱི་རྐང་མར་རིམ་པར་ཟད་པས་སྟོང་པར་གྱུར་ནས་མགོ་དང་ལུས་པོའི་བཅུད་ཉམས་ཤིང་རླུང་རང་གི་ཡང་གཡོའི་ཆ་འཕེལ་བས་མགོ་ཡུ་འཁོར་བ་དང་། མིག་གི་མཐོང་བྱེད་ཀྱི་ནུས་པ་ཡང་ཉམས་པས་མཐོང་ལམ་འགྲིབ་ཅིང་མི་གསལ་བ་སོགས་ཀྱི་རྟགས་འབྱུང་བའོ། ཁུ་བ་ཟད་པའི་རྟགས་ནི། རྐང་སོགས་ཁུ་བ་སྐྱེད་པའི་རྒྱུ་རྣམས་ཟད་པས་ཁུ་བ་ཡང་རིམ་པར་ཉམས་ཏེ་མཐར་ཁུ་བ་ཁྲག་ཏུ་འབྱུང་བ་དང་། དབང་པོ་མིག་ལྡང་བ། འདོད་པའི་བདེ་བ་ཉམས་པ། ཐུར་སེལ་རླུང་གི་བྱེད་ལས་ལོག་པས་མཚན་མ་གསང་སྒྲོ་དང་བཅས་པ་མེས་འཚིག་པ་ལྟར་གྱི་ཚ་ཟུག་གི་ཚོར་བ་བྱུང་བ་སོགས་ཀྱི་རྟགས་སྟོན་པ་ཡིན་ནོ། དེ་ལྟར་ལུས་ཟུངས་གོང་མ་གོང་མ་རྣམས་ཟད་པས་འོག་མ་འོག་མ་རྣམས་ཀྱང་ཟད་པའི་རྒྱུར་འགྱུར་བའང་ཤེས་པར་བྱའོ།
     
དེ་ལྟར་ལུས་ཟུངས་བདུན་གྱི་མཐར་ཐུག་གི་དྭངས་མ་མཆོག་ཏུ་གྱུར་པ་དེ་ནི་ལུས་ཀྱི་མདངས་ཡིན་ཏེ། དེ་ཡང་ཁུ་བ་ཟད་ན་མདངས་ཟད་པས་ཁྱབ་ཅིང་། ལྷག་པར་དུ་སེམས་ལས་ཆེ་བ་དང་། སྡུག་བསྔལ་གྱིས་མཐར་བ་སོགས་ནི་མདངས་ཟད་པའི་རྒྱུར་འགྱུར་བ་ཡིན་ཞིང་། དེའང་མདངས་ཞེས་པ་ནི་གཙོ་བོ་སྙིང་ལ་གནས་པས་དེ་ཟད་པའི་ཚེ་ཡུལ་དེ་དག་སྟོང་པར་གྱུར་ནས་རླུང་ཞུགས་པའི་རྐྱེན་གྱིས་སེམས་ལ་དངངས་སྐྲ་སྐྱེ་བ་དང་། ལུས་རིད་ཅིང་ཉམ་ཆུང་བ། དཀར་འཇམ་གྱི་བཀྲག་མདངས་ཉམས་པ། ལུས་སེམས་ཀྱི་ནུས་ཤུགས་ཉམས་ནས་གང་ལའང་སྙིང་མི་དགའ་བ་སོགས་ཀྱི་རྟགས་སྟོན་པ་མ་ཟད། ཚེ་ཡང་ཟད་པར་འགྱུར་བ་ཡིན། གང་ལགས་ཤེ་ན། མདངས་ནི་ཚེ་སྲོག་གི་རྟེན་ཡིན་པའི་ཕྱིར་ཏེ། བཤད་པའི་རྒྱུད་ལས། ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད།། ཅེས་གསུངས་པའོ།
     
༣.དྲི་མ་རྣམས་ལས་དང་པོ་བཤང་བ་ཟད་པའི་རྟགས་ནི་རྒྱུ་ལོང་སྟོང་པར་གྱུར་པས་རླུང་ཞུགས་ཏེ་སྦོས་ནས་འུར་འུར་འཁྲོག་འཁྲོག་གི་སྒྲ་འབྱུང་བ་དང་། དུས་མཚུངས་སུ་རླུང་ཁ་གྱེན་དུ་འཁྱིལ་ནས་འོག་རླུང་ཐོན་དཀའ་བ་དང་། སྐབས་རེར་རླུང་གྱེན་དུ་སྟོད་ཕྱོགས་སུ་རྒྱུ་ཞིང་འགྲོ་བས་རྩིབ་ལོགས་དང་སྙིང་ག་སོགས་རླུང་གསང་རྣམས་སུ་ན་ཟུག་འབྱུང་བ་བཅས་ཀྱི་རྟགས་སྟོན་པ་ཡིན། གཅིན་པ་ཟད་པའི་རྟགས་ནི་ནད་མེད་ཐ་མལ་བའི་སྐབས་ཀྱི་དྲི་ཆུའི་ཁ་དོག་ལས་མདོག་གཞན་དམར་པོ་དང་སེར་པོ་སོགས་སུ་འགྱུར་བ་དང་། ཡང་ན་སྐམ་ནས་འབབ་ཏུ་མེད་པའམ་སྲི་ནས་འབྱུང་དཀའ་བ། བབས་ཀྱང་ཉུང་ངུ་ཉུང་ངུ་ཙམ་ལས་མི་འབབ་པའི་རྟགས་སྟོན་པ་ཡིན། རྔུལ་ཟད་པའི་རྟགས་ནི། ལུས་ཀྱི་སྐྱི་པགས་ཀྱི་རླན་རྣམས་ཉམས་པས་པགས་པ་སྐམ་ཞིང་གྱོང་ལ་འགངས་པ་དང་། དེ་བས་བ་སྤུ་ཡང་གྱེན་དུ་གཟེངས་ཞིང་ལངས་ནས་རྩུབ་སྙམ་ཅད་དུ་འགྲོ་བ་དང་། དེ་དག་འཚོ་རྟེན་གྱི་རྒྱུན་ཆད་པས་རིམ་གྱིས་འབྱི་ཞིང་ལྷུང་འགྲོ་བ་སོགས་འབྱུང་བ་ཡིན་ནོ། ལུས་ཟུངས་རྣམས་ཀྱི་དྲི་མའང་དྲི་མ་ཕྲ་མོ་རྣམས་ཟད་པའི་རྟགས་ནི། སྤྱིར་ན་དྲི་མ་ཕྲ་མོའི་རིགས་ཟད་པ་འདི་ཧ་ཅང་བརྟག་དཀའ་ཞིང་རེ་རེ་ནས་འདིའོ་ཞེས་ངོས་འཛིན་ནུས་པའི་མཁས་པ་དཀོན་ཀྱང་། འདིར་གཞུང་གི་འགྲོས་དང་བསྟུན་ནས་ཅུང་ཟད་སྨོས་ན། དྲི་མ་རང་རང་གི་གནས་ཏེ་དཔེར་ན། མིག་དང་རྣ་བ་དང་སྣ་དང་ཁ་དང་བ་སྤུའི་སྒོ་ལ་སོགས་པ་རྣམས་སུ་རིམ་པས་མིག་སྐྱག་དང་རྣ་སྤབས་དང་སྣབས་དང་མཆིལ་མ་དང་བ་སྤུ་སོགས་ཟད་པས་གནས་དེ་དང་དེ་དག་སྐམ་ཞིང་སྟོང་བ་དང་། ལྷག་པར་དུ་ཡང་བར་འགྱུར་བའོ། དེ་ཡང་དཔའ་བོའི་སྙིང་པོ་བསྡུས་པ་ལས། དྲི་མ་ཤིན་ཏུ་ཕྲ་བ་རྣམས།། ཟད་པས་བརྟག་དཀའ་དྲི་མ་ཡི།། རང་གནས་བསྐམས་དང་ན་བ་དང་།། སྟོང་དང་ཡང་བ་ལས་ཤེས་བྱ།། ཞེས་གསུངས་པ་ལྟར་རོ།
     
མདོར་ན་ལུས་ཟུངས་རྣམས་ནི་རང་རང་གི་དྲི་མ་ལ་བརྟེན་ཅིང་གནས་པས་ན། དྲི་མ་རྣམས་འཕེལ་བས་ནད་བསྐྱེད་པ་མ་ཟད། དྲི་མ་ཟད་པས་ཀྱང་ལུས་ཟུངས་ཀྱི་སྟོབས་ལ་གནོད་ཅིང་ན་ཟུག་བསྐྱེད་པ་ཡིན་ནོ།
                                    གསུམ། ཉེས་པ་གསུམ་གྱི་འཁྲུགས་རྟགས།
     
སྤྱིར་འཁྲུགས་ཞེས་པ་ནི། གནོད་བྱ་དང་གནོད་བྱེད་ཀྱི་མཚན་ཉིད་དེ་དག་ཐ་མལ་དུ་གནས་པ་ལ་རྐྱེན་བཞིས་སྐྱེད་ཅིང་འདོམས་པས། མཚན་ཉིད་མཐུན་པ་རྣམས་ལྷན་ཅིག་ཏུ་འཕེལ་ཞིང་སྟོབས་སུ་གྱུར་པས། མཚན་ཉིད་ལྡོག་ཕྱོགས་རྣམས་འཇོམས་པ་དང་། མཚན་ཉིད་མི་མཐུན་པའི་སྟོབས་མཉམ་པ་རྣམས་ཕན་ཚུན་གནོད་ཅིང་འཐབ་པའི་ཆ་དེ་ལ་འཁྲུགས་ཞེས་བརྗོད་པ་ཡིན་ནོ། འདིར་བསྟན་ཉེས་པ་གསུམ་གྱི་འཁྲུགས་རྟགས་ཞེས་པ་ཡང་། ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་རྣམ་པར་གྱུར་ནས་འཁྲུགས་པའི་ནད་ཀྱི་ངོ་བོར་སོང་བའི་ཚེ་གང་སྟོབས་ཆེ་བ་དེའི་རྟགས་གཙོ་བོར་བརྗོད་པ་ཡིན་ཞེས་བསྟན་པའོ།
     
. རླུང་འཁྲུགས་པའི་རྟགས་ནི། དང་པོ་རེག་པ་རྩའི་འཕར་ཚུལ་ཏེ་རླུང་གི་ཡང་གཡོ་ཤས་ཆེ་བས་འཕར་རྩའི་རྒྱུ་བ་སྟོང་ལ་མནན་མི་བཟོད་པ་དང་། ཤའི་སྟེང་དུ་ཐོན་པས་ཁ་ན་རྐྱལ་ཞེས་རྩ་དཔངས་མཐོ་ལ་སྐབས་སྐབས་སུ་སྡོད་འབབ་པ་དང་། དྲི་ཆུ་ནི་ལུ་མའི་ཆུ་ལྟར་དུ་མདོག་སྔོ་ཞིང་ཀུ་ཡ་སོགས་ཉུང་བས་དྭངས་ཤིང་ཝུ་བ་མཛོ་མིག་ལྟར་དུ་ཆེ་ལ་ཕལ་ཆེར་མི་ལྡོག་ཅིང་། གལ་ཏེ་ལོག་ཀྱང་ལྡོག་རྗེས་སླ་བ་ཡིན། དེ་ནི་རླུང་གི་གྲང་བ་དང་སྲ་བ་སོགས་ལུས་ཐམས་ཅད་དུ་ཁྱབ་པས་བད་ཀན་བསྒོངས་ཤིང་ཁྲག་མཁྲིས་ཀྱི་མཚན་ཉིད་བཅོམ་པའི་རྒྱུ་མཚན་གྱིས་འབྱུང་བའོ། ཁྱད་པར་དུ་རླུང་གི་མཚན་ཉིད་དང་ཆོས་མཚུངས་པར་གནས་གཅིག་ཏུ་སྡོད་མི་ཚུགས་པར་གཞན་དུ་འགྲོ་སྙིང་འདོད་པ་དང་། ཡང་ཞིང་གཡོ་བས་སེམས་བསྒྱུར་ཞིང་སྙིང་མི་བདེ་བར་ཤུས་འདེབས་པ་དང་། ཤེས་པ་ཡང་ལ་སེམས་འཕྱོ་བ། སྲོག་རྩ་དང་འབྲེལ་བའི་ཀླད་པ་དང་རྣ་བའི་དབང་བོ་དག་གི་ལམ་ལ་ཞུགས་པའི་རྒྱུ་མཚན་གྱིས་མགོ་བོ་འཁོར་ཞིང་ཟི་འཐོམ་དུ་གྱུར་པས་རྨོངས་ཤིང་འཐིབས་ལ་སྐབས་འགར་འགྱེལ་བུབ་བྱེད་པ་དང་། རྣ་བར་ཁྲོག་ཁྲོག་སོགས་ཀྱི་སྒྲ་མེད་བཞིན་དུ་གྲགས་པ་དང་། རླུང་གིས་ཁྲག་སྟོབས་བུས་པའི་དབང་གིས་ལྕེ་དམར་ཞིང་སྐམ་ལ་རྩུབ་པ་དང་། ཟས་སྐོམ་གྱི་བྲོ་བས་མ་བསྐྱེད་ཀྱང་ཁ་ལ་རོ་བསྐ་བ་བྲོ་བ། གཟེར་ཟུག་འབྱུང་བའི་གནས་ལ་ངེས་པ་མེད་ཅིང་གོང་འོག་སོགས་སུ་འཕོས་ནས་འགྲོ་བ། ལུས་པོར་གྲང་ཤུམ་བརྒྱབ་ནས་བརྩེ་འདར་བྱེད་པ། ཤ་སྣ་རེའི་རྒྱུད་ཀོ་ལེར་འགུལ་འཕིག་འོང་ཞིང་ན་ཟུག་ལུས་ཀུན་ལ་ཁྱབ་འགྲོ་བ་དང་། སྒྱིད་པ་སྐྱུར་ནས་ལུས་སེམས་སྙོམས་པ། ཡན་ལག་སོགས་ཀྱི་བྱ་བ་ཉམས་ཏེ་ཤིང་ལྟར་རེངས་པ་དང་། ཡང་ན་སྐམ་ནས་གྱོང་བའམ་འཁུམས་པ། ཤ་པགས་ཀྱི་བར་མཚམས་བྱེའོ་དང་། རུས་པ་རྣམས་ཆག་གོ་སྙམ་པ་དང་། མིག་སོགས་དབང་པོ་རྣམས་ཕྱིར་འབྱིན་པ། ལུས་ཀུན་ཐག་པས་དཀྲིས་ཤིང་བསྡམས་པའོ་སྙམ་དུ་སེམས་པ་དང་། འགུལ་བསྐྱོད་བྱས་ཚེ་ན་ཟུག་ལྷག་པར་ཆེ་བ། གཉིད་ཇེ་ཆུང་དུ་སོང་བས་མཚན་མོ་ཡང་ཆེར་མི་གཉིད་པ། ནམ་རྒྱུན་གཡལ་བ་མང་ཞིང་ལུས་འདར་བ་དང་། ཡན་ལག་རྣམས་ཤུགས་ཀྱིས་རྐྱོང་བར་འདོད་པ། རྒྱུ་མཚན་ཆེར་མེད་པར་ཁོང་ཁྲོ་ལངས་ཤིང་ཚིག་པ་ཟ་བ། དཔྱི་རྐེད་ལ་སོགས་པའི་རུས་པ་དང་ཚིགས་ཐམས་ཅད་དབྱུག་པས་བརྡུངས་པ་ལྟར་སྙམ་དུ་བྱེད་དེ་གཟེར་བ་དང་། ལྷག་པར་དུ་མུར་འགྲམ་དང་བྲང་དང་ལྟག་པའི་རུས་པ་རྣམས་སུ་གཟེར་ཟུག་ལྡང་བ། ཨན་སྟོང་ཚིགས་པ་དང་པོ་སོགས་རླུང་གསང་རྣམས་ནི་ཁ་བྱེ་བ་ལྟར་སྙམ་དུ་བྱེད་ཅིང་མནན་ན་ལྷག་ཏུ་ན་ཟུག་འབྱུང་བ་དང་། སྐབས་འགར་སྟོང་སྐྱུགས་བྱེད་པ་དང་ཐོ་རངས་ཀྱི་དུས་ཝུ་གསོབ་ལུ་རྒྱུ་མང་བ། གསུས་ཁོག་སྦོས་ཞིང་ཁྲོག་ཁྲོག་ཅེས་སྒྲ་འབྱུང་བ་སོགས་དང་། ལྷག་པར་དུ་དགོང་མོ་དང་ཐོ་རངས། ཁ་ཟས་ཞུ་བའི་རྗེས་རྣམས་སུ་ནད་ལྷག་ཏུ་ལྡང་བ་བཅས་ནི་རླུང་འཁྲུགས་པའི་རྟགས་ཡིན་པ་ཤེས་པར་བྱའོ།
      
. མཁྲིས་པ་འཁྲུགས་པའི་རྟགས་ནི། རེག་པ་རྩའི་འཕར་ཚུལ་ཏེ་དཔངས་མཐོ་བས་ཁར་རྒྱས་ཤིང་རྟ་རྔའི་ཉག་མ་གཅིག་ཏུ་བསྒྲིལ་བ་ལྟར་ངོ་བོ་ཕྲ་ལ་གྲིམས་པ་དང་། གྲངས་མགྱོགས་པས་མྱུར་བར་འཕར་བ། དྲི་ཆུའི་མདོག་གི་རྟེན་དང་བརྟེན་པའི་ཁ་དོག་འདྲེས་པས་དམར་ཞིང་སེར་བ་དང་། དྲི་མནམ་པའི་མཚན་ཉིད་ཀྱིས་སྣའི་ཡུལ་དུ་མི་སྡུག་པར་དྲི་མ་དུགས་ཤིང་། མཁྲིས་པ་ཚ་བའི་སྟོབས་རྒྱས་པས་རླངས་པ་ཆེ་ལ་སྤྲིས་མ་དང་ཀུ་ཡ་མཐུག་པ། ཚ་བ་མེ་ཡི་མཚན་ཉིད་ཀྱིས་སྨད་ན་གནས་ཀྱང་གྱེན་དུ་འབར་བས་མགོ་བོ་ན་ཞིང་ལུས་ཀྱི་ཤ་དྲོད་ཚ་བ་དང་། ཟས་སྐོམ་གྱི་རོ་མྱོང་བ་མེད་ཀྱང་ནམ་རྒྱུན་པའི་ཁའི་རོ་སྐྱུར་ཞིང་ཁ་བ་ཡིན་པ་མ་ཟད། ད་དུང་ལྕེའི་སྟེང་དུ་བད་ཀན་གྱི་རྣམ་པའི་འབྱར་བག་ཅན་མདོག་སྐྱ་ལ་སེར་བ་མཐུག་པོས་གཡོགས་པ། སྣ་སྒོ་སྐམ་ཞིང་མིག་སྤྲིན་དམར་སེར་དུ་འགྱུར་བ། གཟེར་ལྡང་བའི་གནས་གཅིག་ཏུ་འདྲིལ་ནས་ན་བ་དང་། ནུབ་མོ་གཉིད་ཆུང་ཞིང་ཉིན་པར་གཉིད་འཐིབས་པས་བཀག་ཀྱང་མི་ཐུབ་པ་ལྟར་འབྱུང་བ་དང་། གློག་མང་ཞིང་ལུད་པའི་མདོག་དམར་ལ་སེར་བ་ལན་ཚྭའི་རོ་ཅུང་ཟད་བྲོ་བ་དང་། མཁྲིས་པའི་ཚ་སྟོབས་ཀྱིས་ལུས་ཀྱི་ཕྱི་ལ་རྔུལ་ཆེ་ཞིང་དྲི་མི་ཞིམ་པ་ཁ་བ་དང་ཆུ་ཁམས་བཅོམ་པས་སྐོམ་དད་ཤིན་ཏུ་ཆེ་བ། ཁྲག་མཁྲིས་ཀྱི་རང་བཞིན་ནམ་མདོག་དམར་སེར་གྱི་རྣམ་པ་ཅན་ཞིག་ཐུར་དུ་འཁྲུ་བའམ་ཡང་ན་གྱེན་དུ་སྐྱུགས་པ། དེ་བཞིན་དུ་ལུས་ཀྱི་ཤ་མདོག་ཀྱང་དམར་ལ་སེར་བའི་རྣམ་པར་སྣང་ཞིང་། ནད་དང་སྐྲངས་པ་སོགས་མྱུར་དུ་སྨིན་ཞིང་རྣག་པས་ལུས་ཟུངས་འདྲུལ་བར་བྱེད་པ་སོགས་དང་། ལྷག་པར་ཉིན་གུང་དང་མཚན་གུང་། ཁ་ཟས་ཟོས་པ་རྣམས་ཞུ་བཞིན་པའི་དུས་རྣམས་སུ་ནད་ལྷག་ཏུ་ལྡང་བ་བཅས་ནི་མཁྲིས་པ་འཁྲུགས་པའི་རྟགས་སྟོན་པ་ཡིན་ནོ།
     
༣.བད་ཀན་འཁྲུགས་པའི་རྟགས་ནི། རྩ་ལ་བརྟག་པ་སྟེ་བད་ཀན་ས་ཆུ་ཤས་ཆེ་བས་རྩ་ནི་ཤའི་གཏིང་དུ་བྱིང་ལ་འཕར་ཚུལ་གསལ་པོ་མི་མངོན་པས་གུད་ཅིང་གྲངས་ཉུང་བས་དལ་བར་འཕར་བ་དང་། བད་ཀན་རང་གི་ཁ་དོག་དང་ཆོས་མཚུངས་པས་དྲི་ཆུའི་མདོག་དཀར་ཞིང་མཚན་ཉིད་ཀྱི་བསིལ་བའི་དབང་གིས་དྲི་དང་རླངས་པ་ཆུང་བ་ཡིན། ཁ་ཟས་ཀྱི་རོའི་དབྱེ་བ་ཆེར་མི་གསལ་བས་ཁ་མངར་བ་དང་། སྣབས་དང་ལུད་པ་སོགས་ལྗན་ལྗིན་གྱི་དྲི་མ་མང་ཞིང་། བད་ཀན་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པར་མགོ་བོ་བཟི་ཞིང་འཐོམ་པས་མིག་འཐིབས་ལ་མི་གསལ་བ་མ་ཟད་ལུས་དང་སེམས་གཉིས་ཀ་ལྕི་སྙམ་ཤར་བ་དང་། མེ་དྲོད་ཀྱི་སྟོབས་ཉམས་པས་ཟས་ལ་དང་ག་ཞན་པར་འགྱུར་ཞིང་། ལུས་ཕྱི་ནང་གི་དྲོད་ཀྱང་ཉམས་ནས་ཟས་སྐོམ་གྱི་འཇུ་སྟོབས་ཇེ་ཆུང་དུ་འགྱུར་བ་དང་། ཁ་ཟས་གང་ཟོས་ཀྱང་ཟས་དེ་ཉིད་ཀྱི་ངོ་བོ་མ་འགྱུར་བར་གྱེན་དུ་སྐྱུག་པའམ་ཡང་ན་ཐུར་དུ་འཁྲུ་བ། དེ་ལྟར་ཟུངས་ཁྲག་ཉམས་པའི་དབང་གིས་ལྕེ་དང་སོ་རྙིལ་སྐྱ་ལ་མིག་སྤྲིན་ཡང་སྔར་བས་ཇེ་དཀར་དུ་འགྱུར་བ་དང་། གྲང་བ་འཕེལ་བས་ཆུ་ཁམས་རྒྱས་ཏེ་བཞིན་སྐྲང་ཞིང་སྦོས་པ། བད་ཀན་གྱི་འབྱར་བག་ཅན་འཕེལ་བས་བེ་སྣབས་སོགས་ལྗང་ལྗིན་ནར་ནུར་གྱི་དྲི་མ་འབྱར་རྩི་ཅན་སྐྱུག་ཅིང་འགའ་རེ་ལ་ཐུར་དུ་འཁྲུ་བར་བྱེད་པ་དང་། བད་ཀན་གྱི་རྒྱུ་གཏི་མུག་གིས་རྨོངས་ཤིང་མཚན་ཉིད་ཀྱི་ལྕི་བའི་དབང་གིས་དྲན་པ་མི་གསལ་བ་དང་། ཉིན་མཚན་ཀུན་ཏུ་གཉིད་ཆེ་ཞིང་སྒྱིད་པར་སྐྱུར་ནས་བྱ་བ་ཀུན་ལ་འཇུག་འདོད་མེད་པ། འབྱུང་བ་སའི་རང་བཞིན་དུ་སྲ་ཞིང་མཚན་ཉིད་ཀྱི་རྟུལ་བ་དང་བརྟན་པའི་དབང་གིས་ཤ་པགས་སོགས་ཀྱི་ཚགས་དམ་ཞིང་ཡན་ལག་སོགས་ཀྱི་འགུལ་ཤུགས་ཉམས་ནས་ལུས་སྲ་ལ་མཁྲང་བ་དང་། ཚིགས་རྣམས་དམ་ཞིང་བརྐྱང་བསྐུམ་དཀའ་བ་ཡིན། བད་ཀན་དེ་ས་ཁམས་ཤས་ཆེ་བ་དང་མཚན་ཉིད་ཀྱི་སྣུམ་པ་བཅས་ཀྱིས་ལུས་ཀྱི་ཤ་རྒྱས་ཤིང་སྦོམ་པོར་འགྱུར་ཞིང་། པགས་པར་གཡའ་བ་སྟེ་ཟ་འཕྲུག་ལངས་པའི་ཉམས་ལྟ་བུའི་རྟགས་འབྱུང་བ་མ་ཟད། གཞན་འབྱུང་བ་ས་ཆུ་དང་མཚན་ཉིད་ལྕི་རྟུལ་སོགས་ཀྱི་དབང་གིས་ནད་འདི་ཉིད་ཐོག་མར་གསོག་པ་དང་། བར་དུ་ལྡང་བ། ཐ་མ་བཅོས་ནས་ཞི་བ་སོགས་ཀྱི་མངོན་ཚུལ་འབྱུང་རྒྱུ་ཡུན་ཧ་ཅང་རིང་པོ་འགོར་དགོས་པ་སོགས་ཀྱི་རྟགས་འབྱུང་བ་བཅས་ཡིན་ནོ། ལྷག་པར་དུ་རླན་གཤེར་ཆེ་བའི་གནས་དང་ཆེར་ཞོད་ཆེ་བའི་སྐབས། སྲོད་དང་སྔ་དྲོའི་དུས་དང་། ཟས་ཟོས་མ་ཐག་པ་རྣམས་སུ་ནད་སྟོབས་ལྷག་ཏུ་ལྡང་བ་བཅས་བད་ཀན་འཁྲུགས་པའི་རྟགས་སྟོན་པ་ཡིན་པ་ཤེས་པར་བྱའོ།

མཇུག་བསྡུ་བ།

དེ་ལྟར་ཉེས་པ་རྣམ་གསུམ་གྱི་མཚན་ཉིད་འཕེལ་བ་དང་། ཡང་ན་ཟད་པ། དེ་མིན་འཁྲུགས་པ་གསུམ་གྱི་ཚུལ་རྣམས་གོང་དུ་རེ་རེ་བཞིན་ཅུང་ཞིབ་པའི་སྒོ་ནས་བཤད་ཟིན། ནད་རྟགས་དེ་རྣམས་ཀྱིས་ཉེས་པ་རྐྱང་པའི་ནད་ཀུན་ལ་ཁྱབ་ཅིང་། དེ་དག་གིས་རྐྱང་པའི་ནད་ཐམས་ཅད་གསལ་ཞིང་རྟོགས་པར་གྱུར་ལ། གཞན་ཡང་ལྡན་པ་གསུམ་དང་། འདུས་པ་གཅིག་གི་རྟགས་རྣམས་ནི་གོང་སྨོས་རྐྱང་པའི་ནད་རྟགས་ཀྱི་ཚུལ་རྣམས་ཕན་ཚུན་གཉིས་འདྲེས་དང་གསུམ་འདྲེས་ཀྱི་རྟགས་ལས་ཤེས་ཤིང་རྟོགས་པར་བྱ་དགོས་པ་དང་། རྒྱུ་མཚན་དེའི་ཕྱིར་ན་རྐྱང་པ་དང་ལྡན་པ་འདུས་པ་བདུན་པོ་འདི་དག་རྣམས་སུ་མ་འདུས་པའི་ནད་རྟགས་གཞན་གཅིག་ཀྱང་འབྱུང་མི་སྲིད་པར་ཤེས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། འདིར་དངོས་བསྟན་གྱི་རྐྱང་པའི་རྟགས་རྣམས་ནི་ནད་རྟགས་ཀྱི་རིགས་ཧ་ཅང་མང་བ་ལས་གཙོ་ཆེ་བའམ་སྙིང་པོ་ལྟ་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བརྗོད་པ་ཡིན་པའི་ཕྱིར་དང་། གལ་ཏེ་རྐྱང་པ་ལྡན་འདུས་ལ་སོགས་པའི་ནད་རྟགས་ཐམས་ཅད་རེ་རེ་ནས་ཕྲ་ཞིང་ཞིབ་མོའི་སྒོ་ནས་ཤེས་པར་འདོད་ན་མན་ངག་རྒྱུད་རྩ་འགྲེལ་དང་བཅས་པ་སོགས་ལ་བལྟ་བར་བྱའོ། བཤད་པའི་རྒྱུད་ལས། དེ་ལྟར་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་གྱི།། ཇི་ལྟར་བཤད་པའི་རྟགས་ཀྱིས་ནད་ཀུན་ཁྱབ།། ལྡན་འདུས་འདྲེས་པའི་རྟགས་ལས་ཤེས་པར་བྱ།། འདིར་མ་འདུས་པའི་ནད་རྟགས་ཡོད་མི་སྲིད།། ཅེས་ཚིག་ཉུང་ལ་དོན་རྒྱས་པ། རྩ་བའི་གནད་ཟིན་པའི་ལེགས་བཤད་དུ་གསུངས་པའི་ཕྱིར་རོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060