གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། ཚེ་སྲོག་ལ་གཅེས་བསྲུང་བྱ་བའི་སྐོར།
སྤེལ་དུས།2015-02-03   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

དགེ་བ་སྒྲུབ་བྱེད་གཙོ་བོ་རྒྱུ་ནོར་དང་དཀའ་ཚེགས་མ་རེད།
      
ཆོས་བཤད་རྒྱུ་དེ་ད་ནས་འགོ་འཛིན་རྒྱུ་ཡིན། ཆོས་ཁྲིད་དེ་རིང་གང་ཞིག་བཤད་པ་ཡིན་ཟེར་ན། མི་སྐྱ་ཕོ་མོ་རྣམས་ཀྱིས་དུས་རྒྱུན་པར་དགེ་བ་བསྒྲུབ་རྒྱུ་སྡིག་པ་སྤང་བ་འདི་ཚོའི་ཐོག་ལ་གང་འདྲ་བྱེད་ན་དགའ་ས་རེད། སེམས་ནང་ལ་གྲ་སྒྲིག་གང་བྱེད་དགོས་པ་དང་ལུས་ངག་གི་ཐོག་ནས་བྱ་བ་གང་བྱེད་དགོས་པ་དེ་ཚོའི་སྐོར་བཤད་རྒྱུ་ཡིན་པས། ཁྱོད་རང་ཚོས་གཟབ་གཟབ་གྱིས་ཉོན། དེ་རིང་ང་ཚོ་འདི་ན་ཡོད་པ་ཐམས་ཅད་བོད་པ་རྐྱང་རྐྱང་རེད། བོད་པ་ཡིན་དུས་ཐམས་ཅད་བླ་མ་དཀོན་མཆོག་གསུམ་ལ་དད་པ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱད་པ་ཧ་ལམ་ཡོད་རྒྱུ་མ་རེད་ཟེར་ན་ཆོག་གི་རེད། ཡོད་ནའང་ཉིན་མོའི་སྐར་མ་ལྟ་བུ་མ་གཏོགས་མེད་པ་རེད། ཐམས་ཅད་ཆོས་བསྒྲུབ་བསམ་མཁན་དེ་འདྲ་ཤ་སྟག་རེད། ཡིན་ནའང་ཆོས་བསྒྲུབ་ལུགས་དེ་ཡང་དག་པ་ཞིག་ཧ་གོ་དགོས། བསྒྲུབ་ལུགས་ཡང་དག་ཅིག་མ་གོ་ན། ཆོས་བསྒྲུབ་མི་ཤེས་པས་ཁྱོད་ཚོས་གཟབ་གཟབ་གྱིས་ཉོན། ཉན་ནས་སེམས་ལ་ཞོག སེམས་ལ་བཞག་ནས་རྗེས་མ་དགེ་བ་གང་ཞིག་བསྒྲུབ་ན་དགེ་བ་དེ་རྣམ་པར་དག་ཞིག་ཡོང་རྒྱུ་གལ་ཆེན་ཡིན་པས། ཚང་མའི་སེམས་ལ་ཟུངས། དེས་ན་དགེ་བ་སྒྲུབ་བྱེད་དེ་གང་ཞིག་ཟེར་ན། རྒྱུ་ནོར་ཨེ་ཡིན་བསམ་ན་དེ་མ་རེད། དཔེར་ན། སྒོར་མོ་མང་པོ་དང་དེ་བཞིན་དུ་རྟ། ཟོག ལུག  དེ་ཚོ་བཙོངས་ནས་དགེ་བ་བསྒྲུབས་ན་དགེ་བ་རྣམ་པར་དག་པ་ཞིག་ལ་འགྲོ་ དཀའ་མོ་རེད། དགེ་བ་སྒྲུབ་བྱེད་གཙོ་བོ་དེ་རྒྱུ་ལོངས་སྤྱོད་སྒོར་མོ་མ་རེད། དེའི་ནང་ནས་རྟ་ཟོག་ལུག་དེ་ཚོ་བཙོངས་ནས་དགོན་པ་དང་མཆོད་རྟེན་བཞེང་རྒྱུ་སོགས་དགེ་སྒྲུབ་སྡིག་སྤང་གང་ཐད་ལ་འདིའི་དགེ་བ་སྒྲུབ་པར་བྱེད་མཁན་ཡོད་པ་རེད་ཀྱང་། དེའི་དགེ་བ་རྣམ་པར་དག་པ་ཡོང་ཐུབ་པ་མ་རེད། དེ་དོན་དང་པོ་ཡིན། གཉིས་པ། རྒྱུ་ལོངས་སྤྱོད་མིན་ན་སྟོད་ཉི་མ་ལྷ་ས་ལ་རྐྱང་ཕྱག་འཚལ་བ་དང་རྐང་ཐང་ལ་ཁུར་པོ་ཁུར་ནས་འགྲོ་བ་སོགས་དཀའ་ཚེགས་ཀྱིས་དགེ་བ་བསྒྲུབ་རྒྱུ་ཡིན་ནམ་ཞེ་ན། དེ་ཡང་དགེ་བ་སྒྲུ་བྱེད་གཙོ་བོ་མ་རེད། དགེ་བ་སྒྲུབ་བྱེད་གཙོ་བོ་ལུས་དང་ངག་གིས་དཀའ་ལས་བརྒྱབས་ནས་དགེ་བ་སྒྲུབ་པ་དང་དེ་བཞིན་སྒོར་མོས་དགེ་བ་བསྒྲུབས་ན་དེ་དགེ་བ་ཞིག་རེད་ཀྱང་། དགེ་བ་གཙོ་བོ་དང་གལ་ཆེན་ཞིག་མ་རེད། དེས་ན་དགེ་བ་སྒྲུབ་བྱེད་ཀྱི་གཙོ་བོ་གང་རེད་ཟེར་ན། རང་གི་སེམས་ཡིན་པ་རེད། དེ་རིང་དགེ་བ་འགྲུབ་ན་སེམས་རེད། སེམས་དགེ་བ་ཡིན་ན་དགེ་བ་ཡིན་པ་རེད། སེམས་ཐོག་ནས་དགེ་བ་ཡང་དག་པ་ཞིག་མ་ཡོང་ན་དགེ་བ་ཡག་པོ་ཡོང་ཐུབ་པ་མ་རེད། དེ་རིང་འདི་ན་ཡོད་པ་ཐམས་ཅད་ཀྱིས་དོན་དང་པོ་གང་ཤེས་དགོས་པ་རེད་ཟེར་ན། དགེ་བ་སྒྲུབ་བྱེད་དེ་གང་ཡིན་པ་དེ་ཧ་གོ་དགོས། དགེ་བ་སྒྲུབ་བྱེད་གཙོ་བོ་དེ་རང་གི་སེམས་ཐོག་ནས་དགེ་བ་བསྒྲུབ་དགོས། དེས་ནས་སེམས་མ་གཏོགས་དགེ་བ་སྒྲུབ་ཐབས་གཅིག་ཀྱང་མེད་པ་ཨེ་ཡིན་བསམ་ན། དེ་འདྲ་མ་ཡིན་ཀྱང་གཙོ་བོ་སེམས་ཐོག་ནས་དགེ་བ་སྒྲུབ་དགོས་པ་ཡིན་པས། དེ་རིང་འདི་ན་ཡོད་པས་མང་ཚོགས་ཐམས་ཅད་ཀྱིས་དོན་དང་པོ་དགེ་བ་སྒྲུབ་བྱེད་གཙོ་བོ་དེ་སེམས་རེད་བསམ་དགོས། དེ་ཁྱོད་རང་ཚོས་སེམས་ཐོག་ནས་ཡང་དག་པ་ཞིག་གོ་བ་ལེན་དགོས་པ་རེད། དགེ་བ་སྒྲུབ་བྱེད་དེ་སེམས་ཡིན་ན། ང་ཚོས་ཐམས་ཅད་ལ་སེམས་མེད་པ་ནི་གཅིག་ཀྱང་མེད་པ་རེད། གལ་ཏེ་དགེ་བ་སྒྲུབ་བྱེད་རྒྱུ་ལོངས་སྤྱོད་འདྲ་ཞིག་ཡིན་ན། ཕྱུག་པོ་ཚོ་མ་གཏོགས་དབུལ་པོ་ཚོས་དགེ་བ་མི་འགྲུབ་པ་དང་། ཡང་ན་དཀའ་ལས་རྐྱང་རྐྱང་ལ་བརྟེན་དགོས་ན་མི་བརྩོན་འགྲུས་ཅན་དང་དཀའ་ལས་རྒྱག་ཐུབ་པའི་མི་མ་གཏོགས་གཞན་གྱིས་མི་འགྲུབ་པ་ཡིན་ཡང་། དེ་གཉིས་པོ་གང་ཡང་མ་ཡིན་གཙོ་བོ་སེམས་རེད། སེམས་དེ་མི་སྐྱ་དང་ལོ་རྒན་གཞོན། སྐྱེས་ཕོ་མོ་སུ་ཡིན་ན་ཡོངས་རྫོགས་ལ་སེམས་མེད་པ་གཅིག་ཀྱང་མེད། སེམས་ཡོད་དུས་དགེ་བ་སྒྲུབ་པའི་ཆ་རྐྱེན་ཡོད་ཚར་སོང་བ་རེད། ངས་དགེ་བ་བསྒྲུབ་དགོས་ཀྱང་སྒྲུབ་པའི་ཆ་རྐྱེན་དེ་ང་ལ་མི་འདུག་བསམ་དགོས་པ་མ་རེད། སེམས་ཡོད་དུས་དགེ་བ་སྒྲུབ་པའི་རྩ་བ་དེ་ཡོད་སོང་བ་རེད། མི་སྐྱ་ཕོ་མོ་སུ་ཡིན་ན་སེམས་མེད་པ་མེད་དུས་ཐོག་དང་པོར་དགེ་བ་སྒྲུབ་བྱེད་ཀྱི་ཆ་རྐྱེན་ཚང་ཡོད་པ་དེ་ཧ་གོ་དགོས། སེམས་ཐོག་ནས་གང་འདྲས་དགེ་བ་བསྒྲུབ་དགོས་རེད་ཟེར་ན། གཙོ་བོ་དགེ་བ་སྒྲུབ་ལུགས་དེ་ཤེས་དགོས། སྒྲུབ་ལུགས་མ་ཤེས་ན་ང་ཚོས་འཇིག་རྟེན་གྱི་བྱ་བ་ཆུང་ཆུང་ཞིག་སྒྲུབ་ནའང་སྒྲུབ་ལུགས་དེ་ཤེས་དགོས་པ་རེད་མ་གཏོགས། མ་ཤེས་ན་བྱ་བ་དེ་མི་འགྲུབ་པ་རེད། དགེ་བ་ཡིན་ན་དེ་འདྲ་བར་སེམས་ཡོད་པ་ཙམ་གྱིས་སྒྲུབ་ལུགས་མ་ཤེས་ན་མི་འགྲུབ་པ་ཡིན་པས་སྒྲུབ་སྟངས་ཤེས་དགོས། དེ་རིང་ང་ཚོས་དགེ་བ་སྒྲུབ་ལུགས་དེ་བཤད་པ་ཡིན་པས་ཁྱོད་རྣམས་ཀྱིས་སེམས་ཐོག་ལ་ཞོག སེམས་ཐོག་ལ་བཞག་ནས་རྗེས་མར་ཉམས་ལེན་བྱེད་དགོས་པས་མ་ཡོ་མ་འཆུག་གྱིས།
ཆོས་སྒྲུབ་པ་དང་འཁོར་བ་འཛིན་པ་གཉིས་འགལ་བ་མེད།
       ང་ཚོ་ཚེ་འདིའི་ཐོག་ནས་ཁ་ཟས་རྒྱབ་གོས་དང་རྒྱུ་ལོངས་སྤྱོད་གང་ལ་གང་འཚམ་རེ་གསོག་རྒྱུ་དེ་འཇིག་རྟེན་འཁོར་བ་པ་ཞིག་ལ་བསམ་ན་དགོས་པ་རེད། ཡིན་ནའང་ང་ཚོས་གཙོ་བོ་འཁོར་བ་དང་རྒྱུ་ལོངས་སྤྱོད་གསོག་རྒྱུ་རྐྱང་རྐྱང་མ་གཏོགས། གཞན་ཆོས་དགེ་བ་མ་བསྒྲུབས་ན་མི་ཉན་པ་རེད། མི་ཉན་པ་གང་ཡིན་བསམ་ན། དེ་རིང་ང་ཚོ་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་བླ་མ་དཀོན་མཆོག་གསུམ་ལ་ཡིད་ཆེས་མེད་པ་དེ་འདྲ་བྱེད་ནས། ཚེ་འདིའི་ཐོག་ལ་རང་ལ་ཕན་པ་རྐྱང་རྐྱང་བསྒྲུབས། དེའི་དོན་དུ་སེམས་ཅན་གྱི་སྲོག་གཅོད་པ་དང་རྐུ་བྱེད་དགོས་ན་དེ་ལྟར་བྱེད། དེ་བཞིན་དུ་གཅིག་གིས་གཅིག་ལ་མགོ་བསྐོར་བ་དང་རྒྱག་རེས་འཛིང་རྩོད་སོགས་བྱ་བ་གང་ཡིན་ན་སྒྲུབ་མི་ཉན་པ་དང་མི་རུང་བསམ་པ་གཅིག་ཀྱང་མེད་ན། ཚེ་ཕྱི་མ་ལ་བདེ་མོ་སྐྱིད་པོ་ཡོང་རྒྱུ་ག་ལ་ཡོད་ཀྱང་། ཚེ་འདིའི་ཐོག་ལ་བདེ་མོ་སྐྱིད་པོ་ཡོང་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་པ་ཞིན་ཡིན་ན། ཡོངས་རྫོགས་ལས་རྒྱུ་འབྲས་དང་བླ་མ་དཀོན་མཆོག་གསུམ་ལ་ཡིད་ཆེས་ཡོད་པ་རྐྱང་རྐྱང་རེད། ང་ཚོས་ཕྱོགས་གཅིག་ནས་རང་རང་གིས་འཁོར་བ་འཛིན་པ་དང་། ཕྱོགས་གཅིག་ནས་དགེ་བ་བསྒྲུབ་རྒྱུ་དེ་གཉིས་ཀ་མཉམ་དུ་ཡོང་རྒྱུ་དེར་བརྩོན་པ་བྱེད་དགོས། དེ་འདྲ་ཞིག་ཡོང་སོང་ན་ཚེ་འདིའི་ཐོག་ལ་བདེ་སྐྱིད་ཡོད་པ་ཚེ་ཕྱི་མ་ལ་ཡང་བདེ་བ་སྐྱིད་པ་ཞིག་ཡོང་བ་རེད། དེ་མ་ཡིན་པ་ཆོས་དང་ལས་རྒྱུ་འབྲས་ལ་བསམ་བློ་རྩ་བ་ནས་མི་གཏོང་བ་ཡིན་ན། ཚེ་ཕྱི་མ་ལ་བདེ་སྐྱིད་མེད་པ་མ་ཟད་ཚེ་འདིའི་ཐོལ་ལ་བདེ་སྐྱིད་ཡོང་རྒྱུ་མེད་པས། ཁྱོད་རྣམས་ཀྱིས་སེམས་ཐོག་ལ་ཞོག ཆོས་བསྒྲུབ་རྒྱུ་དང་དེང་སང་གི་འཁོར་བ་འཛིན་ནས་རྒྱུ་གསོག་པ་དེ་གཉིས་འགལ་བ་ཡིན་ནམ་བསམ་ན། འགལ་བ་ཅི་ཡང་ཡོད་པ་མ་རེད། གང་རེད་ཟེར་ན་འཇིག་རྟེན་པ་རྣམས་ཀྱིས་རང་དོན་དུ་རྒྱུ་གསོག་ན་དྲང་བདེན་གྱི་སྒོ་ནས་གསོག་དགོས་པ་རེད་མ་གཏོགས། དེ་མ་ཡིན་པ་རྐུ་ཇག་དང་གཡོ་སྒྱུའི་མགོ་བསྐོར་བ་དང་། ཁྱད་པར་དུད་འགྲོ་སོགས་སེམས་ཅན་གྱི་སྲོག་གཅད་རྒྱུ་འདི་འདྲའི་ཐོག་ནས་རང་གི་ཟས་གོས་བསྒྲུབས་ན། ཆོས་མ་ཟད་འཇིག་རྟེན་གྱི་ལུགས་ལ་ཡང་ཡག་པོ་ཞིག་མི་ཡོང་བ་རེད། དེ་ཡིན་ན་ང་ཚོས་དཔལ་འབྱོར་གོང་འཕེལ་དང་འཚོ་བའི་ཚད་ཇེ་བཟང་དུ་གཏོང་དགོས་པ་རེད་ཀྱང་། དྲང་བདེན་གྱི་ཐོག་ནས་དཔལ་འབྱོར་དང་འཚོ་བ་གོང་འཕེལ་དུ་གཏོང་ན་ཡང་དག་པ་ཡིན་པ་རེད་མ་གཏོགས། དྲང་བདེན་མིན་པའི་ཐོག་ནས་སེམས་ཅན་གྱི་སྲོག་མང་པོ་བཅད། དེ་བཞིན་དུ་རྐུ་བྱེད་པ་དང་ཚོང་གི་ཐོག་ནས་མགོ་བསྐོར་ཅ་ལག་རྫུན་མ་བཟོ། དཔེར་ན། ང་ཚོའི་འབྲོག་པ་ཚོས་དབྱར་རྩྭ་དགུན་འབུ་དང་སྨན་རྩྭ་འདི་ཚོ་རྫུན་མ་བཟོ། དེ་འདྲ་བའི་ཐོག་ནས་འཇིག་རྟེན་འདི་ཐམས་ཅད་གཡོ་སྒྱུ་ཁྲམ་གསུམ་རྐྱང་རྐྱང་གིས་གང་སོང་ན། ད་ང་ཚོ་ཡར་རྒྱས་འགྲོ་ཨེ་ཐུབ་བསམ་ན་ཐུབ་པ་མ་རེད། དེ་འདྲ་བར་གྲོང་ཚོ་ཕན་ཚུན་བར་ཐམས་ཅད་ཀྱིས་གཅིག་གིས་གཅིག་ལ་གཡོ་སྒྱུ་དང་མགོ་བསྐོར་བ་རྐུ་འཕྲོག་བཅོམ་སོགས་རྐྱང་རྐྱང་བྱེད། ཐོག་དང་པོ་སེམས་ཅན་དུད་འགྲོ་འདི་ཚོ་བསད་བཅད་གཏུབ་པ་སོགས་ཅི་འདོད་བྱེད། དེ་ནས་མི་ཉམ་ཆུང་སོགས་འདི་ཚོའི་ལག་ནས་སྒོར་མོ་འདྲ་ཡོད་པ་མཐོང་ན་གཞན་གྱི་རིག་ས་ནས་རྒྱལ་ཁབ་ཀྱི་ཁྲིམས་ཡོད་དུས་ཅུང་ཟད་འཛེམ་ཀྱང་། མི་རིག་ས་ནས་མིའི་སྲོག་གཅོད་པ་སོགས་འདི་ཚོ་མི་རུང་བསམ་པའི་བསམ་པ་ཅི་ཡང་མེད་པར་འགྱུར་སོང་ན། ང་ཚོ་བདེ་མོ་སྐྱིད་པོ་ཡོང་ཐབས་མེད་པ་རེད། ཚེ་ཕྱི་མ་ལ་བདེ་སྐྱིད་མེད་པ་མ་ཟད་ཚེ་འདིའི་ཐོག་བདེ་སྐྱིད་མེད་པ་དེ་འདྲ་ཡིན་དུས། དེའི་ཐོག་ལ་བསམ་བློ་གཏོང་དགོས། ང་ཚོས་དགེ་བ་སྒྲུབ་པ་འདི་དང་འཇིག་རྟེན་གྱི་འཁོར་བ་འཛིན་པ་གཉིས་འགལ་བ་ཅི་ཡང་མེད། མེད་པའི་རྒྱུ་མཚན་འཇིག་རྟེན་གྱི་འཁོར་བ་འཛིན་ནའང་ད་ལྟ་བཤད་པ་བཞིན་མི་བསད་པ་དང་། རྒྱུ་འཕྲོག་པ། སེམས་ཅན་དུས་འགྲོའི་སྲོག་ལ་གནོད་པ། མགོ་བསྐོར་བ་སོགས་ཅི་ཐུབ་གང་ཐུབ་བྱེད་ནས་དཔལ་འབྱོར་གོང་འཕེལ་དང་འཚོ་བ་ཇེ་བཟང་ལ་གཏོང་ན། མི་ལེགས་པ་འཇིག་རྟེན་གྱི་ལུགས་ལའང་དེ་འདྲ་རེད། དམ་པའི་ཆོས་ཀྱི་ནང་ནས་མ་སྒྲུབས་ཟེར་བ་དེ་སེམས་ཅན་མང་པོའི་སྲོག་གཅོད་པ་དང་། གཅིག་གིས་གཅིག་ལ་རྐུ་དང་། ཇག་རྒྱག་པ་དང་། མགོ་བསྐོར་གཏོང་བ་དང་། རྒྱག་རེས་འཛིང་རྩོད་དེ་ཚོ་མ་བྱེད་པར་ཐམས་ཅད་བདེ་མོ་སྐྱིད་པོ་གྱིས་ལ་སྡོད་ཟེར་གྱི་ཡོད་པས། དེ་དང་འཇིག་རྟེན་གྱི་འཚོ་བ་གཉིས་ལ་འགལ་བ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཐམས་ཅད་ཀྱིས་དེ་གོ་དགོས། མི་སུ་ཡིན་ནའང་རང་བདེ་མོ་སྐྱིད་པོ་ཡོང་ན་བསམ་གྱིན་ཡོད་པ་རེད། ང་ཚོ་འཇིག་རྟེན་འདིའི་ཐོག་ལ་སྐྱེ་བ་ལེན་པའི་དོན་པོ་དེ་གང་རེད་ཟེར་ན། བདེ་སྐྱིད་སྒྲུབ་པའི་དོན་དུ་རེད་ཟེར་ན་ཆོག་པ་རེད། དེ་འདྲ་ཡིན་དུས་ཆོས་ཀྱི་ཐོག་ནས་བཤད་ན་བདེ་སྐྱིད་ཇི་ལྟར་སྒྲུབ་དགོས་པ་རེད་ཅེ་ན། ཚེ་འདིའི་ཐོག་ལ་བདེ་བ་རྐྱང་པ་ཙམ་གྱིས་མི་ཕན་པ་ཚེ་ཕྱི་མ་ལ་ཡང་བདེ་དགོས་པ་དང་། དེ་ཡང་རང་གཅིག་པུ་ཙམ་གྱིས་བདེ་བ་མ་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་བསམ་བློ་གཏོང་དགོས་པ་རེད། གལ་ཏེ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཡོང་བའི་བྱ་བ་སྒྲུབ་མ་ཐུབ་ན་ཡང་སེམས་ཅན་ལ་གནོད་པ་སྐྱེལ་བའི་བྱ་བ་སྒྲུབ་མི་ཉན་ཞེས་རང་རེའི་ཆོས་ཀྱི་ནང་ལ་དེ་ལྟར་གསུངས་ཡོད་པ་རེད། དེ་ཡིན་ན་ཁྱོད་རྣམས་ཀྱིས་སེམས་ལ་དེ་ལྟར་འཛིན་རོགས་གྱིས། ད་ལྟ་ང་ཚོའི་འཚོ་བའི་ཐད་ནས་བཤད་ན་སྤྱིར་བཏང་སྔ་མ་ལ་བལྟས་ན་ཟ་རྒྱུ་དང་གོན་རྒྱུ་འདི་ཚོའི་ཐད་ནས་ཅུང་ཟད་ཡར་རྒྱས་སོང་ཡོད་པ་རེད་ཟེར་ན་མི་ཆོག་རྒྱུ་མེད་པ་རེད། དེའི་ཐོག་ནས་ལས་རྒྱུ་འབྲས་ལ་གཟབ་གཟབ་གྱིས་བསམ་བློ་གཏོང་རྒྱུ་མ་ཡོ་མ་འཕྱུགས་གྱིས། ལས་རྒྱུ་འབྲས་མེད་པའི་བྱ་བ་རྐྱང་རྐྱང་སྒྲུབ་པ་ཡིན་ན་ང་ཚོ་སྐྱིད་པོ་བདེ་མོ་ཡོང་རྒྱུ་ཡོད་པ་མ་རེད། དེ་སྔ་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ལ་ནད་མུག་འཁྲུགས་རྩོད། མི་བདེ་བ་དང་། མི་སྐྱིད་པ་སྡུག་བསྔལ་དེ་འདྲ་མང་པོ་ཡོང་ཡོད་པ་ཐམས་ཅད་ཆོས་ཀྱི་ཐོག་ནས་བཤད་ན། ལས་རྒྱུ་འབྲས་ཀྱི་ཐོག་ནས་མ་ཉན་པའི་དབང་གིས་རེད། ཚེ་འདིའི་ཐོག་ལ་ལས་རྒྱུ་འབྲས་དང་འགལ་བ་དེ་ལྟར་བྱས་མེད་ནའང་སྐྱེ་བ་སྔ་མ་མང་པོའི་ཐོག་ནས་ལས་རྒྱུ་འབྲས་དང་འགལ་བ་བྱས་པའི་དབང་གིས་ཚེ་འདིའི་ཐོག་ལ་སྨིན་ཡོང་བ་རེད། ཆོས་ཀྱི་ཐོག་ནས་བཤད་ན་དེ་འདྲ་རེད་མ་གཏོགས། རང་གར་རྒྱུ་མེད་རྐྱེན་མེད་དུ་ཡོང་རྒྱུ་མེད་པ་རེད། ད་ཡང་ལས་རྒྱུ་འབྲས་ལས་བསམ་བློ་མི་གཏོང་ནས་དེ་ལྟར་བྱེད་པ་ཡིན་ན་རྗེས་མར་ཚེ་འདི་དང་ཕྱི་མ་གཉིས་ལ་ཡག་པོ་ཡོང་རྒྱུ་མེད་པ་ཡིན་པས་དེའི་ཐོག་ལ་གཟབ་གཟབ་གྱིས།
ཁ་གསོ་ཐབས་ལ་བསྒྱུར་བཅོས།
      
མཚོ་སྔོན་པོ་འདིའི་ས་ཆ་ཡར་མར་ལ་བསམ་ན། ལས་རྒྱུ་འབྲས་ཀྱི་ཐོག་ནས་གཙོ་བོ་མི་ཉན་རྒྱུ་དེ་གང་རེད་ཟེར་ན། མི་བསད་པ་དང་རྒྱག་རེས་བྱེད་རྒྱུ་འདི་འདྲའི་ཐོག་ལ་གནད་འགག་ཚབས་ཆེན་མ་རེད། དཔེར་ན། ང་ཚོས་ཁམས་ཕྱོགས་སོགས་འབྲོག་པ་ཚོས་དམེ་འཁྲུགས་དང་མི་བསད་པ་དེ་འདྲའི་ཐོག་ནས་ཚོ་བ་དང་ཚོ་བའི་བར་ལ་དམག་དྲངས་ནས་རྒྱག་རེས་འདྲ་དང་མི་འདྲ་བྱེད་ཀྱིན་ཡོད་མོད། མཚོ་སྔོན་པོ་འདི་ཡར་མར་ལ་དེ་འདྲའི་གནས་ཚུལ་ཆེན་པོ་དེ་ཙམ་ཡོད་ས་མི་འདུག དེ་བཞིན་དུ་གཞན་གྱིས་མ་མཐོང་ས་ནས་རྐུ་དང་མཐོང་ས་ནས་ཉམ་ཆུང་ཚོའི་ལག་ནས་ཟོག་དང་ལུག་འཕྲོག་པ་དང་། རླངས་འཁོར་སྒོ་ཁར་བསྐོར་ཡོང་ནས་ཟོག་རླངས་འཁོར་གང་རེ་ཁྱེར་སོང་ན་ཅི་ཡང་ཟེར་མི་ཕོད་པ་དེ་འདྲའི་གནས་ཚུལ་ང་ཚོའི་ཁམས་ཕྱོགས་ལ་ཡོད་ཀྱང་། ས་ཆ་འདི་ཡར་མར་ལ་བསམ་བློ་གཏོང་ན། དེ་འདྲའི་གནས་ཚུལ་ཆེན་པོ་ཡོད་ས་མི་འདུག དེ་ཤིན་ཏུ་ནས་ཀྱང་བཟང་པོ་རེད། ང་ཚོའི་ཁམས་ཕྱོགས་ཀྱི་འབྲོག་པ་ཚོས་དེ་ལ་མིག་དཔེ་དང་སློབ་སྦྱོང་བྱེད་དགོས་ས་རེད། ད་དུང་མང་ཚོགས་ཀྱིས་མཚོན་ཆ་གྲི་རིང་པོ་སྐེད་པ་ལ་དྲངས་ནས་འགྲོ་བ་དང་། དེ་བཞིན་དུ་མེ་མདའ་ཐུང་ཐུང་རུམ་ལ་བཅུག རིང་པོ་རྒྱབ་ལ་ཁུར་ནས་འགྲོ་བ་དེ་འདྲ་ཁྱོད་ཚོའི་ས་ཆ་འདི་ལ་ཆེར་མེད་པ་བཟང་ཡང་། ད་དུང་མུ་མཐུད་ནས་དགོན་པ་དང་གྲོང་པ་ཚོས་འདིའི་ཐོག་ལ་གཟབ་དགོས། ང་ཚོས་ལ་མཚོན་ཆ་ཡོད་ན་དེ་ལ་དགེ་མཚན་ཅི་ཡང་མི་འདུག ལུས་ལ་མཚོན་ཆ་ཡོད་ཚེ་རྒྱག་རེས་འདྲ་ཐུག་ན་མི་བསད་པ་སོགས་གནས་ཚུལ་ཧ་ཅང་ཆེན་པོ་འཕྲད་ཀྱིན་འདུག དེ་འདྲ་ཡོད་མི་ཉན་པ་རེད། ཁམས་ཕྱོགས་ལ་དེ་འདྲ་མང་པོ་རེད། རྒྱལ་ཁབ་ཀྱིས་མཚོན་ཆ་ཡོད་ཁྱེར་འོང་བ་རིག་ན་ཡར་འཕྲོག་པ་སོགས་བྱེད་ཀྱིན་ཡོད་ཀྱང་། ད་དུང་མང་པོ་ཡོད་ཀྱི་འདུག་གྲོང་པ་དང་གྲོང་པའི་བར་ལ་རྒྱག་རེས་ཐུག་སོང་ན་མེ་མདའ་འཕེན་རེས་བྱེད་པ་དང་། དེ་བཞིན་མི་དང་མི་རྒྱག་རེས་ཐུག་དུས་གྲི་བཙུགས་པ་དེ་འདྲ་བྱེད་ཀྱིན་ཡོད་པ་རེད་མོད། འདིའི་ཕྱོགས་ལ་དེ་འདྲའི་གནས་ཚུལ་ཆེན་པོ་དེ་ཙམ་མི་འདུག  དེ་ཤིན་ཏུ་བཟང་པོ་རེད། ད་ཕན་ཆད་ཁྱོད་རྣམས་ཀྱིས་དེའི་ཐོག་ལ་མུ་མཐུད་ནས་དེ་ལྟར་གྱིས་དང་། དེ་ཞི་བདེ་རེད་ང་ཚོའི་ཁམས་ཕྱོགས་ནས་ཁྱོད་རྣམས་ལ་སློབ་སྦྱོང་དང་མིག་དཔེར་བལྟ་དགོས་ས་རེད། འོན་ཀྱང་མི་ཉན་ས་གཙོ་བོ་བཤད་དགོས་རྒྱུ་དེ་གང་རེད་ཟེར་ན། ས་ཆ་འདི་ལ་ཟོག་མང་པོ་མེད་ཀྱང་གཙོ་བོ་ལུག་ཤིན་ཏུ་ནས་མང་པོ་རེད། དེ་འདྲ་ཡིན་དུས་ཁ་གསོ་བྱེད་གཙོ་བོ་དེ་སེམས་ཅན་བཤའ་རྒྱུ་དེ་རེད་འདུག ཁ་སང་དེ་རིང་ལ་མཚོན་ན་དེ་འདྲ་རེད། སེམས་ཅན་རང་གི་སྒོ་ཐོག་ལ་བཤའ་རྒྱུ་དང་དེ་ལས་མང་བ་བཤས་ཁང་ནང་ལ་བཙོང་རྒྱུ་དེ་འདྲའི་ཐོག་ནས་རང་གི་ཁ་གསོ་བཞིན་འདུག དེ་རིང་ང་ཚོས་གོས་གྱོན་ཡོད་ན་འདྲ། སྐེ་ལ་རྒྱན་ཆ་བཏགས་ཡོད་ན་འདྲ། རུམ་ན་སྒོར་མོ་ཡོད་ན་འདྲ། འཕྲུལ་རྟ་ཞོན་ཡོད་ན་འདྲ། རླངས་འཁོར་བསྐོར་ཡོད་ན་འདྲ། འདི་ཚོའི་རིན་གྱི་ནང་ནས་བརྒྱ་ཆ་མང་ཆེ་བ་སེམས་ཅན་གྱི་སྲོག་བཅད་ནས་ཡོང་བ་དེ་འདྲ་ཡིན་པས། དེ་ང་ཚོའི་སྐྱོན་ཆེ་ཤོས་རེད། ས་ཐོབ་དགོན་པ་འདིའི་ནང་ལ་སྔོན་ཆད་ཉིས་སྟོང་གསུམ་ལོ་ལ་ང་ཡོང་བ་རེད། དེ་ཡོང་ནས་ཕལ་ཆེར་ལོ་དྲུག་ཕྱིན་ཚར་འདུག དེ་དུས་ང་ཚོས་སྐད་ཆ་འདི་བཤད་པ་ཡིན། དགོན་འདིའི་ནང་ནས་བླ་མ་གྲྭ་པ་མཁན་པོ་སྤྲུལ་སྐུ་རྣམ་པ་དང་། དགོན་འདིའི་ཡུལ་སྡེའི་ནང་ནས་ཡུལ་དཔོན་ཐམས་ཅད་རེད། ཐམས་ཅད་མཉམ་དུ་གྲོས་བསྡུར་བྱས་ནས་ང་ཚོས་སེམས་ཅན་གྱི་སྲོག་གཅོད་རྒྱུ་དེ་རྩ་བ་ནས་མི་གཅོད་ཟེར་ན་དཀའ་མོ་རེད་ཀྱང་། བརྒྱ་ཆ་ལྔ་བཅུ་ཙམ་མར་ཉུང་དུ་གཏོང་ན་ཟེར་ཏེ། དེ་སྔ་ཁྱིམ་ཚང་གཅིག་གིས་ལོ་རེ་ལ་སེམས་ཅན་ལྔ་བཅུ་བཤས་རའི་ནང་བཙོང་གིན་ཡོད་ན། ད་ཕན་ཆད་ཉི་ཤུ་རྩ་ལྔ་ཙམ་མ་གཏོགས་མི་བཙོང་རྒྱུ་དང་། སྒོ་ཐོག་ནས་བཤའ་རྒྱུ་མར་ཉུང་དུ་གཏོང་རྒྱུའི་བློ་མཐུན་གྲོས་མཐུན་བྱེད་ནས་འཆར་གཞི་བཞག་པ་རེད། འཆར་གཞི་བཞིན་མང་ཚོགས་ཀྱིས་ཀྱང་དེའི་ཚེ་ན་ཁས་བླངས་སོང་། ཁས་བླངས་ནས་ཉི་མ་དེ་རིང་བར་ལོ་དྲུག་སོང་ཡོད་ཀྱང་དེའི་ནང་ན་ཐོག་མ་ནས་ད་བར་ཕལ་ཆེར་སྔ་མའི་ཁས་བླངས་ཐོག་ལ་བསྡད་ཡོད་ཟེར་གྱི་འདུག དེའི་ནང་ནས་རེ་གཉིས་ཙམ་གྱིས་བྱ་བ་ཕྱིན་ཅི་ལོག་པ་བྱེད་ཀྱི་ཡོད་ས་རེད་མ་གཏོགས། སྡེ་པ་དང་གྲོང་པ་འདིའི་ནང་ན་ཡོངས་རྫོགས་ཁས་ལེན་དམ་བཅའ་དེའི་ཐོག་ལ་གནས་ཡོད་ཀྱིན་འདུག དེ་ཡིན་ན་ད་དུང་ཁྱོད་རྣམ་པ་འདི་ན་ཡོད་པ་རྣམས་ལ་ངའི་རེ་བ་ལ་མུ་མཐུད་ནས་དེའི་ཐོག་ལ་འདུག་རྒྱུ་གཙོ་བོ་གྱིས། དེ་བཞིན་དུ་འདི་མ་ཡིན་པའི་སྡེ་པ་གཞན་ནས་ཆོས་ཞུ་བ་ཐོན་ཡོད་ན་དེ་ཚོས་ཀྱང་། ད་ཕན་ཆད་ང་ཚོ་འབྲོག་པ་ཚོས་ཁ་གསོ་ཐབས་འདི་ལ་བསྒྱུར་བཅོས་ཤིག་དགོས་ཀྱི་འདུག བསྒྱུར་བཅོས་གང་དགོས་ཀྱི་འདུག་ཟེར་ན་སེམས་ཅན་གྱི་སྲོག་རྐྱང་རྐྱང་གཅོད་ནས་ཁ་གསོ་བ་འདི་ཁ་གསོ་ལུགས་ནང་ནས་དེ་བས་སྡུག་མེད་པ་ཞིག་རེད། ད་དུང་རི་དྭགས་བསད་ནས་རྔོན་པ་དང་། ཁྲམ་པ་སྟེ་གཡོ་སྒྱུའི་མགོ་བསྐོར་བ་དང་། མི་རིག་ས་ནས་རྐུ་དང་རིག་ས་ནས་ཇག་བརྒྱབས་པ་དང་། དེའི་ཐོག་ལ་ཤན་པ་བཤས་ཚོང་མང་པོ་བྱེད་མཁན་སེམས་ཅན་མང་པོ་ཚུར་ཉོ་བ་དང་། ཕར་བཙོང་བ་སེམས་ཅན་གྱི་སྲོག་རྐྱང་རྐྱང་གཅོད་ནས་ཁ་གསོ་བ་ནི་དེ་བས་སྡུག་མེད་པ་ཡིན་པས་དེ་ཉན་གྱི་མི་འདུག ཁྱོད་རྣམས་ཀྱིས་འདི་ལྟར་ཁ་གསོས་དང་རྗེས་མ་བུ་རྒྱུད་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ནས་ཁ་གསོ་ཡོང་བ་རེད། དེ་འདྲ་ཡིན་ན་ང་ཚོས་མི་རབས་ནས་མི་རབས་ཀྱི་བར་དུ་སེམས་ཅན་གྱི་སྲོག་བཅད་པ་རྐྱང་རྐྱང་མ་གཏོགས། གཞན་ཁ་གསོ་ལུགས་མི་ཤེས་པར་འགྱུར་འགྲོ་བ་རེད། དེ་ལྟར་གྱུར་སོང་ན། དཔེར་ན། སྟག་གཟིག་སེང་གེ་དང་ང་ཚོའི་ས་ཆ་ན་ཡོད་པའི་སྤྱང་ཀི་འཕར་བ་སོགས་གཅན་གཟན་དེ་ཚོ་དང་འདྲ་བར་འགྱུར་འགྲོ་བ་རེད། གཅན་གཟན་འདི་ཚོ་ཡིན་ན་སེམས་ཅན་གྱི་སྲོག་བཅད་ནས་ཁ་གསོ་བ་མ་གཏོགས་གཞན་ཁ་གསོ་ལུགས་མི་ཤེས་པ་རེད། ང་ཚོས་སེམས་ཅན་གྱི་སྲོག་བཅད་ནས་ཁ་གསོ་བ་ལས་གཞན་ཐབས་གང་ཡང་མི་ཤེས་པ་འགྱུར་འགྲོ་བ་འདི་ལ་བསྒྱུར་བཅོས་བྱེད་དགོས་པ་འདུག
བསྒྱུར་བཅོས་ཇི་ལྟར་བྱ་དགོས་པ།
      
བསྒྱུར་བཅོས་ཇི་ལྟར་དགོས་པ་རེད་ང་ཚོ་ནི་འབྲོག་པ་ཞིག་ཡིན་དུས་སེམས་ཅན་མི་བཤའ་ནས་ཁ་གསོ་ཐབས་མི་འདུག་བསམ་ན། འབྲོག་པ་ཡིན་ནའང་ཁ་གསོ་ཐབས་མང་པོ་ཞིག་འདུག དཔེར་ན། ཟོག་ལྟ་བུ་ཞིག་ལ་མཚོན་ན། མར་དང་། ཆུར་བ། འོ་མ། ཞོ། ཁུལ་ལུ། རྩིད་པ་སོགས་དང་། དེའི་ཐོག་ལ་ལུག་གི་བལ་ལ་སོགས་པ་དང་། ཤི་སོང་ན་ཤ་དང་། ཀོ་བ། རུས་པ། འདི་ཚོ་ཐམས་ཅད་བེད་སྤྱད་ན་དེ་ཙམ་གྱིས་ཆོག་པར་འདུག ཡིན་ན་མིན་ན་སྲོག་བཅད་ནས་ཁ་གསོ་བ་དེ་འདྲ་མི་བྱེད་པར་སེམས་ཅན་གྱི་ལུས་ནས་ཡོང་བའི་དངོས་པོ་དེ་ཚོ་བེད་སྤྱད་ནས་དེ་ཙམ་གྱིས་ཆོག་ཤེས་པ་གྱིས། དེ་སྔ་ཡན་ཆད་སེམས་ཅན་གྱི་སྲོག་གཅོད་པ་དེའི་ཚབ་ཏུ། ངལ་རྩོལ་བྱེད་པ་འདི་གལ་ཆེན་པོ་རེད། དཔེར་ན། མཚོ་སྔོན་པོ་འདི་སྐད་གྲགས་ཆེ་བས་ཡུལ་སྐོར་སྤྲོ་འཁྱམ་མང་པོ་ཡོང་སའི་ས་ཆ་ཡིན་པས། དེའི་ཐོག་ལ་རང་གིས་བསམ་བློ་བཏང་ནས་ལས་ཀ་བྱེད་པ་ཡིན་ན་བྱེད་རྒྱུ་ཡོད་པ་རེད། དེ་མ་ཡིན་པ་ང་ཚོའི་ལོ་ཉུང་ཚོས་ལག་རྩལ་སྦྱང་ན་རང་གི་ཁ་གསོ་བྱེད་ཙམ་ལ་ཧ་ཅང་དཀའ་ལས་ཆེན་པོ་མི་དགོས་པར་འདུག གལ་ཏེ་ལག་རྩལ་མ་སྦྱང་ཡུལ་སྐོར་སྤྲོ་འཁྱམ་ཡོང་སའི་ལས་ཀ་མ་བྱས་ན་ཡང་། དེང་སང་དབྱར་ཁ་དབྱར་རྩྭ་དང་སྨན་ལྡུམ་རྐོ་རྒྱུ་དང་། དེ་མ་ཡིན་པ་འདིའི་ཡར་མར་དང་རྫོང་ཐོག་ལ་སོང་ན་ལམ་བཟོ་བ་སོགས་ས་རྐོ་རྡོ་སློག་གིས་ལས་ཀ་ང་ཚོ་རིགས་གནས་དང་ལག་ཤེས་མེད་པ་ཞིག་ཡིན་ནའང་ལས་གླ་ལེན་རྒྱུ་མང་བས། ད་ཕན་ཆད་ནས་འབྲོག་པའི་སྐྱེས་པ་ཚོས་ངལ་རྩོལ་བྱེད་རོགས་གྱིས། ང་ས་ཆ་གང་ལ་སོང་ན་འབྲོག་པ་ཚོའི་ནང་ལ་འདི་ལྟར་བཤད་ཀྱིན་ཡོད། ང་ཚོའི་འབྲོག་པ་ཚོའི་གནས་ཚུལ་གཅིག་པ་རེད། ཁམས་དང་། མགོ་ལོག འདིར་སོག་པོའི་ས་མཚམས་ཐུག་ལ་ཉེ་བ་དང་ང་ཚོ་བོད་ཀྱི་ས་སྣེ་ལྟ་བུ་རེད། འདི་ཚོའི་ནང་ལ་ཡོད་པའི་འབྲོག་པ་ཡོངས་རྫོགས་འཚོ་བ་སྐྱེལ་སྟངས་གཅིག་པ་རེད། གང་རེད་ཅེ་ན་སྐྱེས་པ་ཚོས་ལས་ཀ་མི་བྱེད་ནས་རང་གར་ཁྱིམ་ན་ཉལ་བ་དང་། དོན་མེད་ནའང་འཕྲུལ་རྟ་ཞོན་ནས་ཡར་མར་འཁྱམས་ནས་འདུག་རྒྱུ་མ་གཏོགས། དོན་ལ་ཕན་པའི་ལས་ཀ་མི་བྱེད་པ་རེད། དེ་ལྟར་བྱེད་པའི་སྟོབས་ཀྱིས་སྒོར་མོ་མེད་ན་ལུག་དང་ཟོག་བཤས་ཚོང་བརྒྱག་རྒྱུ་ལ་བསམ་བློ་གཏོང་བ་མ་གཏོགས། ངལ་རྩོལ་ལ་བརྟེན་ནས་ཁ་གསོ་བ་འདི་འབྲོག་པ་ཚོས་དེ་སྔ་ཡན་ཆད་ལ་བསམ་བློ་གཏོང་མི་ཤེས་པ་དང་། དེའི་སྲོལ་ཆེར་མེད་པ་རེད། ད་ནས་བཟུང་སྟེ་དེ་ལ་བསྒྱུར་བཅོས་ཤིག་དགོས་འདུག འཛམ་བུ་གླིང་གི་མི་ཐམས་ཅད་ཀྱིས་རང་རང་གི་ངལ་རྩོལ་ལ་བརྟེན་ནས་རང་རང་གི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། དེ་འཚོ་བ་སྐྱེལ་སྟངས་བཟང་པོ་རེད། རང་གི་དཀའ་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བས་ཚེ་འདིའི་ཐོག་ལ་ཕྱུག་པོ་འགྱུར་སོང་ན་ཁྲིམས་དང་འགལ་བའི་ཉེས་པ་དང་། ཚེ་ཕྱི་མར་གཤིན་རྗེ་ཆོས་རྒྱལ་གྱི་སྐུ་མདུན་ལ་ཐོན་སོང་ནའང་ཉེས་པ་མེད་པ་རེད། དེ་འདྲ་ཡིན་དུས་འབྲོག་པ་ཚོས་ངལ་རྩོལ་བྱེད་དགོས་པར་འདུག ལོ་སུམ་ཅུ་བཞི་བཅུ་སོང་ཚར་བ་དེ་རྣམས་ཀྱིས་ལག་རྩལ་སྦྱང་བ་དང་སློབ་གྲྭའི་ནང་ལ་འགྲོ་བའི་གོ་སྐབས་མེད་ཀྱང་། ངལ་རྩོལ་གྱིས་དང་དཀའ་ལས་ཅུང་ཙམ་མྱངས་ན་ཡང་ཟས་ཡང་དག་པ་དང་ཟས་གཙང་མ་རེད། བྱིས་པ་ཆུང་ཆུང་འདི་ཚོ་ཐམས་ཅད་སློབ་གྲྭའི་ནང་ལ་བཏང་ནས་སློབ་སྦྱོང་གྱིས་དང་། རིག་གནས་དང་ལག་རྩལ་ཤེས་ཡོང་བ་རེད། དེ་ཤེས་འོང་དུས་ང་ཚོས་ཁ་སང་དེ་རིང་གྱི་འདི་འདྲ་བར་བཤས་ཚོང་དང་སྲོག་རྐྱང་རྐྱང་བཅད་ནས་ཁ་གསོ་མི་དགོས་པ་ཞིག་འོང་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་ཁ་སང་དེ་རིང་གི་ཁ་གསོ་ལུགས་འདི་ལ་བསྒྱུར་བཅོས་བརྒྱག་དགོས་པ་འདུག་ཟེར་གྱི་ཡོད། བསྒྱུར་བཅོས་ཇི་ལྟར་དགོས་པ་དེ་མདོར་བསྡུས་ནས་བཤད་ན། དེ་སྔ་ཡན་ཆད་སེམས་ཅན་གྱི་སྲོག་མང་པོ་བཅད་ནས་འཚོ་བ་སྐྱེལ་སྟངས་འདི་མཚམས་འཇོག་བྱེད་དགོས། དེ་སྔ་ཡན་ཆད་ང་ཚོའི་བུད་མེད་ཚོ་ཡིན་ན་ཟོག་བཞོ་རྒྱུ་སོགས་ཕྱུགས་ལས་བྱེད་ཀྱིན་ཡོད་མོད། ཡིན་ནའང་སྐྱེས་པ་ཚོ་རང་གར་འཁྱར་ནས་འདུག་པ་མ་གཏོགས་ངལ་རྩོལ་ཆེན་པོ་བྱེད་ཀྱིན་མི་འདུག ང་ཚོའི་མང་ཚོགས་ནང་ལ་ཞིབ་མོར་བལྟས་ན་དེ་འདྲ་རེད། ང་ཚོའི་ཁམས་ཕྱོགས་ལ་བཟང་ས་དེ་གང་ཡིན་ཟེར་ན། ད་ནས་བཟུང་སྟེ་འབྲོག་པ་ཚོས་ངལ་རྩོལ་བྱས་ནས་གཙོ་བོ་སེམས་ཅན་གྱི་སྲོག་བཅད་པ་དེ་མར་ཉུང་དུ་གཏོང་བ་དང་། མང་ཆེ་བས་སྲོག་མི་བཅད་ནས་སྒོ་ཁར་ཡོད་པའི་སེམས་ཅན་རྣམས་ཚེ་ཐར་བྱེད། དེ་བཞིན་དུ་བཤས་ཚོང་མི་བརྒྱབས་ནས་རང་གི་དཀའ་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་རྒྱུ་དེ་འགོ་འཛིན་གྱི་ཡོད། དེ་ལ་འདི་ནས་ཁྱོད་རྣམས་ཀྱིས་ཕར་སློབ་སྦྱོང་བྱེད་དགོས་ས་ཡིན་པས་སློབ་སྦྱོང་གྱིས། ང་ཚོའི་ཁམས་ཕྱོགས་ཀྱི་འབྲོག་པ་ཚོས་ཚུར་ཁྱོད་རྣམས་ཀྱིས་དམེ་འཁྲུགས་མི་བྱེད་པ་དང་། རྐུ་མི་བྱེད་པ་མཚོན་ཆ་མི་འདོགས་རྒྱུ་འདི་ཚོ་ལ་སློབ་སྦྱོང་བྱེད། ང་ཚོས་ཕར་ཚུར་གཉིས་ཀ་ལ་སློབ་སྦྱོང་བྱེད་ན་ཐམས་ཅད་ཚེ་འདིའི་ཐོག་ལ་ཡག་པོ་དང་ཚེ་ཕྱི་མ་ལ་ཡག་པོ་ཡོང་གི་རེད། དེའི་ཐོག་ལ་ཁྱོད་རྣམས་ཀྱིས་བསམ་བློ་བཏང་ནས་སེམས་ལ་ཞོག ད་ཕན་ཆད་ས་ཆ་འདིར་སེམས་ཅན་གྱི་སྲོག་རྩ་བ་ནས་མི་བཅད་ཟེར་ན་ཅུང་ཟད་དཀའ་མོ་ཡིན་པ་རེད་ཀྱང་། བརྒྱ་ཆ་ལྔ་བཅུ་མར་ཇེ་ཉུང་ལ་མངག་རྒྱུ་དེ་མ་འཕྱུགས་གྱིས། དེ་འདྲ་མ་བྱས་ན་སེམས་ཅན་གྱི་སྲོག་གཅོད་པ་རྐྱང་རྐྱང་ལ་བརྟེན་ནས་བསྡད་པ་ཡིན་ན་ལས་ཀ་གཞན་པ། རིགས་གནས་དང་། ཡོན་ཏན། ལག་ཤེས་མི་སྦྱོང་བ་དང་། རང་གི་ལས་ཀ་མི་བྱེད་པ་རེད། དེ་ཚོས་ཐམས་ཅད་བཞག་ནས་ཡིན་ན་མིན་ན་ལུག་དང་ཟོག་མང་པོ་རླངས་འཁོར་ནང་ལ་ཁྱེར་ཏེ་བཤས་ཚོང་བརྒྱབས་ནས་ཁ་གསོ་བྱེད་སེམས་ཅན་གྱི་སྲོག་རྐྱང་རྐྱང་ལ་བརྟེན་པ་ཡིན་ན། དེ་བས་ཐབས་སྡུག་ཅིག་མེད་ངེས།
ཚེ་འདིའི་ཐོག་ལ་མི་ཉན་པ།
      
འདི་ལྟར་བྱས་པ་ཡིན་ན་ད་ལྟ་ཁྱོད་རྣམ་པ་བདེ་འཇགས་ཡིན་ས་འདུག་ཀྱང་རྗེས་མ་མིའི་ནང་ལ་བདེ་འཇགས་མེད་པར་འགྱུར་འགྲོ་བ་རེད། མིའི་ནང་ལ་བདེ་འཇགས་མེད་པར་འགྱུར་འགྲོ་བའི་རྒྱུ་མཚན་གང་ཡིན་གྱི་རེད་ཟེར་ན། ང་ཚོ་མི་ཞིག་ཡིན་ན་འདྲ། དུད་འགྲོ་ཞིག་ཡིན་ན་འདྲ། མདོར་ན་སེམས་ཅན་སྲོག་ཡོད་པ་ཞིག་ཡིན་ན་དེའི་སྲོག་ལ་གཅེས་སྤྲས་བྱེད་དགོས། དཔེར་ན། རང་ལ་མཚོན་ན་སྡུག་བསྔལ་ཆེན་པོ་མེད་ན་ལོས་དགའ་ཡང་ཆུང་ངུ་ཙམ་ཞིག་མེད་ན་དགའ་བ་རེད། བདེ་བ་ཆེན་པོ་ཡོད་ན་ལོས་དགའ་ཡང་བདེ་བ་ཆུང་ངུ་ཙམ་ཡོད་ནའང་དགའ་བ་མ་ཟད་དེ་ཡོད་ཐབས་ལ་བརྩོན་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སེམས་ཅན་ཐམས་ཅད་འདྲ་འདྲ་ཡིན་པ་རེད། ཐ་ན་རྟ་ཟོག་ལུག་འདི་ཚོ་ཡིན་ནའང་བདེ་བ་ཆེན་པོ་མ་ཟད་ཆུང་ངུ་ཙམ་ཡོད་ན་དགའ་བ་དང་། སྡུག་བསྔལ་ཆེན་པོ་མ་ཟད་ཆུང་ངུ་ཙམ་མེད་ན་དགའ་བ་ང་ཚོ་དང་འདྲ་འདྲ་རེད། ང་ཚོ་མི་ཞིག་ཡིན་དུས་ཧ་གོ་བཞིན་ཡོད་ཀྱང་། ཡིན་ནའང་རང་གི་ཁེ་ཕན་ཙམ་གྱི་དོན་དུ་སེམས་ཅན་འདི་ཚོ་ལ་སྡུག་བསྔལ་ཡོད་ནའང་ངས་བསམ་བློ་མི་གཏོང་བསམ་ནས་སྲོག་གཅོད་པ་ཡིན་ན། རིམ་བཞིན་དེའི་བག་ཆགས་དེ་གོམས་པའི་སྟོབས་ཀྱིས་ང་ཚོ་མིའི་ནང་ལ་ཉམ་ཆུང་ཚོའི་ལག་ནས་རྐུ་རྒྱུ་དང་འཕྲོག་རྒྱུ་དྲན་ཡོང་བ་རེད། གཞན་གྱིས་མ་གོ་བ་དང་མི་རིག་ས་ནས་རྐུ་འཕྲོག་བྱེད། དེའི་དབང་གིས་མི་དང་མིའི་བར་ལ་མི་བསད་རྟ་བསྒྱེལ་བྱ་བ་མང་པོ་ཐོན་འོང་དུས་ང་ཚོ་མིའི་ནང་ལ་བདེ་སྐྱིད་མེད་པར་འགྱུར་འགྲོ་བ་རེད། སེམས་ཅན་ལ་གནོད་པ་སྐྱེལ་བ་དེ་གོམས་སོང་བའི་སྟོབས་ཀྱིས་མི་ཕན་ཚུན་བར་ལ་འཛིང་རྩོད་དང་རྐུ་འཕྲོག་བྱེད་པ་སོགས་མི་འཛེམས་པར་གྱུར། དེ་གྱུར་སོང་དུས་ང་ཚོ་ཚེ་འདི་ཕྱི་གཉིས་ཀ་ལ་བདེ་སྐྱིད་མེད་པར་འགྱུར་འགྲོ་བས་དེའི་ཐོག་ལ་ཁྱོད་རྣམས་ཀྱིས་བསམ་བློ་ཐོངས། མཚོ་སྔོན་པོ་འདིའི་ཉེ་འཁོར་ཡར་མར་ན་ཡོད་པ་ཚང་མས་སེམས་ཅན་གྱི་སྲོག་གཅོད་པ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་པ་རྐྱང་རྐྱང་རེད། དེ་ལ་ང་ཚོས་བསྒྱུར་བཅོས་ཤིག་བྱེད་ན་དགའ་ས་རེད། ཁ་སང་དེ་རིང་ལ་བསམ་བློ་གཏོང་ན་ཉི་མ་སྔོན་ཆད་དང་ཅུང་ཙམ་མི་འདྲ་བར་ངལ་རྩོལ་བྱས་ནས་སྒོར་མོ་བཙལ་བསམ་ན་ཡོད་པ་རེད། དེ་འདྲ་ཡིན་དུས་འཚོ་བའི་ཐོག་ལ་ཧ་ཅང་སྡུག་ཐུག་དེ་འདྲ་མིན་པས། ང་ཚོས་ཁ་གསོ་རྒྱབ་གོས་ཐབས་ཤེས་གཞན་པ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་འདུག ང་ཚོ་དཔལ་འབྱོར་དང་འཚོ་བ་ཇེ་བཟང་ལ་འགྲོ་དགོས་ཀྱི་མི་འདུག་ཟེར་གྱི་མེད། དཔལ་འབྱོར་དང་འཚོ་བ་ཇེ་བཟང་ལ་འགྲོ་བའི་ཐབས་ཤེས་དེ་ལ་བསྒྱུར་བཅོས་དགོས་ཀྱི་འདུག་ཟེར་བ་ཡིན། ང་ཚོས་མི་རབས་ནས་མི་རབས་ཀྱི་བར་དུ་སེམས་ཅན་གྱི་སྲོག་གཅད་རྒྱུ་མ་གཏོགས་གཞན་གང་ཡང་མ་ཤེས་པ་དང་མེད་པ་ཡིན་ན་ང་ཚོ་ཤིན་ཏུ་ཐབས་སྡུག་རེད། གལ་ཏེ་ཟོག་དང་ལུག་འདི་ཚོ་རིམ་བཞིན་མེད་པར་འགྱུར་སོང་ན། དེའི་ཉིན་པར་རང་གི་ཁ་གསོ་མི་ཤེས་པ་ཚེ་འདིའི་ཐོག་ནས་བཤད་ན་དེ་འདྲ་རེད།
ཚེ་ཕྱི་མར་མི་ཉན་པ།
      
ཚེ་ཕྱི་མའི་ཐོག་ནས་བཤད་ན་དེ་རིང་སེམས་ཅན་ལུག་ལྟ་བུ་གཅིག་གི་སྲོག་གཅོད་པ་ཡིན་ན། དེའི་རྣམ་སྨིན་གྱི་འབྲས་བུ་ནི་དམྱལ་བ་ཡང་སོས་ལ་སྐྱེ་དགོས་པ་རེད། བྱིས་པ་ཆུང་ཆུང་ཚོ་དང་འགའ་རེས་བསམ་ན་དམྱལ་བ་ཟེར་བ་དེ་སྐྲག་སློང་བྱེད་ཙམ་ལ་དེ་འདྲ་བཤད་པ་རེད་མ་གཏོགས་ཨེ་ཡོད་ན་བསམ་ན། ཡོད་པ་རེད། འགྲོ་བ་རིགས་དྲུག་ཟེར་བ་དེ་དངོས་གནས་དྲང་གནས་ཡོད་པ་རེད། དེའི་ནང་ནས་མི་ནི་ང་ཚོ་ཐམས་ཅད་རེད། དུད་འགྲོ་ནི་ང་ཚོའི་སྒོ་ཁར་ཡོད་པ་འདི་ཚོ་རེད། ཡི་དྭགས་ནི་མི་ལ་ལ་གཞི་བདག་གི་ཁྲིད་སོང་བ་དང་ལ་ལ་གཞི་བདག་གིས་གནོད་པ་བྱེད་ནས་སྨྱོ་གཏམ་བཤད་པ་དང་། དེ་བཞིན་འདྲེ་དང་བཙན་ཞུགས་པ་སོགས་མང་པོ་བཤད་འདུག་པ་འདི་ཚོ་མང་ཆེ་བ་ཡི་དྭགས་ཚོས་གནོད་པ་བྱེད་ཡོང་དུས་དེ་ལྟར་ཡོང་བ་རེད། དེ་མ་ཡིན་པ་དམྱལ་བ་དེ་རིང་ང་ཚོས་མི་མཐོང་བ་རེད། དཔེར་ན། འཇིག་རྟེན་མི་ཡུལ་ན་བཙོན་ཁང་ཡོད་པ་དེ་དང་འདྲ་བ་རེད། བཙོན་ཁང་མི་མཐོང་བའི་གང་ཟག་དེས་བཙོན་ཁང་ཡོད་པ་མ་རེད་ཅེས་བཤད་ཀྱང་དོན་ལ་ཡོད་པ་རེད། ཡོད་པའི་རྒྱུ་མཚན་གང་རེད་ཟེར་ན་འཇིག་རྟེན་མི་ལུགས་ཀྱི་རྐུ་དང་ཇག་དང་མི་བསད་པ་སོགས་ཁྲིམས་འགལ་གྱི་བྱ་བ་བྱེད་པ་འདི་ལ་ཁྲིམས་ཁང་ཡོད་པ་རེད། མི་གསོན་པོ་ལ་ཁྲིམས་ཁང་ཡོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་དམྱལ་བ་ཟེར་བ་དེ་ཡོད་པ་རེད། དམྱལ་བ་ཟེར་བ་དེ་མི་ཡུལ་གྱི་ཁྲིམས་ཁང་ལྟ་བུ་རེད། ང་ཚོ་ལ་བཙོན་ཁང་ཡོད་དགོས་པའི་རྒྱུ་མཚན་ནི་མི་རྣམས་ཀྱིས་ཁྲིམས་འགལ་གྱི་བྱ་བ་སྣ་ཚོགས་བྱེད་པའི་རྐྱེན་གྱིས་རེད། དེ་བཞིན་དམྱལ་བ་ཡོད་པའི་རྒྱུ་མཚན་དེ་ལྟ་བུ་རེད། རྒྱལ་ཁབ་ཀྱི་ཁྲིམས་ལ་བསམ་བློ་བཏང་ན་གོ་སོང་ན་ཁྲིམས་ཁང་ནང་ལ་འགྲོ་དགོས་པ་དང་མ་གོ་ན་འགྲོ་མི་དགོས་པ་རེད། ལས་རྒྱུ་འབྲས་དེ་གོ་དང་མ་གོ་ཟེར་ས་ཡོད་པ་མ་རེད། ང་ཚོས་སེམས་ཅན་གྱི་སྲོག་གཅོད་པ་སོགས་གནོད་པ་སྐྱེལ་ན། རྗེས་མར་ངན་སོང་གསུམ་དང་ཁྱད་པར་དམྱལ་བ་ལ་འགྲོ་དགོས་པ་རེད། དམྱལ་བ་ནི་ང་ཚོ་འགྲོ་བ་རིགས་དྲུག་པོའི་ཁྲིམས་ཁང་རེད། མི་ཡུལ་ན་ཡོད་པའི་ཁྲིམས་ཁང་འདི་ནི་ང་ཚོ་མི་རྐྱང་པའི་ཁྲིམས་ཁང་ཡིན་པས་འདིའི་ནང་ལ་དུད་འགྲོ་དང་། ཡི་དྭགས། དམྱལ་བ། ལྷ། ལྷ་མིན་སོགས་འགྲོ་མི་དགོས་པ་རེད། དམྱལ་བ་ནི་འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་ཐུན་མོང་གི་ཁྲིམས་ཁང་ཡིན་པས་བྱ་བ་ངན་པ་མི་ཡུལ་དང་ལྷ་ཡུལ་སོགས་གང་དུ་བྱས་ཀྱང་འདིའི་ནང་ལ་འགྲོ་དགོས་པ་རེད། མི་ཡུལ་དུ་སྔོན་ཆད་ལོ་རྒྱུས་ནས་ད་བར་དུ་ཁྲིམས་ཁང་ཡོད་པ་རེད། དེ་ཡོད་ན་དམྱལ་བ་ཡོད་པ་རེད་དེ་གཉིས་རྒྱུ་མཚན་གཅིག་པ་རེད། དཔེར་ན། དེ་རིང་ལུག་གཅིག་གི་སྲོག་བཅད་ནས་སྡིག་པ་ལ་བཤགས་པ་མ་བྱས་ན་དམྱལ་བ་ཡང་སོས་ལ་སྐྱེ་འགྲོ་བ་རེད། དམྱལ་བ་ཡང་སོས་ཟེར་བ་དེ་ས་ཐམས་ཅད་ལྕགས་བསྲེགས་དང་མེ་ལྕེ་གྲུ་གང་རེ་ཙམ་འབར་བ་རྐང་པ་གཡས་བཞག་ན་གཡས་འཚིགས་ནས་དུ་བ་སྔོ་ཕ་ལེ་ཡོང་བ། རྐང་པ་གཡོན་པ་བཞག་ན་གཡོན་པ་དེ་བཞིན་དུ་འཚིགས་འགྲོ་བ་དང་། ལས་མཁན་འདྲ་དང་མི་འདྲ་སྣ་ཚོགས་ཀྱིས་གསོད་གཅོད་ཀྱི་སྡུག་བསྔལ་མྱོང་བ་དང་། ལས་ཀྱི་དབང་གིས་དམྱལ་བའི་སེམས་ཅན་རྣམས་གཅིག་གིས་གཅིག་མཐོང་བས། དཔེར་ན། ང་ཚོའི་མི་ཡུལ་ན་ཕ་བསད་ཀྱི་ལག་དམར་མཐོང་བ་བཞིན་ཞེ་སྡང་ལང་བ་དང་། ཞེ་སྡང་སྐྱེ་བ་དང་མཉམ་དུ་ནམ་མཁའ་ནས་མདའ་མདུང་གྲི་སོགས་མཚོན་ཆ་སྣ་ཚོགས་ཐོན་འོང་བ་རེད། དེ་ནི་མི་ཞིག་གི་ཆེད་དུ་བྱས་པ་མ་ཡིན་ཀྱང་རང་གི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་ཐོན་འོང་བ་རེད། དེ་ཐོན་འོང་དུས་མི་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་བཟུང་ནས་དོན་མེད་དུ་གཅིག་གིས་གཅིག་བསད་ནས་དེ་ན་ཡོད་པའི་སེམས་ཅན་ཡོངས་རྫོགས་ཤི་འགྲོ་བ་དང་། དེ་ནས་ནམ་མཁའ་ནས་ཤི་བ་ཐམས་ཅད་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་གྲགས་པ་དང་མཉམ་དུ་རླུང་བསིལ་མོ་ཅུང་ཙམ་གཡོ་བས་མི་དེ་ཚོ་ཐམས་ཅད་ཡང་སོས་པ་དང་། ཡང་གཅིག་གིས་གཅིག་གསོད་ནས་ཐམས་ཅད་ཤི་དེ་ལྟར་རེས་མོས་བྱེད་པ་དེ་ལ་དམྱལ་བ་ཡང་སོས་ཟེར་བ་རེད། མི་ཡུལ་དུ་བཙོན་ཁང་ནང་ལ་སྡུག་བསྔལ་མྱོང་བ་འདི། དེ་ལ་བསམ་ན་སྡུག་བསྔལ་ཆུང་ཆུང་རེད། དམྱལ་བ་ནི་འགྲོ་བ་རིགས་དྲུག་གི་བཙོན་ཁང་ལྟ་བུ་རེད། འདི་ཡོད་ཀྱི་མ་རེད་བསམས་ནས་མི་དགེ་བ་མང་པོ་སྒྲུབ་པ་ཡིན་ན། རང་གིས་རང་མགོ་བསྐོར་བ་ལས་ཅི་ཡང་མི་འདུག དེ་འདྲ་ཡིན་དུས་རྣམ་སྨིན་གྱི་འབྲས་བུ་དམྱལ་བའི་ནང་ལ་སྡུག་བསྔལ་ལོ་ཁྲི་ཕྲག་མང་པོར་མྱངས་ནས་ལས་སྒྲིབ་ཅུང་སྲབ་ཡོང་དུས་ཡར་མི་ཡུལ་སོགས་སུ་སྐྱེ་ཡོང་བ་རེད། མི་ཡུལ་དུ་སྐྱེས་ན་སེམས་ཅན་གྱི་སྲོག་བཅད་པའི་མི་དེའི་སྐྱེ་བ་མང་པོའི་བར་དུ་ཚེ་ཐུང་བ། ལ་ལ་ནི་མའི་ཁོག་པའི་ནང་ཤི་བ་དང་། ལ་ལ་ནི་སྐྱེས་ནས་ལོ་གཅིག་དང་གཉིས་ལ་སོགས་པ་ཚེ་རིང་པོ་མི་ཐུབ་པ་དང་། གལ་ཏེ་མ་ཤི་ནས་ཚེ་རིང་པོ་འདུག་ནའང་བྱིས་པ་སྐྱེས་ནས་བཟུང་ནད་མང་བ་མི་ཚེ་གཅིག་ལ་སྒོར་མོ་མང་པོ་བཏང་ནས། རྒྱ་བོད་ཀྱི་སྨན་མ་འཐུང་བསམ་པ་མེད་པ་འཐུང་ནའང་དྲག་རྒྱུ་མེད་པ་མི་ཚེ་གཅིག་ལ་ནད་ཀྱིས་མནར། ཐ་མ་ནད་དེས་ཤི་འགྲོ་བ། དེ་འདྲ་བ་དེས་སྨན་ཆེན་པོ་འཐུང་པ་བས་གཙོ་བོ་བཤགས་སྦྱང་ལ་འབད་དགོས་པ་རེད། སེམས་ཅན་གྱི་སྲོག་བཅད་པ་པོ་དེ་ཤི་བའི་ཚེ་མི་གཞན་གྱིས་བསད་དེ་ཤི་བ་དང་། དེ་བཞིན་ཚེ་རབས་རྗེས་མ་རྣམས་སུ་ཡང་གཞན་གྱིས་བསད་དེ་ཤི་བ་སོགས་ཚེ་རབས་ལྔ་བརྒྱའི་བར་དུ་སྲོག་ལན་འཇལ་དགོས་པ་རེད། དཔེར་ན། ཁ་སང་དེ་རིང་གི་ཁྲིམས་ཁང་ནང་དང་གཅིག་པ་རེད་ཉེས་པ་ཆེན་པོ་ཞིག་ཡོད་ན་དང་པོ་བཙོན་ཁང་ནང་ནས་སྒོ་ཁར་ཡང་འབུད་ས་མི་ལོན་པ་དང་། དེ་ནས་རིམ་བཞིན་སྒོ་ཁར་དང་ལས་ཀ་ལས་ས་ལ་འགྲོ་ཆོག་པའི་རང་དབང་ཡོད་འོང་བ་དེ་དང་གནས་ལུགས་རྒྱུ་མཚན་གཅིག་པ་རེད། ཚེ་རབས་ལྔ་བརྒྱའི་བར་དུ་སྲོག་ལན་དེ་ལྟར་འཇལ་ནས་སྐྱེ་བ་བླང་དགོས་པ་རེད། དེ་ལ་ཁྱོད་རྣམས་ཀྱིས་བསམ་བློ་ཐོང་། ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་ཐག་ཆོད་རེད།
དྲི་བའི་ལམ་ནས་གོ་བརྡ་སྤྲད་པ།
      
ངས་ཁྱོད་རྣམས་ལ་དྲི་བ་ཞིག་བཀོད། དེ་རིང་འདི་ན་ཡོད་པའི་མི་སྐྱ་ཕོ་མོ་སུ་ཡིན་ན་དེ་སྔ་ཡན་ཆད་ཁྱིམ་ཚང་གཅིག་གིས་ལུག་ཇི་ཙམ་བཤས་ཁང་ནང་ལ་བཙོང་ཡོད་ས་རེད། དེ་ལ་ཕྱིར་འདང་ཞིག་རྒྱོབས། དེ་སྔོན་ང་ཚོས་དེ་ལ་བསམ་བློ་ཆེན་པོ་མི་གཏོང་ནས་སེམས་ཅན་མང་པོ་བཤའ་རྒྱུ་གཏུབ་རྒྱུ་བྱེད་པ་མ་གཏོགས་མེད་མོད། ད་ནས་བཟུང་སྟེ་བསམ་བློ་ཞིག་ཐོང་། ལོ་གཅིག་ལ་རང་གི་སྒོ་ཁར་ལུག་བཤའ་བ་དང་བཤས་ཁང་ནང་ལ་བཙོང་བ། དེ་མ་ཡིན་པ་གཞན་ལ་བཙོངས་ནས་བཤས་ཁང་ནང་ལ་འགྲོ་བའི་རང་གི་གོ་བཞིན་ཤེས་བཞིན་དུ་སེམས་ཅན་གྱི་སྲོག་ཇི་ཙམ་ལོ་རེ་ལ་བཅད་འདུག དེ་ཁྱོད་རྣམས་ཀྱིས་རྩིས་བརྡ་ཞིག་བརྒྱབས་ནས་ལོ་གཅིག་གི་ཕྱོགས་བསྡོམས་གྱིས། དེ་ནས་ལོ་བཅུ་དང་ཉི་ཤུའི་ནང་གི་ཕྱོགས་བསྡོམས་གྱིས་དང་ཁྱིམ་ཚང་རེ་རེས་ཇི་ཙམ་སྲོག་བཅད་འདུག ང་ཚོ་མི་གཅིག་ལ་བསམ་ན། དེ་སྔ་ཡན་ཆད་འདི་འདྲ་བའི་བྱ་བ་བསྒྲུབས་ནས་ལོ་ཉི་ཤུ་སུམ་ཅུ་སོང་ཚར་བ་རེད། མི་ལོ་སུམ་ཅུའི་ཡར་མར་དེ་ལ་ཟས་གོས་ཀྱི་ཆེད་དུ་སེམས་ཅན་ཇི་ཙམ་ཞིག་གི་སྲོག་བཅད་ཚར་འདུག སྲོག་བཅད་རྒྱུའི་སེམས་ཅན་དེ་ཚོས་ང་ཚོའི་ཕ་མ་དང་རང་ཉིད་མི་སྒེར་དང་བུ་བུ་མོ་སུ་ལ་ཡང་གནོད་པ་བསྐྱལ་མ་མྱོང་བ་དང་། དེ་བཞིན་དུ་རྒྱུ་འཕྲོག་པ་དང་རང་གི་མི་ཚེ་འདི་ལ་ཐ་ན་ཚིག་རྩུབ་མོ་ཙམ་ཡང་ཟེར་མ་མྱོང་བ་རེད། དེ་འདྲ་རེད་དང་མ་རེད་ཁྱོད་རྣམས་ཀྱིས་བསམ་བློ་ཐོང་དང་། ལོ་རེ་བཞིན་དུ་སེམས་ཅན་རླངས་འཁོར་མང་པོ་སྲོག་གཅད་པ་འདི་ཚོས་ང་ཚོ་ལ་གནོད་པ་སྤུའི་རྩེ་མོ་ཙམ་ཡང་བྱེད་མ་མྱོང་ཡང་གང་གི་དོན་དུ་འདི་འདྲ་བྱེད་པ་རེད་ཟེར་ན། རང་གི་ཟས་གོས་ཀྱི་ཆེད་དུ་བྱེད་པ་རེད་མ་གཏོགས་གཞན་མེད་པ་རེད། ང་ཚོའི་ཟས་གོས་འདི་བྱ་བ་གཞན་ཞིག་ལ་བརྟེན་ནས་བསྒྲུབ་བཞག་ན་ཆོག་གི་རེད། ཡིན་ན་མིན་ན་སེམས་ཅན་གྱི་སྲོག་གཅོད་མི་དགོས། སེམས་ཅན་བཤས་ཁང་ནང་ལ་བཙོངས་ནས་སྒོར་མོ་བླངས་བསྡད་པ་ཡིན་ན་ལས་ཀ་ལས་མི་དགོས་པ་སླ་མོ་ཡིན་པ་རེད། འོན་ཀྱང་ང་ཚོས་འདི་འདྲ་མ་བྱས་ན་འཚོ་བ་ཁ་གསོ་བ་དང་རྒྱབ་འགེབས་པ་ལ་ཐབས་ཤེས་ཡོད་ཨེ་རེད་ཅེ་ན། ཡོད་པ་རེད། དཔེར་ན། གཅན་གཟན་སྟག་གཟིག་སྤྱང་ཀི་འདི་ཚོ་ཡིན་ན་ཁོང་ཚོའི་སྐྱེ་བ་སྔ་མའི་ལས་ཀྱི་སྟོབས་ཀྱིས་སེམས་ཅན་གསོད་པ་མ་གཏོགས། ཁ་གསོ་བའི་ཐབས་གཞན་བསམ་བློ་གཏོང་མི་ཤེས་པ་རེད། ང་ཚོ་མི་ཞིག་ཡིན་ན་བསམ་བློ་གཏོང་ཤེས་ཀྱི་འདུག་སེམས་ཅན་གྱི་སྲོག་མ་བཅད་ནའང་ཁ་གསོ་བ་དང་། འཚོ་བ་ཇེ་བཟང་དང་། དཔལ་འབྱོར་ཇེ་འཕེལ་ལ་གཏོང་ལུགས་ཡོད་པ་ཡིན་དུས། འདིའི་ཐོག་ལ་མཚོ་སྔོན་པོའི་རྒྱུད་ན་ཡོད་པའི་འབྲོག་པ་ཚོས་ཡིན་ན་མིན་ན་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས་འགྲིག་གི་མི་འདུག  སྤྱིར་ན་ཁྱོད་ཚོ་འབྲོག་པ་ཡིན་དུས་ཕྱུགས་ལས་ལ་བརྟེན་ནས་ཁ་གསོ་དགོས་ཀྱི་རེད་མོད། འོན་ཀྱང་ཕྱུགས་ལས་ཀྱིས་ཁ་གསོ་ན་སེམས་ཅན་གྱི་སྲོག་རྐྱང་རྐྱང་གིས་ཁ་གསོ་བ་དེ་མ་རེད། དེ་སྔ་ཡན་ཆད་རང་རེས་དེ་འདྲ་རྐྱང་རྐྱང་བྱེད་པ་རེད་ཀྱང་ད་ཕན་ཆད་འདི་འདྲ་མ་བྱེད། ཕྱུགས་ལས་ལ་བརྟེན་ནས་ཁ་གསོ་བ་དེ་ཟོག་ལ་མར་དང་། ཆུར་བ། ཞོ་དང་། རྩིད་པ། ཁུལ་ལུ་དང་། ལུག་གི་བལ་ལ་སོགས་པ་འདི་ཚོ་བཙོང་པ་ཡིན་ན་གོང་ཆེན་པོ་ཁུག་གི་འདུག་པས་འདི་ཚོས་ཁ་གསོ་བ་དང་། དེའི་ཟུར་ནས་ང་ཚོས་ལས་ཀ་ལས་ན་ཞོར་ལས་བྱེད་ཆོག་པས། སེམས་ཅན་གྱི་སྲོག་གཅོད་པ་ཁོ་ནས་ཁ་གསོ་བར་མི་བྱེད་ནས། སེམས་ཅན་གྱི་ཞོ་དང་འོ་མ་སོགས་ང་ཚོས་བེད་སྤྱོད་ན་དེའི་མིང་ལ་ཕྱུགས་ལས་ཟེར་གྱི་ཡོད་པ་རེད། སེམས་ཅན་གྱི་སྲོག་གཅོད་པ་འདིའི་ཚབ་ཏུ་ངལ་རྩོལ་བྱེད་དགོས་ཀྱི་འདུག འདི་ན་ཡོད་པའི་ལོ་རྒན་གཞོན་ཚང་མའི་སེམས་ལ་འཛིན་རོགས་གྱིས། ཁ་གསོ་ལུགས་ཡོད་བཞིན་དུ་ང་ཚོས་ཡིན་ན་མིན་ན་སེམས་ཅན་གྱི་སྲོག་གཅོད་དགོས་དོན་མི་འདུག གལ་ཏེ་ལས་རྒྱུ་འབྲས་ཟེར་བ་དེ་མེད་ནའང་སེམས་ཅན་འདི་ཚོ་ལ་ན་ཚ་དང་བདེ་སྡུག་ཡོད་པ་རེད། དེ་བཞིན་དུ་འདི་ཚོ་དབྱར་ཁ་ལ་རྩྭ་ཟ་བ་དང་ཆུ་འཐུང་ནས་འདུག་རྒྱུ་བྱུང་ན་འདུག་བསམ་གྱི་ཡོད་པ་རེད། སེམས་ཅན་འདི་ཚོ་སུ་ཡིན་ན་མཆུ་བསྡམས་པ་དང་རྐེ་གཅོད་ནས་བསད་ན། ཁ་ནས་བཤད་མ་ཤེས་ནའང་འཇིགས་སྐྲག་དང་སྡུག་བསྔལ་མེད་པ་ཡོད་པ་མ་རེད། མི་འདོད་པ་རྐྱང་རྐྱང་ཡིན་པ་རེད། དེའི་ཐོག་ལ་བསམ་བློ་ཞིབ་མོ་ཐོང་།
ཚེ་ཕྱི་མ་རླུང་ལ་བསྐུར།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005