གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། གློ་ནད་སྨན་རྫས་ཨ་བི་ཁ་སྤྱོད་སྟངས་སྐོར།
སྤེལ་དུས།2015-04-16   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

       ནམ་ཟླ་དཔྱིད་ཀའི་དུས་ཚིགས་ལ། གློ་ནད་ཕོག་མཁན་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད། ལུ་བ་རྒྱག་ཡོང་སྐབས་མི་རྣམས་ཀྱིས་ལམ་སངས་སྨན་ཨ་བི་ཁ་དྲན་པ་རེད། གློ་ནད་གང་ཕོག་པ་ཚང་མ་ལ་ཨ་བི་ཁ་འཐུང་དགོས་སམ་ཟེར་ན། དོན་དངོས་ཐོག་དེ་འདྲ་ཞིག་མ་རེད།
      
རྒྱའི་གསོ་རིག་ལས་ཐོག་མཐའ་བར་གསུམ་དུ། ལྟ་སྟངས་འདི་འདྲ་ཞིག་ཡོད་པ་སྟེ། ལུ་བ་རྒྱག་པའི་འབྱུང་རྐྱེན་ནི་རིགས་མང་པོ་ཡོད་ཅིང་། ཕན་ནུས་ལྡན་པའི་སྒོ་ནས་ལུ་བ་འཇགས་པ་བྱེད་བསམ་ན་ངེས་པར་དུ་ན་རྐྱེན་རྩད་ཆོད་པ་བྱེད་དགོས། གལ་སྲིད་དེ་ལྟར་མ་བྱས་པར་ལུ་བ་འཇགས་ཐབས་ཁོ་ན་ལ་དམིགས་པ་ན། རྟག་ཏུ་ཕན་འབྲས་ཡག་པོ་ཐོན་གྱི་མེད་པ་རེད།
      
དུས་རྒྱུན་དུ་མི་རྣམས་ལ་ལུ་བ་རྒྱག་པ་དེ། ཕལ་ཆེ་བ་ནི་ལུས་ཕྱི་རོལ་གྱི་ཆམ་ནད་བཏབ་ནས་སློང་བ་ཞིག་རེད། གལ་ཏེ་གྲང་ངར་གྱིས་བཏབ་ནས་གློ་རྒྱག་པ་དང་ལུ་བ་ལངས་པ་དང་ཁ་ལུད་སླ་ཆོབ་ཆོབ་ཡིན་པ། སྣ་ཁུང་འགག་ཅིང་སྣབས་རྟུག་ཤོར་བ་དང་ཆབས་ཅིག་མགོ་གཟེར་བ། རྔུལ་ཆུ་འཕྱུར་རྒྱུ་མེད་པ་བཅས་ཀྱི་ནད་རྟགས་བྱུང་ན། སྨན་བཅོས་སུ་ཨ་བི་ཁ་སྤྱོད་དགོས་པ་མ་རེད།  ནད་དེ་ནི་གློ་བ་ལ་རླུང་གྲང་མོ་ཕོག་ནས་ལུ་བ་ལངས་པ་ཡིན་ཞིང་། དེར་རླུང་འཇོམས་ནས་ཚ་བ་སེལ་བ་དང་དབུགས་ལམ་བཤང་ན་ནད་དྲག་གི་རེད། རྒྱའི་ལུགས་སྡེབ་སྦྱོར་བཟོས་སྨན་ཐུང་ཞོན་གློ་གསོ་རིལ་བུ་དང་། གྲང་ནད་གློ་སྨན་རིལ་བུ་སོགས་བཏུང་ན་ཆོག་པ་ལས་ཨ་བི་ཁ་འཐུང་དགོས་དོན་མེད། གོང་གསལ་ནད་རྟགས་དེ་རིགས་ལ་ད་དུང་ཨ་བི་ཁ་བཏུང་བ་ཡིན་ན། གྲང་ངར་ལུས་པོའི་ཕྱིར་སྐྲོད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ནད་བཅོས་པའི་དུས་ཡུན་ཇེ་རིང་དུ་གཏོང་གི་རེད།
      
གྲང་ཆམ་ཕོག་ནས་ཚ་རླུང་གི་ལུ་བའམ་སྐམ་ཤས་ཆེ་བའི་ལུ་བ་རྒྱག་ཡོང་དུས། ཨ་བི་ཁ་ཡིས་ཚ་བ་སེལ་བ་དང་གློ་འཇགས་བྱེད་ཆོག ལྷག་པར་དུ་གློ་གྱེན་བ་དང་ཁ་ལུད་མེད་པ་དང་། ཡང་ན་ཁ་ལུད་སེར་ཞིང་གར་བ་དེ་ཕྱིར་སྐྱུག་པ་དཀའ་བ། སྣ་དང་མིད་པ་སྐམ་པ། གློ་ལུ་དུས་བྲང་ཁ་དང་སྦྲེལ་ནས་གཟེར་ལངས་པ། ལྕེ་དམར་བ་དང་ལྕེ་དྲེག་སེར་པོ་ཆགས་པའི་ལུ་གྱེན་ལངས་པ་བཅས་ལ་ཨ་བི་ཁ་ཡིས་སྨན་བཅོས་བྱས་ན་ནུས་པ་བཟང་པོ་ཐོན་གྱི་རེད། དེའི་མ་ཚད་མི་རྒན་རྣམས་ཀྱི་གློ་བའི་ཚ་ནང་ཀྱིས་དབུགས་འགག་པའི་ལུ་བ་ལའངཨ་བི་ཁྲ་འཐུང་ཆོག་པ་རེད། རྒྱའི་ལུགས་བཟོས་སྨན་ནི་པེ་མུའུ་ཨེར་ཏུང་ཀའོ་དང་ཁྲོན་པེ་ཕེ་པ་ལུབ་སྨན་ཁུ་འམ་སྨན་ཕྱེ་སོགས་སྤྱད་ཆོགལུས་ལ་ཚ་བ་རྒྱག་པ་དང་མགོ་ན་བ། ཁ་སྐམ་པ་དང་མིད་པར་སྐམ་གཟེར་ལངས་པ་བཅས་ཀྱ་ཚ་རླུང་ནས་སློང་བའི་ལུ་བ་ལ་རྒྱའི་ལུགས་བཟོས་སྨན་ཧྲང་ཇུས་ཆམ་འཇགས་སྨན་ལེབ་དང་། ཡང་ན་ཧྥུ་རེས་ཁེ་སའུ་ཝའང་རིལ་བུ་སོགས་བཏུང་ཆོག
      
ཨ་བི་ཁ་སྨན་རྫས་དེ་ཡང་དག་པར་སྤྱོད་པའི་ཆེད། ལུ་བ་རྒྱག་དུས༑ བྱུང་ན་སྨན་པ་ལ་བཀའ་འདྲི་ཞུ་དགོས། སྤྱིར་བཏང་བཤད་ན༑ གྲང་འཁྱག་གིས་སློང་བའི་ལུ་བ་ལ་ཨ་བི་ཁ་འཐུང་མི་ཉན་པ་དང་༑ ཚ་བས་སློང་བའི་ཡུན་རིང་ལུ་ནད་དང་ཚ་གློ་རྒྱག་པ་ལ་ཨ་བི་ཁ་འཐུང་ཆོག གང་ལྟར་ལུ་བའི་འབྱུང་རྐྱེན་ཚ་བའམ་གྲང་ངར་གང་ཡིན་པ་གསལ་པོ་ཤེས་པ་བྱས་ནས་སྨན་བཅོས་བྱེད་དགོས་པ་ལས་ཨ་བི་ཁ་གང་བྱུང་དུ་སྤྱོད་མི་ཉན། མི་འགའ་ཞིག་གིས་ཨ་བི་ཁ་དང་ཤིང་ཏོག་ལི་མཉམ་པོ་བཙོས་ནས་ཐེངས་མང་པོ་བཏུང་ནའང་ཕན་ནུས་གང་ཡང་མེད་པ་དང་འདྲ་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005