གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། བད་རླུང་གི་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་བཤད་པ།
སྤེལ་དུས།2015-10-28   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། བན་དེ་འཚོས་བསྒྲིགས།
དང་པོ། གླེང་གཞི་བཤད་པ།
                              ༄༅།།ནད་གཞི་དབྱེ་བ་རྣམ་གྲངས་དཔག་མེད་ཀུན།།
                              མདོ་རུ་བསྡུས་པའི་ཚ་གྲང་གཉིས་སུ་བཤད།།
                              དེ་དག་འཇོམས་བྱེད་གཉེན་པོ་རྣམ་བཞི་ཡང་།།
                              མདོ་རུ་བསྡུས་པའི་བསིལ་དྲོད་གཉིས་སུ་གསུངས།།
                              ལུས་ཀྱི་དབྱེ་བ་རྟེན་དང་ན་ཚོད་དང་།།
                             རང་བཞིན་ནད་ཀྱི་དབྱེ་བ་མི་འདྲ་ཡང་།།
                             འཕེལ་ཟད་འཁྲུགས་ལས་མ་བྱུང་ནད་གཞན་མེད།།
                             འཕེལ་བ་སྙུང་དང་ཟད་པ་བརྟ་དང་།།
                             འཁྲུགས་པ་སྙོམ་པའི་ཐུན་མིན་བཅོས་ཐབས་ཀྱིས།།
                             ཚ་ནད་བསིལ་དང་གྲང་ནད་དྲོད་ཀྱིས་འཇོམས་པ་འདི།།
                             གངས་རིའི་མགོན་པོའི་ལུགས་སུ་འཁྲུངས་པ་དང་།།
                             ཟུག་ཉིད་འཇོམས་བྱེད་བསིལ་དྲོད་གཉེན་པོ་ཡིས།།
                             འབྱུང་ལུས་འཕེལ་ཟད་སྙོམ་ཞིང་བདེ་བར་རྒྱུ།།
        ཞེས་ཚིགས་སུ་བཅད་པ་ཞིག་གི་སྔོན་འགྲོའི་མདུན་བསུ་ནས་གང་གླེང་བར་བྱ་བ་ནི་བད་རླུང་གི་ནད་ཅེས་པ་འདི་ཉིད་ཡིན་ལ།དེ་ཡང་དེང་སང་ལོ་ན་གཞོན་ཡང་ཉལ་བོ་སྤྱོད་པ་མང་དྲགས་པས་ལུས་ཀྱི་ཟུངས་ཟད་ནས་མགོ་བོ་ན་བ་དང་ཞེན་པ་ལོག་པ།མིག་ཟུང་རབ་རིབ་བྱེད་པ།མགོ་ཡོམ་འཁོར་བ།ཐང་ཆད་པ།ཁྲག་ཤེད་དམའ་བ་ལ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་དེ་མིན་ལོ་རྒན་ཡང་ཁ་ཅིག་གིས་བཅུད་མེད་པའི་ཁ་ཟས་སྐྱ་བོ་ཡུན་རིང་དུ་བསྟེན་དྲགས་པའམ་དོན་མེད་ཀྱི་སེམས་འཚབ་གནང་བའམ་ཡང་ན་ཟས་སྤྱོད་ཡང་དག་མ་བསྟེན་པའི་རྐྱེན་གྱིས་མགོ་ཡོམ་འཁོར་ཞིང་སྐྱུག་མེར་ལངས་བ།ཁ་ལྕེ་སྐམ་པ།གཉིད་མི་ཡོང་བ།མིག་རབ་རིབ་བྱེད་པ།རྣ་བ་འུར་བ།སེན་མོ་དང་མིག་སྤྲིན་གྱིས་མདོག་དཀར་བ།ཁྲག་ཤེད་དམའ་བ་ལ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་།གཞན་ཡང་བུད་མེད་ཀྱི་བཙས་ཁྲག་ཤོར་བའམ་ཡང་ན་ཟླ་མཚན་མང་པོ་བབས་པ་ལ་སོགས་ཀྱིས་མིག་སྤྲིན་དང་སེན་མདོག་དཀར་བ་དང་མགོ་ཡོམ་འཁོར་བ།ཤེད་ཤུགས་མེད་པ།ལུས་ཐང་ཆད་པ།ཁ་ལྕེ་སྐམ་པ།རྣ་བ་འུར་བ།སྙིང་དཀྲུགས་པ།སེམས་མི་སྐྱིད་པ།དངངས་སྐྲག་སྐྱེས་པ།ཁྲག་ཤེད་དམའ་ལ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་དེ་མིན་སྨུག་པོ་བརྡོལ་རལ་ཀྱི་ནད་དང་ཁྲག་ཤོར་བའི་ནད་རིགས་འདྲ་མིན་སྣ་ཚོགས་དང་བཤལ་ནད་ལ་སོགས་པ་ལའང་མིག་སྤྲིན་དང་སེན་མོ་དཀར་བ་དང་མགོ་ཡོམ་འཁོར་བ།རྣ་བ་འུར་བ།ཁ་ལྕེ་སྐམ་པ།མིག་རབ་རིབ་བྱེད་པ།དངངས་འཚབ་སྐྱེས་པ།ཁྲག་ཤེད་དམའ་བ་ལ་སོགས་ཀྱི་སྣང་ཚུལ་འབྱུང་བ་ནི་གཙོ་བོ་ལུས་ཀྱི་ཟུངས་ཤོར་བ་ཡིན་ལ།ཟུངས་ཤོར་བ་ནི་ལུས་ལ་འཚོ་བཅུད་མ་འདང་བ་དང་ལུས་ཟུངས་འཕེལ་ཟད་གཉིས་ལས་ཟད་པ་ཡིན་པས་ཤ་གསར་མར་གསར་སོགས་འཚོ་བཅུད་ཆེ་བའི་ཟས་རིགས་ཁ་སྣོན་བྱེད་རྒྱུ་ཧ་གལ་ཆེ་ལ།བོད་ལུགས་གསོ་རིག་ལས་འདི་ལ་བད་རླུང་ཟད་པའི་ནད་ཅེས་ཀྱང་བྱ།གཞན་ཡང་འཚོ་བའི་ཆ་རྐྱེན་ལེགས་ཅིང་ཁ་ཟས་བཅུད་ཆེ་བའི་རིགས་བཟའ་བར་དགའ་བའི་མི་རྣམས་ཀྱིས་ལུས་ངག་གསུམ་གྱི་རྩོལ་བཅག་མ་བྱས་པའི་རྐྱེན་གྱིས་ལུས་ཀྱི་དྭངས་མ་ཤ་ཁྲག་ལ་སོགས་རང་གི་ལྡང་ཚད་ལས་མང་དུ་འཕེལ་ནས་ནད་ཏུ་གྱུར་ཞིང་རྟགས་སུ་མགོ་བོ་ལྷིང་ངེར་ན་བ་དང་ཟི་ཡོམ་རྒྱག་པ་དང་མིག་རབ་རིབ་བྱེད་པ།མཆུ་ཏོ་དང་སེན་མོའི་མདོག་སྨུག་ནག་ཆགས་པ།དབུགས་འཚངས་ཅིང་གཏོང་དཀའ་བ།ཡན་ལག་རྣམས་སྦྲིད་སྙམ་བྱེད་པ།སྙིང་དང་མཁལ་མི་བདེ་བ།ཁྲག་ཤེད་མཐོ་བ་ལ་སོགས་ཀྱི་སྣང་ཚུལ་འབྱུང་བ་ནི་གཙོ་བོ་ལུས་ཟུངས་འཕེལ་བ་ཡིན་ལ།ལུས་ཟུངས་འཕེལ་བ་ནི་ལུས་ཀྱི་འཚོ་བཅུད་མང་དྲགས་པ་ལས་བྱུང་བའི་ནད་ཅིག་སྟེ་འདི་ལ་བོད་ལུགས་གསོ་རིག་གི་གཞུང་དུ་བད་རླུང་འཕེལ་བའི་ནད་ཀྱང་བྱའོ།།
       
གཉིས་པ།བད་རླུང་ནད་ཀྱི་དབྱེ་བ་བཤད་པ།
        བད་རླུང་ནད་ལ་བད་རླུང་འཕེལ་བའི་ནད་དང་བད་རླུང་ཟད་པའི་ནད།བད་རླུང་འཁྲུགས་ནད་བཅས་མི་འདྲ་བ་གསུམ་ཡོད་པ་ལས་དང་པོ་བད་རླུང་འཕེལ་བའི་ནད་ཅེས་པ་ནི་བཟའ་བཏུང་ཚད་ལས་གདའ་ནས་མང་བཟའ་མང་འཐུང་བྱས་དྲགས་པ་ཡིས་ལུས་ཀྱི་དྭངས་མ་ཁྲག་ཤ་ལ་སོགས་པ་རང་རང་གི་ལྡང་ཚད་ལས་མང་དུ་འཕེལ་པ་ལས་བྱུང་བའི་ནད་ཅིག་ཡིན་ལ་དེ་ཡང་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་འཕེལ་གྱི་ནད།དྲེག་གྲུམ་གྱི་ནད།ཁྲག་ཤེད་ཆེ་བའི་ཁྲག་རླུང་སྟོད་འཚངས་ཀྱི་ནད་ལ་སོགས་པའང་བད་རླུང་འཕེལ་བའི་ནད་ཀྱི་ཁོངས་སུ་གཏོགས་པ་ཡིན།གཉིས་པ་བད་རླུང་ཟད་པའི་ནད་ཅེས་པ་ནི་བཅུད་མེད་པའི་ཁ་ཟས་ཡུན་རིང་དུ་བསྟེན་པའམ་ཁྲག་ཤོར་བ་སོགས་ཀྱིས་ལུས་ཀྱི་དྭངས་མ་ཁྲག་ཤ་སོགས་པ་རང་རང་གི་ལྡང་ཚད་ལས་ཟད་པའམ་ཉུང་དུ་གྱུར་བ་ལས་བྱུང་བའི་ནད་ཞིག་སྟེ་དོན་ལ་ལུས་ཀྱི་ཟུངས་བཅུད་ཉམས་ནས་འཚོ་བཅུད་མ་མདངས་པའོ།།བད་རླུང་འཁྲུགས་པ་ཞེས་པ་ནི་བད་ཀན་དང་རླུང་གཉིས་ཕན་ཚུན་འཐབ་རེས་བྱས་པའི་དོན་ཡིན།གཞན་ཡང་བད་ཀན་འཕེལ་བ་དང་རླུང་ཟད་པ།བད་ཀན་ཟད་པ་དང་རླུང་འཕེལ་བ།བད་ཀན་དང་རླུང་གཉིས་ཀ་འཕེལ་དང་བད་ཀན་དང་རླུང་གཉིས་ཀ་ཟད་པའི་ནད་ལ་སོགས་དབྱེ་བ་འབྱེད་སྟངས་མི་འདྲ་བ་ཡོད་ཀྱང་འཕེལ་ཟད་འཁྲུགས་གསུམ་ལ་མ་འདུས་པའི་ནད་གཅིག་ཀྱང་མེད་ལ།ཁྲག་རྩ་འགག་པའི་ནད་དང་ཁྲག་རྩ་གས་པའི་ནད།དེ་མིན་ཁྲག་གི་འཁོར་རྒྱུག་ལེགས་མིན་དང་སྙིང་གི་འཕར་གྲངས་མགྱོགས་མིན་སོགས་ཀྱང་བད་རླུང་འཕེལ་ཟད་ལ་འབྲེལ་ངེས་ཅན་ཡོད་དེ་བད་ཀན་འཕེལ་ནས་རླུང་ཟད་པ་ཡིན་ན་ཁྲག་གར་པོ་ཆག་ནས་རླུང་དུས་སུ་འཁོར་བསྐྱོད་མ་ཐུབ་པར་གློ་བུར་དུ་སར་འགྱེལ་འགྲོ་བའི་སྣང་ཚུལ་ཡོད་པ་དང་བད་ཀན་ཟད་ནས་རླུང་འཕེལ་བ་ན་ཁྲག་རྩ་སྟོང་ཞིང་མགོ་ཡོམ་འཁོར་བ་དང་ཞེན་མེར་ལངས་པ།དེ་བཞིན་གློ་སྙིང་སོགས་མི་བདེ་བ་འབྱུང་བ་དང།བད་ཀན་དང་རླུང་གཉིས་ཀ་ཟད་ན་ཁྲག་རྩ་དང་སྙིང་ཁམས་སྟོངས་ཅིང་ཞེན་མེར་ལངས་པ་དང་ཟི་ཡོམ་རྒྱག་པ།ཁ་ལྕེ་སྐམ་པ་ལ་སོགས་རླུང་ནད་ཀྱི་རྟགས་རྣམས་སྟོན་ཆེ་བ་དང་བད་ཀན་དང་རླུང་གཉིས་ཀ་འཕེལ་བ་ཡིན་ནཁྲག་རྩའི་ནང་བད་ཁྲག་བཀང་ནས་རླུང་དུས་སུ་འཁོར་མ་ཐུབ་པར་ཁྲག་རྩ་གས་པ་དང་རྐང་ལག་སྦྲིད་སྙམ་བྱེད་པ་དང་ཡན་ལག་གི་རྩ་རྣམས་རྒྱས་པ་དང་མགོ་བོ་ལྟག་རྒྱབ་ན་དང་མིག་རབ་རིབ་བྱེད་པ།དབུགས་འཚངས་བ།སྙིང་དང་མཁལ་མ་ལ་སོགས་ན་བ་དང་།བད་རླུང་འཁྲུགས་པ་ལ་ནད་རྟགས་ཀྱང་འཁྲུགས་པའི་རྟགས་རྣམས་སྟོན་པ་ཡིན་ལ།ནམ་རྒྱུན་ང་ཚོའི་ཁྲག་རྩ་འགག་ནད་དང་སྙིང་རྩ་འགག་ནད་ཟེར་བ་དེ་གཉིས་ནི་བད་རླུང་ཟད་པའི་ནད་ཀྱི་ཁོངས་གཏོགས་ཡིན་ལ།ཀླད་ཁྲག་ཤོར་བ་དང་སྨུག་པོ་བརྡོལ་རལ་གྱི་ནད་གཉིས་ནི་བད་རླུང་འཕེལ་བའི་ནད་ཁོངས་སུ་བཞག་ཆོག་གོ།།
       
གསུམ་པ།བད་རླུང་ནད་ཀྱི་རྒྱུ་རྐྱེན་བཤད་པ།
བད་རླུང་ནད་ཀྱི་རྒྱུ་ནི་རྣམ་པར་མ་གྱུར་བའི་བད་ཀན་དང་རླུང་གཉིས་ཡིན་ལ།དེའི་འཕེལ་ཟད་ཀྱི་དབང་གིས་རྐྱེན་ཡང་མི་འདྲ་སྟེ་བད་རླུང་འཕེལ་བ་ནི་འཚོ་བཅུད་ཆེ་ཁ་ཟས་བསྟེན་དྲགས་པ་དང་སྤྱོད་དལ་བར་བསྡད་དྲགས་པ་སོགས་ཀྱིས་ལུས་ཀྱི་དྭངས་མ་ཁྲག་ཤ་ལ་སོགས་པ་འཕེལ་ནས་ནད་དུ་གྱུར་བ་དང་།བད་རླུང་ཟད་པ་ནི་བཙས་ཁྲག་ཤོར་དང་མངལ་ཁྲག་ཤོར་བ།རྣ་ཁྲག་ཤོར་བ།སྨུག་པོ་བརྡོལ་རལ་གྱི་ནད།མ་ཞུ་བའི་ནད།བཤལ་ནད།བཅུད་མེད་ཀྱི་ཁ་ཟས་བསྟེན་དྲགས་པའམ་ཁ་ཟས་མ་ཟོས་བར་སྙུང་བར་བསྡད་དྲགས་པ་སོགས་ཀྱིས་བསློང་གིན་ཡོད།
       
བཞི་བ།བད་རླུང་གི་ནད་རྟགས་བཤད་པ།
        
བད་རླུང་གི་ནད་རྟགས་བཤད་པ་ལ་སྤྱི་རྟགས་དང་བྱེ་བྲག་གི་རྟགས་གཉིས་ལས་དང་པོ་སྤྱི་རྟགས་ལ་མགོ་ཡོམ་འཁོར་བ་དང་མིག་རབ་རིབ་བྱེད་པ།ཞེན་མེར་ལངས་པ།སྙིང་དང་མཁལ་མ་མི་བདེ་བ་སོགས་ཀྱི་རྟགས་རྣམས་འབྱུང་བ་ཡིན་ལ།བྱེ་བྲག་ཏུ་བད་རུང་འཕེལ་བ་ལ་མགོ་བོ་ན་དང་མིག་རབ་རིབ་བྱེད་པ།རོ་སྟོད་ཁེངས་སྙམ་བྱེད་པ།སྙིང་དང་མཁལ་མ་མི་བདེ་བ།ཁྲག་ཤེད་མཐོ་བ།ཡན་ལག་སྦྲིད་སྙམ་བྱེད་པ།མཆུ་ཏོ་དང་སེན་མོ་མིག་སྤྲིན་དམར་བ་སོགས་ཀྱི་རྟགས་རྣམས་འབྱུང་བ་དང་བད་རླུང་ཟད་པ་ལ་མགོ་ཡོམ་འཁོར་བ་དང་མིག་རབ་རིབ་བྱེད་པ།ཁ་ལྕེ་སྐམ་པ།མིག་སྤྲིན་དང་སེན་མདོག་དཀར་བ།ལུས་ཐང་ཆད་པ།སྙིང་དཀྲུགས་པ།ཁྲག་ཤེད་དམའ་བ་ལ་སོགས་ཀྱི་རྟགས་རྣམས་འབྱུང་བ་དང་བད་རླུང་འཁྲུགས་པ་ལ་ནད་རྟགས་ཀྱང་འདྲེས་མར་སྟོན་པར་བྱེད་ལ།དེའང་བད་རླུང་ལ་གདོངས་ཟླ་གང་ཡོད་ན་དེའི་ནད་རྟགས་ཀྱང་སྟོན་པར་བྱེད་པ་ཡིན་ནོ།།
         
ལྔ་བ།བད་རླུང་གི་བཅོས་ཐབས་བཤད་པ།
       
བད་རླུང་འཕེལ་ཟད་ཀྱི་སློང་རྐྱེན་མི་འདྲ་བའི་དབང་གིས་བཅོས་ཐབས་ཀྱང་གཅིག་མཚུངས་མ་ཡིན་ཏེ་བད་རླུང་འཕེལ་བའི་བཅོས་ཐབས་ཀྱི་རྩ་དོན་ནི་སྙུང་བའི་གསོ་བ་དང་བད་རླུང་ཟད་པའི་བཅོས་ཐབས་ཀྱི་རྩ་དོན་ནི་བརྟ་བས་གསོ་དགོས་བ་དེ་ཡིན་ལ།དེ་ཡང་སྙུང་བརྟ་གཉིས་ནི་ནད་གཞི་འཕེལ་ཟད་ཀྱི་གསོ་ཐབས་རྩ་ཡིན་པས་བད་རླུང་འཕེལ་བའི་ནད་དེ་ལུས་ཀྱི་དྭངས་མ་ཁྲག་ཤ་ལ་སོགས་པ་རང་རང་གི་ལྡང་ཚད་ལས་འཕེལ་བ་ཡིན་ལ།ནད་དེ་ཉིད་ཟད་པའི་ཐབས་སུ་ཁ་ཟས་སྣུམ་ཚིལ་དང་བཅུད་ཆེ་བ་མི་བསྟེན་པ་དང་སྤྱོད་རྩོལ་བཅག་དང་སྨན་དཔྱད་ཀྱང་ལུས་ཟུང་འགྲིབ་པར་བྱེད་པ་དག་བསྟེན་ནས་ལུས་ཀྱི་ལྡང་ཚད་ཚད་སྙོམ་པའི་ཐབས་ལ་འབད་དགོས་པ་ལྟ་བུ་དང་བད་རླུང་ཟད་པའི་ནད་དེ་ལུས་ཀྱི་དྭངས་མ་ཁྲག་ཤ་སོགས་པ་རང་རང་གི་ལྡང་ཚད་ལས་ཟད་པ་འམ་ཉུང་བའི་དོན་ཡིན་ལ།བད་རླུང་ཟད་པའི་ནད་དེ་ཉིད་སྙོམ་པའི་ཐབས་སུ་ཁ་ཟས་སྣུམ་ཚིལ་དང་བཅུད་ཆེ་བ་དང་སྤྱོད་ལམ་དྲོ་བ།སྨན་དཔྱད་ཀྱང་ལུས་ཟུངས་བརྟ་བར་བྱ་བའི་ཐབས་ལ་འབད་དགོས་པ་ལྟ་བུ་དང་།བད་རླུང་འཁྲུགས་པ་དེ་ཡང་གདོངས་ཟླ་ཤས་ཆེ་བ་སྔོན་ལ་བཅོས་པ་དང་དེ་ནས་མ་སྙོམ་པ་སྙོམ་པར་བྱ་རྒྱུ་གཉིས་ནི་ཆེས་གནད་འགག་གི་དོན་ཞིག་ཡིན་ལ།འཕེལ་བ་སྙུང་བ་དང་ཟད་པ་བརྟ་བ།འཁྲུགས་པ་སྙོམ་པར་བྱ་རྒྱུ་ནི་བོད་ལུགས་གསོ་རིག་གི་ནད་བཅོས་རིག་པའི་རྩ་དོན་ཡིན་ལ།དེ་ལ་ཟས་སྤྱོད་གཉིས་ནི་གཙོ་ནད་པའི་འཛེམ་བྱ་ཡིན་པ་དང་།སྨན་དཔྱད་གཉིས་ནི་གཙོ་བོ་སྨན་པའི་ལག་ལེན་ཡིན་ཏེ་དཔེར་ན་བད་རླུང་འཕེལ་བ་ལ་སྨན་བླ་མེད་དང་སྐྱུར་རུ་འཕྲུལ་སྦྱོར།བདུད་ཏིག།མན་ངག་བསིལ་སྦྱོར་སོགས་བསྟེན་རུང་མིན་དང་བད་རླུང་ཟད་པ་ལ་ཤིང་ཀུན་བརྒྱད་པ་དང་ཨ་གར་བརྒྱད་པ།བདུད་རྩི་བཅུ་གཅིག།དྭ་ལི་བཅུ་དྲུག།ཟླ་བདུད།སེ་འབྲུ་ཉི་དཀྱིལ་སོགས་བསྟེན་རུང་མིན་ཡང་སྨན་པས་བློ་རིག་པས་དཔྱད་དགོས་པ་དང་།དཔྱད་ཀྱི་ཐད་ནས་ཀྱང་བད་རླུང་འཕེལ་བ་གཙོ་བོ་གཏར་དང་བད་རླུང་ཟད་པ་ལ་མེ་མཆོག་ཏུ་བཟང་བའང་ཤེས་དགོས་སོ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005