ཁྲག་ཅེས་རོ་དྲུག་གི་དྭངས་མ་མཆིན་པ་ལས་བྱུང་བའི་རྩའི་ནང་དུ་ཆུའི་ངོ་བོ་ལྟར་གནས་ཤིང་ལུས་ཀྱི་བརླན་པའི་ཆ་ཕལ་ཆེར་སྐྱེད་པར་བྱེད་ཅིང་། ལྷག་པར་སྲོག་འཚོ་བར་བྱེད་པའི་རྟེན་གཙོ་བོ་དེ་དང་། རླུང་ཞེས་ཡང་བའི་ངོ་བོ་དང་ལྡན་ཞིང་། འཐུལ་ཁྱབ་ཀྱི་ནུས་པ་ཆེས་ཆེ་བ།སྲོག་རྩ་དཀར་ནག་གཉིལ་ལ་གཙོ་བོར་གནས་ཤིང་། དབང་པོ་ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པར་བྱེད་ཐུབ་པའི་ལུས་ཀྱི་འབྱུང་ཁམས་དེ་ལ་ཟེར་ཞིང་། རླུང་ཁྲག་དེ་གཉིས་འཕར་རྩ་སྟེ། དབུ་རྐྱང་རོ་གསུམ་ཐད་སྙིང་འདི་རྩ་བར་འདུས་པ་ལས། ཉོན་མོངས་པའི་ཡིད་རྒྱུ་བའི་བུ་གའི་དབང་གིས་འཕར་བར་བྱེད་པ། དེ་དོན་གྱིས་སྙིང་གཙོ་བོ་འབྲེལ་བའི་རྩ་ཐམས་ཅད་རླུང་ཁྲག་འདྲེས་པར་རྒྱུར་ཞིང་། རྩ་ཡང་འཕར་བ་སྟེ། འཁོར་ལོ་ལྟ་བུར་ལུས་ལ་ཡོངས་སུ་འཁོར་ནས་སྲོག་གི་རྟེན་བྱེད་པ་ཡིན། འོན་ཀྱང་རྣམ་ཀུན་ཟས་སྤྱོད་ཀྱི་རྐྱེན་ལས་ནད་དུ་གྱུར་ནས་ཁྱབ་བྱེད་རླུང་གིས་ནུས་པ་རང་གནས་སུ་མ་ཐུབ་པར་རླུང་ཁྲག་རྒྱུ་བའི་བུ་ག་སྐྱོན་དང་ལྡན་པ་ན་ཁྱབ་རླུང་གི་བུ་ག་འབྱེད་འཛུམ་གྱི་བྱེད་ལས་ཚུལ་བཞིན་མ་བྱུང་བས་རླུང་ཁྲག་འཕེལ་འཁྲུག་གི་ནད་དུ་འགྱུར་བ་ཡིན། དེ་ཡང་རླུང་ཁྲག་འཕེལ་འཁྲུག་གི་ནད་འདི་ནི་རིམས་ནད་ལ་སོགས་པའི་འགོས་ནད་རང་བཞིན་གྱི་ནད་ཅིག་མ་ཡིན་ཀྱང་། འདིས་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བ་དེ་ནི་འགོས་ནད་ཀྱི་རིགས་ལས་ཀྱང་རྒོད་གཙེས་པ་མང་། དེ་ཡང་རིམས་ནད་ལྟར་དུས་ཚོད་ཐུང་ངུའི་ནང་འགོས་ཁྱབ་ཏུ་སོང་ནས་སྲོག་ལ་རྒོལ་བ་ཞིག་མ་ཡིན་རུང་ནད་དེ་ཉིད་ཐོ་མར་འཇུག་སྒོར་ཞུགས་དུས་རླུང་ཁྲག་འཕེལ་འཁྲུག་གི་སྔར་ཚུལ་ཙམ་ལས་ལུས་པོར་དམིགས་བསལ་ནད་རྟགས་མི་མངོན་ཞིང་ཤེས་དཀའ་བ་ཞིག་ཡིན་ཀྱང་ལོ་དུས་བསགས་ནས་ཤུགས་རྫོགས་དུས་སྨན་བཅོས་ཀྱི་ཕན་སྐྱེད་མེད་པར་རིམ་པས་ཁྲག་རླུང་མཐོ་བའི་སྙིང་ནད་དང་། ཀླད་ཁྲག་འཁར་འགགཀླད་ཁྲག་ཤོར་བའི་ནད། དེ་བཞིན་རྐང་འབམ་དང་། རྩ་འབམ་སོགས་སུ་ནད་འགྱུར་བྱུང་སྟེ་སྲོག་གི་གཤེད་མ་ལྟ་བུ་ཞིག་ཡིན་པས།དེང་སྐབས་མི་མང་པོ་ཞིག་ནད་དེས་གཙེས་པ་ཤིང་ཏུ་མང་། སྤྱིར་བཏང་བྱས་ན། ང་ཚོའི་སྨན་ཁང་དུའང་ཉིན་རེའི་ནད་པ་མི་གྲངས་༡༦༠ནང་རླུང་ཁྲག་འཕེལ་འཁྲུག་གི་ནད་ཡོད་པ་མི་གྲངས་༦༥ཙམ་ཟིན་གྱི་ཡོད་པ་དེས་ས་གནས་དེ་གར་མཚོན་ན་༩༠.༥%ལ་སླེབས་ཀྱི་ཡོད། རླུང་ཁྲག་མཐོ་བའི་ནད་དེ་ཤིན་ཏུ་ནས་གདུག་རྩུབ་ཅན་ཞིག་ཡིན་པས་སྐབས་འཕྲལ་དུ་གསོ་བཅོས་ལ་མ་ཞུགས་ཚེ་བླ་གཉན་གྱི་ནད་དུ་འགྱུར་མང་བ་དང་། ལྷག་པར་དུ་དེང་སྐབས་མི་མང་པོས་དོ་སྣང་བྱེད་པའི་ཀླད་ཁྲག་ཤོར་བའི་ནད་དམ་གཟའ་གྲིབ་ཞེས་པ་འདི་རླུང་ཁྲག་འཁྲུགས་པའི་ནད་གཞི་རྒྱ་ཁྱབ་ཆེ་བར་གྱུར་ནས་གསོ་བཅོས་ཀྱི་ཕན་བསྐྱེད་ལེན་དུ་མི་སྟེར་བར་རིམ་གྱིས་ནད་གྱུར་བྱུང་བ་ཞིག་ཡིན་སྟབས་ཐབས་ནུས་པ་ཡོད་དགུས་ནད་འདིའི་འགོག་བཅོས་ཀྱི་ཐབས་ལམ་བཙལ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་དང་རིན་ཐང་ལྡན་པ་ཞིག་ཡིན་པ་རྨང་གཞིའི་དགོས་ཆེད་དུ་བཟུང་ནས།སྲོ་དམར་བདུན་ཐང་ཞེས་པ་འདི་གསར་དུ་སྨན་སྦྱོར་བྱས་ཤིང་། དེ་ཡང་སྔ་རབས་ཀྱི་འཚོ་བྱེད་པ་རྣམས་ནས་སྐྱེས་འགྲོའི་གདུང་སེལ་གྱི་སྤྱི་ནོར་དཔལ་ལྡན་རྒྱུད་གཞིའི་དགོངས་དོན་གཙོ་བོར་དགོངས་དོན་གཙོ་བོར་བཟུང་ནས་རང་ལུགས་མངོན་གསལ་དོད་པོས་སྨན་སྦྱོར་དུ་མ་གསར་གཏོད་གནང་བ་དེ་རྣམས་ཀྱི་དྲུང་ན་རླུང་ཁྲག་འཕེལ་འཁྲུག་ནད་ཀྱི་སྨན་སྦྱོར་ཡོད་བཞིན་དུ་ད་ལམ་འདི་བཞིན་གསར་སྦྱོར་ཞུས་པ་དེ་ཡང་དེང་དུས་ཁྲག་རླུང་གི་ནད་ཕོག་མཁན་ཤིན་ཏུ་ནས་མང་པོའི་ཁར་གཉེན་པོའི་སྨན་ཡང་སྦྱོར་སྡེབ་ཉུང་ཉུང་ལས་མེད་སྟབས་དེ་རྣམས་ནད་པར་གོམས་གཤིས་ལྟ་བུར་གྱུར་ནས་ཕན་བསྐྱེད་དེ་ཙམ་མི་ཐོན་པས་སྨན་སྦྱོར་འདི་ཉིད་ཐོག་མར་ཆིག་ཐང་ནས་རིམ་པས་ནད་ཀྱི་འགྱུར་བ་ལ་བརྟེན་ནས་ཁ་འཛིན་བསྣན་ཏེ་ཐང་སྦྱོར་ཞིག་ཏུ་བཅོས་ཏེ་ནད་ཐོག་ཏུ་བེད་སྤྱོད་པའི་བརྒྱུད་རིམ་ནང་ཕན་བསྐྱེད་མངོན་གསལ་དུ་ཐོན་ཡོད། དེ་ཡང་རྒྱུད་ཀྱི་དགོངས་དོན་དང་མི་བསྟུན་པར་རང་གར་སྦྱོར་བ་ཞིག་ཀྱང་མ་ཡིན་པར། རོ། ནུས། ཞུ་རྗེས་ཀྱིས་ལས་གཙོ་བོར་བྱས་པའི་ཐོག་ནས་འགའ་ཞིག་མདོག་མཐུན་ནུས་པ་དང་། དྲི་ཡི་ནུས་པ། དེ་བཞིན་རྟེན་འབྲེལ་གྱི་ནུས་པ་སོགས་ལས་དེ་ལྟར་བྱས་ཡོད།
དང་པོ། སྡེབ་སྦྱོར་གྱི་ངོ་བོ་བཤད་པ།
འཕེལ་ཟད་འཁྲུགས་པ་རྣམས་བརྟག་དཔྱད་ངོས་འཛིན་བྱེད་པའི་ཚུལ་དེ་རྣམས་ཀྱིས་ནད་རིགས་སྤྱི་བྱེ་བྲག་སོ་སོར་རྟོགས་པའི་རྗེས་དེ་གསོ་བར་བྱེད་པའི་གཉེན་པོ་མཐའ་དག་སྨན་དང་དཔྱད་གཉིས་སུ་བསྡུས་པ་ཡིན་པ་ལ། སྨན་དེ་ལ་དབྱེ་ན་ཞི་བྱེད་དང་། སྦྱང་བ་གཉིས་ཏེ།དེའི་དང་པོ་ནད་ཀྱི་མཚན་ཉིད་འཕེལ་ཟད་འཁྲུགས་པ་རྣམས་རང་གནས་སུ་ཞི་བར་བྱེད་པ། ཞི་བྱེད་དེར་ནང་གསེས་སུ་དབྱེ་ན། ནད་གང་ཡང་ཐོག་མར་སྨིན་སྡུད་འབྱེད་པ་ལ་ནུས་པ་རྣོ་མྱུར་དང་ལྡན་པ་ཐང་གི་སྦྱོར་བ་བསྟན་པ་ཁུ་བ་ཐང་གི་སྡེ་སོགས་སྡེ་ཚན་ལྔ་རུ་ཡོད་པ་ལས་སྡེབ་སྦྱོར་འདི་ནི། ཞི་བྱེད་དང་པོ་ཐང་ཞེས་པ་ཆུར་གདུས་རྗེས་སྙིགས་མ་དོར་དྭངས་མ་འཐུང་རྒྱུའི་ཁུ་བ་ཡིན་པས་དེ་ལ་ཚ་སེལ་དང་གྲང་སེལ་རྣམ་པ་གཉིས་ལས་སྡེབ་སྦྱོར་འདི་ནི་ཚ་སེལ་གྱི་ཁོངས་སུ་གཏོགས་པ་ཡིན།
གཉིས་པ། སྨན་རྫས་སོ་སོའི་ངོས་འཛིན་གྱི་སྐོར་བཤད་པ།
༡.སྲོ་ལོ་དམར་པོ། སྤྱིར་སྲོ་ལོའི་རིགས་ཚང་མ་ཚན་ཡིན་ལ། ཁྱད་པར་དམར་པོ་ཚན་དམར་འདི་ལ་ཚན་རང་ཟེར་བར། དབྱེ་བ་ལྷ་ཚན།འདྲེ་ཚན། ཕོ། མོ། མ་ནིང་ནང་ལྔ། དེ་ལའང་གངས་ཚན། གཡའ། སྤང་། ཆུ་སོགས་དབྱེ་ཡང་། སྐྱེས་ས་དང་ཤས་ཆེ་ཆུང་ཕྲ་སྦོམ་གྱི་དབྱེ་བ་ལྟ་བུ་ལས་ཆེར་མེད། མངོན་རྟོག་ལས།སྲོ་ལོ་དམར་པོ་ཚན་དམར་ཏེ།། རྫ་བྲག་གཡའ་སྤང་ཆུ་ལ་སོགས།། གར་ཡང་སྐྱེ་ལ་སྤྲུལ་པ་མང་།། སྡོང་པོ་དམར་གྱོང་སྤྲུལ་པ་མང་། ལོ་མ་མཐུག་སྤུན་དངུལ་ཟིན་ཅན།། སྡོང་པོ་ཡོངས་ལ་ལོ་མས་ཁྱབ།། སྟོན་དུས་དམར་བས་བན་བཙུན་འདྲ།། མེ་ཏོག་གང་འབྲས་དམར་ལ་རྩུབ།། རྩེ་མོ་རྦད་ཀྱིས་བཅད་པ་འདྲ།། རྩ་བ་མི་ཡི་གློ་བ་འདྲ།། པགས་པ་ནག་མཐུག་དྲི་ངད་ཆེ།། མངར་ཁ་བསྐ་ལ་ནུས་པ་བསིལ།། ནུས་པས་གློ་གསོ་ཚད་པ་འཇོམས། བཅུད་དུ་བླང་ན་ལུས་ཟུངས་འཕེལ།། མཁུར་བ་བཀང་ན་ཁ་དྲི་སྦྱོང་།། མཆོད་པ་བྱས་ན་ལྷ་རྣམས་མཉེས།། ཆུར་སྦྱང་བཀྲུས་ན་ཉེས་ཀུན་འདག། ཅེས་གསུངས་པ་འདི་བཞིན་ངོས་འཛིན་གཅིག་འགྱུར་ལས་བཞེས་པ་མི་འདྲ་བ་མེད་དོ།
༢.ཀཎྜ་ཀ་རི་ནི། བོད་སྐད་དུ། ཚེར་མ་བྱེད་པའོ། འཁྲུངས་དཔེར། ཀནྜ་ཀ་རི་ཞེས་བྱ་བ།། སྲིབ་ཀྱི་ནག་རི་དག་ལས་སྐྱེས།། སྡོང་པོ་སེ་བ་གཞོན་ནུ་འདྲ།། མེ་ཏོག་དཀར་སེར་མདངས་དང་ལྡན།། འབྲས་བུ་དམར་པོ་སྤུངས་ནས་སྐྱེ།། ལོ་སྡོང་ཚེར་མའི་བ་སྤུ་ཅན།། ཁོང་སྟོང་རོ་ནི་མངར་ལས་བསྐ།། ཞེས་པ་ལྟར་ཡོངས་སུ་གྲགས་སོ།
༣.སྐྱུ་རུ་ར། འཁྲུངས་དཔེར། སྐྱུ་རུ་ར་ཞེས་བྱ་བའི་ཤིང་།། ཚད་པ་ཆེ་བའི་ཡུལ་དུ་སྐྱེ།། སྡོང་པོ་རིང་ལྡེམ་ལོ་མ་ཆེ།། མེ་ཏོག་དཀར་སེར་མདངས་མི་གསལ།། ཞེས་འབྲས་བུ་ཤ་རུས་ཕྲལ་ནས་སྐམ་པ་བཟང་ཞིང་། དེ་ཡང་དཀར་དམར་གཉིས་ལས་དཀར་བ་བཟང་ཞིང་དམར་བ་ངན་པས་ད་ལམ་དཀར་བ་དེ་ཉིད་དོ།
༤.ཛཱ་ཏི། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས། ཛཱ་ཏི་ནི་སྐྱེ་སའི་ཤིང་དེའི་མིང་ཡིན་ལ། འདི་ལ་འགྲེལ་བྱེད་མང་བར་འཁྲུལ་ལུགས་དགག་པ་དང་། ཡིན་ལུགས་བཞག་པ་མང་དུ་བྱ་རྒྱུ་འདུག་ཀྱང་བཞག་ལ། མདོ་དོན་ནི་ཛཱ་ཏི་ཞེས་པ་རྒྱ་སྐད་དེ། བོད་སྐད་དུ་སྣ་མ་ཞེས་པར་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་རོ། ཅེས་གསུངས་པ་ལྟར་དབྱེ་བ་མང་ཡང་སྲ་མཁྲེགས་རབ་ཏུ་ལྕི་བ་དང་། སྣུམ་ལ་དྲི་ཆེ་བཅག་ན་དཀར་སྨུག་འདྲེས་པ་འོང་ཞིང་སྨུག་པོ་དེ་ཉིད་མཆོག་ཡིན་ནོ།
༤.ཧོང་ལེན། དེ་ལ་མཆོག་དམན་གཉིས་ལས། དམན་པ་བོད་ཁམས་གང་ཡང་སྐྱེ་བ་ཕོ་མོ་རིགས་གཉིས་ཏེ་ཕོ་ལྡུམ་རྫ་ལས་སྐྱེ་བ་ནི།འཁྲུངས་དཔེར། ཧོང་ལེན་གཡའ་ཤག་རྫ་ལས་སྐྱེ།། ལོ་མ་སྨུག་མཐུག་སྣུམ་པ་ལ།། མེ་ཏོག་སྨུག་པོ་འབྲོང་ལོ་འདྲ།། རྩ་བ་སྤུ་ཅན་གོང་བྲུན་འདྲ།།ཞེས་དང་། མོ་ལྡུམ་སྤང་གི་མཚོ་ལས་སྐྱེ།། ལོ་མ་མཐུག་གཉེར་འཕྱངས་པ་ལ།། ཏོག་དཀར་པོ་སྤྱང་མཇུག་འདྲ།། རྩ་བ་གོང་མོའི་རིལ་མ་འདྲ།།ཡན་ལག་ཁ་སྤུ་རིང་ལ་མང་།། རོ་ནི་ཁ་ལ་ནུས་པ་བསིལ།། ཁྲག་མཁྲིས་རྒྱས་པའི་ཚ་བ་འཇོམས།། ཞེས་གསུངས་པ་བཞིན་ཕོ་མོ་གང་ཡང་རུང་བ་ཡིན་ནོ།
༦.མཛོ་མོ་ཤིང་ངྷྭརྨ་སྭ་མིས།མཛོ་མོ་ཚེར་ཤིང་ར་ཁྲག་མ།། ཙན་དན་དམར་དང་ནུས་པ་མཉམ།ཅེས་གསུངས་འདི་བཞིན་ཤིང་ཕྲན་ལོ་མ་ཞིབ། སྡོང་པོ་ཐམས་ཅད་ཚེར་མས་ཁྱབ།ཝའི་རྔ་མ་སྤུ་ཟེར་བ་ལྟ་བུ་ལས་ལོ་མ་ཆེར་མི་མངོན་པ།མེ་ཏོག་དཀར་མདངས་ཆགས་པ་སྲན་མའི་མེ་ཏོག་གི་དབྱིབས་ཅན། རྩ་བ་དང་པགས་པ་རྒྱུས་པ་ལྟ་བུ་ཐག་པ་ཉན་པ་དེའི་ཤིང་སྙིང་ཙན་དན་ལྟར་དམར་བའོ།
༧.བ་ཤ་ཀ། བ་ཤ་ཀ་ཞེས་ཚུལ་མང་དུ་འདུག་པ་ལས་སྐབས་དེར་ཟུར་ལུགས་བ་ཤ་ཀ་སྟེ། སྟོང་ཟིལ་སྤུན་བདུན་གྱི་ནང་ཚན་སྐྲ་བཟང་ཟིལ་པ་ཡིན་པས། དེ་ཡང་ཀླུང་ཤོད་དུ་སྐྱེ་བ་སྡོང་པོ་ཁོག་སྟོང་ཕྲ་ལ་ལོ་མ་སེབ་ཅིང་མཐུག་ལ་མེ་ཏོག་དཀར་སེར་ཚོམ་བུར་མཛེས་ལ་ཟིལ་པ་ཅན་རོ་ཁ་བ་བཅད་འཁྲོ་ཁྲག་དྲོན་ནང་བཅུག་ན་བཏུང་པས་ན་རྩེར་འདྲེན་ནུས་པ་དེ་ཉིད་དོ།
གསུམ་པ། སྨན་རྫས་སོ་སོའི་ལས་སྣོན་གྱི་སྐོར་བཤད་པ།
ཇི་ལྟར་བཤད་པའི་སྲོ་དམར་བདུན་ཐང་ལ་སོགས་པ་ནི་སྨན་རིགས་སྣ་ཚོགས་དང་། དེའི་རོ་ནུས་ཕྱོགས་གཅིག་ཏུ་སྡེབ་པའི་ཐབས་ཤེས་ཤིག་ཡིན་ཞིང་། དེ་སྡེབ་པར་བྱ་བ་ལ་ཡང་གཅེས་པའི་ཡན་ལག་བདུན་དང་ལྡན་པ་ངེས་པར་དགོས་ཏེ་རྒྱུད་ལས། སྐྱེ་སར་སྐྱེ་དང་དུས་སུ་བཏུ་བ་དང་།། སྐམ་གསེས་ལེགས་དང་སོ་མ་རྙིང་པ་དང་།། དུག་འདོན་འཇམ་རྩལ་འཕྲོད་པར་སྤྱར་བའོ།། ཞེས་གསུངས་པ་ལྟར་སྲོ་དམར་བདུན་ཐང་ལ་སོགས་པའི་སྨན་རྣམས་གང་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་བྱ། ཞེས་པ་ལྟར་རང་གི་ནུས་པ་མཐུ་དང་ལྡན་པ་མཐུན་པའི་གནས་ཡུལ་སྐྱེས་པ་དང་། རང་རང་གི་ནུས་པའི་སྟོབས་དང་ལྡན་པའི་དུས་སུ་བཏུ་བ།ཡང་རང་རང་གི་ནུས་པར་མཐུན་པའི་སྐམ་གསེས་དང་སོ་མ་བླངས་ཤིང་རྙིང་པ་བརྗེས་བ། དུག་གི་ཆ་ཤས་དོར་བ་སོགས་གཞུང་ལུགས་སུ་བསྟན་པ་ལྟར་ལག་ལེན་དུ་ལེན་དགོས་པ་ལགས་སོ།
༡.སྨན་སྐྱེ་བའི་ས་ཕྱོགས་ནི།དུར་ཁྲོད་དང་འབྲོག་ལྷས་རྙིང་པ་དེ་བཞིན་སོལ་དུད་དང་དུག་རླངས་སོགས་ཁྱབ་ཡོད་པའི་ས་ཆ་མ་ཡིན་པར་གཙང་ཞིང་ཉམས་དགའ་བ།སྨན་གང་སྐྱེས་ཐམས་ཅད་སྐྱེ་བཟང་ལ་དྲི་རོ་རེག་བྱ་མཆོག་ཏུ་གྱུར་བ་ཤིན་ཏུ་གལ་ཆེའོ།
༢.བཏུ་བའི་དུས་ནི།བཏུ་དུས་རྩ་བ་ཡལ་ག་ལོ་མ་གསུམ།།སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ།།སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས།།ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ།།ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ།།འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས།།མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ།།འབྲས་བུའི་རིགས་ཡིན་མིག་དོན་མགོ་ན་མགོ་ནད་སེལ།།སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས།།ལྐོག་པ་བར་ཤུན་ཚི་བ་རྣམ་པ་གསུམ།།ཤུན་པའི་རིགས་ཡིན་པགས་རྒྱུས་ཡན་ལག་སེལ།ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས།།ཞེས་པ་ལྟར་སྲོ་ལོ་དང་།མཛོ་མོ་ཤིང་།ཀཎྜ་ཀ་རི་ལ་སོགས་པའི་སྡོང་པོའི་རིགས་ཐམས་ཅད་སྟོན་ཀ་རྩི་ཏོག་བསྐམ་པའི་དུས་སུ་བཏུ་ཞིང་ཉར་ཚགས་བྱེད་དགོས་པ་དང་།ཧོང་ལེན་དང་བ་ཤ་ཀ་ལ་སོགས་པ་ལོ་མའི་རིགས་ཐམས་ཅད་དབྱར་ཐན་འདབ་རྒྱས་ཆར་གྱི་དུས་སུ་སྐྱུ་རུ་ར་དང་།ཛཱ་ཏི་ལ་བཏུ་བར་བསྔགས་པ་ཡིན་ཞིང་།སོགས་འབྲས་བུའི་ཐམས་ཅད་སྟོན་སོར་སྨིན་པའི་དུས་སུ་བཏུ་དགོས་པ་བཅས་སོ།།
༣. སྨན་སྐམ་གསེད་བྱེད་སྟངས་ནི། སྐམ་གསེད་གང་ཡང་བཏུ་དུས་རྨ་ཕབ་ལ།།བསིལ་སྨན་གྲིབ་ལྷག་དྲོད་སྨན་མེ་ཉིས་བསྐམ།།བསེར་གྱི་མ་ཞིག་མེ་ཉིས་མ་གདུང་པ།།དུ་བ་མ་ཕོག་གཞན་གྱི་དྲི་མ་གོས།།རང་གི་ནུས་ལྡན་ཡོན་ཏན་དཔག་ཏུ་མེད།།ཅེས་གསུངས་པ་ལྟར།།ཧོང་ལེན་དང་།བ་ཤ་ཀ་ལྟ་བུ་སོགས་སྨན་རིགས་ཐམས་ཅད་མ་བསྐམ་པའི་དུས།གསེད་དེ་མ་འདྲེས་པར་གཞོག་དགོས་པ་གང་ཡིན་ཡང་བཏུ་བའི་དུས་དེ་མ་ཐག་རྡོ་གཙང་མའི་སྟེང་དུ་ཁུ་བ་ཕྱིར་མི་འཕོ་བའི་ངང་ནས་ཆོམ་ཙམ་རྡུང་སྟེ་རྨ་ཕབ་ལ།བསིལ་སྨན་རྣམས་ཉི་མས་མ་གདུང་པ།བསིལ་དྲོད་ཐམས་ཅད་བཞའ་རླན་དང་།དུ་བ་ཕོག་པ་དང་།འབུས་མ་ཟོས་པ།མེས་མ་འཚིག་པ།ལྷག་པར་དུ་དེང་རབས་རྫས་སྦྱོར་རིགས་ཀྱི་དངོས་པོ་དང་མཉམ་དུ་འཇོག་པ་སོགས་རྩྭ་བ་ནས་དོར་དགོས་པ་ཤིན་ཏུ་ནས་གལ་ཆེའོ།
༤.སོ་མ་རྙིང་པ་བཤད་པ།སོ་མ་རྙིང་པ་ལོ་དུས་མ་ལོན་པར།།དུས་འདས་ནུས་པ་འཆོར་ཕྱིར་ལོ་དུས་སྤོང་།།ཞེས་པ་ལྟར་སྨན་དེ་དག་བཏུས་ནས་ལོ་དུས་མ་ལོན་པ་ཞིག་ངེས་པར་དགོས་ལ།ལོ་དུས་འདས་ན་ནུས་པ་འཆོར་བའི་ཕྱིར་ལོ་དུས་སུ་རྙིང་པ་དོར་ཞིང་གསར་པ་བརྗེ་དགོས་པ་ཡིན་ནོ།
༥.དུག་འདོན་གྱི་རིམ་པ་བཤད་པ་ནི།དུག་དང་ཕྲལ་བ་རྩ་སྡོང་པགས་རྐང་དུག།ཡལ་གའི་ཚིགས་དུག་ངར་བ་ལོ་མའི་དུག།མེ་ཏོག་གོས་དུག་རུས་པ་འབྲས་བུའི་དུག།ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ།དྲེག་པ་པགས་དུག་ཤ་གདན་བར་ཤུག་དུག།ཅེས་གསུངས་པ་བཞིན་ཀཎྜ་ཀ་རི་སོགས་སྡོང་པོའི་སྨན་ལ་སྡོང་པོའི་ནང་གི་རྐང་སྐྱ་གསོབ་དེ་དུག་ཡིན་ཞིང་།དེ་བཞིན་དུ་མཛོ་མོ་ཤིང་ནི་རྩ་བ་དེ་གའི་པགས་པ་རྒྱུས་པ་ལྟ་བུ་དེ་ཕྲལ་ནས་ནང་སྙིང་ཙན་དན་ལྟར་དམར་བ་དེ་སྨན་དུ་བེད་སྤྱད་དགོས་པ་དང་།སྲོ་ལོ་དམར་པོ་སོགས་རྩ་བ་ཚོམས་བུར་གནས་པ་རྣམས་ཀྱི་རྩ་བ་རྙིང་པ་རྣམས་དོར་ནས་དག་བཀྲུས་བྱེད་དགོས་པ།སྐྱུ་རུ་ར་སོགས་ནང་འབྲས་ཚི་གུའམ་རུས་པ་དེ་ཕྲལ་དགོས་པ་སོགས་དུག་གི་ཆ་རྣམས་བསལ་ཏེ་གཙང་མར་ཉར་ཚགས་བྱས་ནས་བཀོལ་སྤྱོད་ཀྱི་གྲ་སྒྲིག་བྱེད་དགོས།
བཞི་པ།སྲོ་དམར་བདུན་ཐང་གི་ཁུངས་དང་ཕན་ནུས་བཤད་པ།
སྦྱོར་སྡེབ་འདིའི་སྦྱོར་ཚད་ཀྱི་དཔལ་ལྡན་རྒྱུད་བཞི་ཡིན་ཤིང་།སྦྱོར་ཐབས་ཀྱང་སྨན་སྣ་ཁག་ཤེལ་ཕྲེལ་དང་།བེེ་སྔོན།མེས་པོའི་ཞལ་ལུང་སོགས་ལས་གསུངས་པོའི་རོ་རྣམས་ལེགས་པར་བརྟགས་ཏེ་རོ་དེ་ལ་ནུས་པ་དང་ཡོན་ཏན་ཞུ་རྗེས་སོགས་ཅི་ཡོད་བརྒྱ་ཆའི་བསྡུར་དུ་ཟིན་ནས་ནད་ཀྱི་མཚན་ཉིད་ཉི་ཤུ་ལས་གང་ཞིག་འཕེལ་བ་དང་།གང་ཞིག་འཇོམས་བྱེད་ཅི་ཡོད་ཚད་བསྡུར་ཚད་བྱས་ནས་ལྡོག་ཕྱོགས་ནུས་པ་དམིགས་བསལ་མི་ཡོང་བ་བྱས་ཡོད།དེ་ལྟར་བྱེད་དགོས་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་།ནང་བཅུད་ཀྱི་སེམས་ཅན་རྣམས་ངོ་བོ་གཅིག་ཏུ་གྱུར་ཞིང་ཕན་ཚུན་གཅིག་མཚུངས་སུ་ཡིན་སྟབས་རྒྱུད་ལས།ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས།།མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར།།ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད།།ཅེས་དང་ཡང་ཕྱི་རྒྱུད་ཡོངས་གཏད་ལེའུ་ལས།འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།།གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་སྐྱེད།།གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།།ལུས་ནད་གཉེན་པོ་བདག་ཉིད་གཅིག་ལ་འབྲེལ།ཞེས་སོགས་ཀྱིས་སྐྱེ་ཁམས་ཐམས་ཅད་འབྱུང་བ་ལྔས་ཆགས་གནས་འཇུག་གསུམ་བྱེད་པ་གསལ་པོར་བསྟན་ཡོད།དེང་སང་ལ་ལས་ཕྱི་ལུགས་སྨན་བཅོས་ཀྱི་རྗེས་སུ་འབྲང་སྟེ་ནད་འབུ་ཁོ་ནར་འཐབ་རྩོད་བྱེད་པ་དང་།ལ་ལས་རྒྱུད་དོན་ལ་མ་བརྟག་པར་ཐུགས་འབྱིན་ཁོ་ནར་བསམ་པ་དེ་དག་ནི་ཞིབ་ཏུ་མ་དཔྱད་པའི་སྐྱོན་ལས་མ་འདས་སོ།སྤྱིར་རྒྱུད་ལས་གསུངས་པ་ལྟར་རྟེན་འབྲེལ་དང་སྨོན་ལམ།བྱིན་གྱིས་རླབས་པའི་ནུས་པ་སོགས་ཡོད་ཀྱང་།གཙོ་ཆེ་བ་དང་མང་ཆེ་བ་ནི་འབྱུང་བཞི་ཁོ་ན་ཆ་སྙོམས་པ་ཡིན།དེ་སྙོམས་ན་ནད་མེད་པའི་རྒྱུ་གཙོ་བོ་ཡིན།དེ་ལྟ་བས་ན་སྨན་སྦྱོར་འདི་བཞིན་སོ་སོའི་སྐྱེ་ཁམས་ཀྱི་འབྱུང་བ་ཤས་ཆེ་ཆུང་དང་།རོའི་ཁྱད་པར་ལྡོག་ཟླའི་ནུས་པ་སོགས་ལའང་བསམ་གཞིགས་ནན་ཙམ་བྱས་པ་སྦྱོར་སྡེབ་འདི་ལ་ཡང་རོ་མངར་ཞིང་ཁ་ལ་བསྐ་བ་ངོ་བོ་བསིལ་ཞིང་རང་གི་ནུས་པས་གློ་ཚད་དང་།གློ་རྡོལ།ལུས་ཟུངས་ཞན་པ།ཁྲག་ངན་རྒྱས་ཤིང་སྐད་འགག་སེལ་བའི་སྲོ་ལོ་དམར་པོ་དང་གཅིགརོ་ཁ་ལ་ངོ་བོ་བསིལ་ནུས་པས་ཁྲག་ངན་རྒྱས་པའི་ནད་དང་།ཁྲག་ཚད།མཁྲིས་ཚད་སོགས་ལ་ཕན་པའི་བ་ཤ་ཀ་དང་གཉིས།རོ་མངར་ལ་བསྐ་བ་ངོ་བོ་སྙོམས་ཤིང་།ནུས་པས་འདུ་བ་སྙོམས་པ་དང་།རླུང་ཚད་ལྡན་པ།ཆམ་པ།རིམས་ཚད་མ་སྨིན་པ།གློ་ནད་ཀྱི་རིགས་སོགས་ལ་ཕན་པའི་ཀཎྜ་ཀ་རི་དང་གསུམ།རོ་ཁ་ལ་ངོ་བོ་བསིལ་ཞིང་།ནུས་པས་ཁྲག་ངན་སྐེམ་པ་དང་གློ་ཚད་བཅོག་པ།དེ་བཞིན་མཆིན་ཚད་དང་།གློ་ཚད།རྒྱུ་ཚད།ཁྲག་ཚད་རྒྱས་པ།འཁྲུགས་ཚད་སོགས་ལ་ཕན་པའི་ཧོང་ལེན་དང་བཞི།རོ་ཁ་ལ་ངོ་བོ་བསིལ་ཞིང་།ནུས་པས་ཁྲག་ཚད་དང་ཁྲག་འཁྲུགས་པ་སྟེ་རྒྱུན་མི་སྙོམས་པ།མོ་ནད་ཀྱི་ཁྲག་འདྲིལ་བ་སོགས་ལ་ཕན་པའི་མཛོ་མོ་ཤིང་དང་ལྔ།རོ་ཚ་ལ་ངོ་བོ་དྲོ་ཞིང་སྣུམ་པ།ནུས་པས་རླུང་གི་ནད་རིགས་དང་།སྙིང་རླུང་།སྙིང་གཟེར་སོགས་སྙིང་ནད་ཀྱི་རིགས་སེལ་བ་དང་།དེ་བཞིན་དྲོད་སྐྱེད་ཞིང་ཟས་མ་འཇུ་བ་སོགས་ལ་ཕན་པའི་ཛཱ་ཏི་དང་དྲུགརོ་སྐྱུར་ལ་ངོ་བོ་བསིལ་ཞིང་རྣོ་བ།ནུས་པས་འདུ་བ་སྙོམས།བད་མཁྲིས་ཀྱི་ནད་དང་།ངན་ཁྲག་རྒྱས་པ།ཁྲག་ཚད།མཁྲིས་ཚད།གཅིན་ཁ་སྙི་བ།སྐྲ་བུད་པ་སོགས་ལ་ཕན་པའི་སྐྱུ་རུ་ར་དང་བདུན་བཅས་ཕྱོགས་གཅིག་ཏུ་བསྡུས་པའི་ཐང་སྦྱོར་འདིས་མགོ་ན་ཞིང་མགོ་ཡུ་འཁོར་བ་དང་།རྣ་བ་འུར་བ།སྟོད་བརྒྱངས་ཤིང་གཟེར་བ་ངེས་མེད་འཕོ་བ།ལྷག་པར་ལྟག་པའི་སྡུད་སྒོ་དང་།མཚོག་གསང་སོགས་ལ་མནན་པ་ལྟར་ན་ཞིང་།མཚན་མོ་གཉིད་ཆུང་ལ།གྲེ་བ་དང་ཁ་ལྕེ་སྐམ་པ།རྩ་ནི་དྲག་མཁྲང་འབུར་སོགས་དང་།ཡང་ན་ཁར་བྱིང་ཞིང་།གཏིང་ཤས་ཆེ་བ་དང་ཆུ་དཀར་སེར་སོགས་མདོག་མ་ངེས་ཀྱང་དྭངས་ཤིང་ཝུ་བ་ཆེ་ལ་སངས་སླ་བ་སོགས་འབྱུང་ཞིང་།ལྕེ་དམར་ལ་སྐམ་པ་དང་།རྩུབ་ཅིང་འགའ་ཞིག་ལ་མཆུ་དང་སེན་མོ་སྔོ་དམར་དང་མིག་སྤྲིན་དམར་པོ་སོགས་ཁྲག་རླུང་འཕེལ་འཁྲུགས་ཀྱི་ནད་རྟགས་མངོན་པ་འདི་དག་ལ་ཕན་པ་མྱོང་གྲུབ་ཡིན།སྦྱོར་ཚད་འདིའི་ནང་གི་སྐྱུ་རུ་ར་རོ་དང་ནུས་པ་ལྡོག་ཕྱོགས་སུ་སོང་ནས་མཁྲིས་པ་ཚ་བའི་ནད་འཕེལ་ཞིང་ཁྲག་ཚད་རྒྱས་པ་ལྡོག་ཟླའི་ནུས་པར་འགྱུར་རོ།།ཞེས་དགོངས་རུང་།དེ་ཡང་རྒྱུད་ལས།འདི་དག་ཕལ་ཆེར་རོ་ལས་རྗེས་འབྱུང་སྟེ།ཞེས་པས་མང་ཆེ་བའམ་ཕལ་ཆེ་བ་རོ་ལས་ཡོན་ཏན་དང་།ནུས་པ།ཞུ་རྗེས་སོགས་འབྱུང་བར་ལྟར་ན་ཡང་ཕལ་ཆེར་ཞེས་པའི་ཚིག་ཟུར་གྱིས་ལ་ལ་དམིགས་བསལ་ཅན་དུ་ཡོད་པར་བསྟན་པས།དེ་ཡང་སྐྱུར་བས་བད་ཀན་སེལ་ཞིང་མཁྲིས་སྐྱེད་ཀྱང་།སྐྱུ་རུ་ར་ཡིས་ཁྲག་མཁྲིས་ཚ་བ་སེལ།ཞེས་པ་དམིགས་བསལ་གྱིས་བསྟན་ཡོད།གཞན་ཡང་ཛཱ་ཏིའང་ངོ་བོའི་སྒོ་ནས་དྲོད་སྐྱེད་པར་གསུངས་པ་དང་།དེ་བཞིན་རླུང་ཁྲག་རྒྱུ་བའི་ནུས་པའང་ཁྱབ་བྱེད་རླུང་གི་བྱེད་པ་གཙོ་བོར་རག་ལུས་པས་ཁྱད་བྱེད་དེའང་སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དེའི་ཕྱིར་སྦྱོར་བ་འདིའི་སྐབས་ཛཱ་ཏི་སྦྱོར་དགོས་དོན་ཡང་དེ་ལྟར་ལགས་སོ།
ལྔ་པ།ནད་ཐོག་ཏུ་བེད་སྤྱོད་པའི་བརྒྱུད་རིམ་ཀྱི་སྐོར་བཤད་པ།
དེ་ཡང་སུའུ་ལེན་གྱི་དམིགས་བསལ་ཁོར་ཡུག་ཞིབ་འཇུག་པས་སྲོ་ལོ་དམར་པོའི་རིགས་ལ་ཞིབ་འཇུག་བྱས་པའི་ཤུགས་རྐྱེན་འོག་རང་སྐྱོང་ཁུལ་དུའང་།དེ་རིགས་ལ་ཚན་ཞིབ་བྱེད་པའི་མཐོ་རླབས་འཕྱུར་བ་དང་ཆབས་ཅིག་གྲུབ་འབྲས་ཀྱང་གང་འཚམས་ཐོབ་ཡོད་པའི་སྐབས་དེར།ས་ཁུལ་ཚན་ཞིབ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག་གཉེར་བའི་བོད་སྨད་གྱི་སྔོ་སྨན་ཁག་གཅིག་ལ་ཞིབ་འཇུག་བྱེད་པའི་ལས་དོན་ནང་སྲོ་ལོ་དམར་པོའི་རིགས་ཀྱིས།མཁའ་རླུང་མི་འདང་བའི་ནད་དང་གློ་བའི་ནད་རིགས་སོགས་ལས་དམིགས་བསལ་ཕན་བསྐྱེད་ཡོད་པ་དེའི་ཐོག་མཁའ་རླུང་མི་འདང་བའི་རང་བཞིན་གྱི་ཁྲག་ནད་དང་།དེ་བཞིན་ས་མཐོའི་རང་བཞིན་གྱི་སྙིང་ནད་དང་རུས་ཚིགས་ཆེན་པོའི་ནད་སོགས་ལའང་ཕན་བསྐྱེད་མངོན་གསལ་དོད་པོ་ཡོད་པ་ཚོད་ལྟ་ཞིབ་འཇུག་གི་ལས་ཀའི་ནང་ཤེས་པ་ནས་དངོས་སུ་ནད་ཐོག་ཏུ་བེད་སྤྱོད་པའི་བརྒྱུད་རིམ་ནང་དང་ཐོག་ནད་ཁང་དང་སྒོ་བསྟེན་དུ་གོང་གསལ་ནད་དེ་རྣམས་ཡོད་མཁན་རྣམས་ལ་ཆིག་ཐང་གཙོ་བོར་བྱས་ནས་ཞིབ་ཚད་བྱས་པར་ཕན་བསྐྱེད་ལེགས་པོ་ཐོན་པ་དང་།དེ་ནས་རིམ་པས་ནད་པ་སོ་སོའི་གཟུགས་སྟོབས་དང་།ལོ་ཚད་དེ་བཞིན་ནད་བབས་ཀྱི་གནས་ཚུལ་སོགས་ལ་གཞིགས་ཏེ་སྲོ་ལོ་དམར་པོའི་སྟེང་མཛོ་མོ་ཤིང་སོགས་བསྣན་ཏེ་ཚོད་ལྟ་བྱས་པར་དམིགས་བསལ་ཕན་སྐྱེད་བྱུང་སྟེ་རིམ་པས་སྨན་སྦྱོར་གྱི་ཁུངས་དང་རོ་ནུས་ཞུ་རྗེས་སོགས་ལ་བསམ་གཞིགས་ནན་པོ་བྱས་ཏེ་ཁ་བསྒྱུར་དང་འཁྲི་སྣོན་གང་ལེགས་ཀྱིས་སྦྱོར་བ་འདི་བཞིནའདི་བཞིན་ནད་ཐོག་ཏུ་སྤྱད་པ་དང་ས་ཁུལ་ཚན་རྩལ་ཞིབ་འཇུག་གི་རྣམ་གྲངས་སུ་བཅུག་སྟེ་དངོས་སུ་ས་གནས་ནང་ཁུལ་དུ་ཁྱབ་གདལ་བཏང་ནས་ནད་ཐོག་ཏུ་བཀོད་སྤྱོད་བྱེད་བཞིན་ཡོད།དེ་ཡང་སྨན་རྫས་རྣམས་མདོ་དབུས་ཀྱི་ས་ཕྱོགས་གང་སར་སྐྱེ་ཞིང་གྲུབ་བདེ་བ་དང་།ནད་པས་བདག་ལེན་བྱེད་བདེ་ཞིང་ལྡོག་ཕྱོགས་ཀྱི་ནུས་པ་མི་ཐོན་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ནོ།།
《ལྷོ་ཁའི་བོད་སྨན་འབུམ་རམས་པའི་དཔྱད་རྩོམ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
འབྲུག་མོས་ཞུ་དག་བྱས།