| དེ་ཡང་རང་ཅག་ཁ་བའི་ལྗོངས་འདིར་སྔར་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། ལོ་པཎ་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རྒྱལ་བ་ཤཱཀྱ་ཐུབ་པའི་རིང་ལུགས་ཡོངས་སུ་དར་ཞིང་རྒྱས་པར་མཛད་པའི་ཕྱག་རྗེས་སུ། བོད་མི་རིགས་མང་ཆེ་བ་ནང་པ་སངས་རྒྱས་པའི་ཆོས་ལ་དད་འདུན་ཞུ་བཞིན་ཡོད་པ་ཞིག་ཡིན། འོན་ཀྱང་བསྟན་པའི་དར་རྒུད་སྣ་ཚོགས་ཀྱིས་རྐྱེན་པས་ནང་རིག་པའི་རྩ་བའི་དགོངས་དོན་ཇི་བཞིན་གསལ་རྟོགས་ཐུབ་པའི་སྐྱེ་བོ་ཉིན་བཞིན་ཇེ་ཉུང་དུ་འགྲོ་སྐབས། ང་ཚོ་ནང་པ་སངས་རྒྱས་པའི་རིང་ལུགས་འཛིན་མཁན་རྣམས་དང་། དེར་དད་པ་བྱེད་མཁན་ཚང་མས་གཞི་རྩའི་ཤེས་བྱ་འགའ་ཞིག་ཁོངས་སུ་ཆུད་དགོས་པ་དེ་ནི་གནད་དམ་པ་ཞིག་རེད། སྤྱིར་བཀའ་དང་བསྟན་བཅོས་དུ་མ་ཞིག་ད་ལྟ་རང་རེའི་འདྲེན་བྱེད་ཀྱི་དཔལ་དུ་བཞུགས་ཡོད་ནའང་། དེ་ལྟ་བུའི་གཞུང་ལ་གཟིགས་ཁོམ་མེད་པ་དང་བློ་གསར་རྣམས་ལ་དྲན་བསྐུལ་ཞུ་ཆེད་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་གཞིར་བཟུང་སྐྱབས་འགྲོའི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡོད། ཐོག་མར་ནང་པ་སངས་རྒྱས་པའི་བསྟན་པ་ཚད་མ་དེ་ཉིད་ལ་འཇུག་པའི་སྒོ་དང་པོ་སྐྱབས་འགྲོ་ཡིན་པས་དེའི་ཕྱིར་སྐྱབས་འགྲོའི་རྣམ་བཞག་ཅུང་ཟད་འཆད་པ་ལ་དང་པོ་སྐྱབས་གསུམ་རྣམ་པར་བཞག་པའི་རྒྱུ་མཚན་དང་སྐྱབས་གསུམ་སོ་སོའི་ངོ་བོ་དང་མཚན་གཞིན་ངོས་བཟུང་བ་ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར་དཀོན་མཆོག་གི་ངེས་ཚིག་ཇི་ལྟར་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་བའི་དགོས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ་ཐེག་ཆེན་གྱི་རིགས་ཅན་ལམ་དུ་ཞུགས་པ་རྣམས་ཀྱི་རང་རྒྱུད་ལ་སྐྱེད་བྱའི་སངས་རྒྱས་འབྲས་སྐྱབས་དང་རང་ཉིད་ལ་ལམ་སྟོན་པའི་སངས་རྒྱས་རྒྱུ་སྐྱབས་དང་ལམ་དུ་མ་ཞུགས་ཀྱང་སངས་རྒྱས་ལ་མཆོད་པ་དང་བཀུར་བསྟི་སོགས་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སངས་རྒྱས་དཀོན་མཆོག་སྐྱབས་སུ་རྣམ་པར་བཞག རང་རྒྱལ་གྱི་རིགས་ཅན་ལམ་དུ་ཞུཊ་པ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་ཆོས་བསྟན་པ་ལ་ལྟོས་མི་དགོས་པར་རང་ཉིད་ཀྱི་མྱང་འདས་མངོན་དུ་བྱེད་པ་རྣམས་ཀྱི་འབྲས་སྐྱབས་དང་ལམ་དུ་མ་ཞུགས་ཀྱང་དམ་པའི་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་དཀོན་མཆོག་སྐྱབས་སུ་རྣམ་པར་བཞག ཉན་ཐོས་ཀྱི་རིཊ་ཅན་ལམ་དུ་ཞུཊ་པ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་ཆོས་བསྟན་པ་ལ་ལྟོས་ཏེ་མྱང་འདས་མངོན་དུ་བྱེད་པ་རྣམས་ཀྱི་འབྲས་སྐྱབས་དང་ལམ་དུ་མ་ཞུགས་ཀྱང་དགེ་འདུན་དཀོན་མཆོག་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་སུ་རྣམ་པར་བཞག་པའི་ཕྱིར་ཏེ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། ཐེག་པ་གསུམ་དང་བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་གསུངས། གཉིས་པ་ཡོད་དེ་སངས་རྒྱས་དཀོན་མཆོག་གི་ངོ་བོ་ནི། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་དེའི་ངོ་བོ་དང་ཡོན་ཏན་དེ་རྣམས་བསྡུ་ན་གཉིས་སུ་བསྡུ་སྟེ། རང་དོན་སྤངས་རྟོགས་མཐར་ཕྱིན་པ་དང་གཞན་དོན་གཟུགས་སྐུ་རྣམ་གཉིས་མཐར་ཕྱིན་པ་གཉིས་སུ་བསྡུ་བའི་ཕྱིར་ཏེ་《དེ་ཉིད་ལས་》འདུས་མ་བྱས་ཤིང་ལྷུན་གྱི་གྲུབ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། མཁྱེན་དང་བརྩེ་དང་ནུས་པ་ལྡན། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ཅེས་གསུངས་མཚན་གཞི་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ། འགོག་ལམ་གང་རུང་གིས་བསྡུས་པའི་འཕཊ་རྒྱུད་ཀྱི་རྣམ་བྱང་བདེན་པ་ཆོས་དཀོན་མཆོག་གི་ངོ་བོ་དང་དེའི་ཡོན་ཏན་བརྒྱད་བསྡུ་ན་འགོག་ལམ་གཉིས་སུ་བསྡུ་བའི་ཕྱིར་ཏེ་《དེ་ཉིད་ལས་》བསམ་མེད་གཉིས་མེད་རྟོག་མིན་པ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། གང་ཞིག་གང་གིས་ཆགས་བྲལ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ཞེས་གསུངས་། དཔེར་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དང་ཉོན་མོངས་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག་ལྟ་བུ། རིག་གྲོལ་གྱི་ཡོན་ཏན་བརྒྱད་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་དགེ་འདུན་དཀོན་མཆོག་གི་ངོ་བོ་དང་ཡོན་ཏན་དེ་རྣམས་བསྡུ་ན་རིག་པའི་ཡོན་ཏན་དང་གྲོལ་བའི་ཡོན་ཏན་གཉིས་སུ་བསྡུ་བའི་ཕྱིར་ཏེ་《དེ་ཉིད་ལས་》ཇི་ལྟ་ཇི་སྙེད་ནང་གི་ནི། ཡེ་ཤེས་གཟིགས་པ་དག་པའི་ཕྱིར། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། བླ་མེད་ཡོན་ཏན་དང་ལྡན་ཉིད། ཅེས་གསུངས། དཔེར་ན། ཐེག་པ་གསུམ་གྱི་འཕགས་པ་རྣམས་རེ་རེ་ནས་ལྟ་བུ། གསུམ་པ་ཡོད་དེ་དངོས་པོའི་གནས་ཚོད་ལ་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སྐྱབས་དོན་དམ་པའི་སྐྱབས་དང་དེ་མཐར་མ་ཕྱིན་པའི་སྐྱབས་ཀུན་རྫོབ་པའི་སྐྱབས་ཀྱི་ངོ་བོ་ཡིན་པའི་ཕྱིར། དཔེར་ན་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་དཀོན་མཆོག་ཉག་ཅིག་དང་པོ་དང་བྱང་འཕགས་རྒྱུད་ཀྱི་བདག་མེད་མངོན་སུམ་རྟོགས་པའི་མཁྱེན་པ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར་ཏེ་《དེ་ཉིད་ལས་》དམ་པའི་དོན་དུ་འགྲོ་བ་ཡི། སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། ཞེས་གསུངས་པ་དང་། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། གཏན་གྱི་སྐྱབས་མཆོག་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། བཞི་པ་ཡོད་དེ། སངས་རྒྱས་སོགས་གསུམ་ལ་དཀོན་མཆོག་ཅེས་པའི་རྒྱུ་མཚན་ཡོད་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ཆོས་དྲུག་གི་སྒོ་ནས་བརྗོད་པའི་ཕྱིར་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཇིག་རྟེན་དུ་འབྱུང་བ་དཀོན་པ་ལྟར་དཀོན་མཆོག་ཉིད་ཀྱང་འབྱུང་བ་དཀོན་པ་ནོར་བུར་གཡའ་སོགས་ཀྱི་དྲི་མེད་ལྟར་དཀོན་མཆོག་ཉིད་ཀྱང་ཉེས་པའི་དྲི་མ་མེད་པ། ནོར་བུ་དེ་དབུལ་བ་སེལ་བའི་མཐུ་དང་ལྡན་པ་ལྟར་དཀོན་མཆོག་ཉིད་ཀྱང་གདུལ་བྱའི་སྡུག་བསྔལ་སེལ་བའི་མཐུ་དང་ལྡན་པ་ནོར་བུ་དེ་འཇིག་རྟེན་གྱི་རྒྱན་ཡིན་ལྟར་དཀོན་མཆོག་ཉིད་ཀྱང་ཐར་པ་དོན་གཉེར་གྱི་རྒྱན་ཡིན་པ་ནོར་བུ་འཇིག་རྟེན་གྱི་རྒྱན་གྱི་མཆོག་ཡིན་པ་ལྟར་དཀོན་མཆོག་ཉིད་ཀྱང་སྐྱབས་གནས་གཞན་ལས་མཆོག་ཡིན་པ། ནོར་བུ་བསྟོད་སྨད་སོགས་ཀྱི་སྒོ་ནས་གཞན་དུ་མི་འགྱུར་བ་ལྟར་དཀོན་མཆོག་ཉིད་ཀྱང་དེ་ལྟར་མི་འགྱུར་བ་ཡིན་པས་ཕྱིར་ཏེ་《དེ་ཉིད་ལས་》འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཅེས་གསུངས། ལྔ་པ་ཡོད་དེ་ཐེག་པ་ཐུན་མོང་པ་ལྟར་ན་རང་ཉིད་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི། སྡུག་བསྔལ་ལ་འཇིཊ་ཞིང་སྐྲག་ནས་དེ་ལས་སྐྱོབ་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་རེ་ལྟོས་བཅས་ཏེ་སྐྱབས་སུ་འགྲོ་བ་དང་ཐེག་པ་ཐུན་མོང་མ་ཡིན་པ་ལྟར་ན་བདག་དང་བཅས་པའི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་འཇིགས་ཞིང་སྐྲག་ནས་དེ་ལས་སྐྱོབ་ཕྱིར་དུ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་རེ་ལྟོས་བཅས་ཏེ་སྐྱབས་སུ་འགྲོ་བར་བྱེད་པའི་ཕྱིར་དེ་ལྟར་སྐྱབས་སུ་སོང་བའི་ཚེ་སྐྱབས་གནས་ཀྱི་ཡོན་ཏན་ལ་ཚད་མས་ངེས་པ་འདྲོངས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་པའི་ཕྱིར་ཏེ་《ཁྱད་པར་འཕགས་བསྟོད་ལས་》བདག་ནི་སྟོན་པ་གཞན་སྤངས་ནས། བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། དེ་ཅིའི་སླད་དུ་ཞེ་ན་ཁྱེད། སྐྱོན་མི་མངའ་ལ་ཡོན་ཏན་ལྡན། མུ་སྟེག་གཞན་གྱི་གཞུང་ལུགས་ལ། ཇི་ལྟར་ཇི་ལྟར་རྣམ་བསམ་པ། དེ་ལྟར་དེ་ལྟར་མགོན་ཁྱོད་ལ། བདག་གི་སེམས་ནི་དད་པར་གྱུར། ཞེས་གསུངས་། དྲུག་པ་ཡོད་དེ། རང་ཉིད་ནང་པ་སངས་རྒྱས་པར་ཚུད་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་བ། སྔོན་བསགས་ལས་ཀྱི་སྒྲིག་པ་སྲབ་ཅིང་ཟད་པར་གྱུར་བ། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསོག་པ། མི་དང་མི་མིན་གྱི་བར་ཆད་ཀྱི་མི་ཚུགས་ཤིང་ཅི་བསམ་པའི་དོན་རྣམས་འགྲུབ་པ་གནས་སྐབས་བདེ་བགྲོར་སྐྱེ་ཤིང་ངན་འགྲོར་མི་ལྷུང་བ་མཐར་སངས་རྒྱས་ཐོབ་པའི་ཕན་ཡོན་དང་ལྡན་པའི་ཕྱིར་ཏེ་སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། དེ་ནི་སྡོམ་བརྒྱད་རྩ་བ་ཡིན། ཞེས་དང་། གང་དག་སངས་རྒྱས་སྐྱབས་སོང་བ། དེ་དག་ངན་འགྲོར་འགྲོ་མི་གྱུར། མི་ཡི་ལུས་ནི་སྤངས་ནས་སུ། དེ་དག་ལྷ་ཡི་ལུས་ཐོབ་བོ། ཞེས་དང་ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཕུལ་གྱིས་གཞལ་བར་ག་ལ་ནུས། ཞེས་དང་། རྗེ་བདག་ཉིད་ཆེན་པོའི་གསུང་ལས། ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང་། དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང་། དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། ཞེས་རྒྱ་ཆེར་གསུངས་སོ། ཞར་དུ། གཞན་དག་ན་རེ། སྐྱབས་གསུམ་ལ་ཡོན་ཏན་དང་ནུས་པ་དེ་ལྟར་ཡོད་ན་འོ་ན་སེམས་ཅན་ནི་ད་ལྟར་ཡང་ཤིན་ཏུ་མང་བར་མཐོང་ངོ་ཞེས་ཟེར། སྐྱོན་མེད་དེ། དཔེར་ན། སྨན་པས་སྨན་གྱིས་ནད་བཅ་པའི་ཡོན་ཏན་དང་ནུས་པ་ལྡན་མོད་ཀྱང་ནད་པ་ནི་དེ་བས་མང་བ་མཐོང་ངོ་། འོན་ཀྱང་དེའི་རྒྱུ་མཚན་ནི་ནད་པ་རང་ཉིད་ཀྱིས་ནད་ལས་གྲོལ་ཐབས་ཀྱི་བསམ་པས་ཀུན་ནས་བླངས་ཏེ་སྨན་བསྟེན་པ་གལ་ཆེ་བ་ཡིན་གྱི་སྨན་པ་དང་སྨན་ཙམ་ལ་རག་ལས་པ་མིན་པ་བཞིན་ཐར་འདོད་རྣམས་ཀྱང་རང་ཉིད་ཀྱིས་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་བྱ་བ་བརྩམ་དགོས་པ་ལས་སངས་རྒྱས་ཉིད་ཀྱི་ཕྱག་གི་གྲོལ་བ་མིན་པའི་ཕྱིར་ཏེ། མདོ་ལས་ཐུབ་རྣམས་སྡིག་པ་ཆུ་ཡི་མི་འཁྲུ་ཞིང་། འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ་ལ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་གྱུར། ཅེས་ལེགས་པར་གསུངས་སོ། སྨྲས་པ། ཁོ་བོས་ཅུང་ཟད་བྲིས་པའི་དགེ་བ་འདིས་། ཐུབ་པའི་བསྟན་པ་ཉི་བཞིན་གསལ་བ་དང་། དེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོ་བཞིན་དུ། ལྟ་དན་མུན་པ་ཀུན་རྣམས་སེལ་གྱུར་ཅིག
|