| ༄༅།།ན་མོ་གུ་རུ། ཆོས་སྐུ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་།། ལོངས་སྤྱོད་རྫོགས་སྐུ་རྒྱལ་ཡུམ་རྣལ་འབྱོར་མ།། རྒྱལ་སྲས་སྤྲུལ་སྐུ་ནཱ་རོ་པ་ལ་སོགས།། ཕྱག་བྱར་འོས་ཀུན་རྟག་ཏུ་རྒྱལ་གྱུར་ཅིག། དེ་ལ་འདིར་ཕན་བདེའི་རྩ་ལག་དམ་པར་གྱུར་པ།། རྒྱལ་བ་ཀུན་གྱི་ཡུམ་མཆོག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞེས་སྙན་པའི་སྒྲ་ཆེན་ཡོངས་སུ་གྲགས་པའི་སྐུ་བརྙན་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་ཏོག་གིས།། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མ་གྷ་དྷར་མངོན་པར་རྫོགས་པ་སངས་རྒྱས་ནས་མྱ་ངན་ལས་འདའ་ཁར་ཀུན་དགའ་བོས་གསོལ་བ་བཏབ་པའི་ངོར། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་འཕྲོས་ཏེ་ཚངས་པ་དང་། རཱ་ཧུ་ལ། བརྒྱ་བྱིན་གསུམ་ལ་སོགས་པས་ཆོས་སྐུ་དང་ལོངས་སྐུ་གཉིས་ཀྱི་རྟེན་ཚངས་པ་དང་རཱ་ཧུ་ལ་གཉིས་ཀྱིས་བཞེངས། དེ་ནས་བརྒྱ་བྱིན་གྱིས་སྤྲུལ་སྐུའི་ཆེད་དུ་ལྷ་མི་ཀླུ་སོགས་ཀྱི་ནོར་བུ་རིན་པོ་ཆེ་རྣམས་བཟོ་བོ་བི་ཤྭ་ཀརྨའི་དྲུང་དུ་སྤུངས་ཏེ་གསོལ་བ་བཏབ་པ་ལས་སྤྲུལ་སྐུ་དངོས་དང་མི་གཉིས་པ་ཇོ་བོ་མཆེད་གཉིས་ཀྱི་བཟོ་ཕུད་ལས་རང་བྱུང་དུ་བལྟམས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འདི་བྱུང་དུས་གར་སྟབས་ཀྱི་ངང་ནས། གྲི་གུག་ནམ་མཁའ་ལ་འཕྱར། ཐོད་ཁྲག་ཐུགས་ཀར་བསྣམས་ནས་བྱོན་མ་ཐག ལྷའི་དབང་པོ་བརྒྱ་བྱིན་གྱིས་བདུད་རྩིས་སྐུ་ཁྲུས་གསོལ། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ། མེ་ཏོག་གི་ཆར་བབས། ཕྱོགས་བཅུའི་སངས་རྒྱས་དང་དེ་བཞིན་གཤེགས་པ་དང་གཤེགས་མ་རྣམས་ཀྱིས་ལེགས་སོ།། ལེགས་སོ།། ཞེས་དབང་བསྐུར་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ས་གཡོ་བ་དང་། འཇའ་འོད་ཀྱི་གུར་ལ་སོགས་པའི་ཡ་མཚན་གྱི་ལྟས་དུ་མ་དང་བཅས་ཏེ་བྱོན་ནས་ཀླུ་རྣམས་མཆོད་པའི་རྟེན་དུ་བཞུགས། དེ་ནས་མཁའ་གྲོ་མ་རྣམས་ཀྱིས་གདན་དྲངས་ཏེ་ནཱ་རོ་པའི་ཐུགས་དམ་རྟེན་དུ་བཞུགས། ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་སྐབས། བླ་མ་མཁའ་སྤྱོད་དུ་གཤེགས་ན་ཁོ་མོ་བོད་དུ་འགྲོ་གསུངས། འདི་ཡན་ལ་པཎ་ཆེན་ནཱ་རོ་པ་དང་མི་ལབ་པ་བཞིན་གསུང་གླེང་མཛད། ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་ནས་གྲི་གུག་མྱ་ངན་གྱི་ཚུལ་དུ་ཤམ་ཐབས་སུ་ཕབ་ནས་རྣམ་པར་རྟོག་པའི་ཟུག་རྔུ་ཐམས་ཅད་གཅོད་པ་དང་། ཐོད་ཁྲག་ནམ་མཁར་འཕྱར་བ་མཆོད་པ་དང་། ཟག་མེད་ཀྱི་རོས་ཚིམ་པར་མཛད་པ། སྤྱན་གསུམ་བླ་མ་ལ་དག་པ་མཁའ་སྤྱོད་དུ་གཟིགས་པ་ད་ལྟ་ནཱ་རོ་མཁའ་སྤྱོད་དུ་གྲགས་སོ།།
བོད་ལ་གདན་དྲངས་པའི་ལོ་རྒྱུས་ནི། ཡབ་ཀྱི་རི་འདི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དངོས་སུ་ཡོད་པ་ལ་འབྱོན་པར་བཞེད་ནས་མཁའ་འགྲོའི་སྤྲུལ་པ་གསུམ་དུ་བསྐྱེད་ནས་བོད་ན་གདན་འདྲེན་པའི་སྐྱེས་བུ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞིར་བཙལ་བས་མ་རྙེད། མདོ་ཁམས་སྨད་ནས་ལས་ཅན་གྱི་སྐྱེས་བུ་རྒྱལ་མཚན་བཟང་བྱ་བ་ལོ་བཅུ་ལོན་པ་ཞིག་བྱུང་ནས། དེ་ལ་མཁའ་འགྲོ་མ་གསུམ་གྱིས་ཁྱོད་འདི་རུ་མ་འདུག་རྒྱ་གར་ལ་སོང་དོན་ཆེན་པོ་འགྲུབ་བོ་བྱས་པས། དེ་ན་རེ། དོན་ཇི་ལྟ་བུ་འགྲུབ་ཟེར་བར། དཔལ་ནཱ་རོ་པའི་ཐུགས་དམ་གྱི་རྟེན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁ་བ་ཅན་དུ་འགྲོ་དོན་ལ་འཕོས་པའི་དུས་ལ་སླེབས་པ་ཁྱོད་ཀྱིས་གདན་དྲོངས། ངེད་རྣམས་ཀྱིས་རོགས་གདན་བྱའོ་ཟེར་ནས་མི་སྣང་བར་གྱུར་ཏོ།། ཁོས་གང་ཡིན་མ་ཤེས་ཏེ་རང་གི་ཁྱིམ་དུ་ཕྱིན་ནས་ཡབ་ཡུམ་ལ་ལོ་རྒྱུས་བརྗོད་པས། ཁྱོད་རང་སྣང་བ་འཁྲུལ་བ་ཡིན་ནམ་གསུངས། དེ་ནས་ལོ་བཅོ་ལྔ་ལོན་དུས་རྗེ་བཙུན་མའི་ཐུགས་རྗེས་བསྐུལ་ཏེ་ཡབ་ཡུམ་གཉིས་ལ་ད་རྒྱ་གར་དུ་འགྲོ་ཞུས་པས། ཡབ་ཡུམ་གྱི་ཞལ་ནས་ཁྱོད་ཀྱིས་རྒྱ་གར་དུ་མི་བགྲོད་བར་ཐག་རིང་། ལམ་འཇིགས་པ་ཆེ། ལམ་འཕྲང་ཆུ་སོགས་བགྲོད་དཀའ། དེ་བས་ཕ་མའི་ཞབས་རྟོག་གྱིས་ལ་སྡོད་གསུངས་ཀྱང་མ་ཉན་པར་ཅིས་ཀྱང་རྒྱ་གར་ལ་འགྲོ་གསུངས། ཅིས་ཀྱང་མི་ཉན་པར་འགྲོ་ན་འདི་ཁྱེར་གསུངས་ནས་གསེར་ཕྱེ་བྲེ་གང་བསྐུར་བ་འཁྱེར་ནས་ལྷ་སར་བྱོན། ཇོ་བོ་མཆེད་གཉིས་ལ་ཕྱག་བཙལ། མཆོད་པ་ཕུལ། བར་ཆད་མེད་པའི་སྨོན་ལམ་བཏབ་སྟེ་རྒྱ་གར་ལ་བྱོན་པས། རྗེ་བཙུན་མ་བོད་དུ་གདན་འདྲེན་པ་རྒྱ་གར་བ་རྣམས་ཀྱི་རྨི་ལམ་གྱིས་ཤེས་ནས། རང་རེ་རྣམས་ལ་མཆོད་པའི་རྟེན་མི་ཡོང་པ་འདུག་ཟེར། ཛོ་ཀི་ལ་ལས་ཆུ་སྲུང་། ལ་ལས་འཕྲང་། ལ་ལས་གཙུག་ལག་ཁང་གི་སྐོར་རྣམས་བསྲུངས་ཀྱང་རྗེ་བཙུན་མའི་སྤྲུལ་པ་ཨ་ཙརྱ་གསུམ་བྱོན་ཏེ་ཁྱོད་ཅི་བྱེད་ཟེར་བ་ལ། ང་ཇོ་བོ་ནཱ་རོ་ཏ་པའི་ཐུགས་དམ་གྱི་རྟེན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བོད་ལ་གདན་འདྲེན་པ་ཡིན་གསུངས་པས། ཨ་ཙརྱ་རྣམས་ན་རེ། ཁྱོད་དེ་སྐད་མ་ཟེར། རྒྱ་གར་བ་རྣམས་རྨི་ལམ་ལོག་ནས་ལོ་གསུམ་སོང་བས་གཙུག་ལག་ཁང་བསྲུང་ཡོད། ངེད་ལ་བརྔན་པ་ཅི་སྟེར་ཟེར་བར་གསེར་ཕྱེ་བྱེ་གང་པོ་ཕུལ་བས་ཨ་ཙརྱ་གསུམ་གྱིས་རྗེ་བཙུན་མ་བརྐུས་པའི་ཚུལ་གྱིས་ཕེབས། བཅའ་འཕྲེང་ལ་སོགས་པར་བུ་ངལ་བྱུང་ན་ཁོ་མོས་ནམ་མཁར་འགྲོ་གསུངས། རྒྱ་གར་ནས་ཕེབས་ཏེ་གནས་གཞི་ཡབ་གྱི་བར་ལ་གསུང་ལན་བདུན་དང་། ཞབས་རྗེས་ལན་བདུན་བྱུང་བའི་ཞབས་རྗེས་དང་པོ་དཔལ་མོ་ཐང་ལ་བྱུང་། འདི་ཕན་ལ་ཉིན་ལན་གསུམ་མཚན་ལན་གསུམ་ཞབས་ས་ལ་མ་རེག་པར་གར་སྟབས་དང་བཅས་བྱོན། དེ་ནས་ལ་སྟོད་དིང་རི་གླང་སྐོར་དུ་ཕེབས་པའི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱུང་བའི་དུས་སུ། འཁོར་རྣམས་ཀྱིས་འགྲོ་དོན་གང་ན་ཡོད་ཞུས་པས། ཤཱཀྱ་མུ་ནེ་བཞུགས་པའི་གནས་ར་ས་འཕྲུལ་སྣང་དང་ཁད་ཉེབ་ཡུལ་ཡབ་ཁྱབ། གནམ་ཆོས་འབྱུང་བསྣོལ་བ། ས་པདྨ་འདབ་བརྒྱད། རྒྱབ་རི་རིན་ཆེན་སྤུངས་པ་ལྟ་བུ། མདུན་རི་དར་དཀར་གྱི་ཡོལ་བ་བཀྲམ་པ། རྩི་ཤིང་ནགས་ཚལ་རྣམས་སེམས་དཔའ་དང་སེམས་མ་ལས་ལ་རྒྱུ་བ་ལྟ་བུ། ཤར་ནས་ནུབ་ཏུ་ཡན་ལག་བརྒྱད་དང་ལྡན་པའི་དལ་འགྲོའི་རྒྱུན་མི་འཆད་པར་འབབ་པ། གཡས་རིར་གསལ་བྱེད་དང་། གཡོན་རིར་དབྱངས་ཡིག་རང་བྱུང་དུ་ཤར་བ། ཕོ་སྐྱེས་ཐམས་ཅད་དཔའ་བོ། མོ་སྐྱེས་ཐམས་ཅད་དཔའ་མོ་ཡིན་པ་ཞིག་ཡོད། དེ་ན་དཔལ་འཁོར་ལོ་སྡོམ་པ་བཞུགས་པ་ཡིན་པས་དེའི་པང་ན་ཁོ་མོ་རྡོ་རྗེ་བཙུན་མོ་ང་འགྲོ་གསུངས། དེ་ནས་གཞུ་ཀུན་དགའ་ར་བར་ཕེབས། འདི་ཨེ་ཡིན་ཞུས་པས་མིན་གསུངས། སྟོད་ལུང་ཞོ་རང་དུ་ཕེབས་པས་འདི་ཨེ་ཡིན་ཞུས་པས། འདི་ཡང་མིན་གསུངས། སྟོད་ལུང་དེངས་སུ་ཕེབས། འདི་ཨེ་ཡིན་ཞུས་པས། འདི་ཡང་མིན་གསུངས། ཡབ་བྱ་བ་ཡོད་གསུངས། དེ་ནས་ཐལ་ཕྱིན་པས་ཐལ་བྱུང་གསུངས་པས། ཐལ་ཕྱིན་ཉག་ལ་གྲགས། དེ་ནས་ད་གར་ཡོད་ཞུས་པས། ཡས་ན་ཡོད་གསུངས། ཡས་སྣར་གྲགས། དེ་ནས་ཡར་ཕེབས་པས་དགའ་ལྡན་གྱི་གནམ་ནས་ལྷའི་བུ་དང་བུ་མོ་མང་པོ་དང་། འཁོར་ལོ་སྡོམ་པའི་སྤྲུལ་པ་རྣམས་ཀྱིས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྤོས་དང་། ཕྲེང་བ་སོགས་རོལ་མོ་དང་། མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་བཅས་བསུ་བར་བྱོན་པ་དང་མཇལ་བས། མཇལ་ས་ཁར་གྲགས། ལྷའི་བུ་མོ་ཞིག་ལ་ཁྱོད་ཡུལ་འདིའི་ལྷ་མོ་གྱིས་ཤིག་གསུངས་པས། ཨ་མ་ཡུལ་ལྷ་མར་གྲགས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གསལ་བར་མཐོང་བས་གསལ་པོའི་གདེངས་ཁར་གྲགས།།
དེ་ནས་ཡར་ཕེབས། བྲག་སེང་གེ་གནམ་ལ་འཕྱོང་བ་ལྟ་བུའི་སྟེང་དུ་བཞུགས་ནས། ཡབ་འཁོར་ལོ་བདེ་མཆོག་གི་པང་དུ་ཡུམ་རྡོ་རྗེ་བཙུན་མོ་ང་ཐབས་ཤེས་ཡ་མ་བྲལ་ན་འགྲོ་དོན་དེ་ལས་ཆེ་བ་མེད། གནས་འདི་ནས་གང་དུའང་མ་འགྱུར་ཞིག་གསུངས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། འདི་ཡན་ལ་གསུང་རེ་དང་ཞབས་རྗེས་རེ་བྱུང་བ་ཡིན་ནོ།།
དེ་ནས་རྒྱལ་མཚན་བཟང་གིས་རིམ་གྲོ་པ་བགྱིས་ཏེ་གནས་གཞི་ཚུགས་པར། དགེ་འདུན་གྱི་སྡེ་བཙུགས། དར་རྒྱས་སུ་མཛད་པ་ཡིན་འདུག་ལགས་པ་དང་། ལྷག་ཏུ་རྒྱལ་བ་ཙོང་ཁ་པ་ཆེན་པོས་སྐྱོར་མོ་ལུང་ནས་དགའ་བ་གདོང་དུ་ཕེབས་སྐབས། ཡབ་མདའ་ལྷུན་གྲུབ་རབ་བརྟན་མིང་དཔྱད་ལེགས་པའི་ཁྱད་བཅས་རྗེ་བཙུན་མཁའ་སྤྱོད་མ་གདན་འདྲེན་གནང་ཞིང་དབུ་རྒྱན་དང་། སྙན་རྒྱན་གཉིས་སྒྲོན་པ་གནང་བའི་སྨོན་ལམ་གྱི་མཚམས་སྤྱོར་གནང་བ་དང་། དེ་རྗེས་སུ་རྒྱལ་བའི་དབང་པོ་ཀུན་མཁྱེན་ལྔ་པ་ཆེན་པོས་འབྲས་སྤུངས་ཀུན་དགའ་ར་བའི་རྟེན་གཙོར་དགོངས་ཏེ་རྗེ་བཙུན་མཁའ་སྤྱོད་མ་འདི་གདན་འདྲེན་གནང་སྐབས་བདུན་གསུམ་བཞུགས་པའི་ཐོག གསུང་བྱོན་པར་ཁོ་མོ་རྭ་ཚག་ཏུ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་འགྲོ་གསུངས་པར་རྒྱལ་བའི་དབང་པོ་ཀུན་མཁྱེན་ལྔ་པ་ཆེན་པོས་མུ་ཏིག་དང་བྱུ་རུའི་བརྒྱ་ཕྲེང་དམ་འབྱར་རེ། ན་བཟའ་དགུ་བརྩེགས་དམ་འབྱར། གོས་བཟང་སྒྲིགས་ཀྱི་བླ་བྲེས་རྣམས་གནང་བའི་འཕྲལ་དུ་དེའི་ནུབ་མོ་རང་སྐྱེལ་མི་བཅས་རྫོངས་བརྡ་གནང་བའི་དཀོན་གཉེར་སྐྱེལ་མི་ཟུང་ལ་སང་ཐོ་རེངས་གོང་དུ་རྭ་ཚག་ཏུ་འབྱོར་བ་བྱེད་དགོས་ལུགས་ཕེབས་པ་དང་། ཡང་དེ་རྗེས་སུ་ཕོ་བྲང་ཆེན་པོ་པོ་ཏཱ་ལར་གདན་འདྲེན་གནང་བའི་བདུན་གཅིག་བཞུགས་པའི་ཐོག མགྲོན་གཉེར་ཞང་མཁར་རྫོང་ནས་ཀྱི་བསླབ་སྟོན་བསྒྱུར་བའི་ཕྱིར་ཕེབས་སུ་རྗེ་བཙུན་མ་འདིར་སྐུ་གྲིབ་ཆེ་ངེས་ཕོག་འདུག་པས་ད་ལམ་ཁྲུས་གསོལ་ཡང་དག་བགྱིས་ཡོད་པས། སླད་ནས་སྐུ་བརྙན་ལ་བུད་མེད་དང་། དམ་ཉམས། དམེ་ཡུག ཡ་ཤན་སོགས་ཀྱིས་མི་རེག གནས་གང་མིན་ལ་གདན་འདྲེན་སོགས་བྱས་པས་འཐུས་རྒྱུ་མིན་ཅིང་། ཞལ་གསེར་འདི་འཛམ་བུ་ཆུ་བོའི་གསེར་ཡིན་པས་དེ་སྟེང་དུ་གཞན་སྒྲོན་ན་མི་ཡོང་། དབུ་རྒྱན་དང་སྙན་རྒྱན་འདི་གཉིས་རྗེ་ཙོང་ཁ་པ་ཆེན་པོས་སྒྲོན་པའི་བྱིན་ཅན་ཡིན་འདུག་ནའང་མཁའ་སྤྱོད་མ་འདི་ནཱ་རོ་པ་མཁའ་སྤྱོད་ལ་གཤེགས་པའི་མྱ་ངན་གྱི་ཚུལ་བཟུང་བ་ཡིན་གཤིས་ཐོབ་ཆ་མེད་པས་མི་སྒྲོན་ཕེབས་པའི་ཚུར་གནང་ཐོག་ན་བཟའ་དགུ་བརྩེགས་དམ་འབྱར་གཅིག བསྟོད་པ་གསོལ་འདེབས་སྨོན་ལམ་དང་བཅས་པ་མཁའ་སྤྱོད་གྲུབ་པའི་ཤིང་རྟ་ཞེས་བྱ་བ་ཞིག་སྙན་ཤལ་མཛོད་བཏགས་ཆེ་ངེས་ལ་བཀོད་པ་གནང་བའི་དམ་འབྱར་དུ་བསྩལ་ཞིང་། འདིའི་དཀོན་གཉེར་རབ་དགེ་སློང་། འབྲིང་དགེ་ཚུལ། དེ་མིན་རབ་བྱུང་ཚུལ་ཁྲིམས་ཅན་གྱིས་བྱེད་དགོས་ཕེབས་པ་སོགས་རྟེན་ཁྱད་པར་དུ་འཕགས་པའི་ཤུན་ལྷོ་བྱང་ཚང་མའི་སད་དང་སེར་སྲུང་ལོ་རིམ་ཆར་འབེབས་སོགས་གང་ལའང་མེད་ཐབས་མེད་པའི་མཆོད་པའི་རྟེན་ཡིན་པའི་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ་རྫོགས་སོ།།།།
ཞེས་པ་འདི་ཡང་རྗེ་ནཱ་རོ་ཏཱ་པའི་ཐུགས་དམ་གྱི་རྟེན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྒྱ་གར་ནས་གདན་དྲངས་ཏེ་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཁྱད་འཕགས་ཡུལ་ལྗོངས་ཡབ་ཅེས་པ་ས་དཔྱད་ཕུན་སུམ་ཚོགས་པར་གདན་ས་རྭ་ཚག་ཅེས་ཕྱག་བཏབ་པ་དེར་ཕྱོགས་མཐའ་རིས་མེད་ཀྱི་འགྲོ་རྣམས་དལ་འབྱོར་དོན་ལྡན་ངེས་རྙེད་ཀྱི་ཕྱིར་དུ་སྔོན་བྱོན་སྐྱེས་བུས་མཛད་པའི་དཀར་ཆག་གི་མ་ཕྱི་ལོ་མང་བསྐུལ་ཟད་ཀྱིས་ཧྲུལ་གྱར་ཆེ་ཞིང་། དཔེ་རྒྱུན་ནུབ་ཉེར་གྱུར་སྐབས་ལྷག་བསམ་དད་འདུན་གྱིས་ཀུན་ནས་བླངས་ཏེ་རང་ཅག་འཛིན་ཁོངས་གཡུ་ཐོག་པ་ནས་ཤིང་ཕག་ཟླ་ཚེས་དགེ་བར་མ་ལྟར་གསར་བཤུས་ཀྱི་ཞུས་དག་ངེས་པར་ཞུས་པའི་པར་འདི་ལ་དྭགས་སྟག་ཚང་སྤྲུལ་མིང་པས་གསར་བསྐྲུན་བགྱིས་པ་རྭ་ཚག་རི་ཁྲོད་དུ་དེ་སྔོན་བཞུགས་པར་གྲགས་སོ།།
རྒྱལ་བའི་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན།།
སྨིན་ལེགས་སྒེག་མོའི་གཟུགས་སུ་ཤར་བ་ལ།།
མཁའ་སྤྱོད་དབང་མོར་གྲགས་པ་གང་དེ་དང་།།
གཉིས་མེད་པཎ་ཆེན་ནཱ་རོའི་ཐུགས་དམ་རྟེན།།
རྣལ་འབྱོར་མ་དངོས་ངོ་མཚར་གཟི་འབར་འདིའི།།
ལོ་རྒྱུས་དཀར་ཆག་དང་བའི་ས་བོན་དུ།།
པར་གཞིར་བསྐྲུན་པའི་བསོད་ནམས་ཐེམ་སྐས་ལ།།
འགྲོ་ཀུན་འཛེག་ཏེ་མཁའ་སྤྱོད་གནས་བསོན་ཤོག།
ཅེས་པའི་སྨོན་ཚིག་འདི་ནི་རྭ་ཚག་སྐུ་གཉེར་འབྲས་སྒོ་མང་པ་རིན་ཆེན་ཆོས་རྒྱལ་ནས་བསྐུལ་བའི་ངོར་སྨོག་ལྕོགས་སྤྲུལ་མིང་ཡེ་ཤེས་རྒྱལ་མཚན་ནས་སྦྱར་བའོ།།
|