གནས་ཡུལ། མདུན་ངོས། སློབ་གཉེར་བྱེད་སྟངས།
 
 
༄༅།།སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་ཐང་ག་གསར་དུ་བཞེངས་པའི་གསོལ་འདེབས།
སྤེལ་དུས།2008-04-09   ཡོང་ཁུངས་།   རྩོམ་པ་པོ། རྩེ་སྤྲུལ་ཐུབ་བསྟན་རྒྱལ་མཚན།

          ༄༅།། ན་མོ་རཧྣ་གུ་རུ་ཡེ། རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་།། ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས།། ཉན་ཐོས་ཆེན་པོ་ལག་ན་པདྨོའི་ཞབས།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་བསྩལ།། ཨུཏྤུལ་ལས་འཁྲུངས་མཚོ་བཅོམ་དཔའ་མོའི་མཚན།། གྲུབ་པའི་ཁྱུ་མཆོག་མི་ཏྲ་ཛོ་ཀིའི་ཞབས།། མཁ་གྲུབ་གཙོ་བོ་ཨརྱ་དེ་ཝ་ལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། གངས་ཅན་འགྲོ་བའི་དཔལ་མགོན་སྲོང་བཙན་རྗེ།། ཕྱག་ན་པདྨོའི་རྣམ་འཕྲུལ་འབྲོམ་སྟོན་པ།། བསྟན་འདིའི་སྟོན་པ་མཉམ་མེད་བཀྲ་ཤིས་དཔལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩལ།། མི་བསྐྱོད་བླ་མ་དགྱེས་མཛད་གྲགས་པ་དཔལ།། མཁས་པའི་མཆོག་གྱུར་བུ་སྟོན་རིན་ཆེན་གྲུབ།། ཞིང་འདིར་དངོས་སྣང་གྲགས་པ་ལེགས་གྲུབ་ཞབས།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། ལྷར་བཅས་གཙུག་རྒྱན་རིན་ཆེན་ཤེས་རབ་དཔལ།། འཁོར་ལོའི་མགོན་པོ་རིན་ཆེན་ལེགས་གྲུབ་མཚན།། མཆོག་གི་སྤྲུལ་སྐུ་རིན་ཆེན་འོད་འབར་ལ།། གསོལ་བ་འདེས་སོ་མཆོག་ཐུན་དངོས་གྲུབ་

སྩོལ།། མདོར་ན་འཕགས་མཆོག་ཕྱག་ན་པདྨོ་ཡི།། ཆོས་དབྱིངས་ཡེ་ཤེས་སྒྱུ་འཕྲུལ་ལས་འོང་བའི།། པཎ་གྲུབ་རྒྱལ་བློན་ཐ་མལ་ཚུལ་བཟུང་བ།། མཆོག་ཐུན་དངོས་གྲུབ་སླར་ཡང་ཕྱག་བགྱིའོ།། དེ་ལྟར་གསོལ་བ་བཏ་པ་མཐུ་བྱིན་གྱིས།། འགྲོ་བློའི་སྒྲིབ་གཉིས་སྨག་རུམ་རྒྱང་བསྲིང་ནས།། མཆོག་ཐུན་དངོས་གྲུབ་ནོར་བུའི་གྲུ་ཆར་གྱིས།། དད་ལྡན་བློ་ཡི་ཤིང་རྟ་མྱུར་འགེངས་ཤོག།འདི་ཡན་བདག་གི་བླ་མ་རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ཀྱིས་སྦྱར་བ་འདིར་རྟེན་འབྲེལ་གྱིས་བཀོད་པའོ།།

 བདག་སོགས་འགྲོ་བ་ཀུན་བྱང་ཆུབ་པར།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར།། ཤིང་རྟ་མཆེད་བརྒྱད་ཚོགས་ལ་བསྟོད།། འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན།། དུས་གསུམ་རྒྱལ་བའི་ཆོས་འཁོར་བསྐོར་བའི་གནས།། དེ་ལས་རྡོ་རྗེ་ཐེག་པའི་འབྱུང་གནས་ཆེ།། རིགས་གསུམ་གཅིག་བསྡུས་ངོ་བོར་ཕྱག་འཚལ་ལོ།། སྔོན་ཚེ་མཧཱ་ཙི་ནའི་ཡུལ་གྲུ་འདིར།། དུས་གསུམ་རྒྱལ་སྲས་ཀུན་གྱིས་བྱིན་བརླབས་པས།། མི་འགྱུར་མི་ཤིག་ཁྱད་ཆོས་བརྒྱད་ལྡན་པ།། གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་ཏུ་བསྐྲུན།། མདུན་གྱི་ནམ་མཁར་གཞལ་མེད་ཁང་བཟང་མཆོག། སྣ་ཚོགས་མཆོད་སྤྲིན་རྒྱན་གྱིས་མཛེས་པའི་དབུས།། རིན་ཆེན་སེང་ཁྲི་དགུ་ཚོམ་པད་ཟླའི་སྟེང་།།

 དབུ་གཙུག་ཁྱབ་བདག་རྡོ་རྗེ་འཆང་དབང་དང་།། དབུས་ཀྱི་ཁྲི་ལ་པདྨ་སམྦྷ་བཞུགས།། གཡས་ཀྱི་གྲལ་ལ་རྒྱ་བོད་རིག་འཛིན་དང་།། གཡོན་གྱི་གྲལ་ལ་འཕགས་བོད་པཎ་གྲུབ་རྣམས།། ཁྲོམས་ཚོགས་རྣམས་སུ་རྗེ་འབངས་ཉེར་ལྔ་ལ།། སྤྲུལ་པའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་བསྐོར།། ཆོས་ཀྱི་རྒྱལ་པོ་ལྷ་སྲས་མུ་ཁྲི་བཙན། པདྨ་ཀ་ར་སོགས་ལ་གསོལ་བ་འདེབས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།

ཤར་དུ་གཙོ་བོ་དཔལ་ལྡན་ཇོ་བོ་རྗེ།། རིམ་བརྩེགས་བཞིན་དུ་རྒྱན་དྲུག་མཆོག་གཉིས་དང་།། འབྲོམ་སྟོན་པ་དང་རྔོག་པ་མཁ་གྲུབ་སོགས།། ལེགས་པའི་ཡོན་ཏན་མ་ལུས་སྟོན་པའི་ཕྱིར།། ཁམས་བྱོན་དབུས་བྱོན་དགེ་བཤེས་ཁྲོམ་ཚོགས་བཞུགས།། ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་དང་།། འཇམ་མགོན་བློ་བཟང་གྲགས་པ་ཡབ་སྲས་སོགས།། བཀའ་གདམས་དགེ་བཤེས་གསར་རྙིང་ཚོགས་རྣམས་དང་།། སྐྱབས་མགོན་རྒྱལ་དབང་པཎ་ཆེན་རིམ་བྱོན་སོགས།། བཀའ་གདམས་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས།། རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ཤོར།

ཤར་ལྷོར་ས་པཎ་ཀུན་དགའ་སྙིང་པོའི་དབུས།། བིརྦ་པ་དང་ལོ་ཙཱ་རྣམ་པ་བཞི།། བྱིན་རླབས་བརྒྱུད་པའི་བླ་མ་རིམ་བརྩེགས་བཞུགས།། ངོར་རྫོང་ཚྭར་པའི་བསྟན་འཛིན་སྐྱེས་བུས་ནི།། ངོར་རྫོང་ཚྭར་གསུམ་བསྟན་པའི་རྒྱལ་མཚན་བཙུགས།། སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི།། བསྟན་པ་རིན་ཆེན་སྒྲོན་མེ་མཐོར་བཏེགས་ནས།། ཕྱོགས་ཀུན་ཆོས་ཀྱི་སྣང་བས་འགེངས་མཛད་པ།། རྒྱལ་དབང་གོང་མ་རྣམ་ལྔས་གཙོར་མཛད་པའི།། ལམ་འབྲས་ཉམ་བཞེས་གྲུབ་ཐོབ་ཇི་སྙེད་སོགས།། དཔལ་ལྡན་ས་སྐྱ་པ་ལ་གསོལ་བ་འདེབས།། གསལ་སྟོང་འཛིན་མེད་གནས་ལུགས་མཐར་ཕྱིན་ཤོག། ལྷོ་རུ་སྒྲ་བསྒྱུར་མར་པ་ཆོས་ཀྱི་རྗེ།། ངེས་དོན་ཟབ་མོའི་བདུད་རྩིས་ཆེར་མྱོས་པའི།། ནཱ་རོ་མེེ་ཏྲི་བཀའ་བཞི་བརྒྱུད་པའི་ཚོགས། ཐོར་གཙུག་རིམ་བཞུགས་བརྒྱུད་པའི་བླ་མར་འཁོད།། འཁོར་དུ་བཀའ་ཆེན་བཞི་དང་སྒམ་པོ་པས།། གཉུག་མ་འོད་གསལ་དོན་དམ་གཤིས་ཀྱི་ངང་།། ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་གྲངས་འདས་བསྐོར།། ཟུང་འཇུག་སྤྲོས་པ་མེད་པར་རྟག་མནལ་བ།། བཀའ་བརྒྱུད་པར་གྲགས་སྒྲུབ་པ་མཐའ་རུ་ཕྱིན།། ངེས་གསང་འབྱེད་པའི་བློ་གྲོས་དྲི་མེད་དེ།། དགྱེས་མཛད་ཧེ་རུ་ཀ་སྟེ་ལོ་ཙཱར་བཏགས།། རྡོ་རྗེ་ལྟ་བུར་བརྟན་པའི་སྙིང་སྟོབས་ཅན།། ཟུང་འཇུག་གོ་འཕངས་རྒྱལ་མཚན་རྩེ་མོའི་རྗེ།། ལྷ་མིའི་སྟོན་པ་བསོད་ནམས་བྱ་བའི་དངོས།། ཏིང་འཛིན་ཞི་མཆོག་རིན་ཆེན་འཛིན་ཞེས་བཏགས།། བདེ་བའི་རྒྱལ་པོ་དང་འདྲེས་སངས་རྒྱས་ཀུན།། བཀའ་བརྒྱུད་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས།། བསྲེ་འཕོ་གདམས་པའི་ཉམས་རྟོགས་མཐར་ཕྱིན་ཤོག། ལྷོ་ནུབ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྗེ།། མ་ཏི་ལོ་ཙཱ་ཆོས་ཀྱི་འབྱུང་ཁུང་བླངས།། དབུ་གཙུག་ཡེ་ཤེས་ཌཱཀཱི་རྣམ་པ་གཉིས།། མི་ལོ་ལྔ་བཅུར་བལ་བོད་བྱོན་ཞུགས་མཛད།། ཁྱད་འཕགས་རྣམ་བཞི་མཁ་གྲུབ་ལྔ་བརྒྱ་བཅུ།། བླ་མ་མཁས་གྲུབ་ཐོབ་པ་ལྔ་བརྒྱ་བཅུ།། འཁོར་དུ་རིན་ཆེན་ཕྲེང་བ་སྔ་ཕྱི་དང་།། མདོ་སྔགས་གཞུང་ལུགས་མན་ངག་ཐུགས་སུ་ཆུད།། རིང་བརྒྱུད་ཉེ་བརྒྱུད་གྲུབ་ཐོབ་ཚོགས་ཀྱིས་བསྐོར།། བླ་མ་རྡོ་རྗེ་གདན་པ་གཅལ་དུ་བཞུགས།། ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ།། དབྱེར་མེད་བརྗོད་བྲལ་སེམས་ཀྱི་རྡོ་རྗེའི་དབྱིངས།། རྗེན་པར་སྟོན་པ་མཛད་ཁྱབ་བདག་གྲུབ་པའི་རྗེ།། ཟླ་མེད་དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས།། མདོ་རྒྱུད་མན་ངག་རྒྱ་མཚོའི་བཅུད་བསྡུས་ནས།། ལེགས་པར་འདོམས་མཛད་དགེ་ལྡན་བཀའ་བརྒྱུད་པ།། གྲུབ་ཐོབ་ཁྱུང་པོ་སོགས་པ་གསོལ་བ་འདེབས།། ཕྱག་རྒྱ་ཆེན་པོའི་གནས་ལུགས་རྟོགས་པར་ཤོག།

ནུབ་ཏུ་རྗེ་བཙུན་དམ་པ་རྒྱ་གར་བ།། གདམས་པའི་བྱེད་ལས་སྒོ་ནས་བཏགས་པ་སྟེ།། དབུ་གཙུག་ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་།། བྱམས་པ་སྙིང་རྗེ་བྱང་ཆུབ་ཐུགས་བསྐྱེད་དོ།། མཁའ་སྤྱོད་སོ་དྲུག་གྲུབ་ཐོབ་ལྔ་བཅུ་སོགས།། སྟོང་ཉིད་ལྟ་བས་འཁོར་བའི་རྩ་བ་གཅོད།། འཁོར་དུ་བཀའ་བབས་སྔ་ཕྱི་བར་གསུམ་དང་།། ཐུན་མོང་བདུད་བཞི་གཅོད་པའི་ལས་སུ་བྱང་།། གཅོད་ཡུལ་བུ་ཆེན་བཅུ་དྲུག་སོགས་ཀྱིས་བསྐོར།། རྒྱལ་སྲས་ཉམས་ལེན་ཐབས་ཤེས་ལམ་ལ་སྤྱོད།། གདམས་པ་དམ་པ་སངས་རྒྱས་ལས་བྱུང་སྟེ།། སྐྱོ་སྟོན་བསོད་ནམས་བླ་མར་གདམས་པ་གནང་།། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཞལ་ལུང་ལས།། ཡེ་ཤེས་མཁའ་འགྲོ་མི་མོའི་གཟུགས་སུ་བྱོན།། གཅོད་ཀྱི་གདམ་པས་རྒྱ་བོད་ཡུལ་དུ་ཁྱབ།། རྒྱ་ཆོས་བོད་དུ་བསྒྱུར་བ་མང་ལགས་ཀྱང་།། བོད་ཆོས་རྒྱ་ལ་བསྒྱུར་བ་ལབ་སྒྲོན་ཙམ།། ཞི་བྱེད་གཅོད་ཡུལ་བརྒྱུད་པར་གསོལ་བ་འདེབས།། གཉིས་འཛིན་བྲག་རི་འཇོམས་ལ་དཔའ་བར་ཤོག།

ནུབ་བྱང་ཀུན་སྤང་ཐུགས་རྗེ་བརྩོན་འགྲུས་པ།། དབུ་གཙུག་ཆོས་རྗེ་རིག་ལྡན་སུམ་ཅུ་གཉིས།། མཐའ་བསྐོར་སྟག་ལུང་བླ་མའི་ཚོགས་ཀྱིས་བསྐོར།། དུས་ཞབས་ཆེ་ཆུང་གྲུབ་པའི་སློབ་དཔོན་ཚོ།། ཡང་འཁོར་རྭ་འབྲོག་ཙྭ་མི་གཙོ་གྱུར་པའི།། ཛམ་བུས་མཚན་པའི་གླིང་འདིར་ཉི་ཟླ་ལྟར།། གྲགས་པའི་འོད་ཟེར་འབུམ་ལྡན་རྣམ་བཞི་སོགས།། ཞྭ་ཁྲ་ཀུན་སྤངས་པ་ལ་གསོལ་བ་འདེབས།། ལྷན་སྐྱེས་བདེ་སྟོང་དབྱིངས་ལ་རོལ་བར་ཤོག། བྱང་དུ་མཁ་གྲུབ་ཨོ་རྒྱན་རིན་ཆེན་དཔལ།། དབུ་གཙུག་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་།། མཁས་གྲུབ་བླ་མ་རྣམ་པ་བཞི་ལ་སོགས།། འཁོར་དུ་ཟླ་བྲལ་སྲས་མཆོག་རྣམ་བཞི་སོགས།། བརྒྱུད་འཛིན་སྐྱེས་ཆེན་རིམ་བྱོན་ཚོགས་ཀྱིས་བསྐོར།། འོག་མིན་གནས་དེར་རྡོ་རྗེ་འཛིན་པ་རྒྱལ།། བསྡུད་ནས་གསང་བའི་འགྲོ་བར་ཅི་མཛད་དེ།། ཨོ་ཊི་ཡཱ་ཎའི་བུ་མོ་ལ་ཟག་པ།། ཇི་ལྟར་ཇི་ལྟར་སྟོན་པའི་བླ་མར་འདུས།། སྡིག་སྦྱོང་ཞིང་ཚོགས་བསྒྲུབས་པ་ལ་གོམས་པས།། ཅི་བཤད་ཡིན་ལུགས་གཉུག་མའི་དོན་དེར་འཁྲིལ།། དང་པོ་པ་ལ་སྙིང་པོར་བསྒྲིལ་བ་ཡང་།། ཚིག་གི་སྔུན་པའི་གསབ་ཏུ་འཐོར་ནས་འཚོལ།། སྟོན་པ་རང་གི་བསོད་ནམས་དབང་ཁོ་ན།། བྱང་སེམས་འགྱུར་བ་མེད་པར་སྒྲུབ་པའི་ཐབས།། ཕྱག་རྒྱ་གསུམ་དང་སྦྱོར་བའི་བདེ་ལམ་འདི།། བཤད་པས་གཏན་ལ་མ་ཕབ་སྒོམ་མཛད་པ།། གྲུབ་ཐོབ་ཨོ་རྒྱན་པ་ལ་གསོལ་བ་འདེབས།།། སྒྲུབ་བརྒྱུད་བསྟན་པའི་རྒྱན་མཚན་འཛིན་པར་ཤོག།

བྱང་ཤར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞབས།། དབུ་གཙུག་གྲུབ་ཆེན་མི་ཏྲི་ཛོ་ཀི་དང་།། ཐོར་གཙུག་འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས།། རལ་པ་གཅིག་པ་རྣ་འབྱོར་པ་ཡི་ཚོགས།། འཁོར་དུ་ཤ་རི་པུ་ཏྲ་ཁྲོ་མོ་སོགས།། རྒྱ་བོད་མཁས་དང་གྲུབ་པའི་ཚོགས་ཀྱིས་བསྐོར།། དེ་རྒྱབ་རྒྱན་དྲུག་ཆེ་བཞི་རྨད་བྱུང་གཉིས།། སྦྱོར་དྲུག་གྲུབ་ཆེན་བརྒྱད་ཅུ་རྩ་གཉིས་སོགས།། འཕགས་པའི་ཡུལ་དང་བོད་ཀྱི་མཁས་གྲུབ་ཚོགས།། དུས་གསུམ་བདེ་གཤེགས་སྲས་བཅས་ཉན་རང་དང་།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས།། མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད།། སྦྱོར་དྲུག་བླ་མ་རྣམས་ལ་གསོལ་བ་འདེབས།། བྱང་ཆུབ་སེམས་གཉིས་འབྱོ་པར་བྱིན་གྱིས་རློབས།།

ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡི།། གཤོག་ཡང་དཀར་པོ་བསྐྱོད་པ་རྒྱལ་བའི་སྲས།། ངང་པའི་རྒྱལ་པོ་རྣམས་དང་ལྷན་ཅིག་ཏུ།། སྤྱོད་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་ཤོག སེམས་བསྐྱེད་བསམ་པ་དེ་ཡིས་ཟིན་བཞིན་དུ།། རང་རྒྱུད་སྨིན་བྱེད་ཕ་རོལ་ཕྱིན་དྲུག་དང་།། གཞན་རྒྱུད་སྨིན་བྱེད་བསྡུ་བཞིའི་དངོས་པོ་སོགས།། རྒྱལ་སྲས་སྤྱོད་པར་སློབ་པར་བྱིན་གྱིས་རློབས།། ཁྲོམ་ཚོགས་མཐའ་བསྐོར་དཔའ་བོ་མཁའ་འགྲོ་དང་།། ཡེ་ཤེས་སྤྱན་ལྡན་རྡོ་རྗེ་ཆོས་སྐྱོང་ཚོགས།། མདོར་ན་སྐྱབས་གནས་དཀོན་མཆོག་མ་ལུས་པ།། མཁྱེན་བརྩེ་ནུས་པའི་གཟི་འོད་རབ་འབར་ཞིང་།། གཡས་ཕྱོགས་དུས་གསུམ་སངས་རྒྱས་ཡི་དམ་ལྷ།། གཡོན་ཕྱོགས་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ།། རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ།། མདུན་དུ་ཆོས་སྐྱོང་དམ་ཅན་རྒྱ་མཚོར་བཅས།། བྱིན་རླབས་ཐུགས་རྗེས་གཟི་བྱིན་རབ་འབར་བའི།། འཇའ་ཟེར་ཐེག་ལེ་འོད་ཕུང་འཁྲིགས་པའི་ཀློང་།། གདོད་ནས་རྡོ་རྗེའི་སྐུ་གསུང་ཐུགས་སུ་གྲུབ།། དེ་ལས་འཕྲོས་པའི་འོད་ཀྱི་སྣང་བ་དང་།། དད་མོས་གདུང་བའི་བླ་མའི་དཀྱིལ་འཁོར་རྣམས།། མདུན་གྱི་ནམ་མཁར་ཁྲོམ་ཚོགས་དགུ་ཚོམ་བཞུགས།། མཁའ་ལ་སྤྲིན་འཁྲིགས་བཞིན་དུ་གསལ་བར་གྱུར།། དད་ལྡན་བརྩེ་བས་དགོངས་ཏེ་བཞུགས་སུ་གསོལ།།

ཧོ་བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།། ཡེ་ནས་ཆོས་ཉིད་ཡངས་པ་ཆེན་པོའི་ཀློང་།། ཕྱི་ནང་མ་གྲུབ་བདག་མདུན་གཉིས་སུ་མེད།། ལྷ་དང་འདྲེ་ཞེས་བྱ་བའི་མིང་མ་གྲུབ།། དགེ་སྡིག་བླང་དོར་འཁོར་འདས་གཉིས་སུ་མེད།། དངོས་པོ་མཚན་མའི་ཆོས་རྣམས་ཡེ་ནས་གྲོལ།། ཟང་ཐལ་རང་རིག་སེམས་ཉིད་ངོས་བཟུང་མེད།། འདི་ཀ་ཡིན་ལ་འདི་ཉིད་མ་རྟོགས་པའི།། འགྱུ་བ་བན་བུན་རྣམ་རྟོག་རབ་རིབ་ལས།། དངོས་པོར་འཛིན་པའི་ལས་བསགས་འབྲས་བུ་ནི།། བདེ་སྡུག་སྣ་ཚོགས་འཁོར་ལོ་བསྐོར་བ་འདི།། ཨ་ཐས་ཆད་པ་དེ་ལས་མ་བཅོས་པར།། ལྷུན་གྲུབ་ཆེན་པོའི་ངང་དུ་ཅི་གནས་སུ།། མཉམ་པ་ཉིད་ཀྱི་ངང་དུ་བཞག་པར་བྱ།། ཨ་ཨ་ཨཱཿ འོན་ཏེ་རྟེན་འབྲེལ་མཚོན་པའི་བརྡ་ཙམ་དུ།། རྩ་བའི་བླ་མའི་རྗེས་སུ་བཟུང་ནས་ཀྱང་།། སྲིད་ཞིའི་གཞི་བྲལ་དཀོན་མཆོག་བདེན་སྟོབས་ཀྱིས།། རིགས་དྲུག་ཆམ་ཅིག་རྡོར་འཆང་ཐོབ་ནས་ཀྱང་།། སྲིད་ཞིའི་གཞི་བྲལ་དཀོན་མཆོག་བདེན་སྟོབས་ཀྱིས།། རིགས་དྲུག་ཆམ་ཅིག་རྡོར་འཆང་ཐོབ་ཕྱིར་བསྔོ།། ཇི་སྙེད་ཕན་བདེ་མ་ལུས་འབྱུང་བའི་གནས།། ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ།། སྤྱི་དང་བོད་བརྒྱུད་ཤིང་རྟ་མཆེད་བརྒྱད་ལ།། འདུས་པ་ཁྲོམ་ཚོགས་རྒྱ་མཚོར་གནས་འདི་ནས།། ཕྱོགས་དུས་ཀུན་ཏུ་དར་རྒྱས་ལྷུན་གྱིས་གྲུབ།། བསྟན་པ་རིན་ཆེན་ཉིན་མོའི་སྣང་བཞིན་རྒྱས།། ཆོས་མིན་འགལ་བ་མུན་པའི་ཀློང་དུ་ནུབས།། བསྟན་པས་འཚོ་བའི་སྐྱེ་རྒུ་བདེ་གྱུར་ཅིག། ཡོན་ཏན་བསྔགས་པ་མི་ཟད་རྒྱ་མཚོའི་གཏེར།། རྒྱལ་བའི་ཐུགས་ལས་གཞན་གྱིས་ཡུལ་མ་ལགས།། འོན་ཀྱང་རིན་ཆེན་རི་ལས་དུམ་གྲུབ་ཆ།། བླངས་པའམ་རྒུད་པ་སེལ་ལ་མཛད་ཕྱོགས་དཔེར།། ཟབ་རྒྱས་རྟོགས་པ་བརྗོད་པས་ཆ་ཕྲ་ཡང་།། འདི་ཙམ་མཐོང་ཐོས་དྲན་ན་དོན་ཆེ་བར།། རང་གིས་རྟོག་བཟོའི་ལག་ནོར་མ་བགྱིས་པར།། ལོ་རྒྱུས་གཟུགས་ཀུན་བརྟག་དཔྱད་མིག་གསལ་པོས།། ཞིབ་བལྟས་བཟུང་བ་སླ་ལ་དོན་ཆེ་བར།། རང་ཉིད་མངོན་པར་རློམས་པས་འདི་བགྱིས་སོ།།

སྒྲིག་པ་པོ་ནི་སྐྱེ་བ་སྔོན་རོལ་ནས།། ཆོས་ལ་སྦྱང་བའི་བསོད་ནམས་དཔལ་ལྡན་ཅན།། དད་བརྩོན་ཤེས་རབ་ལྡན་པའི་རྣལ་འབྱོར་པ།། ཨ་ཏི་ཡོ་ག་འཆང་བས་ལེགས་པར་སྒྲིགས།། དགེ་བ་དཔག་ཡས་རིན་ཆེན་གྲུབ་པས་ཆོར།། འགྲོ་དྲུག་མ་རྣམས་སྲིད་པའི་མཚོ་ལས་བསྒྲལ།། མི་གཡོ་རིན་ཆེན་གླིང་དུ་རབ་སོན་ཏེ།། དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་བྱེད་པའི།། བསྟན་པའི་རྒྱལ་མཚན་མི་ནུབ་བསྒྲེངས་གྱུར་ཅིག ཅེས་པ་འདི་ཡང་བླ་བྲང་ཕྱག་མཛོད་དགེ་སློང་བསྟན་འཛིན་ཆོས་མཆོག་གིས་མཇལ་དར་ནང་མཛོད་དང་། རིན་ཆེན་གཉིས་པའི་འཁོར་ལོ་གསུམ་གྱི་རྟེན་བཅས་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་བསྟོད་ཚིག་གསོལ་འདེབས་གྲུབ་མཐའ་རིས་མེད་ཀྱི་འདོད་ཆ་ཞིག་དགོས་ཞེས་ནན་ཆེས་བསྐུལ་བའི་ངོར།། སྟག་སྐྱབས་ཁྲི་འཛིན་རྩེ་སྤྲུལ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོས།། བོད་ཀྱི་ཤིང་རྟ་མཆེད་བརྒྱད་ཀྱི་གསུང་རྣམ་ཁག་ལ་ཞིབ་བལྟས་ཐོག ངོས་ནས་རྒྱུ་སྦྱར་ཏེ་བོད་ས་སྟག་ལོར་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་ཚོགས་ཞིང་ཞིག་ཀྱང་གསར་དུ་བསྐྲུན་པའི་བསྟོད་ཚིག་གསོལ་འདེབས་སུ། བོད་རབ་བྱུང་བཅུ་བདུན་པ་ས་སྟག་སྤྲེལ་ཟླའི་ཚེས་༡༠ཉིན་ལྷ་ལྡན་གཟིམ་ཆུང་བཀྲ་ཤིས་ཁང་གསར་བསམ་གཏན་གཟི་འོད་དུ་བསྒྲིགས་པའོ།།།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060