ནོ་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ།
བསྟན་འགྲོའི་དཔལ་མགོན་ཡོངས་འཛིན་རྡོ་རྗེ་འཆང་།།
བདེ་ལྡན་ཞིང་མགོན་ཆོས་ཀྱི་རྒྱལ་མཚན་ཞབས།།
བདག་སོགས་འགྲོ་མགོན་བསྟན་པ་རྒྱལ་མཚན་སོགས།།
དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས།།
བདེན་གཉིས་དངོས་གྱུར་བསྟན་པ་དམ་པའི་ཆོས།།
ཚོགས་གཉིས་ཉམས་ལེན་འཕགས་ཚོགས་དགེ་འདུན་སྟེ།།
རིན་ཆེན་གསུམ་གྱིས་ཤིས་པའི་དངོས་གྲུབ་སྩོལ།།
ཆོས་ཚུལ་རྒྱ་མཚོའི་ཕ་མཐའ་བྲལ་བ་ནི།།
བདག་འདྲའི་བྱིས་བློའི་རྐྱལ་གྱིས་གཞལ་མིན་ཡང་།།
བཤེས་གཉེན་དེད་དཔོན་མན་ངག་གྲུ་གཟིངས་ལ།།
བརྟེན་ནས་མིང་ཚིག་ཇི་ལྟར་ནུས་བཞིན་འགྲེལ།།
ཞེས་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པས་མདུན་ལེགས་པར་བསུས་ཏེ། གང་གླེང་བར་བྱ་བ་ནི། ཇི་སྐད་དུ་བདག་ཉིད་ཆེན་པོ་པོ་ཏོ་བའི་གསུང་ལས། བཀའ་དང་བསྟན་བཅོས་གསུངས་པ་ཐམ་ས་ཅད་ཀྱང་།། སེམས་རྒྱུད་འདུལ་བའི་ཐབས་སུ་གསུངས་པ་ཡིན།། སེམས་མ་འགྱུར་ན་ལུས་ངག་དགེ་སྦྱོར་ཀུན།། བསྐལ་པར་བསྒྲུབས་ཀྱང་ཐར་པའི་རྒྱུར་མི་འགྱུར།། ཞེས་གསུངས་པ་ལྟར་རང་གི་སེམས་འདུལ་བ་ཞིག་ཅི་ནས་ཀྱང་བྱ་དགོས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང་། དེ་ལ་ཐོས་དགོས་པ་དང་། ཐོས་ནས་ཤེས་པར་བྱས་པའི་དགོས་པའང་བྱེད་པ་ཡིན་པས་ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ།། ཞེས་གསུངས་པ་ལྟར། འདིར་ཡང་རང་མཉམ་གཞན་གྱིས་ལག་ལེན་ལ་འབད་པའི་ཕྱིར་དུ། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་དང་འབྲེལ་བའི་མིང་ཚིག་འགའ་ཞིག་གི་འགྲེལ་པ་རང་བློས་གང་སྤོབས་བཀྲལ་བར་སྤྲོ་བ་ཆེན་པོས་འཇུག་པར་བྱའོ།།
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་དང་ལྡན་པའི་ཆོས་མ་ཉན་བཤད་ཇི་ལྟར་བྱ་བ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པའོ།།
དང་པོ་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ།
སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རང་གི་དྲིན་ཅན་རྩ་བའི་བླ་མའི་བར་གྱི་རྣམ་ཐར་རྣམས་ཡིད་ལ་དྲན་པར་གསུངས་ཤིང་། ལམ་རིམ་ཆེན་མོ་ལས། དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་འདི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ།། ཞེས་སོགས་གསུངས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་འཆད་པར་མཛད་འདུག་པས་ཇོ་བོ་རྗེ་དང་མཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཐུགས་རྒྱུད་གཅིག་པ་ཡིན་པར་དོན་གྱིས་ཁས་ལེན་དགོས་པར་ཡང་གསུངས་སོ།།
གཉིས་པ་ཆོས་ཀྱི་ཆེ་བ།
ཆེ་བ་བཞི་དང་ཁྱད་ཆོས་གསུམ་གྱི་དོན་རྣམས་ཡིད་ལ་དྲན་དགོས་པར་གསུངས། དེ་ཡང་ལམ་རིམ་ཆེན་མོ་ལས། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ།། ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ནི་ལམ་སྒྲོན་ཡིན་ཏེ། ཞེས་གསུངས་སོ།།
ཆེ་བ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆ་བའོ།།
ཁྱད་ཆོས་གསུམ། ལམ་རིམ་ལས། གོང་གི་ལུང་དེའི་འཕྲོར། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ།།
བསྟན་པ། དེ་ནི་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་ལ་ལོག་པེར་སྟོན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ།། ཞེས་གསུངས་པ་ལྟར། རྒྱལ་བས་ལེགས་པར་བཤད་པ་ཇི་སྙེད་པའོ།། དེ་ཐམས་ཅད་འགལ་མེད་དུ་རྟོགས་པ་ནི། འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་གོ་བ་སྟེ། དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ། ཁ་ཅིག་ནི་ལམ་གྱི་ཡན་ལག་ཅི་རིགས་པར་འགྱུར་བའོ།། ཞེས་ལམ་རིམ་ཆེན་མོར་གསུངས་སོ།།
གསུམ་པ་ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ།
ཆོས་སྟོན་པ་པོ་དང་། ཉན་པ་པོ་གཉིས་ཀའི་ཀུན་སློང་ལ་སྐྱོན་མ་ཆགས་པར་ལུས་ངག་གི་ཀུན་སྤྱོད་ཚུལ་དང་མཐུན་པར་བྱས་ཏེ། ཆོས་བཤད་མཁན་གྱིས་ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་ཆོག་པ་དང་བཤད་མི་ཆོག་པའི་ཁྱད་པར་རྣམས་མདོ་ལས་ཇི་ལྟར་བྱུང་བ་བཞིན་ཤེས་པར་བྱས་ཏེ་བཤད་པའོ།། ཉན་པ་པོས་ཀྱང་། ཆོས་ཉན་པའི་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་ནས་ཉན་པའོ།།
སྣོད་ཀྱི་སྐྱོན་གསུམ། ཆོས་འཆད་པའི་གྲལ་དུ་བསྡད་ཀྱང་རྣ་བས་མི་ཉན་པ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། རྣ་བས་ཉན་ཀྱང་བླ་མ་ལ་སྐྱོན་དུ་བལྟ་བ་སྣོད་དུག་ཅན་ལྟ་བུའི་སྐྱོན། དེ་དག་མེད་ཀྱང་ལམ་སེང་བརྗེད་ངེས་ཀྱིས་བཅོམ་པ་སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན།
འདུ་ཤེས་དྲུག རང་ལ་ནད་པ་ལྟ་བུའི་འདུ་ཤེས། ཆོས་སྨྲ་བ་ལ་སྨན་པའི་འདུ་ཤེས། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས། ནན་ཏན་ཉམས་སུ་བླངས་པ་ལ་ནད་འཚོ་བའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ནས་ཉན་དགོས་པར་གསུངས་སོ།།
བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ།
འདི་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ།།
ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ།
སྦྱོར་བ། དངོས་གཞི། མཇུག་ཏུ་ཇི་ལྟར་བྱ་བ་དང་གསུམ་མོ།།
དང་པོ་སྦྱོར་བ་ལ་སྦྱོར་བའི་ཆོས་དྲུག སྦྱོར་བའི་ཆོས་དང་པོ། གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། གཉིས་པ། མཆོད་པར་གཡོ་མེད་པར་བཙལ་བ་བཀོད་པའི་མཛེས་པར་བཤམ་པ། གསུམ་པ། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བརྒྱད་ལྡན་དུ་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་བ། བཞི་པ། ཚོགས་ཞིང་གསལ་འདེབས་པ། ལྔ་པ། བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ། དྲུག་པ། གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བའོ།། དྲུག་པོ་འདི་རང་གི་སེམས་ལ་ངེས་ངེས་ཏག་ཏག་བྱས་ནས། འདི་དང་འདིའི་སྐབས་སུ་དོན་འདི་འདྲ་བར་ཡོད་ཅེས་ས་བཅད་ཀྱི་སྟེང་ནས་གོ་དོན་ཆགས་པ་གལ་ཤིན་ཏུ་ཆེ་བར་གསུངས་སོ།།
སྦྱོར་ཆོས་དང་པོ། གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་ཚུལ།
སྦྱོར།དངོས་གཞི་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་བསྒོམ་པ་སོགས་ལམ་རྣལ་མར་འབྱོར་བར་བྱེད་པའི་སྔོན་འགྲོ་ཡིན་པས་ན་དེ་ལྟར་བརྗོད་དོ།།
ཆོས།བོད་རྒྱ་ཚིག་མཛོད་ཆེན་མོ་ལས་བཤད་པ་ལྟར་ན།སྦྱོར་བའི་ཆོས་དྲུག་ཅེས་པ་ལྟ་བུའི་ཆོས་ངེས་པ་ལ་འཇུག་པར་མངོན། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི།། མྱ་ངན་འདས་དང་ཡིད་ཀྱི་ཡུལ།། བསོད་ནམས་ཚེ་དང་གསུང་རབ་དང་།། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ།། ཞེས་གསུངས་པ་ལྟར་དོན་བཅུ་ལ་འཇུག་པར་བཤད།། སྦྱོར་ཆོས་ཁྲིད་ཡིག་ལས་ནི། དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུངས་པའི་ཆོས་ཡིན་པས་དམ་པའི་ཆོས་ལ་གོ་དགོས་པར་གསུངས།།
གནས་ཁང་། གནས་ནི། མདོ་སྡེ་རྒྱན་ལས། ལེགས་པར་རྙེད་དང་གནས་བཟང་དང་།། ས་བཟང་བ་དང་གྲོགས་བཟང་དང་།། རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།། ཞེས་གསུངས་པ་ལྟར། རང་གི་ཆོས་བྱ་ས་དེ་ཡང་འཚོ་ཆས་རྙེད་སླ་བ་དང་། རྐུན་པོ་སོགས་ཀྱིས་འཇིགས་པ་མེད་པའི་གནས་བཟང་བ་དང་། ལུས་ལ་ནད་མི་བསྐྱེད་པའི་ས་བཟང་བ་དང་། དམ་པའི་ཆོས་དང་མཐུན་པའི་གྲོགས་བཟང་པོ་དང་། རང་གིས་ཆོས་བྱ་བ་ལ་ཉེར་བར་མཁོ་བ་ཆོས་སྟོན་མཁན་སློབ་དཔོན་སོགས་དང་། དཔེ་ཆ་དང་། ཐེ་ཚོམ་བྱུང་བ་སེལ་མཁན་གྱི་གྲོགས་སོགས་མདོར་ན་མེད་དུ་མི་རུང་བ་ཐམས་ཅད་འཛོམས་དགོས་པར་གསུང་སོ།། ཁང་པ་ནི་སྤྱོད་ལམ་བཞི་རུང་བ་སྟེ། འདུག་པ་དང་། འགྲེང་བ་སྟེ་གྱེན་དུ་ལང་བ་དང་། ཉལ་བ་དང་། འཆག་པ་སྟེ་འཆམ་འཆམ་བྱེད་རུང་ཙམ་གྱི་ཁང་པ་ཞིག་དགོས་པར་གསུངས་སོ།།
བྱི་དོར། ཁང་པ་དེ་ལྟ་བུ་གད་ཕྱིས་བྱ་བ་ནི་བྱི་བ་དང་། གད་སྙིགས་རྣམས་ཕྱིར་དོར་བ་ནི་དོར་ཞེས་པ་དེ་ཡིན། དེ་དག་གི་སྐབས་སུ་དམིགས་པ་བྱ་ཚུལ་ནི། བདག་གིས་སེམས་ཅན་ཐམས་ཅད་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་ལམ་གྱི་རིམ་པ་བསྒོམ་པར་བྱ། དེ་ཡང་གནས་ཁང་འདི་ཉིད་གཙང་ཞིང་ཡིད་དུ་འོང་བ་ཞིག་བྱས་ནས་སྐྱབས་ཡུལ་གསལ་གདབ་པར་བྱ་སྙམ་པའི་སྒོ་ནས། གད་ཕྱགས་བདག་མེད་རྟོགས་པའི་ཤེས་རབ་དང་། གད་སྙིགས་རྣམས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཀྱི་ངོ་བོར་མོས་ནས། ངག་ཏུ། རྡུལ་སྤང་ངོ་།། དྲི་མ་སྤང་ངོ་།། ཞེས་བརྗོད་བཞིན་གད་ཕྱིས་བྱ། མཇུག་ཏུ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་སང་སྙམ་དུ་མོས་པ་ཡག་པོ་བྱ། གད་སྙིགས་རྣམས་རུག་རུག་བྱས་ནས་ཕྱིར་བསྐྱེལ་སྐབས་ས་གཞི་རང་བཞིན་གྱིས་གས་པས། ས་འོག་རིམ་པ་བདུན་ན་རང་གི་སྲོག་ལ་བརྔམས་པའི་འཆི་བདག་གཤེན་རྗེ་གླང་དམར་པོའི་རྣམ་པ་ཁ་གདངས་ནས་ཡོད་པ་དེའི་ཁར་སོང་མ་ཐག་བདུད་རྩིར་གྱུར་ཏེ་ཚིམ་ནས་མགོ་བོ་གུག་ཙམ་བྱས་པ་དང་ས་གཞི་སྔར་བཞིན་རང་འགྲིགས་ཀྱིས་རྡོ་རྗེའི་རང་བཞིན་དུ་གྱུར་ནས་སླར་ལྡང་མི་ནུས་པར་གྱུར་སོང་བསམ་ན་རང་གི་ཚེ་སྒྲུབ་ཀྱི་མཆོག་ཏུ་གྱུར་པ་ཡིན་ཚུལ་གསུང་སོ།།
བྱི་དོར་བྱས་པའི་ཕན་ཡོན། མདོ་ལས། རང་གི་སེམས་དྭང་བར་འགྱུར་བ་དང་། གཞན་གྱི་སེམས་དྭང་བར་འགྱུར་བ་དང། ལྷ་རྣམས་དགའ་བར་འགྱུར་བ་དང་། མཛེས་པའི་ལས་གསོག་པ་དང་། ལུས་ཞིག་ནས་ལྷ་ཡུལ་དུ་སྐྱེ་བ་དང་ལྔ་གསུངས། སྦྱོར་ཆོས་ཁྲིད་ཡིག་ལས། ཕྱི་མ་འདི་ལ། ཕྱི་མ་དག་ཞིང་དུ་སྐྱེ་བའི་ཕན་ཡོན་ཞེས་གསུངས་འདུག
དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བ་ནི།ལམ་རིམ་རྣམ་གྲོལ་ལག་བཅངས་ལས། དཀར་ཕྱོགས་ཀྱི་ལྷ་རྣམས་མི་ཡུལ་དུ་ཡང་དང་ཡང་དུ་འོངས་ནས་ཆོས་ཚུལ་བཞིན་སྒྲུབ་པ་རྣམས་ལ་སྲུང་སྐྱོབ་བྱེད་པ་ཡིན་པས་རང་གི་གནས་གཙང་མ་མ་བྱས་པར་བསྡད་ན་ལྷ་རྣམས་མི་གཙང་བ་ལ་འཛེམས་པས་འཁོར་མི་ནུས་ཤིང་སྲུང་སྐྱོབ་བྱེད་མི་ནུས། དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བ་ཙམ་དུ་མ་ཟད་བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་ཀྱང་མཉེས་པ་ལ་བྱ། ཞེས་གསུངས།།
མཛེས་པའི་ལས་གསོག་པ། ཡང་ལམ་རིམ་དེ་ཉིད་ལས། མཛེས་པའི་ལས་གསོག་པ་ཡང་ལུས་མཛེས་པ་ཙམ་མ་ཟད་ཚུལ་ཁྲིམས་དག་པ་ལའང་བྱ་སྟེ། ཚུལ་ཁྲིམས་དག་ན་ལུས་མི་མཛེས་ཀྱང་རྒྱལ་བ་སྲས་བཅས་ཀྱི་གཟིགས་ངོར་ཤིན་ཏུ་མཛེས་པ་ཡིན་ཏེ། རྗེ་བཙུན་ཙོང་ཁ་པ་ཆེན་པོས། བློ་དང་ལྡན་པ་རྣམས་ཀྱི་ངོ་ཚའི་གོས།། ཚུལ་ཁྲིམས་ཡིན་གྱི་དུ་ཀཱུ་ལ་ཡིས་མིན།། མགྲིན་རྒྱན་ལེགས་བཤད་ཡིན་གྱི་དོ་ཤལ་མིན།། ཞེས་གསུངས་པ་དང་འདྲ་ཞེས་དང་།ལྷ་ཡུལ་དུ་སྐྱེ་བ་ཡང་གཙོ་བོ་དག་ཞིང་དུ་སྐྱེ་བ་ལ་བྱ་དགོས་ཞེས་གསུངས་སོ།།
འཕགས་པ་ལམ་ཆུང་།སོ་སྐྱེའི་ས་ལས་ཁྱད་པར་དུ་འཕགས་པས་ན་འཕགས་པ་དང་། སྐྱེས་མ་ཐག་ལམ་ཆུང་ངུའི་བཞི་མདོར་ཁྱེར་ནས་གསོན་པས་ན་དེ་ལྟར་གྲགས་སོ།། ཁོང་ནི་ཐོག་མར་དབང་པོ་ཤིན་ཏུ་བརྟུལ་བ་ཞིག་ཡིན་ནའང་བརྩོན་འགྲུས་བསྐྱེད་དེ་གད་བདར་བྱས་པ་ལ་བརྟེན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཞིག་ཡིན། རྣམ་ཐར་རྒྱས་པར་མཁྱེན་འདོད་ན་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་སུ་བལྟ་བར་བྱའོ།
བྱི་དོར་བྱ་བ་གལ་ཆེ་བའི་ཁུངས། མདོ་ལས། བྱང་ཆུབ་སེམས་དཔའ་ས་ཕྱོགས་གཙང་མར་སྐྱིལ་མོ་ཀྲུང་བཅས་ཏེ་ཞེས་སོགས་གསུངས་པ་འདི་ཡིན་ཞིང་། བླ་མ་གསེར་གླིང་པ་ཆེན་པོའི་རྣམ་ཐར་ཡང་ཡིན་པར་གསུངས།།
བྱི་དོར་བྱ་དགོས་པའི་རྒྱུ་མཚན། དཔེར་ན། བླ་མའམ་དཔོན་པོ་ཆེན་པོ་ཞིག་རང་གི་ཁྱིམ་དུ་གདན་དྲངས་པ་ཐོག་མར་གད་བདར་སོགས་ལེགས་པར་བྱེད་དགོས་པ་ལྟར། རང་གི་གནས་ཁང་དེར་ཡང་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་གསལ་བཏབ་སྟེ་སྤྱན་དྲངས་པ་ལ་གུས་པར་བྱ་བའི་ཆེད་དུ་ཡིན། ཀུན་སློང་རང་སྐྱིད་འདོད་དང་མཛེས་ཆོས་སོགས་ཀྱི་ཆེད་དུ་བྱས་ན་ཕན་ཡོན་མི་འབྱུང་བར་གསུངས། དེ་ལྟར་མིན་པར་གཞན་དོན་དུ་རྫོགས་བྱང་བསྒྲུབ་ཕྱིར་ལམ་གྱི་རིམ་པ་སོགས་དམིགས་ལམ་སྐྱོང་བའི་སྔོན་འགྲོ་ཚོགས་ཞིང་གསལ་འདེམས་པ་ལ་སྲི་ཞུ་བཀུར་སྟིའི་བསམ་པ་དང་ལྡན་པར་བྱས་ན་ཇི་སྐད་བཤད་པའི་ཕན་ཡོན་འབྱུང་ཞིང་། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་རྒྱལ་བྱེད་ཚུལ་གྱི་ཀུན་དགའ་ར་བར་ཕྱག་བདར་བྱེད་པར་ཉིན་རེ་བཞིན་འོངས་པ་ལ། ཉིན་གཅིག་ཁྱིམ་བདག་མགོན་མེད་མ་ཁོམ་ཞིང་ཕྱག་བདར་བྱེད་མཁན་གཞན་མེད་པ་ལ་སངས་རྒྱས་ཉིད་གྱི་ཕྱག་གསེར་གྱི་ཡལ་འདབ་ལྟ་བུས་ཕྱག་བདར་མཛད་པ་མདོ་ལས་གསུངས་སོ།། དེས་ན་གད་སྙིགས་ཡོད་མེད་ལ་མ་ལྟོས་པར། རབ་ཐུན་བཞིར་རེ་རེ་ལ་གད་ཕྱིས་རེ། ཐ་མ་ཉིན་རེ་བཞིན་བྱི་དོར་བྱ་ཞིང་ཀུན་སློང་གོང་བཞིན་གསལ་བཏབ་ནས་རང་གཞན་གྱི་རྒྱུད་ཀྱི་སྒྲིབ་པའི་ཉལ་ཉིལ་རྣམས་འཕྱག་པའི་མོས་པ་དང་། རྫོགས་སྨིན་སྦྱང་གསུམ་གྱི་ཡ་གྱལ་སངས་རྒྱས་ཀྱི་ཞིང་སྦྱོང་བའི་རྒྱུར་དམིགས་ཏེ་ལམ་ཆུང་གྱི་རྣམ་ཐར་ལས་བྱུང་བ་ལྟར། ངག་ནས། རྡུལ་སྤང་ངོ།། དྲི་མ་སྤང་ངོ།། ཞེས་པའམ་ཡང་ན། རྡུལ་ནི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ།།
རྡུལ་ནི་འདོད་ཆགས་མིང་སྟེ་རྡུལ་གྱི་མིན།།
མཁས་པ་དག་གིས་རྡུལ་དེ་རྣམ་སྤངས་པ།།
དེ་ནི་སངས་རྒྱས་བསྟན་ལ་བག་ཡོད་ཡིན།།
ཞེས་སོགས་གོང་བཞིན་ཞེ་སྡང་གཏི་མུག་ལ་སྦྱར་ཏེ་འདོན་བཞིན་དུ་གད་བདར་བྱེད། དེ་ཡང་འདོད་ཆགས་རྡུལ་སོགས་བཤེས་གཉེན་བསྟེན་ཚུལ་གྱི་དམིགས་པ་གཙོ་བོར་བྱེད་སྐབས། རྡུལ་ནི་ས་རྡུལ་མ་ཡིན་མ་དད་རྡུལ།། ཞེས་སོགས་ནས་མཚན་འཛིན་རྡུལ་གྱི་བར་ངག་ནས་སྐྱོར་ཚུལ་དང་། ཡིད་ཀྱིས་དམིགས་ཚུལ་རྣམས་རང་གང་ལ་ཉམས་ལེན་བྱེད་པའི་སྐབས་དང་བསྟུན་ནས་ཁ་བསྒྱུར་ཤེས་པར་བྱ་བ་གལ་ཆེ་ཞིང་། ན་བ་དང་རྒས་པ་སོགས་ཀྱིས་ཕྱག་བདར་རང་གིས་བྱེད་མ་ཐུབ་ཚེ་དགེ་ཕྲུག་སོགས་ཀྱིས་བྱེད་སྐབས་རང་གིས་ཚིག་སྐྱོར་ཞིང་ཡིད་ཀྱིས་དམིགས་པ་བྱ་བར་གསུངས། དེ་ལྟར་ཀུན་སློང་རྒྱ་ཆེ་ཆུང་གི་ཁྱད་པར་གྱིས་ཕྱག་མ་རེ་རེ་བརྒྱབ་པ་ལའང་ཕན་ཡོན་གྱི་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་སོ།།
སྐུ་གསུང་ཐུགས་རྟེན་དགྲམ་ཚུལ། བླ་མ་ཡི་དམ་སངས་རྒྱས་སོགས་ཀྱི་སྐུ་བརྙན་ཡོད་ན་ཚོགས་ཞིང་གི་གྲལ་ལྟར་བཀོད་ལ། སྤྱིར་སྐུ་རྟེན་རྣམས་དབུས་དང་། གསུང་རྟེན་རྣམས་གཡས། ཐུགས་རྟེན་རྣམས་གཡོན་དུ་བཤམས་དགོས་པར་གསུངས།
སྐུ་རྟེ། སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་བརྙན་འབུར་དུ་བཞེངས་པ་དང་རི་མོ་བྲིས་པ་སོགས། འགའ་ཞིག་གིས་ཆོས་སྐྱོང་རྒྱལ་བཙན་སོགས་ཁ་ཚ་བར་བསམས་ནས་སངས་རྒྱས་ཀྱི་སྐུའི་གྲལ་གོང་དུ་འཇོག་པ་མང་དུ་མཐོང་ཡང་། དེ་ནི་སྐྱབས་འགྲོ་རྣམ་དག་རང་རྒྱུད་ལ་མེད་པའི་རྟགས་བསྟན་པར་གསུངས། ཡང་། འགའ་ཞིག་གིས་གསེར་སྐུ་དང་། དངུལ་སྐུ། ལི་མ་སོགས་གྲལ་གོང་དུ་བྱེད་ནས་འཇིམ་སྐུ་རྣམས་གྲལ་འཇུག་ཏུ་འཇོག་པ་ནི་སྐུ་བརྙན་ལ་ནོར་གྱི་འདུ་ཤེས་ལས་མེད་པའི་རྟགས་རེད་ཅེས་གསུངས། ཡང་ལ་ལས་ཐང་ཀས་ཡོལ་བའི་གོ་བཅད་ནས་སྒོར་མོ་བཀྲམ་པ། ལ་ལས་ཐང་ཀ་གསར་རྙིང་གི་གོ་རིམ་བྱས་ནས་བཀྲམ་པ་སོགས་མི་རུང་གསུངས། འགའ་ཞིག་གིས་ཐང་ཀ་དང་སྐུ་སོགས་རྙིང་ཧྲུལ་རྣམས་ཤག་ཏུ་ཉར་བ་ལ་གད་སྙིགས་ཀྱི་འདུ་ཤེས་ཀྱིས་ཙྪ་ཁང་དུ་བསྐྱེལ་བ་དེ་རང་གི་བསོད་ནམས་ཕྱིར་བསྐྱེལ་བར་གསུངས་སོ།། དེས་ན་སྐུ་རྟེན་སོགས་ལ་སངས་རྒྱས་བྱང་སེམས་སོགས་དེ་དང་དེ་དངོས་ཀྱི་འདུ་ཤེས་འཇུག་དགོས་ལ། སྐུ་རྟེན་མང་པོ་མེད་ན། སངས་རྒྱས་རྗེས་སུ་དྲན་པའི་ཕྱིར་སྟོན་པའི་སྐུ་དང་། བླ་མ་རྗེས་སུ་དྲན་པའི་ཕྱིར་རྗེ་རིན་པོ་ཆེའི་སྐུ་རེ་ངེས་པར་དགོས་གསུངས།
གསུང་རྟེན། རྒྱས་པར་ན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྡུ་ན་མདོ་སྡུད་པ་དང་། བྱང་ཆུ་ལམ་རིམ་ལྟ་བུ་ཇི་ཡོད་རྣམས་སྐུ་རྟེན་རྣམས་ཀྱི་གཡས་ཕྱོགས་སུ་བཞུགས་སུ་གསོལ།
ཐུགས་རྟེན། རྒྱས་པར་ཕྱེ་ན་སྐུ་གདུང་ཆ་བརྒྱད་དང་བཀའ་གདམས་མཆོད་རྟེན་སོགས་མཆོད་རྟེན་གྱི་རིགས་གང་ཡོད་དང་། མ་མཐའ་འང་ས་ཙྪ་ཚུན་ཆད་འཇོག་རུང་ལ། རྡོ་རྗེ་དྲིལ་བུ་སོགས་ཡོད་ནའང་ཐུགས་རྟེན་དུ་སྐུ་རྟེན་རྣམས་ཞལ་ཚུར་གཟིགས་ཀྱི་གཡོན་ཕྱོགས་སུ་བཞུགས་སུ་གསོལ་བར་བྱའོ།།
འགའ་ཞིག་གིས་རྡོ་རྗེ་དྲིལ་བུ་ལ་ཕྱག་མཚན་གྱི་འདུ་ཤེས་མ་གཏོགས་མི་འཇོག་པར་སྣང་སྟེ། འདི་ནི་ཐུགས་ཀྱི་མཚན་མ་ཡིན་པས་མནངས་ཆུང་བྱས་ན་ཉེས་པ་ཤིན་ཏུ་ལྕི་བར་གསུངས། སྐུ་གསུང་ཐུགས་རྟེན་རྣམས་དུས་རྒྱུན་དགྲམ་དགྲམ་པ་ཞིག་ཡིན་ན་ཉིན་དང་པོ་ཉིན་གྲལ་བཀོད་མ་ནོར་བར་བྱས་པ་མ་གཏོགས་ཉིན་ལྟར་བྱ་མི་དགོས་ལ། རྨ་བྱའི་སྒྲོ་སོགས་ཀྱིས་རྡུལ་ཕྱིས་ལེགས་པོ་ཞིག་བྱས་ནས། ས་བཅད་འདིའི་མཚམས་སུ་དེ་དང་དེ་དངོས་ཀྱི་འདུ་ཤེས་བཞག་ནས་མཇལ་ཁ་རེ་ཞུ་དགོས། རང་གི་ཤག་གི་སྐུ་བརྙན་སོགས་རྒྱུས་ཡོད་ཡིན་པས་བལྟ་རྒྱུ་གང་ཡོད་སྙམ་པ་བྱ་མི་རུང་། ཉིན་རེ་བཞིན་མཇལ་ན་མཇལ་ཐེངས་རེ་ལའང་བག་ཆགས་ཁྱད་པར་ཅན་འཇོག་ལ། སྐུ་དངོས་མཇལ་བ་ལས་སྐུ་གཟུགས་མཇལ་ན་ཕན་ཡོན་བཅུ་དྲུག་འགྱུར་གྱིས་ལྷག་པར་གསུངས། མདོ་པདྨ་དཀར་པོ་ལས་ཀྱང་། བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ།། འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་།། དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་།། ཞེས་གསུངས། མདོ་ངོ་མར་མཆོད་ན་ཡང་། ཞེས་སྣང་ཡང་གསུང་རྒྱུན་དུ་འདི་ལྟར་འབྱུང་བ་བཞིན་བྲིས་པའོ་ཞེས་གསུངས། དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་ཁྲོ་བཞིན་བལྟས་ནའང་ཕན་ཡོན་དེ་ལྟར་གསུངས་ན་ད་ལྟ་རང་རེས་དད་པས་མཇལ་ན་ཕན་ཡོན་དེ་ལྟ་བུ་ལོས་འབྱུང་། འཕགས་པ་ཤཱ་རིའི་བུ་སངས་རྒྱས་ཀྱི་མཆོག་ཟུང་དུ་འགྱུར་ནས་སྐུ་དངོས་དང་འབྲལ་བ་མེད་པ་བྱུང་བ་ཡང་། སྔོན་སངས་རྒྱས་ཀྱི་སྐུ་གཟུགས་རི་མོ་བྲིས་པ་ལ་ངོ་མཚར་ཉམས་བལྟས་པའི་འབྲས་བུར་ཡིན་པར་གསུངས་ཏེ། དེ་ཡང་འཕགས་པ་ཤཱ་རིའི་བུ་སྔོན་བང་མི་ཞིག་གི་སྐྱེ་བ་བཞེས་པར། ནུབ་གཅིག་ལྷ་ཁང་སྟོང་པ་ཞིག་ཏུ་བསྡད་ནས། མར་མེ་ཤིན་ཏུ་པའི་སྐུ་གཟུགས་ཀྱི་ལྡེབས་རིས་མཐོང་བས་འདི་ལྟ་བུའི་སྐྱེས་བུ་ངོ་མཚར་ཅན་ཡོད་པ་དངོས་སུ་མཇལ་ན་ཅི་མ་རུང་སྙམ་དུ་ཡིད་ལ་སྨོན་པ་ཡང་ཡང་བྱས་པའི་འབྲས་བུ་ཡིན་པ་གསུངས་སོ།། སྐུ་རྟེན་རྣམས་ང་རང་ཚོས་འདམ་དང་། ཟངས་སོགས་སུ་མཐོང་བ་འདི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ན་མཆོག་གི་སྤྲུལ་སྐུ་དངོས་སུ་མཇལ་ཞིང་། ས་དང་པོ་ཐོབ་ན་ལོངས་སྐུར་དངོས་སུ་མཇལ་བ་ཡིན། དེས་ན་སྐུ་རྟེན་རྣམས་ལ་སྐུ་དངོས་ཀྱི་འདུ་ཤེས་འཇོག་པ་གལ་ཤིན་ཏུ་ཆེ་བར་གསུངས་སོ།།
སྦྱོར་ཆོས་གཉིས་པ་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པའི་མཛེས་པར་བཤམ་པའི་ཚུལ།
གཡོ། དེ་ཡང་གཡོ་མེད་ཅིང་ཞེས་པའི་གཡོ་ལ་རྒྱུའི་གཡོ་དང་ཀུན་སློང་གི་གཡོ་གཉིས་ཡོད།
རྒྱུའི་གཡོ་ནི། མཆོད་པའི་རྒྱུ་བསྒྲུབ་པའི་སྐབས་སུ་སྐྱོན་ཞུགས་པ་སྟེ། རབ་ཏུ་བྱུང་བ་རྣམས་ཀྱིས་ལོག་འཚོ་ལྔའི་སྒོ་ནས་བསྒྲུབས་པ་དང་། ཁྱིམ་པ་རྣམས་ཀྱིས་ཀྱང་སེམས་ཅན་མང་པོ་བསད་ནས་ཤ་ལ་སོགས་པ་བཙོངས་ནས་ཁེ་སང་ཟ་བ་དང་། བྲེ་ལོག སྲང་ལོག་འཛུགས་པ་ལྟ་བུ་ཤིན་ཏུ་བྱ་བ་ངན་པས་དེ་ལྟ་བུས་ཕུལ་ན་དགྱེས་པར་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ།། འོན་ཀྱང་དེ་འདྲའི་རྒྱུ་བསྒྲུབས་ཟིན་པ་ཡོད་ན་རང་གཞན་གྱི་སྡིག་པ་འདག་པའི་ཕྱིར་དུ་ཕུལ་བ་ལེགས་ཞེས་གསུངས་སོ།།
ལོག་འཚོ་ལྔ་ནི། ཁ་གསག གཞོགས་སློང་། རྙེད་པས་རྙེད་པ་འཚོལ་བ། ཐོབ་ཀྱི་མཐལ་བ། ཚུལ་འཆོས་བཅས་སོ།།
ཁ་གསག་ནི། རང་ལ་རྙེད་པ་ཡོང་དུ་རེ་ནས་སྐུ་དྲག་མི་དྲག་སྦྱིན་བདག་སོགས་ལ་ཁ་ཐེར་ཐེར་བྱས་ནས་རྒྱུ་ནོར་ཅུང་ཟད་བྱུང་བ་ནི་ཁ་གསག་གི་རྫས་སམ་ལོག་འཚོ་ཡིན། ཡང་དེ་འདྲའི་ཀུན་སློང་མེད་པར་རང་བཞིན་དྲང་པོས་ཁ་མཁས་བྱས་ནས་བྱིན་ཀྱང་ལོག་འཚོར་མི་འགྱུར་བར་གསུངས།
གཞོགས་སློང་ནི། རང་ལ་རྒྱུ་ནོར་ཡོང་དུ་རེ་ནས་དངོས་སུ་མ་སློང་ཡང་ཞོར་སྨོས་བྱས་པ་སྟེ། དཔེར་ན། རི་ཁྲོད་པ་ཞིག་གིས་སྦྱིན་བདག་རྩར་སོང་ནས། སྦྱིན་བདག་གིས་ན་ནིང་ང་ལ་ཇ་མར་གསོལ་རས་གནང་བ་དེ་ཤིན་ཏུ་ཕན་པོ་བྱུང་ཟེར་ནས་དངོས་སུ་མ་སློང་ཡང་ཐབས་ཀྱི་གོ་བར་བྱས་ནས་ཇ་མར་ཕྲན་བུ་བྱུང་བ་ལྟ་བུ་ནི་གཞོགས་སློང་གི་རྫས་དང་། ཡང་རྙེད་བཀུར་འདོད་ནས་སྦྱིན་བདག་སོགས་ལ་ང་ལ་དེང་སྐབས་ཇ་མར་ཡོད་དེ་འབྲུ་ཅུང་ཟད་དཀོན་པར་འདུག་ཟེར་བ་ལྟ་བུ་དང་། སྔར་ལོ་ཁྱེད་ཀྱིས་བྱིན་པའི་རྩམ་པ་དེ་ཤིན་ཏུ་ཕན་ཐོགས་པོ་བྱུང་། ཞེས་པ་ལྟ་བུ་སྨྲས་ནས་འབྲུ་དང་རྩམ་པ་ཤུགས་ཀྱིས་སློང་བ་ལ་ཟེར། ཡང་རྙེད་འདོད་ཀྱི་ཀུན་སློང་མེད་པར་རང་བཞིན་དྲང་པོར་དེ་འདྲ་བརྗོད་ན་གཞོགས་སློང་དུ་མི་འགྱུར་རོ།།
རྙེད་པས་རྙེད་པ་འཚོལ་བ་ནི། ཕར་ཆུང་ངུ་ཞིག་སྦྱིན་ནས་ཚུར་དེ་ལས་ལྷག་པ་ཞིག་ཡོང་ཐབས་བྱེད་པ་ཡིན། དེ་ལ་ཡང་གཉིས་སུ་གསུངས་ཏེ། དཔེར་ན། ཞོ་དང་། བག་ལེབ། ཁ་བཏགས་སོགས་དངོས་པོ་ཆུང་ཆུང་ཞིག་ཕར་ཕུལ་ནས། ཚུར་དེ་ལས་ཚེ་ཙམ་ཡོངས་ཐབས་བྱེད་པ་ལྟ་བུ་དང་། ཡང་། ཕར་མི་དྲགས་སྐུ་དྲགས་སོགས་ལ། སྐུ་ཞབས་ནི། ཆོས་སྣང་དཀར་ཞིང་གཏོང་ཕོད་ཆེ་བ་སོགས་བསམ་གྱིས་མི་ཁྱབ་རེད་ཅེས་བསྟོད་ར་ཆེན་པོ་བཏང་ནས། རང་ལ་ཅུང་ཟད་བྱུང་བ་ལྟ་བུ་ནི་རྙེད་པས་རྙེད་པ་འཚོལ་བའི་རྫས་ཡིན། དེང་སང་རང་རེས་དེ་འདྲར་སྣེ་ལེན་ཞུས་ནས་ལོག་འཚོ་ལ་ནན་ཏན་བྱེད་པ་ཤིན་ཏུ་མང་། ཡང་དེ་འདྲའི་ཀུན་སློང་མེད་པར་རང་བཞིན་དྲང་པོས་སྦྱིན་བདག་ལ་སྣེ་ལེན་བཟང་པོ་བྱས་ཀྱང་ལོག་འཚོར་མི་འགྱུར་བར་གསུངས་སོ།།
ཚུལ་འཆོས་ནི། རང་ཤག་ཏུ་གང་བྱུང་བྱས་ནས་སྦྱིན་བདག་སོགས་ཀྱི་མདུན་དུ་བཙུན་མདོག་དུལ་མདོག་བྱས་ནས་ཕྲན་བུ་སྦྱིན་ཨེ་ཡོང་གི་རེ་བ་བྱས་པ་ལ་ཟེར། དཔེར་ན། དགེ་སློང་འགའ་ཞིག་རྒྱུད་པར་ཕྱི་དྲོར་ཁ་ཟས་ཟ་བ་དང་། ཞོགས་པ་ཉི་མ་མ་ཤར་བར་ཉལ་བ་ཞིག་ཡིན་པ་ལ། སྦྱིན་བདག་གི་ནང་དུ་ཕེབས་སྐབས་ཕྱི་དྲོར་ཁ་ཟས་མི་ཟ་བ་སོགས་ཀུན་སྤྱོད་གཙང་བ་དང་། ཞོགས་པ་ཡང་ནམ་ཕྱེད་མ་ཟིན་ཙམ་ནས་ཡང་བཞེངས་ཏེ་ཞལ་འདོན་སྦྱིན་བདག་གི་གོ་བར་མཛད་དང་། སྦྱིན་བདག་གི་མིག་གིས་མཐོང་སར་ཡང་སྨིན་མ་ཟིང་ཟིང་བྱེད་པ་སོགས་བྱིན་རླབས་ཆེ་མདོག་ཁ་པོ་བྱས་ནས་སྦྱིན་བདག་གིས་རང་ལ་འབུལ་བ་ཅུང་ཟད་བྱུང་བའི་རྫས་ལྟ་བུ་ནི་ཚུལ་འཆོས་ཀྱི་རྫས་ཡིན། ཡང་དེ་འདྲའི་ཀུན་སློང་མེད་པར་ཁྱིམ་པ་སུན་འབྱིན་གྱི་ལས་བྱས་ན་མི་རུང་སྙམ་པས་རང་ཤག་ཏུ་སྡོད་དུས་ལས་བཙུན་མདོག་ཁ་པོ་བྱས་ཀྱང་ཚུལ་འཆོས་སུ་མི་འགྲོ་ཞེས་བདག་གི་སྐྱབས་མཆོག་བླ་མ་རིན་པོ་ཆེས་གསུངས་ཞེས་ལམ་རིམ་རྣལ་གྲོལ་ལག་བཅངས་ལས་གསུངས་སོ།།
ལོག་འཚོའི་རྫས་དེ་ལྟ་བུ་བླངས་ནས་མཆོད་པ་ཕུལ་ན་ཕན་ཡོན་ཆུང་ཞིང་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་། དེ་ཡང་སྔར་ལོག་འཚོའི་སྒོ་ནས་བསགས་ཟིན་པ་ཡོན་མཆོད་པ་འབུལ་བ་ལེགས་ཤིང་། སླར་མཆོད་པ་འབུལ་བའི་ཆེད་དུ་ལོག་འཚོ་བསྒྲུབས་ཏེ་མཆོད་པ་ཕུལ་བ་ལས་མ་འབུལ་ན་ལེགས་པར་གསུངས། ལོག་འཚོ་སྒྲུབ་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་ཤིན་ཏུ་སྨད་དེ། སྤྱོད་འཇུག་ལས། བདག་གི་དེང་ཉིད་ཤི་ཡང་སླའི།། ལག་འཚོས་ཡུན་རིང་གསོན་མི་རུང་། ཞེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུངས་ལས།
དྲི་མེད་རིགས་ལམ་མཁྱེན་པའི་མཁས་པ་དང་།།
ཉམས་མྱོང་གནད་དུ་ཁེལ་བའི་དམ་པ་རྣམས།།
ཐུགས་ཁྲེལ་གྱུར་ན་གསོན་ཡང་ཤི་དང་མཚུངས།།
དེ་ཕྱིར་དམ་པས་སྨད་པའི་ལས་མི་བྱ།།
ཞེས་སྐྱེས་བུ་དམ་པས་སྨད་པའི་ལས་བྱས་ནས་མ་ཤི་བར་བསྡད་ཀྱང་ཤི་བ་དང་མཚུངས་ཞེས་གསུངས་པའི་ཕྱིར།
ཀུན་སློང་གི་གཡོ་ནི། མཆོད་པ་འབུལ་དུས་གཏམ་འདོད་དང་། མཛེས་ཆོས་ལྟ་བུའི་ཀུན་སློང་ངན་པས་བསླད་པ་ལ་ཟེར་ཞིང་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་ཏེ་མཆོད་པ་ཕུལ་ན་ཐར་པའི་རྒྱུར་མི་འགྲོ་བར་གསུངས་སོ།།
འཇིག་རྟེན་ཆོས་བརྒྱད་ནི།
མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས།
འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་།།
བདེ་དང་མི་བདེ་སྙན་དང་མི་སྙན་དང་།།
སྟོད་སྨན་ཅི་བགྱི་འཇིག་རྟེན་ཆོས་བརྒྱད་པོ།།
བདག་གི་ཡིད་ཡུལ་མིན་པར་འགོ་སྙོམས་མཛོད།།
ཅེས་གསུངས་པ་ལྟར་རོ།། འགྲོ་མགོན་རིན་པོ་ཆེས། ཐ་ན་དཀོན་མཆོག་མཆོད་པ་རེ།། བྱས་ཀྱང་མི་ཡིས་མཐོང་དུ་རེ།། ཞེས་གསུངས་པ་ལྟར། རང་རེས་མཆོད་པ་རེ་འབུལ་ན་ཡང་ཀུན་སློང་ཁེ་འདོད་དང་། གྲགས་འདོད་སོགས་ཆོས་བརྒྱད་ཁོ་ནའི་དབང་དུ་ཤོར། ཅུང་ཟད་དྲག་པ་ཚོས་ཀྱང་ཚེ་རིང་བ་དང་། ནད་མེད་པ་སོགས་ཀྱི་ཀུན་སློང་ལས་མི་འབྱུང་ཞིང་། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ལྟ་བུ་ཞིག་བྱེད་ནའང་བསོད་ནམས་མི་རེ་བར་བཏང་སོང་ཟེར་བའི་སྙན་གྲགས་ལ་གཙོ་བོ་རེ། དེ་རིང་འགྲུལ་པ་ལྟ་བུ་ཞིག་ཤག་ཏུ་འོང་རྒྱུ་ཡིན་ཚེ། གད་བདར་དང་མཆོད་པ་ནམ་རྒྱུན་ལས་ལྷག་ཙམ་བྱེད། མཆོད་མེ་ཞིག་ཀྱང་ཕུལ། སྤོས་ཀྱི་དྲི་མ་མངར་སེང་ངེ་བྱས་ནས་སྒུག་སྡོད་པ་འདི་ཀུན་སློང་གང་གི་ཆེད་དུ་ཡིན་ཞིབ་ཏུ་སོམས་དང་། དེ་འདྲའི་མཆོད་པ་ཕུལ་བའི་ཕན་ཡོན་དང་ཉེས་དམིགས་གང་ཆེ་ཆ་རྟོགས་དཀའ་ཞིང་། དགེ་བཤེས་འབེན་གུང་རྒྱལ་གྱིས། ཉིན་གཅིག་ཡོན་བདག་ཞིག་མཇལ་དུ་འོང་ཟེར་བས། དཀོན་མཆོག་གི་མཆོད་པ་ཅི་བཟང་བཤམས་ནས། སྟན་ལ་བཞུགས་ཏེ་ཀུན་སློང་བརྟགས་པས། ཡོན་བདག་གི་ངོར་མཛེས་ཆོས་སུ་སོང་བར་གཟིགས་ནས། ཧར་ཏེ་བཞེངས་ནས་མཆོད་པ་རྣམས་ལ་ཐལ་བ་སྦར་གང་གཏོར་ཏེ། དགེ་སློང་རང་ཟོག་མ་བྱེད་པར་བཞུགས་ཤིག་གསུངས་བཞིན་ཐལ་བ་ཕུང་ངེར་བཅོས་ནས་བཞག་པར། དེ་ཕ་དམ་པ་སངས་རྒྱས་ཀྱིས་གསན་པས། བོད་ཀྱི་མཆོད་པ་ཐམས་ཅད་ནང་ནས་འབན་གུང་རྒྱལ་གྱིས་མཆོད་པ་དེ་བཟང་བར་བྱུང་། དེ་ཅི་ཡིན་ཞེ་ན། ཁོང་གིས་འཇིག་རྟེན་ཆོས་བརྒྱད་ཀྱི་ཁ་ལ་ཐལ་བ་འདེབས་ཐུབ་པ་བྱུང་གསུངས་ཤིང་ཤིན་ཏུ་མཉེས་མཉེས་མཛད་དེ། དེ་ཡང་མཆོད་པ་ཕུལ་བ་དེ་ལ་བསྔགས་བརྗོད་མཛད་པ་མིན། ཐལ་བ་བཏབ་པ་དེ་ལ་བསྔགས་བརྗོད་གནང་བ་རེད་ཅེས་གསུངས། དེས་ན་ཀུན་སློང་ཚེ་འདིའི་ཆོས་བརྒྱད་ལྟ་ཞོག་རང་ཉིད་གཅིག་པུ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་འདོད་སོགས་ཀྱི་ཆེད་དུའང་མི་བྱ་བར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་གང་ཐུབ་བྱ་བར་གནད་ཆེ་ཞེས་ལམ་རིམ་རྣམ་གྲོལ་ལག་བཅངས་ལས་གསུངས་སོ།།
བཀོད་པའི་མཛེས་པར་བཤམས་པ་ནི། མཆོད་རྫས་རྣམས་བཟོ་བཀོད་ཕུན་སུམ་ཚོགས་པ་སྟེ། ཡོན་ཆབ་ལྟ་བུ་ལ་མཚོན་ན། མཆོད་ཏིང་རྣམས་ཡ་ཡོ་སོགས་མ་ཡིན་པར་ཐད་ཀར་བསྒྲིག་ཚུལ་ལེགས་པ་དང་། ཐོག་མར་མཆོད་ཏིང་སོགས་སྟོང་པར་བསྒྲིགས་ན་རྟེན་འབྲེལ་ལོག་པས་ཆབ་རྒྱུན་དགྲམ། དེ་ཡང་མ་ཁེངས་ན་འཚོ་བ་དཀོན། ཕྱིར་ཕོས་ན་ཚུལ་ཁྲིམས་འཆལ་བའི་སྐྱོན་ཡོད། ཏིང་ཕན་ཚུན་ཐུག་ན་དབང་པོ་བརྟུལ། བར་ཐག་རིང་ན་བླ་མ་དང་རྒྱང་རིང་བས་མཇལ་དཀའ། སྒྲ་འབྱིན་ན་སྨྱོ་བ་ལ་སོགས་པ་མི་ཤེས་པ་འབྱུང་བས་དེ་ལྟར་མིན་ཅིང་ཡོ་ཀྱོག་མེད་པར་བསྒྲིགས་དགོས་པར་གསུངས།
ཆབ་རྒྱུད་དགྲམ་ཚུལ་ནི། ཏིང་རྣམས་བརྩེགས་པའི་སྟེང་མར་ཆུ་ཅུང་ཟད་བླུགས་ཏེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཆུ་དེ་འོག་མ་འོག་མར་བགོ་བཞིན་དུ་སྟོང་པ་མིན་པར་རིམ་བཞིན་བཀྲམ། དེ་ནས་འབུལ་བའི་ཚེ་ལག་པ་ཡ་གཅིག་གིས་འབུལ་བར་བྱེད་པ་སོགས་མ་གུས་པ་མི་བྱ་བར་རྒྱལ་པོ་ཆེན་པོ་ཞིག་ལ་གསོལ་ཇ་ཞུ་བ་ལྟར་བྱེད་དགོས་གསུངས།
ནས་འདྲ་མ། ཆུ་འབུལ་བའི་ཚེ་ཐོག་མཐའ་གཉིས་ལ་ཕྲ་ཞིང་དཀྱིལ་སྦོམ་པ་བྱས་ནས་འབུལ་དགོས་པར་གསུངས། འགའ་ཞིག་གིས་མཛེས་ཆོས་མི་དགོས་ཞེས་དབྱིབས་དང་བསྒྲིགས་ལུགས་སོགས་གང་བྱུང་བྱུང་དུ་བྱེ་པ་ནི་མི་རུང་སྟེ། བཀོད་པའི་མཛེས་པར་བཤམས་ཞེས་གསུངས་པའི་ཕྱིར་རོ།། བཀོད་པ་མཛེས་པར་བཤམས་ན་རང་ཉིད་སངས་རྒྱས་པའི་སྐབས་ཀྱི་མཚན་དང་དཔེ་བྱད་འགྲུབ་པའི་རྒྱུར་འགྱུར་བར་གསུངས་སོ།།
རང་གིས་ལག་བསྟར་ནས་འབུལ་བ་ནི། མཆོད་རྫས་རྣམས་འབུལ་སྐབས་ཀྱང་རང་གིས་ལག་བསྟར་ནས་འབུལ་ན་ཕན་ཡོན་ཆེ་བར་གསུངས་པས། རང་གི་དགེ་ཕྲུག་དང་། གཡོག་པོ་སོགས་ལ་འབུལ་དུ་བཅུག་ན་བསོད་ནམས་རང་ལ་མི་ཐོབ་ཅིང་། ཇོ་བོ་ཆེན་པོ་སྐུ་ན་ཤིན་ཏུ་མཐོ་བའི་སྐབས་ཀྱང་སྒྱིད་པ་འདར་ཕྲི་ལི་ལིས་ཡོན་ཆབ་འབུལ་བར་མཛད་པས། གཞན་གྱི་ཇོ་བོ་འོ་བརྒྱལ་བར་འདུག་པས་བདག་ཅག་གིས་འབུལ་ཆོག་པར་ཞུ་ཞེས་ཞུས་པ་ན། ཇོ་བོ་ཆེན་པོས། འོ་ན་ངས་ཟས་ཟ་བའི་ཚེ་ནའང་ཇོ་བོ་འོ་བརྒྱལ་བར་འདུག་ཅེས་ངོས་ཀྱི་ཟས་སྐལ་ཁྱོད་ཚོས་ཟའམ་ཞེས་གསུངས་པར་གྲགས། འཕགས་ཡུལ་ན་སྔོན་གྱི་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་སྦྱིན་པ་ཆེན་པོ་མཛད་པའི་ཚེ་ནའང་བློན་པོ་སོགས་ལ་སྦྱིན་དུ་མི་བཅུག་པར་སྦྱིན་པའི་ཁང་པ་བརྩེགས། དེའི་ནང་དུ་རྒྱལ་པོ་བཞུགས་ནས་སྦྱིན་བྱའི་ནོར་རྣམས་སྤུངས་ཏེ། རྒྱལ་པོ་རང་གིས་ཕྱག་བསྟར་ནས་གནང་བར་གྲགས། དེས་ན་སྦྱིན་པ་ལག་ལེན་གྱི་ཁྱད་པར་ཞེས་རང་གིས་ལག་བསྟར་ནས་འབུལ་བ་གནད་ཆེ་ཞེས་གསུངས་སོ།།
མཆོད་རྫས་གཙང་མ་དང་གང་བཟང་བཟང་འབུལ་དགོས་པ། ལམ་རིམ་རྣལ་གྲོལ་ལག་བཅངས་ལས། མཆོད་པའི་རྫས་ཀྱང་རང་ལ་འབྱོར་པ་ཡོད་ན། ཐུད་ཀྱི་སྔོ་ས་དང་། ལོ་མའི་སེར་ས་ནས་མ་སོང་བར། ཟས་ཀྱི་ཕུད་གང་བཟང་བཟང་ནས་འབུལ་དགོས། རང་རེས་མར་དང་རྩམ་པ་ལེགས་པ་དེ་རང་གིས་ཟོས། མཆོད་རྩམ་དང་མཆོད་མར་ཡིན་ཞེས་ངན་པ་ཞིག་ཆེད་མངགས་བསྒྲུབས་པ་འདི་རང་གི་བསོད་ནམས་ལ་ཕྱག་མ་བརྒྱབ་པ་ཨེ་ཡིན་སྙམ། འོན་ཀྱང་མར་མེའི་འོད་ཕུལ་བ་ཡིན་གྱི་མར་ཁུ་ཕུལ་བ་མིན་པས་ཅུང་ཟད་ཁ་ཚ་ཙམ་ཡོད་ཀྱང་ཆོག་པར་གསུངས། བྱ་བྲལ་དབུལ་པོ་རྣམས་ཀྱིས་བདག་ལ་ནོར་མེད་པས་མཆོད་པ་འབུལ་བྱེད་ཀྱི་ནོར་མེད་ཅེས་བག་འཁུམས་ནས་སྡོད་མི་དགོས་ཏེ་རང་གི་དད་པས་ལྕོགས་ན་མཆོད་པའི་རྫས་ལག་མ་འཐོག་པ་ཡོད། ཇོ་བོ་ཆེན་པོས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག མེ་ཏོག་ཤང་ཤང་འདི་རྒྱ་གར་དུ་ཡོད་ན་ངེད་ཀྱིས་གསེར་སྤྲད་ནས་ཉོ་ཞེས་གསུངས་པ་ལྟར་མཆོད་རྫས་གཞན་མ་རྙེད་ཀྱང་ཡོན་ཆབ་གཅིག་པུས་ཕུལ་ཀྱང་བསོད་ནས་རླབས་པོ་ཆེ་གསོག་ཅེས་གསུངས་སོ།།
ཡན་ལག་བརྒྱད་ནི། མཆིམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང་།། འཇམ་དང་དྭངས་དང་དྲི་ང་མེ།། འཐུང་ན་མགྲིམ་དང་ལྟོ་བ་ལ།། མི་གནོད་ཡན་ལག་བརྒྱད་ལྡན་ཆུ།། ཞེས་གསུངས་པ་ལྟར། ཆུ་བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང་། ཆུ་ཞིམ་པ་ཕུལ་བས་ཟས་ཀྱི་རོ་མཆོག་རྙེད་པ་དང་། ཆུ་དྭངས་པ་ཕུལ་བས་རིགས་པ་དྭངས་འགྱུར་བ་དང་། ཆུ་དྲི་མི་ང་བ་ཕུལ་བས་སྒྲིབ་པ་སྦྱོང་བ་དང་། ཆུ་ལྟོ་བ་ལ་མི་གནོད་པ་ཕུལ་བས་ལུས་ལ་ནད་མི་བྱུང་བ་དང་། ཆུ་མགྲིན་པ་ལ་མི་གནོད་པ་ཕུལ་བས་ངག་སྙན་པ་བཅས་ཀྱི་ཕན་ཡོན་བརྒྱད་འབྱུང་བར་གསུངས།།
འབུལ་སྣོད། མཆོད་པ་འབུལ་བའི་སྣོད་ཀྱང་། འབྱོར་ན་གསེར་ཏིང་དང་། དངུལ་ཏིང་། ཟངས་ཏིང་སོགས་རིན་པོ་ཆེ་སྣ་ཚོགས་ལས་བཟོ་བཀོད་རྒྱས་སྤྲོས་བྱས་པ་ཡོད་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་མོད། མ་འབྱོར་ན་རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་ཐོག་མར་སེ་ར་རྩེར་རྗེའི་སྒྲུབ་ཁང་དུ་ཕེབས་འཕྲལ་སྐབས་སྐུ་ཆས་དང་ཡོ་བྱད་བཀྲེན་པས། ཡོན་ཆབ་འབུལ་བའི་ཏིང་ཙམ་ཡང་མེད་པར། ཡོན་ཆབ་འབུལ་སྐབས་ཁོང་རང་གི་བཞེས་སྤྱད་ཆུས་ཡག་པོ་བཀྲུས་ནས་དེ་ལ་ཡོན་ཆབ་འབུལ་བ་གནང་། གསོལ་ཆས་བཞེས་སྐབས་དཀོན་མཆོག་རིན་པོ་ཆེ་ལ་གཡར་པོ་ཞུས་ཏེ་ལོངས་སྤྱད། ཡང་བཀྲུས་ནས་ཡོན་ཆབ་འབུལ་གནང་བ་སོགས་ཀྱི་རྣམ་ཐར་ཡོད་པར་གསུངས། གཞན་ཡང་དབྱར་གྱི་སྐབས་མེ་ཏོག་དང་། ལྗོན་ཤིང་ལེགས་པ་དང་། འབྲས་བུ་དང་། ཆུ་དྭངས་ཤིང་བསིལ་བ་སོགས་མཆོད་པའི་དངོས་པོ་གང་ན་འདུག་པ་བློས་བླངས་ཏེ་ཕུལ་ཆོག དེ་ཡང་། མཆོད་པའི་སྤྲིན་གཟུངས་བཏོན་ནས་བྱིན་གྱིས་རླབས་ཤིང་ཕུལ་ནས་མཐར་དགེ་བ་བསྔོ་བ་སོགས་བྱ་བ་ཁྲི་དག་པོ་ཚེ་འཕེལ་གྱི་རྣམ་ཐར་ཡིན་ཞེས་སྐྱབས་མགོན་འཇམ་དཔལ་ལྷུན་གྲུབ་རྒྱ་མཚོས་གསུངས། དེ་ལྟར་བྱས་ན་འགའ་ཞིག་གིས་མཆོད་པ་ནི་ཆུ་དང་། མེ་ཏོག་སོགས་ཕུལ་བས་ཆོག་གོ་སྙམ་ནས་རྒྱུ་དམར་དམར་ཏིག་ཏིག་རྣམས་གསོག་འཇོག་བྱེད་གང་བྱས་པས་ཆོག་མོད་སྙམ་ན། དེ་ནི་ཕྱི་མར་ཡི་དྭགས་སོགས་སུ་སྐྱེ་བའི་རྒྱུ་ཡིན་པས་རང་ལ་ཡོད་ན་གང་བཟང་བཟང་ནས་འབུལ་དགོས། ཡང་། བྱ་བཏང་གྲྭ་རྐྱང་སོགས་ཀྱིས་བདག་ལ་ཟང་ཟིང་གི་མཆོད་པ་འབུལ་རྒྱུ་མེད་རུང་། རབ་ཏུ་བྱུང་བ་ལ་སྒྲུབ་པའི་མཆོད་པ་གཙོ་བོར་གསུངས་པས་དེ་ཁོ་ན་ཕུལ་བས་ཆོག་མོད་སྙམ་དུ་ཟང་ཟིང་གི་མཆོད་པ་ཕྲ་མོ་ཡང་མ་ཕུལ་བར་བསྡད་ན་ཚེ་རབས་ནས་ཚེ་རབས་སུ་འབུལ་རྒྱུ་མེད་པ་དེ་ག་རང་ལ་མི་ཡོང་ཞིང་། ཞལ་ཟས་མཛུབ་མོ་ཙམ་དང་། སྤོས་རྐང་ཕྱེད་རེ་ཙམ་ལས་མ་བྱུང་ནའང་གནངས་ཆུང་མི་བྱེད་པར་ཕུལ་བསོད་ནམས་ཇེ་འཕེལ་གྱིས་རྗེས་སུ་མཆོད་པ་ཤིན་ཏུ་སྟོབས་ཆེན་འབུལ་རྒྱུ་ཡོང་བ་དགེ་བཤེས་ཕུ་ཆུང་བའི་རྣམ་ཐར་ལྟར་ཡིན་གསུངས། དགེ་བཤེས་ཕུ་ཆུང་བའི་ཞལ་ནས། ངས་དང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་ངེ་བ་དབུལ་རྒྱུ་བྱུང་། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་གསུངས་ཆིང་ངེ་འབུལ་གསུངས། ཁོང་གིས་རེས་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱིས་སྤོས་སྦྱར་ནས་ཕུལ་བར་གྲགས། ཡང་འགའ་ཞིག་གིས་ཁོ་བོ་རྟོགས་པ་དང་ལྡན་པས་སྒོམ་དོན་ལས། ཕྱིའི་བྱ་བ་དེ་ལྟ་བུ་ལ་བྱང་ཆུབ་མི་རེ་ཞེས་སྨྲ་བ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བ་སྟེ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་འབུམ་ཕྲག་དུ་མ། ལག་པ་བརྒྱ་སྟོང་ལ་སོགས་པ་སྤྲུལ་ནས་རྒྱལ་བ་རྣམས་ལ་མཆོད་པ་བསྐལ་པར་མཛད་པའི་ཚུལ་ལ་བསམས་ནས་རང་ལུས་གཅིག་ལས་མེད་པ་འདིས་གང་ནུས་ཧུར་ཐག་བྱེད་དགོས། མདོར་ན་རང་རྒྱུད་ལ་ཉམས་རྟོགས་བཟང་པོ་ཡོང་མིན་ནི་མཆོད་པ་བཟང་ངན་ལ་རག་ལས་པ་ཇོ་བོ་ཆེན་པོས་གསུངས།།
མཆོད་པའི་ངོ་བོ། མཆོད་རྫས་མཆོད་ཡུལ་སོ་སོར་ཕུལ་བ་ལ་བརྟེན་ནས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་པའི་བྱེད་ལས་ཅན་ཞིག་གོ།
མཆོད་པའི་འབྲས་བུ། ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་པའོ།།
འབྲུག་མོས་ཞུ་དག་བྱས།