| བོད་མིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོར་མཐོང་ཆེན་བྱེད་དགོས་དོན་ནི་འདི་ལྟ་སྟེ། གདུགས་ནི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པའོ། གསེར་ཉ་ནི་གཡང་རྣམས་ཉེས་པའི་སྐྱོན་སྤོངས་བར་བྱེད་པའི་མཚོན་ཚུལ་ལོ། བུམ་པ་ནི་ཡོན་ཏན་བཅུད་ཀྱིས་རབ་ཏུ་གང་ཞིང་རྣམ་དཀར་བསོད་ནམས་ཀྱི་རྟེན་བྱེད་པ་མཚོན་པའོ། པད་མ་ནི་སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་མོངས་ཀྱི་དྲི་མས་མ་གོས་པ་མཚོན་པའོ། དུང་དཀར་གཡས་འཁྱིལ་ནི་སྙན་པ་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པའི་ཚངས་པའི་དབྱངས་མཚོན་པའོ། དཔལ་བེའུ།(པ་ཊ་)ནི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་ཡེ་ཤེས་ལྔ་ཡི་དཔལ་དང་ལྡན་པའོ། རྒྱལ་མཚན་ནི་ཕ་རོལ་བདུད་དང་མུ་སྟེགས་ཕམ་པར་བྱས་ཏེ། མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མཚོན་པའོ། འཁོར་ལོ་ནི་བརྗོད་བྱ་སྡེ་སྣོད་གསུམ་དང་། རྗོད་བྱེད་བསླབ་པ་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོའི་མཚོན་ཚུལ་ཡིན་པའོ། གཞན་ཡང་། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་འཁོར་ལོ་མཆོག རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག་ཅེས་པ་ཇི་བཞིན་ལགས། |