| བོད་རིགས་ས་ཁུལ་གྱི་གཙུག་ལག་ཁང་དང་། དགོན་པ། ལྷ་ཁང་སོགས་ཀྱི་ཡང་སྟེང་དུ་གསེར་ཟངས་དར་གོས་སོགས་ལས་གྲུབ་པའི་རྒྱལ་མཚན་མང་པོ་མཐོང་རྒྱུ་ཡོད། རྒྱལ་མཚན་འཛུགས་པའི་དགོས་པ་གང་ཡིན་མང་པོ་ཞིག་གིས་མཁྱེན་རྟོགས་དེ་ཙམ་མེད། རྒྱལ་མཚན་དེ་ཉིད་གསེར་ཟངས་དང་དར་ཚོན་གང་ལས་གྲུབ་པ་ཡིན་ཀྱང་ངོ་བོའི་ཐོག་ནས་གླེང་ན། རྣམ་པར་རྒྱལ་བའི་མཚོན་རྟགས་དར་ཆ་ལྟ་བུ་ཞིག་ལ་ཟེར་བ་ཡིན། དེའི་སྟེང་ལ་ཤམ་བུ་གསུམ་བརྩེགས་ཡོད་པ་ནི་རྣམ་སྲས་ཀྱི་རྒྱལ་མཚན་དང་། ཤམ་བུ་དགུ་བརྩེགས་ཡོད་པ་ནི་བཀྲ་ཤིས་དགུ་བརྩེགས་ཀྱི་མཚོན་རྟགས་ཡིན། གསེར་ཟངས་དང་ཡང་ན་རག་སོགས་ལས་གྲུབ་པའི་རྒྱལ་མཚན་གྱི་ལྡེབས་སུ་བྱ་ཁྱུང་སེང་གེའི་ལུས་ཅན། ཆུ་སྲིན་དུང་གི་འཇུག་མ་ཅན། ཉ་མགོ་སྲམ་གྱི་ལུས་ཅན་བཅས་མཆིས་པ་དག་ནི་མི་སྙན་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཚོན་དོན་དུ་གྲགས། |