གནས་ཡུལ། མདུན་ངོས། ཆོས་ཀྱི་བསྟན་བཅོས།
 
 
༄༅།།བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་བརྒྱ་པ་ལས་གསུངས་པའི་དགོན་པ་བ་ཞེས་བྱ་བ།
སྤེལ་དུས།2008-08-29   ཡོང་ཁུངས་།༡༩༩༩ལོའི་དེབ་དང་པོ། 《བོད་ལྗོངས་ནང་བསྟན》    རྩོམ་པ་པོ། ཆོས་འཕེལ་གྱིས་བཏུས།

༈ དགོན་པ་བ་ཞེས་བྱ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོང་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམས་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་ཏུ་བརྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། སེམས་ཅན་དེ་ཡང་སྲིད་པ་ཐ་མ་པ་ཞིག་ཡིན་ལ། ཁྱིམ་དེའི་བསེན་ནི་ཚེ་དང་ལྡན་པ་མ་འགགས་པ་ཡིན་ཏེ། དེས་བལྟས་ན་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཁྱིམ་དེར་ཉིང་མཚམས་སྦྱར་བར་མཐོང་ངོ་།། དེ་ནས་དེའི་ཕྱི་ཞིག་ན་ཁྱིམ་བདག་དེ་བརྟན་པོར་བྱ་བའི་ཕྱིར། གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཁྱིམ་དེར་སོང་བ་དང་། ཁྱིམ་བདག་དེས་ཚེ་དང་ལྡན་པ་མ་འགགས་པ་མཐོང་ན་སྨྲས་པ། འཕགས་པ་ཁྱོད་མ་རིང་མ་མཆིས་སམ་ཅི་ན། ཟླ་མ་མཆིས་པ་དང་ཞབས་འབྲིང་མ་མཆིས་པར་གཅིག་པུ་གཤེགས། ཚེ་དང་ལྡན་པ་མ་འགགས་པ་སྨྲས་པ། བདག་ཅག་གི་གཡོག་ནི་ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་དེ་དག་བདག་བཅག་གི་གཡོག་ཏུ་འགྱུར་བར་ཟད་པས་ན། བདག་ཅག་གི་གཡོག་ནི་རྙེད་རྙེད་ཙམ་དུ་ཟད་དོ།། ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱིས་དེ་ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ།། མ་འགག་པས་སྨྲས་པ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ་ཞེས་སྨྲས་ནས་སོང་ངོ་།། ཁྱིམ་བདག་གི་ཆུང་མ་དེ་ཡང་གང་གི་ཚེ་བུ་ཆགས་པར་གྱུར་ནས། གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་སོང་ནས་གནས་པར་བྱེད་དེ། ཕྱིན་ཆད་སྐྱེ་བོ་མང་པོའི་ནང་དུ་འདུག་པ་མི་དགའོ།། དེ་ནས་ཁྱིམ་བདག་གིས་བསམ་པ། མ་ལ་བདག་གི་ཆུང་མ་འདི་འབྱུང་པོ་འགའ་ཞིག་གིས་མ་བརླམས་གྲང་སྙམ་ནས་ལྟས་མཁན་རྣམས་ལ་བསྟན་ནས་ལྟས་མཁན་རྣམས་ཀྱིས་སྨྲས་པ། འདི་འབྱུང་པོས་བརླམས་པ་ནི་མ་ཡིན་གྱི་འདི་ནི་སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ཏེ། སེམས་ཅན་དེ་ནི་གཅིག་པུ་གར་བར་དགའ་བ་ཞིག་གོ་ཞེས་བྱས་སོ།། དེ་ནས་ཀྱི་བདག་གི་ཆུང་མ་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མ་བཙས་པའི་སྔ་རོལ་ནས་གཅིག་པུ་གར་བར་དགའ་བར་འགྱུར་རོ་ཞེས་ལུང་བསྟན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དགོན་པ་བ་ཞེས་གདགས་སོ་ཞེས་ཟེར་རོ།།

དེ་ནས་ཁྱེའུ་དགོན་པ་བ་དེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་སྐྱེད་བསྲིངས་ནས་འགྲོ་བར་ནུས་པར་གྱུར་པ་དང་། ཁྱེའུ་དེ་རང་བཞིན་གྱིས་ཚེ་རབས་དྲན་ཏེ། དེས་བལྟས་ན་འཁོར་བར་འཁོར་བ་ན་བདག་གིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་མྱོང་བར་མཐོང་ངོ་།། མཐོང་ནས་ཀྱང་གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་དགའ་བར་བྱེད་ཅིང་དེ་འདུ་འཛིའི་ཉེས་པ་སྤང་པའི་ཕྱིར་གནས་སོ།། དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས་དེ་རབ་ཏུ་འབྱུང་བའི་དུས་ལ་བབ་པར་ཤེས་ན་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི་མ་བཙས་པའི་སྔ་རོལ་ནས། ཁྱོད་ཀྱིས་བདག་ལ་གཡོག་ཏུ་འབྱིན་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན་དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲསཔ། འཕགས་པ་དེ་ཁོ་ན་ལྟར་དམ་བཅས་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པའི་ཞབས་འབྲིང་དུ་ཕུལ་གྱིས་སོང་ལ་འཕགས་པའི་ཞབས་འབྲིང་གྱིས་ཤིག ཁྱེའུས་སྨྲས་པ། དེ་ནི་བདག་ལ་ཕན་གདགས་པ་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་སོང་ངོ་།། ཚེ་དང་ལྡན་པ་མ་འགགས་པས་ཀྱང་། ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཁྱེའུ་དེ་ཁྲིད་དེ་གཙུག་ལག་ཁང་དུ་སོང་ངོ་།། དེར་ཁྲིད་ནས་ཀྱང་དེ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་ད་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པ་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱི་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ།། དེ་དགོན་པ་དང་ནགས་ཁྲོད་དང་བས་མཐའི་གནས་མལ་ལ་བརྟེན་ཅིང་། བདག་སུ་དང་ཡང་མི་ཕྲད་པར་བྱའོ་སྙམ་མོ།། དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོ་ལྡན་འདས་ལ་ཞུས་པ། བཙུན་པ་དགོན་པ་བས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། ནོངས་དམིགས་ཅི་ཞིག་མཐོང་ན་བྱིས་པ་ནས་འདུ་འཛི་སྤངས་ཏེ་གཅིག་པུ་མཆིས་པར་དགའ་བར་གྱུར་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་འདི་ནི་རང་བཞིན་གྱིས་ཚེ་རབས་དྲན་ལ། འཁོར་བར་འཁོར་བ་ན་འདིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་ཡང་མྱོང་བར་གྱུར་ཏེ། འདིས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུར་གནས་པར་དགའ་བར་གྱུར་ཏོ།།

བཙུན་པ་འདིས་གང་དུ་འདུ་འཛིའི་ཉེས་པ་བསྐྱེད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པ་འདུ་འཛི་མང་བར་གྱུར་ནས། འདུ་འཛིའི་ཉེས་པ་དེས་ཚུལ་ཁྲིམས་འཆལ་བར་གྱུར་ཏེ། ཚུལ་ཁྲིམས་འཆལ་བ་དང་། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་། འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས། ཅི་འདོད་པར་སྤྱད་དེ་གཞན་དག་ལ་ཡང་སྦྱིན་ནོ།།

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཁོ་ན་ཡིན་ཏེ། དེ་དེར་རབ་ཏུ་བྱུང་ནས་དགེ་འདུན་གྱི་དཀོར་དང་། མཆོད་རྟེན་གྱི་དཀོར་དང་། འཚོ་བ་ནར་མ་དང་། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས། ཅི་འདོད་པར་སྤྱད་དེ། གཞན་དག་ལ་ཡང་སྦྱིན་ནས། ཁོང་དགེ་བ་རྣམས་ལ་ངོར་བྱའི་ལས་དེའི་རྣམ་པར་སྨིན་པས། འདི་ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ་།། དེས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུར་གནས་པར་དགའ་བར་གྱུར་ཏོ།། དེས་དེར་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་ལ་གནས་པ་བསྲུངས་པ་དང་། དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། དེས་ཅུང་ཟད་ཆོས་བཞིན་དུ་ཞལ་ཏ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་སོ།།

བརྡ་འགྲོལ།

སྲིད་པ་ཐ་མ་པ། སྲིད་པའི་གནས་འདིར་ལས་ཀྱི་དབང་གིས་སླར་ཡང་སྐྱེ་བ་ལེན་མི་དགོས་པའི་ཕྱིར་ན་སྲིད་པ་ཐ་མ་པ་སྟེ་ཉན་རང་དགྲ་བཅོམ་འཐོབ་པའི་གང་ཟག་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་པར་བོད་རྒྱ་ཚིག་མཛོད་ཆེན་མོར་བཤད།

ཁྱིམ་དེའི་བསེན་ནི། ཁྱིམ་དེའི་བཤེས་གཉེན་ནི་ཟེར་བ་དང་མཚུངས་སོ།

ཉིང་མཚམས་སྦྱར་བ།ཡང་ཡང་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་སྟེ་རྣམ་ཤེས་མངལ་དུ་འཇུག་པ།

ཞམ་རིང་། འཁོར་གཡོག་གམ་ཞབས་ཕྱི་བ།

འདུ་འཛིའི། ཡུལ་རྐྱེན་ལ་བརྟེན་ནས་བྱུང་བའི་བྲེལ་ཟིང་གི་རྣམ་པ་སྟེ། མི་མང་པོ་འདུས་པའི་བྲེལ་ཟིང་ཟིང་བྱེད་པ་ལྟ་བུའོ།།

གསེར་དང་བོང་བར་མཉམ་པ། བོང་བ་ནི་སའི་གོང་བུའི་མིང་ཡིན། རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཆགས་སེམས་དང་བྲལ་བས་གསེར་རྡོག་རྡོག་ཞིག་དང་ས་རྡོག་རྡོག་ཞིག་མཐོང་མཉམ་པའི་དོན་ཡིན་ནོ།།

སྐྱེད་དགུའི། འགྲོ་བ་སེམས་ཅན་ཐམས་ཅད་དེ། འདོད་པའི་ཁམས་ནས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ་དང་། གཟུགས་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་མེད་ཁམས་ནས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ་སྟེ་དགུ་ལ་བྱ་བར་བཤད་དོ།།

ཞལ་ཏ། དགེ་འདུན་པ་སྤྱི་ལ་ཞབས་འདེགས་ཞུ་སྐབས་ཁ་ཏ་བསླབ་བྱ་བྱེད་པ་སྟེ། དཔེར་ན་དགེ་རྒན་གྱིས་སློབ་མ་རྣམས་ལ་ཞལ་ཏ་གནང། སློབ་སྟོན་གནང་ཟེར་བ་ལྟ་བུའོ།།

 

                                                                                                                     འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060