| དང་པོ། དཀྱིལ་འཁོར་གྱི་བྱུང་ཚུལ་དང་དབྱེ་བ།
རྟེན་གཞལ་ཡས་ཁང་ངམ་དཀྱིལ་འཁོར་གྱི་ལོ་རྒྱུས་ལས་སྔོན་རྡོ་རྗེ་འཆང་གིས་《རྒྱུད》གསུང་པའི་ཚེ་རིང་ཉིད་ཡེ་ཤེས་དཀྱིལ་འཁོར་དུ་སྤྲུལ་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་བསྐུར་ཏེ་《རྒྱུད》བསྟན་པ་དང་། སངས་རྒྱས་སྤྲུལ་པའི་སྐུ་སྤྲུལ་པ་མཆོག་གི་དཀྱིལ་འཁོར་སྤྲུལ་ནས་གྲུབ་པའི་ས་ལ་གནས་པ་རྣམས་ལ་དབང་བསྐུར་བའི་དཀྱིལ་འཁོར་གྱི་རྣམ་གཞག་ནི་འཕགས་པ་ཁོ་ནའི་པ་ཁོ་ནའི་སྤྱོད་ཡུལ་ཏེ། སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པས། དེའི་རྣམ་གཞག་ནི་འདི་ཙམ་མོ་ཞེས་གཞག་དཀའ་བ་ཡིན་ཡང་། ལོག་པར་མི་བསྒྲུབ་པའི་ཕྱིར་འཕགས་ཡུལ་གྱི་མཁས་གྲུབ་དུ་མས། དབང་བསྐུར་བཞིའི་དཀྱིལ་འཁོར་ལ་དབྱེ་བ་གཉིས་ནས་བརྒྱད་ཀྱི་བར་དུ་རྣམ་གཞག་མཛད་དེ། 《ས་མྦུ་ཊ》ལས་བཅོས་མ་ཕྱིའི་དཀྱིལ་འཁོར་དང་གྲུབ་པ་ནང་གི་དཀྱིལ་འཁོར་གཉིས་སུ་གསུངས་པ་དང་། 《རིམ་ལྔ་》ལས་བསྐྱེད་རིམ་པའི་སློབ་དཔོན་ལ་རྡུལ་ཚོན་དང་། རྫོགས་རིམ་པའི་སློབ་དཔོན་ལ་སྒྱུ་མའི་དཀྱིལ་འཁོར་གཉིས་སུ་གསུངས་པ་སོགས་དབྱེ་བ་གཉིས་ཀྱི་ལུགས་དང་། དྲིལ་བུ་པས་དབང་རྟུལ་ལ་རས་བྲིས། དབང་འབྲིང་ལ་རྡུལ་ཚོན། དབང་རྣོན་ལ་ལུས་དཀྱིལ་གསུམ་དུ་གསུངས་པ་དང་། 《འདུས་པ》དང་《ཁ་སྦྱིར་》གྱི་རྒྱུད་ཕྱི་མ་ལས་ལུས་དཀྱིལ། བྷ་ག བྱང་ཆུང་སེམས་ཀྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་ལ་ཁ་ཅིག་གིས་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ཞེས་ཐ་སྙད་བཏགས་པར་མཛད་པ་དང་། སློབ་དཔོན་སངས་རྒྱས་གསང་བས། རང་བཞིན། ཏིང་འཛིན། གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་དང་། 《ར་ལི་སྐུ་གསུང་ཐུགས་ཀྱི་རྒྱུད》ལས། གདུལ་བྱའི་དབང་པོ་བྱེ་བྲག་གི །ཏིང་འཛིན་མེ་ཏོགས་རྡུལ་ཚོན་རིམ། །ཞེས་ཏིང་ངེ་འཛིན་དང་། མེ་ཏོག་ཚོམ་བུ་དང་དཀྱིལ་འཁོར་གསུམ་དུ་གསུངས་པ་སོགས་དབྱེ་བ་གསུམ་གྱི་ལུགས་མཐུན་ནོ། ཐུན་མོང་མ་ཡིན་པའི་མན་ངག་ལ་ནི་གང་ལས་ལེན་པའི་སྐུར་བྱེད་ཀྱི་དཀྱིལ་འཁོར་བཞི་དང་། གང་དུ་བསྐུར་བ་སྦྱང་གཞིའི་དཀྱིལ་འཁོར་བཞི་སྟེ་ཚན་པ་གཉིས་སུ་གསུང་པ་ལས། དང་པོ་ནི། ཕྱི་དབྱིབས་རྡུལ་ཚོན་གྱི་དཀྱིལ་འཁོར། རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་བཞིའོ། གཉིས་པ་ནི། སློབ་མའི་ལུས་རྩ། ཡི་གེ་བྷ་ག ཁམས་བདུད་རྩི། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་བཞིར་བཤད་པ་དང་མཆོག་དབང་ལ་དཀྱིལ་འཁོར་གསུམ་འཇིག་རྟེན་པའི་རྡུལ་ཚོན་དང་བཞིར་《དུས་འཁོར》སོགས་ལས་བཤད་པ་སོགས་དབྱེ་བ་བཞིར་གསུངས་པའི་ལུགས་དང་། ཤིན་ཏུ་ཟབ་པའི་མན་ངག་ལས་ནི་དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན་ཞེས། ཕྱི་དབྱིབས་རྡུལ་ཚོན། ལུས། བྷ་ག བྱང་ཆུབ་ཀྱི་སེམས། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་བཅས་ལྔ་དང་། ཡང་ན་རྡུལ་ཚོན། རས་བྲིས། ཡིད་དཀྱིལ། ལུས་དཀྱིལ་ཏེ་རྣམ་པ་བཞི་དང་ལྔ་སྟེ་དབྱེ་བ་གཉིས་གཉིས་སུ་གསུངས་པ་དང་། 《མངོན་བརྗོད་བླ་མ》ལས་ནི། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལས་ཀྱི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་བཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདི་དག་བྲིས་ནས་ནི། །རྟག་ཏུ་སྒྲུབ་ཅིང་མཆོད་པར་བྱ། །ཞེས་དྲུག་ཏུ་བཤད་པ་དང་། ཡང་ན། ཡེ་ཤེས་དང་། སྤྲུལ་པ་དང་། ཏིང་ངེ་འཛིན་དང་། རྡུལ་ཚོན་དང་། རས་བྲིས་དང་ལུས་ཀྱི་དཀྱིལ་འཁོར་བཅས་དབྱེ་བ་དྲུག་ཏུ་གསུངས་པ་དང་། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་འགའ་ཞིག་གིས། རས་བྲིས་དང་། རྡུལ་ཚོན། བསམ་གཏན། ལུས་དཀྱིལ། བྷ་ག་ཀུན་རྫོབ། བྱང་སེམས། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ཏེ་བདུན་དུ་བཤད་པ་དང་། ཀླུའི་བྱང་ཆུབ་ཀྱིས་ནི། སློབ་མའི་དོན་ཀུན་བསྒྲུབ་པའི་ཕྱིར། དཀྱིལ་འཁོར་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །ཕྱེ་མ་གཡོ་དང་ཕྱེ་མ་དང་། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་བརྒྱད་དུ་གསུངས་པ་ལ་སོགས་མཐའ་ཡས་པ་ཡོད་མོད་ཀྱང་། དེ་ལ་ཕལ་ཆེ་བ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པས་དབང་མ་ཐོབ་ན་བྱེད་དུ་མི་རུང་བས། རི་མོའི་ལམ་ནས་བྱེད་དུ་རུང་བའང་མ་ཡིན་ནོ། གཉིས་པ། བཟོ་བོས་བྱེད་རུང་བའི་དཀྱིལ་འཁོར་རིགས་གསུམ་བོད་དུ་བཞེངས་ཚུལ། བཟོ་བོས་བྱེད་དུ་རུང་བའི་དཀྱིལ་འཁོར་ནི། རྡུལ་ཚོན་དང་རས་བྲིས། སློབ་བསླངས་གསུམ་ཡིན་པར་གསུངས་པ་ལྟར་དེ་དག་བཞུགས་ཚུལ་གྱི་ངོ་སྤྲོད་དང་གཞི་ཐིག་གི་ལག་ལེན་ཉེར་མཁོ་འགའ་ཞིག་བཤད་པ་ལ། ལོ་རྒྱུས་ཆེན་མོ་ཁག་ཏུ། སྲོང་བཙན་ཡབ་ཡུམ་གྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཏུ། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར། དབུས་སུ་ངག་གི་དབང་ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚལ་དུ་མཛད་དེ་སྐྱེ་བོ་སྤྱིས་མི་མཐོང་བའི་ཕྱིར། ན་བུན་འཁྲིག་ཅིང་ཆར་ཟིམ་བུ་འབབ་པ་བྲིས་ཚུལ་འཁོད་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་སྤྲུལ་པའི་གཙུགས་ལག་ཁང་གི་དབྱིབས་བཀོད་སྡེ་སྣོད་གསུམ་དང་གསང་སྔགས་དཀྱིལ་འཁོར་གྱི་བཞེད་པ་ཡོངས་སུ་ཚང་བ་བཞེངས། བསམ་ཡས་ཀྱི་འཁོར་ས་ཆེན་མོ་བསྐོར་ཏེ་རྣམ་པར་སྣང་མཛད་ངན་སོང་སྦྱོང་བའི་ལྷ་དཀྱིལ་འཁོར་དུ་བཞེངས། བསམ་ཡས་བཞེངས་དུས་སློབ་དཔོན་པདྨ་རང་ཉིད་ཀྱིས་ཕྱག་གིས་དཀྱིལ་འཁོར་བྲིས་ཚལ《མཁས་པའི་དགའ་སྟོན》ལས་བཤད་ཅིང་། ལྷ་སའི་པོ་ཏཱ་ལ་ཕྱིའི་དབྱིབས་བོད་རྒྱལ་པོའི་ཕོ་བྲང་དང་ནང་གི་བཀོད་པ་ནང་པ་སངས་རྒྱས་པའི་གཙུགས་ལག་ཁག་གི་རྣམ་པ་གཉིས་ཟུང་དུ་འབྲེལ་བའི་ཐོག་ནང་གི་བཀོད་པ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་གྱི་འགྲོས་དང་ཡོངས་སུ་མཐུན་པར་བཞེངས་ཚུལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་《ཕོ་བྲང་པོ་ཏཱ་ལ》ཞེས་པ་ལས་གསུངས་པ་བཞིན། ད་ལྟ་འཛམ་གླིང་དུ་བཟོ་སྐྲུན་གྱི་བཀོད་པ་ལ་མཁས་པར་གྲགས་པ་དག་གིས་ཀྱང་མཐོང་བ་ཙམ་གྱིས་ངོ་མཚར་ཞིང་དཔའ་ཞུམ་པར་གྱུར་པའི་དཀྱིལ་འཁོར་གྱི་བཀོད་པའང་མང་། སྤྱིར་རས་བྲིས་སམ་ལྡེབས་བྲིས་ཀྱི་དཀྱིལ་འཁོར་བོད་ཀྱི་གཙུག་ལག་ཁང་ཀུན་ཏུ་ཡོད་པ་ལས་ཤིན་ཏུ་རྒྱས་པ་ནི་ས་སྐྱ་དང་ཞ་ལུ། ལ་དྭགས་སོགས་ཀྱི་གཙུག་ལག་ཁང་དུ་བཞུགས་པ་ཡིན་ཏེ། 《ས་སྐྱའི་གཙུག་ལག་ཁང་གི་ལོ་རྒྱུས》ལས་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་སྟེང་གི་ཐིག་གཡབ་ཀྱི་ལྡེབས་ཞལ་ཐོག་ཏུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་དགུང་གྲངས་སོ་བཞི་བཞེས་པ་རབ་བྱུང་ལྔ་བའི་ཤིང་ལུག་སྤྱི་ལོ1295ལོར་ཁོང་ཉིད་ཀྱི་ཞལ་བཀོད་བཞིན་བླ་མ་བློན་ཆེན་དང་སྤུར་ཡེ་ཤེས་རྒྱལ་མཚན་གཉིས་ཀྱིས་གཙོ་འགན་བཞེས་ཏེ་རྣལ་འབྱོར་རྒྱུད་མན་གྱི་དཀྱིལ་འཁོར་རགས་བསྡུས་སོ་སོར་བགྲངས་པས་དྲུག་བརྒྱ་སོ་དགུ་དང་དཀྱིལ་འཁོར་དངོས་ཆིག་བརྒྱ་ཞེ་བརྒྱད་བྲིས་ཞེས་དང་། ཡང་ཐིག་གཡབ་ནུབ་ཀྱི་སྐྱ་ལ་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་དང་ཀྱེ་རྡོར་འབྲེལ་ལུགས། ཀྱེ་རྡོར་མཚོ་སྐྱེས་ལུགས། ཀྱེ་རྡོར་ནག་པོའི་ལུགས་ཏེ་བཀའ་བབས་བཞིའི་དཀྱིལ་འཁོར་དང་གཞན་ཡང་རྡོར་དབྱིངས། དཔལ་མཆོག་དང་པོ་དང་རིགས་འདུས། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། དུས་འཁོར་ཀུན་རིག་རྡོ་རྗེ་བདག་མེད་མ། ཕུར་པ། ཡང་དག མར་མེ་དགུ་རིག་བྱེད་ལྷ་བཅུ་གསུམ་པ། ཕུར་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཁྲོ་བོ་བཅུས་བསྐོར་བ་སོགས་དཀྱིལ་འཁོར་དྲུག་ཅུ་རེ་ལྔ་བཞུགས་ཚུལ་འཁོད་པ་དང་། 《བུ་སྟོན་རྣམ་ཐར》ལས་སྐུ་ཞང་ཆེན་པོ་ཀུན་དགའ་དོན་གྲུབ་ཀྱིས་རྣལ་འབྱོར་རྒྱུད་ཀྱི་གཞལ་ཡས་ཁང་ཆེན་པོ་བཞེངས་སྐབས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་བཀོད་པ་མཛད་དེ། རྩ་རྒྱུད་ཀྱི་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ། བཤད་རྒྱུད་ཀྱི་དཀྱིལ་འཁོར་བརྒྱ་ཉེར་དགུ། དཔལ་མཆོག་གི་དཀྱིལ་འཁོར་བརྒྱད་ཅུ་རྩ་བཞི། སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས། རྡོ་རྗེ་སྙིང་པོའི་རྒྱན་གྱི་དཀྱིལ་འཁོར་སུམ་ཅུ་སོ་བདུན། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཉེར་བཞི་དང་གཙུག་ལག་དགུ་ལ་སོགས་ཀྱི་ལྷ་འབུམ་མཛད་ཅེས་དང་། ཡང་ཆོས་རྗེ་དེ་ཉིད་དཔོན་ཆེན་རྒྱལ་བཟང་གི་ཕྱོགས་སུ་གདན་དྲངས་ཏེ། ཕྱག་རྡོར་དབང་བསྐུར་བའི་དཀྱིལ་འཁོར་བཞི། རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་གསུམ། གཤིན་རྗེ་གཤེད་ཁྲོ་བོ་ཁྲོ་མོ་ཁམས་གསུམ་རྒྱལ་གྱི་དཀྱིལ་འཁོར་ལྔ། མི་གཡོ་བ་བརྟུལ་ཕོད་པའི་དཀྱིལ་འཁོར་ལྔ། འཇམ་དཔལ་རྩ་རྒྱུད་ཀྱི་དཀྱིལ་འཁོར་གསུམ། དམ་ཚིག་གསུམ་བཀོད་ཀྱི་དཀྱིལ་འཁོར་གཅིག སྲུང་བ་ལྔའི་དཀྱིལ་འཁོར་གཅིག འོད་ཟེར་ཅན་གྱི་དཀྱིལ་འཁོར་བཞི། གདུགས་དཀར་ཀྱི་དཀྱིལ་འཁོར་བཞི། དྲི་མེད་ཀྱི་དཀྱིལ་འཁོར་དགུ། མི་གཡོ་བའི་དཀྱིལ་འཁོར་གཅིག གཟའ་ཡུམ་གྱི་དཀྱིལ་འཁོར་གཅིག། ཚོགས་བདག་གི་དཀྱིལ་འཁོར་གཅིག་ལ་སོགས་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་མང་པོའི་ལྷ་འབུམ་པ་ཐམས་ཅད་ནི་རས་བྲིས་སམ་ལྡེབས་བྲིས་ཡིན་ནོ། དེ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བློས་བསླང་གི་དཀྱིལ་འཁོར་ཡང་མང་སྟེ། རྗེ་བཙུན་ཙོང་ཁ་པ་ཆེན་པོས་དགའ་ལྡན་སྒྲུབ་མཆོད་ཁང་དུ་ཟངས་གསེར་ལས་གྲུབ་པའི་གསང་འདུས་བློས་བསླང་གི་དཀྱིལ་འཁོར།དེའི་ཤར་དུ་བདེ་མཆོག་ལཱུ་ཨི་པའི་བློས་བསླང་གི་དཀྱིལ་འཁོར་ལྷ་དྲུག་ཅུ་རྩ་གཉིས། ནུབ་ཏུ་རྡོ་རྗེ་དབྱིངས་ཀྱི་བློས་བསླང་གི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་གསུམ་ཚད་ལྡན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་དང་བཅས་ངོ་མཚར་བ། རྗེ་རང་ཉིད་ཀྱི《རྣམ་ཐར》ལས་གསལ་བ་བཞིན་དང་། པོ་ཏཱ་ལའི་དུས་འཁོར་ལྷ་ཁང་དུ་ཟངས་གསེར་ལས་གྲུབ་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས་ཀྱི་བློས་བསླང་གི་དཀྱིལ་འཁོར་དང་། ཁམས་ཀ༔ཐོག་རྡོ་རྗེ་གདན་དུ་སྔོན་གཞི་ཙནྡ་ལ་བ་སོའི་རྐོ་དཀྲོལ་ཅན་གྱི་ཟངས་མདོག་དཔལ་རིའི་བློས་བསླང་གི་དཀྱིལ་འཁོར་དང་། དཀྱིལ་འཁོར་དེ་དུས་ཀྱི་དབང་གིས་འཇིག་མཐར། ཡང་སྐྱར་ཟངས་གསེར་གྱིས་བཞེངས་པོ་ངོ་མཚར་བ་དང་། པོ་ཏཱ་ལའི་གསེར་གདུང་དགེ་ལེགས་འདོད་འཇོའི་ལྷ་ཁང་དུ་མུ་ཏིག་ཁྲི་ཕྲག་གཉིས་གསེར་སྐུད་ཀྱིས་སྦྲེལ་བ་ལས་བསྒྲུབས་ཤིང་བཙུན་མོ་ཆེན་མོ་ཚི་ཤིས་ནས་རྒྱལ་དབང་བཅུ་གསུམ་པ་ལ་ཕུལ་བར་གྲགས་པའི་མུ་ཏིག་གི་དཀྱིལ་འཁོར་དང་། འབྲི་གུང་ཡང་སྒར་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་དུ། རྒྱུ་གསེར་དངུལ་ལས་གྲུབ་ཅིང་བཟོ་བཀོད་ཕུན་སུམ་ཚོགས་པའི་བདེ་མཆོག་བློས་བསླང་གི་དཀྱིལ་འཁོར་མཐོ་ཚད་ཁང་བརྩེགས་གསུམ་ཅན་དང་། གོང་གི་མི་འགྱུར་རྡོ་རྗེ་གདན་གྱི་གཙང་ཁང་གི་དབུ་གདུགས་སུ་གསེར་ཞུན་ལས་གྲུབ་པའི་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་རྣམ་པར་བཀྲ་བ་དང་། དེའི་དཀྱིལ་འཁོར་ལྷ་ཁང་དུ་ཙནྡན་དཀར་དམར་ལས་གྲུབ་པའི་དཀྱིལ་འཁོར་རིན་ཆེན་རིགས་ཀྱི་གྱེན་དུ་བསླང་པའམ་འབུར་དཀྱིལ་རྣམས་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བཞེངས་པའི་ཀ་སྦུགས་ཟངས་མདོག་དཔལ་རི། སྐུ་འབུམ་བྱམས་པ་གླིང་གི་འདུ་ཁང་དུ་འབྲས་སྤངས་དུས་ཀྱི་འཁོར་ལོ་རས་རིས་མ་དང་། དགོན་པ་འདིར་ཉེ་བའི་ལོ་ཤས་སྔོན་རྒྱ་ཡག་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཞེངས་པའི་དུས་འཁོར་ལྷ་ཁང་གི་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་ཆེན་མོ་སོགས་བགྲང་གིས་མི་ལང་ཞིང་། རྡུལ་ཚོན་གྱི་དཀྱིལ་འཁོར་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ནིས་སྒྲུབ་སྡེ་ཕལ་ཆེ་བ་ལ་ཁྱད་མོད། དེའི་ཚོན་རྩི་ལ་འབྱོར་བ་རབ་ཀྱིས་ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་སོགས་མཆོག་གི་རིན་པོ་ཆེའི་ཕྱེ་མ་དང་། འབྲིང་རྣམས་ཀྱིས་འབྲས་སོགས་འབྲུ་སྣ་ཚོགས་ཕྱེ་མ་ཁ་བསྒྱུར་པ་དང་། ཐ་མ་མེ་ཏོག་གི་ཕྱེ་མ་དང་ཁམས། ཅོང་ཞིའི་ཕྱེ་མ། བླ་མེད་ལ་དུར་ཁྲོད་གྱི་སོལ་བ་དང་རུས་ཕྱེ་ལ་སོགས་པས་བྲི་བར་གསུངས་པ་བཞིན། ད་ལྟའི་ལག་ལེན་ལ་རྡུལ་ཚོན་གྱི་རྒྱུ་དང་བཟོ་ཐབས་ཐམས་ཅད་སླ་ཆོས་དང་དེས་ཆོག་ཏུ་མ་སོང་བར་སོ་སོའི་ལག་རྒྱུན་ལྟར་བྱེད་པ་ལ། བརྟེན་པ་ལྷའི་དགོད་ཚུལ་ཡང་ཁ་ཅིག་གིས་སྐུ་ཁོ་ན་འབྲོ་དགོས་པར་འདོད་པ་དང་། ཕལ་ཆེ་བས་ཚོན་སྤུངས་སམ་ཐིག་ལེ་ཁོ་ནས་ཆོག་པར་འདོད་པ་སོགས་སྣང་བ་ལ། 《དུས་འཁོར་འགྲེལ་ཆེན》ལས། རྡུལ་ཚོན་གྱི་དཀྱིལ་འཁོར་ཕྱི་ཉི་མ་དང་ཟླ་བའི་གདན་རྣམས་རགས་པ་དང་། ཕྲ་བ་དང་། གཞན་གྱི་དབྱེ་བས་དགོད་པ་གསུམ་སྟེ། དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ། །ཕྲ་བའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ། །རགས་པའི་དབྱེ་བ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་གཟུགས་དགོད་པའོ། །ཞེས་གསུངས་པ་བཞིན་དེ་ཡང་གནས་དུས་དང་ཆོ་ག་རྒྱས་བསྡུས་ལ་གཞིགས་ནས་བྱ་བའོ།། མེ་ཏོག་དང་ཡང་ན་འབྲུ་སྣ་སོགས་ཀྱི་ཚོམ་བུ་དགོད་ཚུལ་ཡང་ཡོད་པ་ནི་གོང་གི་དཀྱིལ་འཁོར་གྱི་དབྱེ་བ་ལས་བཤད་ཟིན་པ་ལྟར་ལ། དཀྱིལ་འཁོར་དེ་རྣམས་ཀྱི་བསྟན་བཅོས་རྒྱས་པ་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་དུ་བཞུགས་པའི《དཀྱིལ་འཁོར་གྱི་ལོ་རྒྱུས》དང་། 《དཀྱིལ་འཁོར་གྱི་བསྟོད་པ།》《བྱ་སྤྱོད་རྣལ་འབྱོར་སོགས་ཀྱི་རྒྱུད་སྡེ་དཀྱིལ་འཁོར་རིགས་བཞེངས་ཐབས་ལྷ་གྲངས་དགོད་ཐབས་དང་བཅས་པ》དང་། ས་ལུགས་ཀྱི་《ཐིག་ཆོག་རྒྱ་མཚོ》དང་། རོང་པ་བསོད་ནམས་འོད་ཟེར་གྱིས་མཛད་པའི《རྟེན་གསུམ་གཞུགས་གནས་དང་བཅས་པའི་བཞེངས་ཚུལ་ཡོན་ཏན་འབྱུང་གནས》དང་། རྒྱུད་སྨད་ཏྲེ་ཧོར་སྔགས་རམས་པ་ཚུལ་ཁྲིམས་དར་རྒྱས་དང་བྱམས་པ་བཀྲ་ཤིས་གཉིས་ཀྱིས་མཛད་པའི་《ཐིག་གི་ལག་ལེན་དུ་མ་གསལ་བར་བྱེད་པའི་བཟོ་རིག་མཛེས་པའི་ཁ་རྒྱན》དང་། གཡུང་དྲུང་རྒྱལ་མཚན་གྱིས་མཛད་པའི་《ཟབ་ལམ་དཀྱིལ་འཁོར་རྒྱ་མཚོ་ཐིག་གི་རྣམ་བཤད》སོགས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱའོ།། འབྲུག་མོས་ཞུ་དག་བྱས།
|