| ཐུག་ཅེས་པ་ནི་གཡག་གི་རྩིད་པ་ནག་པོ་ལས་གྲུབ་པའི་ཐུག་རལ། ལྕགས། མེ་རི་གསུམ་དང་ལྡན་པ་ཞིག་ཡོད། དགོན་ཁང་གི་དབུ་རྩེར་ཐུག་འཛུགས་དགོས་དོན་ནི་ཆོས་སྐྱོང་སྲུང་མའི་རྟེན་གནས་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། དགོན་པའམ་ལྷ་ཁང་དེས་ཆོས་སྐྱོང་སྲུང་མ་གང་ཞིག་བརྟེན་གྱི་ཡོད་པ་དེའི་མཁར་ལ་བརྩི་ཞིང་། ཐུག་ཞེས་པ་དེ་རང་གར་བཙུགས་པས་མི་འགྲིག་པར། དེར་གཟུངས་དང་། སྲོག་ཤིང་། སྒྲུབ་བཞག་བཅས་བྱེད་དགོས་ཀྱི་ཡོད། ཐུགས་མང་ཆེ་བ་ཚོན་མདོག་ནག་པོ་ཡིན། འོན་ཀྱང་དགོན་པ་སོ་སོའི་སྲུང་མའི་ཞལ་མདོག་མི་འདྲ་བར་བརྟེན་ནས། ཚོན་མདོག་དཀར་པོ་དང་དམར་པོ་བཞེངས་བའང་འགའ་ཤས་མཐོང་རྒྱུ་ཡོད། ཡང་དེར་ཆོས་ཕྱི་པ་མུ་སྟེགས་པ་ནང་པ་སངས་རྒྱས་ལ་ཁུག་ནས་རང་གི་སྐྲ་ཕུད་ཆོས་ལ་ཕུལ་བའི་དོན་ལ་འཇུག་ཟེར་བ་དང་། ཚན་རིག་ཐོག་ནས་དགོན་པའི་བཟོ་བཀོད་ལ་ཐོག་གི་འཇིགས་པ་མི་ཡོང་བ་བྱེད་པའི་མཐུ་ནུས་ཡོད་གསུང་བ་ཡང་ཡོད། |