གནས་ཡུལ། མདུན་ངོས། ཆོས་ལུགས་ཀྱི་གྲུབ་མཐའ།
 
 
༄༅།།ཕྱི་ནང་གི་གྲུབ་མཐའི་ཁྱད་པར་གཙོ་བོ་ལྟ་བས་འབྱེད་པ་ཀུན་མཁྱེན་ཞལ་ལུང་།
སྤེལ་དུས།2008-03-24   ཡོང་ཁུངས་།   རྩོམ་པ་པོ། འཇམ་དཔལ་རྒྱ་མཚན།


                                    སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །
                                    རྩ་བའི་བླ་མ་ངག་དབང་ཕུན་ཚོགས་དང་། །
                                    བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོ་སོགས། །
                                    བཅུ་ཁྲག་བཤེས་གཉེན་ཞབས་རྡུལ་སྤྱི་བོར་མཆོད། ། 
                                    ལྷག་པའི་ལྷ་མཆོད་རྡོ་རྗེ་འཇིགས་བྱེད་དང་། །
                                    མྱུར་མཛད་མགོན་སོགས་བསྟན་སྲུང་ཚོགས་རྣམས་ཀྱིས། །
                                    བདག་དང་བདག་འདྲ་ནང་པར་རློམས་ཀྱང་རུང་། །
                                    ཕྱི་ནང་གྲུབ་མཐའི་ཁྱད་པར་མི་ཤེས་ཤིང་། །
                                    ཕྱི་ནང་གང་དུ་གནས་པ་མི་ཤེས་པས། །
                                    ཁྱད་པར་ཅུང་ཟད་བདག་གིས་འཆད་པར་བྱ། །
      འདིར་གང་འཆད་པར་བྱ་བ་ནི། ཕྱི་རོལ་པ་དང་ནང་པ་སངས་རྒྱས་པའི་ཁྱད་པར་དང་དེའི་གྲུབ་མཐའི་ཁྱད་པར་རོ། །འོ་ན་གང་འདྲ་ཞིག་ལ་ནང་པ་སངས་རྒྱས་པ་དང་། གང་འདྲ་ཞིག་ལ་དེའི་གྲུབ་མཐའ་ཟེར་གྱི་ཡོད་ཅེ་ན། འཆད་པར་བྱ་སྟེ། སྤྱི་དོན་དང་དོགས་པ་སེལ་བའོ། །དང་པོ་གྲུབ་མཐའི་ཐ་སྙད་ནི་ཐོག་མར་སུས་མཛད་པ་ཡིན། ཕྱི་རོལ་པ་ཁོ་ནས་སྒྲོ་བཏགས་པ་མིན་ནམ་ཞེ་ན། ཕྱི་རོལ་པ་ཁོ་ནས་སྒྲོ་བཏགས་པ་མ་ཡིན་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཐ་སྙན་དེ་མཛད་པ་ཡིན་ཏེ། མདོ་ལངས་གཤེགས་ལས། བློ་གྲོས་ཆེན་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཚུལ་ནི་རྣམ་པ་གཉིས་སོ། །འདི་ལྟ་སྟེ། བསྟན་པའི་ཚུལ་དང་། གྲུབ་པའི་མཐའ་སོ་སོར་བཞག་པའི་ཚུལ་ལོ། །དེ་ལ་བསྟན་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཆོས་སྣ་ཚོགས་ཀྱི་མདོ་བཤད་པ་སྟེ། སེམས་ཅན་རྣམས་ལ་སེམས་དང་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། །བློ་གྲོས་ཆེན་པོ་དེ་ལ་གྲུབ་པའི་མཐའི་ཚུལ་དང་ཞེ་ན། འདི་ལྟ་སྟེ། གང་གིས་རྣལ་འབྱོར་ཅན་རྣམས་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལྡོག་པ་བྱེད་པའོ། །ཞེས་པ་ནས། ངས་གྲུབ་པའི་མཐའ་བཤད་དོ། །   ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། ། བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་པ་ལ་གྲུབ་མཐའ་འོ། །  དེ་བཞིན་གཤེགས་པའམ་ཉི་མའི་སྙིང་བོ། ། ཞེས་གསུངས་པའི་ཕྱིར་རོ། །
      གྲུབ་མཐའི་དོན་ནི། རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་བཟློག་ནས་རང་གི་བློ་ངོར་ཡང་དག་པར་གྲུབ་པ་དེ། གྲུབ་མཐའི་དོན་ཡིན་ཏེ། མདོ་ལངས་གཤེགས་ལས། རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལྡོག་པར་བྱེད་པའོ།། ཞེས་དང་། ཤེས་རབ་སྒྲོན་མེ་ལས། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ། །ཞེས་དང་། དེའི་འགྲེལ་བཤད་ལས། དེ་ལ་མཛད་པའི་མཐའ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ་ཞེས་གསུངས་པ་ཡིན་ནོ། །གང་འདྲ་ཞིག་ལ་ནང་པ་སངས་རྒྱས་པ་ཟེར་བ་ཡིན་ཟེར་ན། རང་རྒྱུད་ལ་སྐྱབས་འགྲོ་རྣམ་པར་དག་པ་དང་ལྡན་པའི་གང་ཟག་དེ་ལ་ནང་པ་སངས་རྒྱས་པ་ཟེར་གྱི་ཡོད་བྱས་པ་ལ་སྐྱབས་འགྲོའི་ངོ་བོ་གང་ཡིན། ཁྱད་ཆོས་གང་འདྲ་ཡོད་ཅེ་ན། དེ་དག་ཁོ་བོས་སྔར་སྐྱབས་འགྲོའི་རྣམ་བཤད་དུ་བཤད་ཟིན་པས་འདིར་བཤད་མི་དགོས་སོ། མཁས་པ་ལ་ལས་སྟོན་པ་བཅོམ་ལྡན་འདས་ནང་པ་སངས་རྒྱས་པར་མི་རུང་བ་ཐལ། དེ་ལ་སྐྱབས་འགྲོ་མེད་པའི་ཕྱིར། གསུངས་པ་དོན་གང་ལ་དགོངས་པ་ཡིན་ནམ། ཡང་ན་ཁྱེད་ལ་སྐྱབས་འགྲོའི་དོན་འཕགས་པ་ཐོགས་མེད་ཀྱིས་བསྡུ་བར་བཤད་པ་ལས་དོན་གཞན་ཞིག་ཁྱེད་ལ་གསུངས་རྒྱུ་ཡོད་དམ། འོ་ན། བསྡུ་བར་གསུངས་པ་དེ་ཡིན་ནམ་སྟོན་པ་སངས་རྒྱས་ལ་སྐྱབས་འགྲོའི་ཁྱད་པར་བཞི་པོ་གང་མ་ཚང་དེ་བརྗོད་རིགས་སོ། ། ཡང་ན་སྐྱབས་འགྲོའི་སྒྲ་བཤད་མ་ཚང་བས་ཡིན་ནོ། །ཞེས་ན། ཧ་ཅང་ཐལ་ཏེ། ཉན་ཐོས་ཡིན་ན་གཞན་ལ་སྒྲོགས་པས་ཁྱབ་པ་ཐལ། ཉན་ཐོས་ཡིན་ན་ཁྱོད་ལ་ཁྱོད་ཀྱི་སྒྲ་བཤད་ཚང་དགོས་པའི་ཕྱིར་རྟགས་ཁས། འདོད་ན། གཟུགས་མེད་ཁམས་ཀྱི་ཉན་ཐོས་དང་། ཉན་ཐོས་མཉམ་བཞག་པ་རྣམས་ཀྱིས་མ་ངེས་ལ། མཚོ་སྐྱེས་ཡིན་ན། མཚོ་ལས་སྐྱེས་པ་སོགས་ཧ་ཅང་ཐལ་བའི་ཕྱིར་རོ། །ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་དེ། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་དོན་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མདོ་བཞིར་འདུས་པར་བྱ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་སོགས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཕྱག་རྒྱ་བཞི་ལྟ་བུའི་ལྟ་བ་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱི་ནང་འབྱེད་དགོས་ཏེ་ཞེས་གསུངས་པའི་ཕྱིར། དེས་ན་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོ་དང་། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་དགོས་པ་ཡིན། གཞན་སྡེའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ལྟ་བ་ནི་བདག་ཡོད་པར་སྨྲ་བ་ཤ་སྟག་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་ཕྱིན་བདག་མེད་པར་སྨྲ་བའི་ལྟ་བ་ཤ་སྟག་གོ །
      རྟག་པའི་ངོས་ལ་མ་རེག་པར། །
      དེ་ཡི་དངོས་མེད་འཛིན་མ་ཡུན། །ཞེས་པ་ལྟར་ལྟ་བའི་གོལ་ས་ངོས་འཛིན་དགོས་པ་ནི་གནད་ཤིན་ཏུ་ཆེ་བ་ཡིན་ནོ།།
    དང་པོ། གཞན་སྡེ་གྲངས་ཅན་པའི་ལུགས་ལ་བདག་ཡོད་པར་ཁས་བླངས་ཚུལ་ནི། བདག་ཁྱད་པར་དགུ་ལྡན་དུ་འདོད་དེ། ཤེས་པ་དང་། མི་སྐྱེས་པའི་ཆོས་ཅན་དང་། རྟག་པ་དང་། ཟབ་བ་པོ་དང་། ཁྱབ་པ་དང་། ཡོན་ཏན་མ་མིན་པ་དང་། གཅིག་པུ་དང་། མཐའ་མེད་པའི་མཚན་ཉིད་ཅན་དང་། བྱ་བ་མེད་པ་སྟེ་དགུ་དང་ལྡན་པའི་བདག་ཅིག་ཁས་ལེན་པ་ཡིན་ལ། བདག་དེ་ལ་དབྱེ་ན། སྤྱིའི་བློ་ངོར་གནས་པའི་བདག་དང་། དེར་མི་གནས་པའི་བདག་ཡན་གར་བ་ཞིག་དང་གཉིས་སུ་འདོད། མ་ཟད་བདག་དང་སྐྱེས་བུ་དང་ཤེས་པ་དང་རིག་པ་རྣམས་དོན་གཅིག་ཏུ་འདོད་དོ། །
   གཉིས་པ། རིག་བྱེད་མཐར་སྨྲ་བས། བདག་ཁྱད་པར་བརྒྱད་དང་ལྡན་པར་འདོད་དེ། དབང་ཕྱུག་གཅིག་པུ་དང་། འགྲོ་བ་ཐམས་ཅད་ལ་ཁྱབ་པ་དང་། ཉམས་པ་མེད་པས་རྟགས་པ་དང་། མྱ་ངན་ལས་འདས་པས་ཚངས་པ་དང་། ཕུལ་དུ་བྱུང་བས་མཆོག་དང་། འཆི་བ་མེད་པ་དང་། དམིགས་པའི་གནས་ཡིན་པའི་ཕྱིར་གནས་པ་དང་། འཇིག་པའི་སྔོན་རོལ་ནས་ཡོད་པ་སྟེ་བརྒྱད་དང་ལྡན་པའི་བདག་ཅིག་ཁས་ལེན་པ་ཡིན་ནོ། །
   གསུམ་པ། གཞན་སྡེ་གསང་བ་དང་། བདག་ས་ལ་སོགས་པའི་འབྱུང་བའི་བདག་ཉིད་དུ་གྱུར་པའི་ཤེས་པ་གཅིག་པུ། ངོ་བོ་རྟག་པ་ཞིག་ལ་བདག་ཏུ་འདོད་པ་ཡིན་ཏེ། སློབ་དཔོན་ཞི་བ་འཚོའི་ཚད་ཆེན་ལེའུ་བཅུ་གཅིག་པ་ལས། ས་དང་མེ་ཆུ་ལ་སོགས་པ། །དེ་ཤེས་རྟག་པའི་འཇུག་པ་འདི། །དེ་བདག་ཉིད་ཅན་བདག་ཡིན་ཞེས། །གཞན་དག་ཀྱང་ནི་སྨྲ་བར་བྱེད། ། ཅེས་གསུངས་པའི་ཕྱིར། །
   བཞི་པ། གཞན་སྡེ་དཔྱོད་པ་པས་བདག་ཅེས་བྱ་བ་ནི། གྲངས་ཅན་གྱིས་འདོད་པ་ལྟར་མ་ཡིན་པར་བློ་ཡི་ངོ་བོ་དང་སེམས་པ་ཅན་དུ་འདོད་པ་དང་། དབང་ཕྱུག་གི་འདོད་པ་ལྟར་བེམ་པོ་མ་ཡིན་པར་ཤེས་རིག་གི་ངོ་བོ་དང་། ནང་པ་སངས་རྒྱས་པ་ལྟར་མི་རྟག་པ་མ་ཡིན་པར་རྟག་པའི་ངོ་བོ་དང་། རྒྱང་འཕེན་པ་ལྟར་ལུས་སེམས་དབྱེར་མེད་མ་ཡིན་པར་ལུས་ལས་ཡན་གར་བའི་རྫས་ཡོད་དང་། རིག་པ་ཅན་པ་ལྟར་རྗེས་སུ་འགྲོ་བ་མེད་པ་མ་ཡིན་པར་བདེ་སྡུག་སོ་སོའི་དུས་ཀྱི་རྣམ་གྲངས་དང་གནས་སྐབས་མི་རྟག་ཀྱང་སྐྱེས་བུའི་ངོ་བོ་ལ་ཆ་སོགས་དབྱེར་མེད་གནས་སྐབས་ཙམ་གྱི་བདག་སོ་སོ་བར་འདོད་དེ། སློབ་དཔོན་ཞི་བ་འཚོའི་ཚད་ཆེན་ལེའུ་བརྒྱད་པ་ལས།
                                 གཞན་དག་བདག་ནི་ལྡོག་པ་དང་། །
                                 རྗེས་འགྲོ་བདག་ཉིད་ཅན་གྱིས་ནི། །
                                 སེམས་པའི་ངོ་བོ་ཉིད་དུ་འདོད། །
                                 སེམས་པ་བློ་ཡི་མཚན་ཉིད་ཅན། ། ཞེས་གསུངས་པའི་ཕྱིར།
    ལྔ་པ། གཞན་སྡེ་བྱེ་བྲག་པས་བདག་འདོད་ཚུལ་ནི་འདི་ལྟར། བདག་ནི་ལུས་དང་། དབང་པོ་དང་བློ་ལས་ཐ་དད་པའི་རྫས་ཡོད་དང་། ཟ་བ་པོ་དང་། བྱེད་པ་པོ་དང་། འདུས་མ་བྱས་སྟེ་མི་འཇིག་པ་དང་། རྟག་པ་དང་། ཤེས་རིག་མིན་པ་དང་། ཐམས་ཅད་དུ་ཁྱད་པ་དང་། ཆ་མེད་པའི་གཅིག་པུ་དང་། ཡོན་ཏན་དགུའི་རྟེན་འདུ་བའི་རྒྱུ་ཡིན་པ་སྟེ་ཁྱད་པར་དེ་དག་དང་ལྡན་པར་འདོད་དེ། སློབ་དཔོན་ཞི་བ་འཚོའི་ཚད་ཆེན་ལས།
                               གཞན་དག་ཀྱང་ནི་འདིར་བདག་ཉིད། །
                               འདོད་ལ་སོགས་པའི་རྟེན་གྱུར་བ། །
                               དེ་བཞིན་རྟག་ཀྱང་ཀུན་འཇུག་ཅན། །
                               རང་ཉིད་སེམས་མེད་བེམ་པོར་འདོད། ། ཅེས་གསུངས་པའི་ཕྱིར།
    དྲུག་པ། གཞན་སྡེ་རིག་པ་ཅན་གྱི་བདག་འདོད་ཚུལ་ནི། འཕགས་པ་ལྷའི་ཞལ་ནས།ཤེས་ཡོད་ཡིད་ཙམ་ཞིག་ལ་སྟེ། །
སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ། །ཞེས་གསུངས་པ་ལྟར་སྲོག་ཆགས་ཐམས་ཅད་ལ་ཡོད་པའི་བདག་ནི་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པ་ཡིན་ལ། ཡིད་ཙམ་ལ་ཡོད་པའི་བདག་ནི། རྡུལ་ཕྲ་རབ་ཙམ་དུ་འདོད་པ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། སྲོག་ཆགས་ཐམས་ཅད་ལུས་རེ་རེ་ཞིང་ཡོད་པའི་བདག་ནི་ནམ་མཁའ་ལྟར་ཁྱབ་པ་ཡིན། དེའི་ཡིད་ཙམ་ལ་ལྡན་པ་ཤེས་པ་ཡོད་པ་ནི་ཐམས་ཅད་ལ་ཁྱབ་པ་མིན་ནོ། །ཡིད་ཀྱང་བདག་གི་ཕྱོགས་རྡུལ་ཕྲ་རབ་ཙམ་ཉིད་ལ་ལྡན་པ་ཞིག་སྟེ་ཞེས་གསུངས་པའི་ཕྱིར།
བདུན་པ། གཅེར་པུ་པས་བདག་འདོད་ཚུལ་ནི། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས།
                               རྒྱལ་དཔོག་པ་བཞིན་རྒྱལ་བ་ཡང། །
                               རྫས་དང་རྣམ་གྲངས་ངོ་བོ་ཡིས། །
                               ལྡོག་དང་རྗེས་འགྲོའི་བདག་ཉིད་ཅན། །
                               སྐྱེས་བུ་ཤེས་པའི་མཚན་ཉིད་སྨྲ། །
   ཞེས་གསུངས་པ་ལྟར། བདག་ཉིད་རྫས་ཀྱི་ངོ་བོས་རྟག་པ་དང་། རྣམ་གྲངས་ཀྱི་ངོ་བོས་མི་རྟག་པ་དང་དེ་གཉིས་རིམ་བཞིན་གནས་སྐབས་དང་ཐམས་ཅད་དུ་རྗེས་སུ་འགྲོ་བ་དང་གནས་སྐབས་སོ་སོར་ལྡོག་པར་འགྱུར་བ་དང་དེ་ཡང་བདག་དེ་ཡི་ངོ་བོ་ཤེས་པ་དང་སེམས་པའི་བདག་ཉིད་ཅན་དུ་འདོད་པ་ཡིན་ཏེ། ཚད་ཆེན་དཀའ་འགྲེལ་ལས་། དེ་དག་ནི་ཇི་སྐད་དུ་བདག་ནི་སེམས་ཀྱི་མཚན་ཉིད་ཁོ་ན་ཡིན་ཏེ། དེ་ཡང་རྫས་ཀྱི་ངོ་བོས་གནས་སྐབས་ཅན་ཐ་མི་དད་པའི་ཕྱིར། རྗེས་སུ་འགྲོ་བའི་བདག་ཉིད་ཁོ་ན་ཡིན་ལ། རྣམ་གྲངས་པའི་ངོ་བོས་ནི་གནས་སྐབས་རེ་རེ་ལ་ཐ་དད་པའི་ཕྱིར་ལོག་པའི་བདག་ཉིད་ཡིན་པར་སྨྲའོ་ཞེས་གསུངས་པའི་ཕྱིར།
བརྒྱད་པ། རྒྱང་འཕེན་པས་བདག་འདོད་ཚུལ་ནི། ལུགས་འདི་ལ་སྐྱེ་བ་ལྔ་ཕྱི་ཁས་མི་ལེན་ཀྱང་ཚེ་འདིའི་བདེ་སྡུག་འདོར་ལེན་བྱེད་པ་པོའི་བདག་ཅིག་འདོད་དགོས་པ་ཡིན་ལ་དེ་ཡང་འཇལ་བྱེད་མངོན་སུམ་ཚད་མ་གཅིག་པུ་ལས་མེད་པའི་ཕྱིར་ན། དབང་པོའི་སྤྱོད་ཡུལ་གྱི་ལུས་སེམས་ཙམ་ལ་བདག་ཏུ་འདོད་པར་མངོན་ཏེ། དེ་ཉིད་ཀྱི་སྟོན་པ་འཇིག་རྟེན་མིག་གི་གཞུང་ལས།
                             ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །
                             སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །
ཅེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས། །
                             ལུས་སེམས་ཙམ་བདག་ཞིག་ཕྱིར་སྔ་ཕྱི་མེད། །
                             སེམས་ལུས་ཐ་དད་ལ་བརྟེན་རྒྱུད་གཅིག་མིན། །
                             འབྱུང་ལས་སེམས་སྐྱེས་མྱང་འདས་དངོས་པོ་མེད། །
ཅེས་གསུངས་པའི་ཕྱིར། གཞན་སྡེ་རྟག་སྨྲ་བ་དང་ཆད་སྨྲ་བ་གཉིས་ཀས་བདག་ཁས་ལེན་པ་ནི། དཔལ་ལྡན་ཟླ་བ་གྲགས་པས། དེ་དབྱེའི་ཅུང་ཟད་ཅུང་ཟད་ལ་བརྟེན་ནས།།
    མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་དང་། འཇུག་པའི་རང་འགྲེལ་ལས། བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་རྣམས་ནི་ཕན་ཚུན་ཐ་དད་པ་ཉིད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར།
                               རྟག་བདག་སྦམ་ཤད་སྒྱུ་མའི་ཟློས་གར་འདི། །
                               རིགས་པས་དཔྱད་ན་འཐད་པར་མ་མཐོང་ཡང་། །
                               ཡང་དག་ལྟ་བའི་གོལ་ས་ངོས་འཛིན་ཆེད། །
                               བཤད་པ་འདི་ནི་ཤེས་ལྡན་སུ་ཡིས་འགོག །
                               ཡང་དག་ལྟ་བའི་གོལ་ས་ངོས་འཛིན་པ། །
                               ཅིས་ཀྱང་གནད་དུ་ཆེ་ཞེས་རྒྱ་བོད་ཀྱི། །
                               གཞུང་ལུགས་རྒྱ་མཚོ་ལྟ་བུ་རྣམས་སུ་ཡང་། །
                               ལན་གཅིག་མིན་པར་གསུངས་པར་གནད་ཅིག་ཡོད། །
                      ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
      ཁ་ཅིག་གིས། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིན་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པ་དེ་མི་འཐད་པ་ཐལ། རང་སྡེ་གནས་མ་བུ་བས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་ཕྱག་རྒྱ་གསུམ་པ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁས་མི་ལེན་པའི་ཕྱིར་ཟེར། འོ་ན། གནས་མ་བུ་པས།
གོང་དུ་ཤད་པ་ལྟར། མུ་སྟེགས་པས་འདོད་པའི་རྟག་པ་དང་། ཕུང་པོ་ལས་ངོ་བོ་ཐ་དད་པ་དང་ཆ་ཤས་མེད་པའི་གཅིག་པུ་སྟེ་ཁྱད་པར་གསུམ་ལྡན་གྱི་བདག་དེ་ཁས་ལེན་པ་ཐལ། ཕྱག་རྒྱ་བཞིའི་ནང་གི་ཕྱག་རྒྱ་གསུམ་པའི་ལྡོག་ཆ་ཁས་ལེན་ན་མུ་སྟེགས་པས་སྒྲོ་བཏགས་པ་ལྟར་ཁྱད་པར་གསུམ་ལྡན་གྱི་བདག་ཅིག་ཁས་ལེན་དགོས་པའི་ཕྱིར། དེ་འདྲའི་བདག་ཅིག་ཁས་ལེན་པར་འདོད་ན། གནས་མ་བུ་བས། གང་ཟག་དེ་ཕུང་པོ་ལས་ངོ་བོ་ཐམས་ཅད་བདག་མེད་པར་གསུངས་པ་དང་འགལ་ལ་གང་ཟག་དེ་ཕུང་པོ་དང་གཅིག་ཡིན་ན། གང་ཟག་དེ་ལ་ཕུང་པོ་བཞི་འམ་ལྔ་སོགས་ཕུང་པོ་དུ་མ་ཡོད་པ་དེ་བཞིན་དུ་གང་ཟག་དེ་ཉིད་ཀྱང་བཞི་འམ་ལྔ་སོགས་དུ་མར་འགྱུར་བའི་གནོད་པ་མཐོང་ནས་བདག་བརྗོད་དུ་མེད་པ་མཛེས་ཞེས་སྨྲ་དགོས་དོན་མེད་པའི་ཕྱིར། ཚད་མའི་དེ་ཉིད་ལས།
                                མུ་སྟེགས་པ་ལྟར་ཐལ་འགྱུར་ཕྱིར། །
                                གང་ཟག་ཕུང་པོ་ལས་གཞན་མིན། །
                                 དུ་མར་སོགས་འགྱུར་ཕྱིར་དེ་ཉིད། །
                                མ་ཡིན་དེ་ཕྱིར་བརྗོད་མེད་ལེགས། །
ཞེས་དང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀའ་འགྲེལ་ལས། ཅི་སྟེ་གང་ཟག་བརྗོད་དུ་མེད་པ་ཉིད་ལ་རིགས་པ་གང་ཡིན་ཞེ་ན། ཞེས་པ་ནས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་དང་འགལ་ལོ་ཞེས་དང་ཀུན་མཁྱེན་འཇམ་དབྱངས་བཞད་པས།  མང་བཀུར་སྡེ་ལྔས་བརྗོད་མེད་བདག་སྨྲ་ཡང། །གསུམ་ལྡན་བདག་མེད་ཀུན་མཚུངས་དེ་གཞན་མིན། །ཞེས་གསུངས་པའི་ཕྱིར། མ་ཟད་བྱེ་སྨྲའི་གཞུང་གང་ནས་ཀྱང་ཁྱད་པར་གསུམ་ལྡན་གྱི་བདག་ཡོད་པ་ཟུར་ཙམ་ཡང་མ་གསུངས་པའི་ཕྱིར། ཁ་ཅིག་གིས། གནས་མ་བུ་པས། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་ཏེ། འཇུག་པ་ལས།
      ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །
     ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། ། ཅེས་གསུངས་པའི་ཕྱིར། ཞེས་ཟེར་བ་ཡིན། འཇུག་པའི་དོན་ཐལ་འགྱུར་བ་ལྟར་ན། རྫས་ཡོད་ཁས་བླངས་པར་སོང་བའི་དོན་ཡིན་ནོ། །དེས་ན་གང་ཟག་དེ་ཁོ་རང་ལུགས་ཀྱི་རྫས་ཡོད་དུ་ཡོད་པར་མི་འདོད་པ་དང་། ཐལ་འགྱུར་བ་ལྟར་ན་གྲུབ་མཐའ་གོང་མའི་རྫས་ཡོད་ཁས་བླངས་པར་སོང་བའི་ཁྱད་པར་འདི་མ་ཤེས་པས། འཆལ་གཏམ་སྣ་ཚོགས་པ་འདི་སྨྲ་དགོས་པ་བྱུང་བ་ཡིན་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པས། ཁ་ཅིག་དེ་ཉིད་ཞེས་པ་ནས་ཁྱད་པར་མ་ཤེས་པའི་ འཆམ་གཏམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱེད་ཅག་སེམས་རྣལ་དུ་ཕབ་སྟེ་མཛོད་འགྲེལ་རྒྱལ་སྲས་མ་སོགས་མངོན་པ་འོག་མའི་གཞུང་ལུགས་རྣམས་སུ་ཞིབ་པར་གཟིགས་ན་དེ་ཉིད་ཀྱི་ལྟ་བ་ཕྱི་རོལ་པ་མིན་པ་མ་ཟད། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་མི་ལེན་པ་ཏན་ཏན་གསལ་པོ་མཁྱེན་ངེས་རེད། རང་ལུགས་ལ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་དེ། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། ཕྱག་རྒྱ་བཞི་ནི་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་དགེ་བའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོ་བཞིར་འདུས་པར་བྱ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ་ཞེས་གསུངས་པའི་ཕྱིར། ནང་པའི་གྲུབ་མཐའ་སྨྲ་བ་དེ་ལ་དབྱེ་ན་བཞི་ཡོད་དེ། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའམ་དཔེ་སྟོན་པ། སེམས་ཙམ་པ་དང་། དབུ་མ་པ་དང་བཞི་ཡོད་པའི་ཕྱིར། དེ་ལྟར་བཞིར་གྲངས་ངེས་པ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས། རང་སྡེ་བྱེ་སྨྲ་མདོ་སེམས་དབུ་མ་པ། །བཞིར་ངེས་འདིར་ནི་གྲུབ་མཐའ་ལྔ་མིན་གསུངས།  །ཞེས་གསུངས་པའི་ཕྱིར།
     དང་པོ། བྱེ་བྲག་སྨྲ་བའི་གྲུབ་མཐའི་མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི་ཡོད་པ་ལས། ༡ རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དེ། བྱེ་བྲག་སྨྲ་བའི་མཚན་ཉིད་ཡིན། ༢ དེ་ལ་དབྱེ་ན། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཉི་འོག་པ་དང་། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དང་གསུམ་ཡོད། ༣ སྒྲ་བཤད་ནི་སློང་དཔོན་ཆོས་ཤེས་ཆོས་ཅན་བྱེ་བྲག་ཏུ་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་སམ་བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན། བྱེ་བྲག་ཏུ་སྨྲ་བ་ཞེས་བརྗོད་པའི་ཕྱིར། ༤ འདོད་ཚུལ་ལ་གཞིའི་འདོད་ཚུལ་དང་། ལམ་གྱི་འདོད་ཚུལ་དང་། འབྲས་བུའི་འདོད་ཚུལ་དང་བཅས་གསུམ་ཡོད་པ་ལས་འདིར་སྐབས་སུ་བབས་པ་ནི། ལམ་གྱི་དམིགས་པ་བཤད་དགོས་པ་ཡིན་པས་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་འདི་ལ། བདེན་བཞི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ནི་ལམ་གྱི་དམིགས་པ་ཡིན་ལ། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་ཁས་ལེན་པ་ཡིན་ནོ། །
      གཉིས་པ། མདོ་སྡེ་བའི་གྲུབ་མཐའི་མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་བཞི་ལས། ༡ རང་རིག་དང་ཕྱི་དོན་གཉིས་ཀ་བདེན་ཞེན་གྱི་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན། མདོ་སྡེ་པ་དང་། དཔེ་སྟོན་པ་དོན་གཅིག་ཡིན།  ༢ མདོ་སྡེ་པ་དེ་ལ་དབྱེ་ན། ལུས་ཀྱི་རྗེས་འབྲང་གི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་གཉིས་ཡོད། ༣ སྒྲ་བཤད་ནི། མདོ་སྡེ་པ་དང་དཔེ་སྟོན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ་བྱེ་བྲག་ཏུ་བཤད་པའི་རྗེས་སུ་མི་འབྲང་བར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པས་ན་དཔེ་སྟོན་པ་ཞེས་བརྗོད་པ་ཡིན། ༤ འདོད་ཚུལ་ལ་གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་ཡོད་པ་ལས་སྐབས་བབ་ལམ་གྱི་དམིགས་པ་ནི་བདེན་བཞི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལམ་གྱི་དམིགས་པ་ཡིན་ལ། མདོ་སྡེ་པའི་ལུགས་འདི་ལ་ཡང། བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད། གང་ཟག་གི་བདག་མེད་ལ་ཕྲ་རགས་གཉིས་ཀྱི་ཁྱད་ཕྱེ་ཡོད་དེ། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་དེ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོར་ཁས་ལེན་པ་ཡིན་ནོ། །
གསུམ་པ། སེམས་ཙམ་པའི་གྲུབ་མཐའི་མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་བཞི་ལས།
     ༡ ཕྱི་དོན་ཁས་མི་ལེན་ཞིང་གཞན་དབང་བདེན་གྲུབ་ཏུ་འདོད་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན། ༢ སེམས་ཙམ་པ་དེ་ལ་དབྱེ་ན་སེམས་ཙམ་རྣམ་བདེན་པ་དང་། སེམས་ཙམ་རྣམ་བརྫུན་པ་གཉིས་ཡོད་པ་ཡིན། ༣ སྒྲ་བཤད་ནི་ཅིའི་ཕྱིར་སེམས་ཙམ་པ་ཞེས་བརྗོད་ཅེ་ན། ཆོས་ཐམས་ཅད་ནང་སེམས་ཙམ་གྱི་བདག་ཉིད་དུ་སྨྲ་བས་ན་སེམས་ཙམ་པ་ཞེས་བརྗོད་པ་ཡིན། ༤ འདོད་ཚུལ་བདེན་བཞི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལམ་གྱི་དམིགས་པ་དང་། གང་ཟག་རྟག་གཅིག་རང་དབང་ཅིག་གི་བདག་གིས་སྟོང་པ་གང་ཟག་གི་བདག་མེད་རགས་པ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཀྱང་བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་མི་འདོད་དེ་ལུགས་འདི་ནས་བཟུང་ཆོས་ཀྱི་བདག་མེད་ཁས་ལེན་པ་ཡིན། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་གཉིས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད། མ་ཟད་ལུགས་འདིར་གང་ཟག་གི་བདག་མེད་ཕྲ་མོ་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ཀར་སྟོང་ཉིད་དུ་ཁས་ལེན་པ་ཡིན་ནོ། །
       བཞི་པ། དབུ་མ་པའི་གྲུབ་མཐའི་མཚན་ཉིད། དབྱེ་བ། སྒྲ་བཤད། ཕྱེ་བ་སོ་སོའི་དོན་བཤད་པ་བཞི་ལས། ༡ བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། དབུ་མ་པའི་མཚན་ཉིད་ཡིན། ༢ དབུ་མ་པ་དེ་ལ་དབྱེ་ན། དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་པ་གཉིས་ཡིན། ༣ སྒྲ་བཤད་ནི་ཅིའི་ཕྱིར་དབུ་མ་པ་ཞེས་བརྗོད་ཅེ་ན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་ཞེས་བརྗོད་པ་ཡིན། ༤ ཕྱེ་བ་སོ་སོའི་དོན་བཤད་པ་ལ་གཉིས། དབུ་མ་རང་རྒྱུད་པའི་ལུགས་བཤད་པ་དང་། དབུ་མ་ཐལ་འགྱུར་བའི་ལུགས་བཤད་པའོ། །དབུ་མ་རང་རྒྱུད་པའི་ལུགས་བཤད་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། གྲུབ་མཐའི་འདོད་ཚུལ་དང་བཞི་ཡོད་པ་ལས། ༡ རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། དབུ་མ་རང་རྒྱུད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ༢ སྒྲ་བཤད་ནི། སློབ་དཔོན་ལེགས་ལྡན་འབྱེད་ཆོས་ཅན། ཁྱེད་ལ་དབུ་མ་རང་རྒྱུད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན། དབུ་མ་རང་རྒྱུད་པ་ཞེས་བརྗོད་པ་ཡིན། ༣ དབུ་མ་རང་རྒྱུད་པ་དེ་ལ་དབྱེ་ན་གཉིས་ཡོད་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གཉིས་སུ་དབྱེ་ཡོད། ཕྱི་དོན་ཁས་མི་ལེན་ཞིང་རང་རིག་ཁས་ལེན་པའི་དབུ་མ་པ་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད་ཡིན། མཚན་གཞི་སློབ་དཔོན་ཞི་བ་འཚོ་ལྟ་བུ། སློབ་དཔོན་ཞི་བ་འཚོ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་གཞིའི་རྣམ་བཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པའི་དབུ་མ་པ་ཡིན་པས་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་པ་ཡིན་ནོ། །རང་རིག་ཁས་མི་ལེན་ཞིང་ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་དབུ་མ་པ་དེ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད་ཡིན། མཚན་གཞི་སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ། སློབ་དཔོན་ལེགས་ལྡན་འབྱེད་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པས་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་པ་ཡིན་ནོ།།
      བཞི་པ་གྲུབ་མཐའི་འདོད་ཚུལ་བཤད་པ་ལ་གཉིས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་བཤད་པའོ། །དང་པོ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་དོ། །གཉིས་པ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ། ལམ་གྱི་དམིགས་པ་ཕལ་ཆེ་བ་རྣལ་འབྱོར་པའི་དབུ་མ་རང་རྒྱུད་པ་དང་འདྲ་ལ། མི་འདྲ་བའི་རྫས་ཁྱད་པར་ནི། ཉན་རང་རིགས་ངེས་ལ་ཆོས་ཀྱི་བདག་མེད་ཕྲ་རགས་གང་ཡང་རྟོགས་མེད་ལ་གཟུགས་འཛིན་གཞན་གྱིས་སྟོང་པ་རྟོགས་པའི་ཡེ་ཤེས་ཀྱང་ཁས་མི་ལེན་ལ། ཕྱི་རོལ་དོན་འཛིན་གྱི་རྟོག་པའང་ཤེས་སྒྲིབ་རུ་མི་འདོད། ཉན་རང་གཉིས་ཀྱི་རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་པས་ཉན་རང་གཉིས་ལ་རྟོགས་རིགས་མི་འདྲ་བ་མེད་དོ། །གཉིས་པ་དབུ་མ་ཐལ་འགྱུར་བའི་ལུགས་ལ། མཚན་ཉིད། སྒྲ་བཤད། འདོད་ཚུལ་གསུམ་ལས། ༡ རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་དུ་ཡང་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། དབུ་མ་ཐལ་འགྱུར་བའི་མཚན་ཉིད་ཡིན། མཚན་གཞི། སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་གྲགས། ཞི་བ་ལྷ་ལྟ་བུའོ།། ༢ སྒྲ་བཤད་ནི་དེ་རྣམས་ལ་ཐལ་འགྱུར་བ་ཞེས་བརྗོད་པའི་རྒྱུ་མཚན་ནི་ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན། ཐལ་འགྱུར་བ་ཞེས་བརྗོད་པ་ཡིན། ༣ འདོད་ཚུལ་ནི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་བདེན་གྲུབ་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་འདོད།
      བདག་མེད་ཕྲ་མོ་གཉིས་ཀྱི་ཁྱད་པར་སྟོང་གཞིའི་སྒོ་ནས་འབྱེད་པ་ཡིན་གྱི། དགག་བྱའི་སྒོ་ནས་མི་འབྱེད་དེ་གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པའི་མེད་དགག་དེ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཞི་གང་ཟག་ལས་གཞན་པའི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པའི་མེད་དགག་དེ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པ་ཙམ་དུ་མ་ཟད་བདག་མེད་ཕྲ་མོ་གཉིས་ཀ་གནས་ལུགས་མཐར་ཐུག་ཏུ་ཞལ་གྱིས་བཞེས་པ་ཡིན་ནོ། །དོན་བསྡུས་ན་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཚུལ་ནི་གྲུབ་མཐའ་རྩ་བ་ལས། བསྟན་དང་སྟོན་པ་ལྟ་བས་ཕྱི་ནང་གཉིས།། ཞེས་གསུངས་པ་ལས། ལྟ་བའི་སྒོ་ནས་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཚུལ་གཙོ་བོ་རགས་བསྡུས་ཙམ་ཞིག་བཤད་ཟིན་པ་ཡིན་ལ། སྟོན་པའི་སྒོ་ནས་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི། རང་སྡེ་ནང་པ་སངས་རྒྱས་པ་རྣམས་ཀྱི་སྟོན་པ་ནི་དེ་ལས་ལྡོག་པ་ཙམ་དུ་མ་ཟད་སྟོན་པ་ཙམ་ཡང་མ་ཡིན་པའི་ཕྱིར་ཏེ། རྗེ་བླ་མ་བློ་བཟང་གྲགས་པའི་དཔལ་གྱིས། ཝ་སྐྱེས་ལ་ནི་སེང་གེ་བཞིན། མུ་སྟེགས་ཅན་ལའང་གཅམ་བུའི་ཚིག ། ཅེས་གསུངས་པའི་ཕྱིར། བསྟན་པའི་སྒོ་ནས་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཚུལ་ནི་རང་སྡེ་ནང་པ་སངས་རྒྱས་པ་རྣམས་ཀྱི་བསྟན་པ་ནི་སེམས་ཅན་ཐམས་ཅད་ལ་འཚེ་བ་མེད་ཅིང་སྙིང་རྗེས་རབ་ཏུ་ཕྱེ་བའི་བསྟན་པ་ཡིན་ལ། གཞན་སྡེ་ཕྱི་རོལ་པ་རྣམས་སུ་གཟིགས་ན་སེམས་ཅན་ལ་འཚེ་བ་དང་བཅས་པའི་བསྟན་པ་ཡིན་ཏེ་གཞན་སྡེའི་གཞུང་ལུགས་རྣམས་སུ་གཟིགས་ན་སེམས་ཅན་ལ་འཚེ་བ་དང་ཚུལ་གསལ་པོ་མཁྱེན་ངེས་རེད། །ཞར་བྱུང་དྭོགས་པ་དཔྱད་པ་ལ་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ།  །ཞེས་པའི་མདོ་འདི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་བདག་འཇོག་ཚུལ་སྟོན་པའི་མདོའི་ཁུངས་གཏུགས་ས་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། འདི་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་བཅིངས་གྲོལ་གྱི་གཞིའི་ང་འམ་བདག་དང་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་མཚན་གཞིའི་ངའང་བདག་གཏན་ལ་འབེབ་པའི་ཁུངས་གཏུགས་སའི་མདོ་ཡིན་གྱི། དགག་བྱའི་བདག་ཡོད་པར་གཏན་ལ་ཕབ་པའི་ཁུངས་གཏུགས་སའི་མདོ་གཏན་ནས་མ་ཡིན་ནོ། །འོ་ན་བདག་མེད་གཏན་ལ་ཕབ་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་བཅིངས་གྲོལ་གྱི་གཞིའི་བདག་གམ་ང་དང་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་བདག་ཡོད་པར་ཁས་ལེན་ནམ་ཞེས་ན། ཁས་ལེན་པ་ཤ་སྟག་གོ ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་བདག་ཁས་ལེན་ཚུལ་ལ་རང་སྡེ་བྱེ་བྲག་སྨྲ་བ་སོགས་གྲུབ་མཐའ་བཞིའི་འདོད་ཚུལ་མི་འདྲ་བ་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་འདིར་མང་བར་གྱུར་བས་མ་བྲིས་ལ་རྗེས་སུ་འཆད་པར་འགྱུར་རོ། ། ། །
                                  འདིར་འབད་འཐོབ་པའི་རྣམ་དཀར་དགེ་ཚོགས་ཀྱིས། །
                                  བཤེས་གཉེན་དམ་པའི་སྐུ་ཚེ་རབ་བརྟན་ཅིང་། །
                                  ལུས་ཅན་སྤྱི་དང་ཁྱད་པར་གཞོན་སྐྱེས་རྣམས། །
                                  ཕྱི་ནང་གྲུབ་མཐའི་ཁྱད་པར་ལེགས་རྟོགས་ཏེ། །
                                  འཇུག་སྒོ་མ་ནོར་བཤེས་གཉེན་ཚུལ་བཞིན་བསྟེན། །
                                  འཁོར་བར་དགའ་ཚལ་བལྟ་བའི་བློ་སྤངས་ནས། །
                                  སྒོ་གསུམ་ཕྱིན་དྲུག་སྤྱོད་པར་ལེགས་བསླབ་སྟེ། །
                                  རྣམ་ཀུན་མཁྱེན་པའི་གོ་འཕང་མྱུར་འཐོབ་ཤོག ། ། །

                                                        ཁོན་ཐར་གྱིས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060