གནས་ཡུལ། མདུན་ངོས། ཆོས་ལུགས་ཀྱི་གྲུབ་མཐའ།
 
 
༄༅།། བཀའ་བརྒྱུད་རིན་པོ་ཆེའི་སྙན་རྒྱུད་བྱ་ཆས་ཀྱི་རྣམ་བཤད།
སྤེལ་དུས།2008-03-25   ཡོང་ཁུངས་།   རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།

            ༈རྟེན་འབྲེལ་གནས་ལུགས་ཟབ་མོ་ཇི་བཞིན་གཟིགས།། རྟེན་འབྲེལ་གཤིས་བབ་འགྲོ་ལ་ཇི་བཞིན་བསྟན།། རྟེན་འབྲེལ་འཁོར་འདས་ཆོས་རྣམས་ཇི་བཞིན་མཁྱེན།། རྟེན་འབྲེལ་མཐར་ཕྱིན་ཤཱཀྱའི་སྲས་དེར་འདུད།། རྟེན་འབྲེལ་མཐར་ཕྱིན་བཀའ་བརྒྱུད་རིན་པོ་ཆེས།། རྟེན་འབྲེལ་ཕྱི་ནང་གཞན་གསུམ་བརྡ་རྟགས་ཚུལ།། རྟེན་འབྲེལ་ཐབས་མཁས་ཟབ་ལམ་སྙན་རྒྱུད་ཀྱི།། རྟེན་འབྲེལ་བྱ་ཆས་ཚོགས་ཀྱི་རྣམ་བཤད་བྲི།།

      དེ་ཡང་མདོ་རྒྱུད་ནས་བསྟན་པའི་མདོ་སྔགས་ཀྱི་ཆ་ལུགས་དང་བྱ་ཆས་ཀྱི་རྣམ་བཤད་ནི་རྗེ་དཀོན་མཆོག་རིན་ཆེན་གསུང་རྒྱུད་སྡེའི་ཆུ་ཟིལ་སོགས་གོང་མའི་གསུང་རྒྱུད་སྡེའི་ཆུ་ཟིལ་སོགས་གོང་མའི་གསུང་ལས་བཤད་པར་བྱ་སྟེ། འདིར་བཀའ་བརྒྱུད་རིན་པོ་ཆེའི་སྙན་རྒྱུད་ཀྱི་བྱ་ཆས་ཀྱི་འབྱུང་ཁུངས་རྣམ་བཤད་ས་བཅད་ཙམ་སྨོས་ན།

                                                                                 ཐོག་མར་སྤྱིར་བཤད་པ།

             དེ་ཡང་ཇི་སྐད་དུ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས་།། འགྲོ་བའི་དོན་ལ་རྟོགས་པ་པོ།། ཞེས་གསུངས་པ་བཞིན་དུ་མདོ་སྔགས་གཞུང་ལས་བསྟན་པའི་རྟགས་དང་།ཆ་ལུགས།སྤྱོད་ལམ་ཐམས་ཅད་རང་རང་གི་ལམ་གྱི་དངོས་གཞི་མཚོན་པའི་རྗེས་དྲན་དུ་གྱུར་བ་ཡིན་ལ། ཁྱད་པར་དུ་གསང་སྔགས་ནི་བརྡ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས་བྱ་བ་མཐའ་དག་སངས་རྒྱས་ཀྱི་ལམ་དུ་དངོས་སུ་རྫོགས་པར་བྱེད་པའི་ལམ་ཡིན་ཞིང་། ཇི་ལྟར་སྣང་བའི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་ཡང་དག་པའི་ངོ་བོ་ཉིད་དུ་མོས་པར་བྱེད་པས་ན་མོས་པ་ལམ་ཁྱེར་དང་། ཡེ་ཤེས་ཀྱི་རྣམ་པར་རོལ་བ་སྣ་ཚོགས་པ་ཉིད་རྗེས་སུ་དྲན་པར་བྱེད་པ་ན་རྣམ་པ་ལམ་ཁྱེར་དང་། དེ་ཐམས་ཅད་རང་གི་ངོ་བོ་ཉིད་བཅོས་མ་མ་ཡིན་པའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་གཞན་དུ་མི་འདའ་བས་མངོན་སུམ་ལམ་ཁྱེར་དེ། དེ་ལྟ་བུའི་སྒོ་ནས་ཡིད་ཆེས་པའི་གནས་སུ་རིག་པར་བྱའོ།། སྤྱིར་རྒྱ་གར་དུ་རབ་བྱུང་སྦྱངས་ཡོན་བཅུ་གཉིས་ལ་གནས་པ་རྣམས་ནི་བྱ་བཏང་གི་ཡང་རྩེ་ཡིན་ཞིང་། གངས་ཅན་བོད་འདིར་སྔོན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་ཆེན་ཡབ་སྲས་སོགས་བཀའ་བརྒྱུད་བུ་སློབ་དང་། བཀའ་གདམས་རིན་པོ་ཆེའི་སྲོལ་འཛིན་རྣམས་ཕལ་ཆེར་བྱ་བཏང་ཚད་ལྡན་ཁོ་ན་བྱུང་བའི་ཕྱིར་དེང་གི་བོད་ཀྱི་རབ་བྱུང་རྣམས་ནི་འཇིག་རྟེན་པ་ལས་ཀྱང་སྤྲོས་པ་དང་སྣང་ཤས་ཆེ་བས་རྣལ་འབྱོར་ཚད་ལྡན་དཀོན་མོད། འོན་ཀྱང་མོས་པ་ལམ་ཁྱེར་དང་། དེའི་བྱ་ཆས་ཀྱི་གོ་དོན་ཤེས་པར་འདོད་པར་སྨན་པའི་ཕྱིར། འཛམ་གླིང་ན་ཡོངས་སུ་གྲགས་པའི་མི་ལ་རས་ཆེན་ཡང་སྲས་ཀྱིས་འདི་ལྟར་མཛད་དེ། རུ་རས་ཐོད་གསུམ་དང་། སྦ་ཐག་འབོལ་གསུམ་སོགས་དང་། དྭགས་པོ་ཡབ་སྲས་ནས་སྒོམ་ཞྭ། དྲྭ་བ། ཅོག་པུ་སོགས་དང་། འབྲུག་ལུགས་ལ་མིག་ར་དང་དུང་ཆོས་སོགས་བཀའ་བརྒྱུད་རིན་པོ་ཆེའི་བྱ་ཆས་སྙན་བརྒྱུད་དག་ལས་འདིར་གཙོ་བོ་རྣམས་ཀྱི་རྣམ་བཤད་ཙམ་ངོ་སྤྲོད་པ་ལས་རྒྱས་པར་སོ་སོར་རྟོགས་པར་བྱ་བ་ཁོ་ན་ཉིད་དོ།།

                                                                     དང་པོ། བྱེ་བྲག་རྭའི་རྣམ་བཤད།

               དེ་ཡང་རྭ་ནི་རི་དྭགས་གཙོད་ཀྱི་རྭ་ཡིན་ཞིང་འཕགས་ཡུལ་ན་གྲུབ་ཆེན་འགས་བསྣམས་ཤིང་བོད་དུ་རྟོགས་ལྡན་ཕལ་གྱི་ལག་ཆ་ཡིན་ཡང་རྣམ་བཤད་མ་མཛད་པར་གྲགས། འདི་རྩིས་སུ་ས་རྐོ་སོགས་ལ་སྔགས་པས་སེམས་ཅན་གཞན་གྱི་རྭ་དང་མི་འདྲ་བའི་ཕྱིར་རྗེ་མི་ལ་བཞད་པ་རྡོ་རྗེས་རྭ་ལ་འདི་ལྟར་ཆེ་བའི་རྣམ་བཤད་མཛད་དེ། ང་རྣལ་འབྱོར་ལག་ན་ཡོད་པ་ཡི།། རྭ་རྒྱུག་མདའ་གང་སོར་བཅུ་པ།། དང་པོ་གང་དང་གང་ནས་ཡོང་།། བྱང་ཕྱོགས་ནོར་ལྷའི་ཕྱོགས་ནས་ཡོང་།། ནོར་ལྷའི་ཕྱོགས་ནས་ཡོང་བ་དེ།། ང་ཆོག་ཤེས་ནོར་དང་ལྡན་པའི་བརྡའ།། སེམས་ཅན་གཙོད་ཀྱི་མགོ་ལ་སྐྱེས།། སེམས་ཅན་མགོ་ལ་སྐྱེས་པ་དེ།། ཀུན་རྫོབ་བདེན་པ་མཚོན་པའི་བརྡའ།། རྭ་ཁོ་རང་སེམས་མེད་བེམ་པོ་ཡིན།། སེམས་མེད་འཛིན་པ་བྲལ་བ་དེ།། དོན་དམ་བདེན་པ་མཚོན་པའི་བརྡའ།། སེམས་ལྡན་མགོ་ནས་བཅད་པ་དེ།། བེམ་རིག་སོ་སོར་འབྲལ་བའི་བརྡའ།། རྭ་རྩ་ཤིན་ཏུ་སྦོམ་པོ་དེ།། འཁོར་བ་རྩ་འཛིན་ཤེས་པའི་བརྡའ།། རྭ་གཉེར་མང་དུ་འདུག་པ་དེ།། འཁོར་བའི་རྒྱ་མཚོ་ཆེན་པོ་རུ།། སྡུག་བསྔལ་ཆུ་གཉེས་འཁྲིགས་པའི་བརྡའ།། རྭ་ལ་འཁྱོག་གསུམ་འདུག་པ་དེ།། དུས་གསུམ་གྱིས་བསྐྱེད་མི་དགེ་བ།། ངན་སོང་གསུམ་དུ་འཁྱམས་པའི་བརྡའ།། འཁྱོག་གསུམ་ཁོང་ནས་དྲངས་པ་དེ་།། གནས་སྐབས་འཁོར་བར་འཁྱམས་ན་ཡང་།། མཐར་ཐུག་ངེས་དོན་རྟོགས་པའི་བརྡའ།། རྭ་ལ་ཁོང་སྙིང་མེད་པ་དེ།། འཁོར་བར་སྙིང་པོ་མེད་པའི་བརྡའ།། ཁ་དོག་ནག་པོར་འདུག་པ་དེ།། ཆོས་ཉིད་འགྱུར་བ་མེད་པའི་བརྡའ།། རྭ་རྒྱུས་སྲ་ཞིང་མཁྲེགས་པ་དེ།། བོད་ཀྱི་རྣལ་འབྱོར་རས་པ་དང་།། ཆོས་ཕྱིར་སྙིང་རུས་ཆེ་བའི་བརྡའ།། རྭ་སྨད་མདའ་གང་འདུག་པ་དེ།། བོད་ཀྱི་རྣལ་འབྱོར་རས་པ།། རིགས་དྲུག་འཁོར་བའི་ནམ་མཁའ་ཆེར།། སྔར་སྦྱངས་མདའ་བཞིན་འཕངས་པའི་བརྡའ།། རྩེ་ན་སོར་བཅུ་འདུག་པ་དེ།། རྣལ་འབྱོར་མི་ལ་རས་པ་ང་།། ས་བཅུ་རིམ་གྱིས་བགྲོད་ནས་ནི།། ཆོས་སྐུའི་ཕོ་བྲང་བསྙེགས་པའི་བརྡ།། རྭ་རྩེ་ས་ལམ་བཙུགས་པ་དེ།། ས་འོག་དམྱལ་བ་འདྲེན་པའི་བརྡའ།། རེ་འགའ་འཕྲེད་ལ་བསྙལ་བ་དེ།། ཡི་དྭགས་དུད་འགྲོ་འདྲེན་པའི་བརྡའ།། རེ་འགའ་གནམ་ལ་སློང་བ་དེ།། ལྷ་དང་ལྷ་མིན་འདུལ་བའི་བརྡའ།། ལག་ཐོགས་རྒྱལ་ཁམས་འགྲིམས་པ་དེ།། མི་རྣམས་འདུལ་ཞིང་འདྲེན་པའི་བརྡའ།། ལུང་འདོགས་བུག་པ་ཕུག་པ་དེ།། སྣང་སེམས་ཐོག་མེད་ཟང་ཐལ་བརྡའ།། འབོལ་མཉེན་འཛིན་ལུང་བཏགས་པ་དེ།། རྣལ་འབྱོར་ཤེས་རྒྱུད་མཉེན་པའི་བརྡའ།། འཛིན་ལུང་མི་ཆད་སྲ་བ་དེ།། བོད་ཀྱི་རྣལ་འབྱོར་རས་པ་ང་། ངན་འགྲོར་ལྷུང་དོགས་མེད་པའི་བརྡའ།། དེ་ཡན་ཆད་གནས་ལུགས་དོན་གྱི་གླུ།། བརྡའ་དོན་གོ་པའི་ངེས་པ་མེད་།། ད་གོ་ངོ་ཤེས་པའི་གླུ་ཞིག་ལེན།། རྭ་རྒྱུག་ལག་ཁ་ཐོགས་པ་དེ།། རྒྱལ་ཁམས་ཕྱོགས་མེད་མྱུལ་བཞིན་དུ།། ཞེ་སྡང་ཁྱི་དང་འཐབ་པའི་བརྡའ།། ཁ་ནས་གླུ་ཆུང་ལེན་པ་དེ།། འཚོ་བ་སྤྲང་ཟས་འཚོལ་བའི་བརྡའ།། བརྡ་སྐད་གླུ་རུ་ལེན་པ་དེ།། རྣལ་འབྱོར་ཅོལ་བ་ཆུང་བའི་བརྡའ།། དོན་གོ་བར་མཛོད་ཅིག་ལྷ་མི་ཚོ།། ཞེས་གསུངས་པའི་ཕྱིར་དང་།།སྒྲུབ་རྒྱུད་བསྟན་པར་ཁོང་དང་མཉམ་པ་བོད་ན་མེད་པའི་ཕྱིར་གསུང་ཚད་ལྡན་ཡིན་ནོ།།

                                                                                   གཉིས་པ། རས་གོས།

            སྤྱིར་ཆོས་པ་ནི་སྡིག་དང་མ་འདྲེས་པའི་ཟས་གོས་ལ་བརྟེན་དགོས་པའི་ཕྱིར།། བལ་སྣམ་གྱི་རིགས་ལུག་ལ་སྡིག་པ་གསོག་ཅིང་།།དར་ཟབ་ཀྱང་དེའི་འབུ་གསོད་དགོས་པ་དང་། པགས་རིགས་ཀྱང་དེ་དག་དང་མཚུངས་པའི་ཕྱིར་དང་། ཤིང་བལ་ནི་རས་ཀྱི་རྒྱུ་སྡིག་མེད་ཡིན་པས་འདུལ་བར་ཆོས་གོས་གསུམ་གྱི་རྒྱུ་རས་འབའ་ཞིག་བསྔགས་པ་དང་། རྣལ་འབྱོར་བ་པགས་རིགས་གྱོན་ན་གཉིད་རྨུགས་ཀྱི་སྐྱོན་འབྱུང་བའི་ཕྱིར་དང་། བྱེ་བྲག་ཏུ་གཏུམ་མོ་སྒོམ་མཁན་རྣམས་ཀྱི་དམ་ཚིག་ཏུ་གོས་དྲོ་བ་སྤོང་དགོས་པ་དང་། རས་གོས་རྐྱང་གཅིག་འཛིན་ཏེ། གཏུམ་མོའི་རས་དབང་ཞུས་ཕན་ཆད་གོས་གཞན་གྱོན་མི་རུང་བ་བཀའ་བརྒྱུད་ཀྱི་ཕྱག་བཞེས་ཡིན་པའི་ཕྱིར། དེའི་དོན་རྗེ་མི་ལ་བཞད་པ་རྡོ་རྗེས་གསུངས་པ་འདི་ལྟ་སྟེ། རྣལ་འབྱོར་ལུས་ལ་གྱོན་པ་ཡི།། རས་ཁ་གྲུ་བཞི་སློང་འདྲ་འདི།། རྒྱ་དང་བལ་པོའི་ས་ཕྱོགས་སུ།། སེམས་མེད་རས་ཀྱི་ས་བོན་ལས།། དཀར་ལ་འཇམ་པའི་རས་ཕན་སྐྱེས།། དེ་ཀུན་རྫོབ་རྟེན་འབྲེལ་མཚོན་པ་ཡིན་།། སེམས་ལྡན་མི་ཡིས་གད་བདར་བྱས།། ལག་སོར་བཅུ་ཡི་རྩེ་ལ་བླངས།། འབོལ་ཞིང་འཇམ་པའི་འདབས་སྒྲིལ་བྱས།། སྙིང་རྗེ་རྒྱུད་ཀྱི་ཉག་ལ་དྲངས།། བར་ཏུ་དགའ་བས་ཐག་དྲན་བྱས།། ཤིན་དུ་སྙོམས་པའི་རས་རྣམས་བྱུང་།། ཟོང་དུ་བྱས་ནས་ཚོང་འདུས་འགྲིམ།། ཉོ་ནི་འབྱོར་བ་ཅན་གྱིས་ཉོས།། དད་པ་ཅན་གྱིས་ང་ལ་སྦྱིན།། ད་ལྟ་ང་ཡི་གཡང་ལུག་གོས།། དྲན་པ་གོས་ཕྱིར་རྟེན་དུ་བྱེད།། ལོགས་བཞི་དྲན་པ་ཉེར་གཞག་བཞི།། སྣམ་བཞི་ཡང་དག་སྤོང་བ་བཞི། ཟུར་བཞི་རྫུ་འཕྲུལ་རྐང་པ་བཞི།། ཚོགས་ལམ་བཞི་གསུམ་བཅུ་གཉིས་པོ།། སྟེང་འོག་དཀྱུས་ལ་ཁྲུ་ལྔ་ལྔ།། ནང་གི་ཕྱག་ཆུང་རྣམ་བཞི་དང་། དབུས་ཀྱི་སྲུབ་ཆེན་གསུམ་དང་བདུན།། བྱང་ཆུབ་ཡན་ལག་བདུན་རྣམས་ཏེ།། སྤྱིར་ལམ་ངེས་འབྱོར་མཚོན་པ་ཡིན།། བརྒྱད་ལྡེབ་འཕགས་ལམ་ཡན་ལག་བརྒྱད།། རྣལ་འབྱོར་རིག་པའི་རྩོལ་བ་ཡིས།། སྒོམ་ལམ་ས་དགུ་རྫོགས་ཡིན།། རྒྱུ་ཡི་རས་བལ་དཀར་པོ་དེས།། རྣལ་འབྱོར་ལྷག་བསམ་དཀར་བ་མཚོན།། རས་བལ་ཤིན་ཏུ་འཇམ་པ་དེས།། དབང་པོ་ལྔ་དང་སྟོབས་ལྔ་མཚོན།། མཐའ་གཉིས་དཔངས་ལ་ཁྲུ་གསུམ་གསུམ།། དུས་གསུམ་སྒོ་གསུམ་དགེ་བ་ལ།། ཡེངས་མེད་དྲན་པ་སྦྱོར་བས་མཚོན།། ཡང་ན་ཕ་རོལ་ཕྱིན་དྲུག་གི། ཚོགས་གཉིས་མྱུར་དུ་གསོག་པ་དང་།། རྣལ་འབྱོར་ལྷག་བསམ་དཀར་བ་མཚོན། རས་བལ་ཤིན་ཏུ་འཇམ་པ་དེས།། སེམས་རྒྱུད་མཉེན་ཞིང་འཇམ་པ་མཚོན།། མཐའ་ནས་སྙེགས་ཤིང་འཛད་པ་འདིས།། རྣལ་འབྱོར་ཚེ་ཡང་འཛད་པ་མཚོན།། ཟད་ནས་གར་སོང་ཆ་མེད་དེ།། རྣལ་འབྱོར་ཆོས་ཉིད་གཉུག་མ་ཡི།། ངང་དུ་རང་སྣང་ཐིམ་པ་མཚོན།། དེ་ལྟར་མཚོན་པའི་རས་ཁ་འདི།། རྣལ་འབྱོར་མི་ལ་རས་པ་ང་།། རྒྱལ་ཁམས་བསྐོར་ན་སྒྲོ་བས་ཡང།། གངས་ཁྲོད་འགྲིམ་ན་མེ་བས་དྲོ།། འཇིགས་པ་གཤོག་ན་མཁར་བས་བཙན།། བེམ་རིག་བྲལ་ན་ཆགས་ཞེན་མེད།། དེ་གོའམ་རྟོགས་སམ་ཡོན་བདག་གོ། ཞེས་གསུངས་པས་ལེགས་པར་གོ་ནུས་པའི་ཕྱིར། རབ་བཤད་གཞན་མང་ཡང་རེ་ཞིག་མ་སྤྲོས་སོ།།

                                                                                  གསུམ་པ། ཐོད་པ།

        ཀ་པཱ་ལ་ནི་རྒྱ་སྐད་དེ།། བོད་སྐད་དུ་བདེ་སྐྱོང་དང་ནང་གི་ལྷུང་བཟེད་ཀྱང་ཟེར་ལ། རབ་ཏུ་བྱུང་བ་ནི་འདུལ་བ་ནས་ལྷུང་བཟེད་ཁོ་ན་ལས་སྣོད་གཞན་སྤྱོད་པར་མ་གནང་བ། རྣམ་འབྱོར་པ་ནི་ཀ་པཱ་ལར་སྤྱོད་པ་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་རྒྱུད་དོན་བཞིན་ཕྱག་བཞེས་གནང་བ་དང་།བོད་འདིར་ཡང་རྣལ་འབྱོར་པ་རྣམས་ཀྱིས་བསྣམས་སྲོལ་བྱུང་ཞིང་དེའི་མཚན་ཉིད་དག་ནི་རྗེ་བཙུན་མི་ལ་རྡོ་རྗེ་རྒྱལ་མཚན་གྱིས་གསུངས་པ་འདི་ལྟ་སྟེ། ང་རྣལ་འབྱོར་ལག་ན་ཡོད་པ་ཡི།། ཟས་སྣོད་ཚན་ལྡན་ཐོད་པ་འདི།། རིགས་ལྡན་སྐྱེས་བུའི་ཡ་ཐོད་ཡིན།། ལྟ་བ་ཡས་འབུག་མཚོན་པའི་ཕྱིར།། ཀླད་ཆེན་དར་གྱི་ཐོག་ནས་ཕུབ།། སྤྱོད་པ་མས་ཡར་འཛེགས་པའི་ཕྱིར།། མ་ཐོད་ཕྱོགས་ཀྱི་གྱེན་ལ་བཏེགས།། སྒོམ་པ་ཉམས་སུ་བླང་བའི་ཕྱིར།། བར་ན་ཀླད་དཀར་གཡོ་མེད་འཁྱིལ།། དེ་ལྟར་ལྟ་སྤྱོད་སྒོམ་གསུམ་གྱིས།། འཁོར་བའི་གཞི་རྩ་གཅོད་པའི་ཕྱིར།། སྐྲ་མཚམས་ཚད་ལྡན་མཚམས་ནས་བཅད།། སྒྲིག་གཉིས་བག་ཆགས་སྦྱངས་པའི་ཕྱིར།། ཤ་པགས་རུས་པའི་མཚམས་ནས་བཤུས།། ཉེས་ལྟུང་དྲི་མས་མ་འགོས་ཕྱིར།། རུས་པ་དཀར་པོ་དུང་གི་མདོག། གསང་སྔགས་ཟབ་མོ་བདུད་རྩིའི་རྒྱུན།། འཛིན་ཕྱིར་ཁ་ནི་གྱེན་དུ་བསྟན།། དམ་ཚིག་སྡོམ་གསུམ་ཤོར་དོགས་ནས།། རྣལ་འབྱོར་ལག་པས་དམ་དུ་བཟུང་།། ད་དུང་ཉོན་དང་དྲི་རྟོག་མཁན།། ཐོད་པ་དུམ་བུ་གཅིག་ཡིན་ན།། ཆོས་ཀུན་རོ་གཅིག་མཚོན་པའི་བརྡ།། གལ་ཏེ་དུམ་བུ་གསུམ་ཡིན་ན།། སྐུ་གསུམ་དབྱེར་མེད་མཚོན་པའི་བརྡ།། ཚངས་པའི་བུ་ག་ཡོད་པ་དེ།། ཆོས་སྐུའི་ངང་དུ་འགྲོ་བའི་བརྡ།། ལྗོན་ཤིང་རྒྱས་པའི་རི་མོ་འདི།། སྟུག་པོ་བཀོད་པའི་ཞིང་ཁམས་སུ།། ལོངས་སྤྱོད་སྐུ་རུ་བཞེངས་པའི་བརྡ།། རྒྱ་གྲུབ་རི་མོ་འདྲ་བ་འདི།། སྣ་ཚོགས་སྤྲུལ་སྐུར་འགྱུར་བའི་བརྡ།། རང་སར་ཟུར་བུ་ཕྱུང་བ་ནི།། ཉོན་མོངས་དགྲ་ལས་རྒྱལ་བའི་བརྡ།། དགྲ་སར་ཟུར་པོ་མེད་པ་འདི།། བདག་འཛིན་དགྲ་བོ་ཐུལ་བའི་བརྡ།། མར་ལ་མཐེབ་མོས་མནན་འདྲ་བའི།། མཐིལ་ནས་འདོད་འཇོའི་ནུ་མ་བཞི།། དགོས་འདོད་ཆོས་ཀུན་འབྱུང་བའི་བརྡ།། རྩ་རོ་སྲིབ་ཁུང་མེད་པ་དེ།། བར་ཆད་བདུད་ལས་རྒྱས་བའི་བརྡ།། ཕྱི་ཡི་རྣ་ལྟག་གཉིས་ཀྱི་སྟེང་།། གླང་ཆེན་སྒོ་རྒྱབ་འདུག་པ་དེ།། ཐེག་ཆེན་ཁུར་དུ་འཁུར་བའི་བརྡ།། ལྷ་བ་ཅུང་ཟད་འདུག་པ་འདི།། རྣམ་རྟོག་ཕྲ་མོ་འཕྲོ་བའི་བརྡ།། དབྱིབས་ནི་པད་འདབ་འདྲ་བ་འདི།། འཁོར་བར་ཆགས་པ་མེད་པའི་བརྡ།། ཁ་དོག་སྣུམ་ཞིང་འཚེར་བ་འདི།། ཏིང་འཛིན་དྲོད་རྟགས་ལྡན་པའི་བརྡ།། རྣམ་འབྱོར་ལག་ན་བཟུང་བ་འདི།། ཕྱི་རུ་བསོད་སྙོམས་ཟས་ལ་སྤྱོད།། ནང་དུ་བསམ་གཏན་ཟས་ལ་སྤྱོད།། རྣམ་པ་ཀུན་ཏུ་ཟག་མེད་ཀྱི།། བདུད་རྩི་རྟག་ཏུ་འཚོ་བའི་རྟགས།། དེ་རྣམས་ཕྱི་ཡི་བརྡ་མཚོན་ཙམ།། ཞེས་གསུངས་པ་མི་འདིར་ས་བཅད་ཙམ་དྲངས་ཀྱི། ཞིབ་པར་བརྟག་ཐབས། མཚན་ཉིད། དབྱེ་བ།ཐོད་སྒྲུབ་སྐོར་རྣམས་བདེ་མཆོག་སྡོམ་འབྱུང་སོགས་རྒྱུད་དང་མན་ངག་རྣམས་སུ་ཤེས་པར་བྱ་བ་འདི་ཉིད་དོ།།

                                                                             བཞི་པ། སྦ་ལྕག

            འདི་ཉིད་མདོ་རྒྱུད་ནས་བཤད་པ་མ་མཐོང་ཡང་། རྟོགས་ལྡན་བྱ་བྲལ་རྣམས་ལ་ཕལ་ཆེ་བར་སྦ་ལྕག་བསྣམས་ཏེ། སྔོན་རྗེ་བཙུན་མི་ལ་རས་པ་དང་། རྗེ་སྒམ་པོ་བ། འགྲོ་མགོན་ཕག་གྲུ། ཆོས་རྗེ་སྐྱོང་པ་སོགས་ལ་སྦ་འཁར་ཡོད་འདུག་ཅེང་དེ་དག་རྣམས་དེང་སང་གི་ཆོས་པར་རློམ་པ་རྣམས་ལ་རྟ་དྲེལ་བཞོན་པ་དང་ཁལ་མ་སོགས་མང་པོ་ཡོད་པ་འདི་འདྲ་མི་དགོས་པར་ཞབས་ཐང་དུ་རྡོག་མཁྲེས་ཁུར་ནས་བྱོན་པ་ཤ་སྟག་ཡིན་ནོ།། ཕྱག་འཁར་གྱི་བཤད་པ་ནི། རྗེ་མི་ལའི་གསུང་ངོ་མཚར་ཆེ་ཤོས་ཡིན་ཏེ། ངའི་ལག་ན་བཟུང་བའི་སྦ་འཁར་འདི།། དང་པོ་རྒྱ་བྲག་ལོགས་ལ་སྐྱེས། བར་དུ་རྒྱ་ཟོར་གུག་པས་བརྔས།། ཐ་མ་ཤ་འབྲེང་མཉེན་ལ་བྲེག། འོང་ནི་ལྷོ་ཁ་མོན་ནས་འོང་།། བཀལ་ནི་ཐེག་ཆེན་མཛོ་ལ་བཀལ།། འགྲིམ་ནི་ཚོང་འདུས་རྣམས་སུ་འགྲིམ།། ཕུལ་ནི་དད་པ་ཅན་གྱིས་ཕུལ།། ད་ལྟ་ང་ཡི་བེར་མ་ལྕག། འདི་དོན་ཁྱེད་ཀྱིས་གོ་མ་གོ།། འདི་དོན་ཁྱེད་ཀྱིས་མ་གོ་ན།། འདི་དོན་བཤད་ཀྱིས་ལེགས་པར་ཉོན།། སྦ་ཡ་ཐོག་རྩ་བ་བཅད་པ་དེ།། འཁོར་བའི་གཞི་རྩ་བཅད་པའི་བརྡ།། སྦ་མ་ཐོག་རྩེ་མོ་བཅད་པ་དེ།། ཐེ་ཚོམ་གོལ་ས་བཅད་པའི་བརྡ། ཁྲུ་དོའི་ཚད་ལ་བོར་བ་དེ།། ཆོས་པ་ཚད་དོར་བོར་བའི་རྟགས།། སྦ་རྒྱུ་བཟང་ཞིང་མཉེན་པ་དེ།། གཞི་སེམས་ཉིད་ཡེ་ནས་བཟང་བའི་རྟགས།། སྦ་རྩི་འཇམ་ཁ་དོག་ལེགས་པ་དེ།། སེམས་གཉུག་མའི་དོན་ལ་སྦྱངས་པའི་རྟགས།། སྦ་དྲང་ལ་ལྡེམ་པར་འདུག་པ་དེ།། དོན་མ་ནོར་ཉམས་སུ་ལེན་པའི་བརྡ།། སྦ་ལ་ལུང་གསུམ་འདུག་པ་དེ།། བྱང་ཆུབ་རྒྱུད་ལམ་འབྱུང་བའི་རྟགས།། སྦ་དུམ་བུ་བཞི་རུ་འདུག་པ་དེ།། ཚད་མེད་བཞི་དང་ལྡན་པའི་རྟགས།། སྦ་ལ་ཚིགས་གསུམ་འདུག་པ་དེ།། གཞི་ལ་སྐུ་གསུམ་ཚང་བའི་རྟགས།། སྦ་ཁ་དོག་འགྱུར་དུ་མེད་པ་དེ།། གཞི་ཆོས་ཉིད་འགྱུར་བ་མེད་པའི་རྟགས།། སྦ་ཟླུམ་ལ་འགྲིལ་བ་འདུག་པ་དེ།། ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས།། སྦ་ཡེ་ནས་དཀར་ཞིང་འཚེར་བ་དེ།། ཆོས་སྐུ་དྲི་མ་མེད་པའི་རྟགས།། སྦ་ལ་སྦུ་གུ་འདུག་པ་དེ།། ཆོས་རྣམས་ཐམས་ཅད་སྟོང་པའི་རྟགས།། སྦ་ལ་སྨེ་བ་འདུག་པ་དེ།། ཆོས་ཐིག་ལེ་ཉག་ཅིག་གོ་བའི་རྟགས།། ནག་ནོག་ཚག་ཚིག་འདུག་པ་དེ།། བོད་ཀྱི་རྣལ་འབྱོར་རས་པ་ལ།། རྣམ་རྟོག་ཕྲ་མོ་ཡོད་པའི་རྟགས།། སྦ་ཆོ་རིས་ཡེ་ནས་བཙུན་པ་དེ།། ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་རྟགས།། སྦ་མཛེས་ཤིང་ཡིད་དུ་འོང་བ་དེ།། འགྲོ་བ་དད་ཅིང་འདུན་པའི་རྟགས།། སྦ་ཞབས་ལྕགས་ཀྱིས་བསྐོར་བ་དེ།། རྣལ་འབྱོར་རི་ཁྲོད་འགྲིམ་པའི་རྟགས།། འཆང་བཟུང་ཟངས་ཀྱིས་དྲིལ་བ་འདི།། ཌཱཀྐི་དབང་དུ་འདུ་བའི་རྟགས།། སྦ་ལ་ལྕགས་གཟེར་བཏབ་པ་དེ་།། རྣལ་འབྱོར་སྙིང་རུས་ཆེ་བའི་རྟགས།། ར་གན་ཨ་ལོང་བཏགས་པ་དེ།། ནང་གི་ཡོན་ཏན་རྒྱས་པའི་རྟགས།། དེ་ལ་ཤ་འབྲེང་བཏགས་པ་དེ།། རྣལ་འབྱོར་ཤེས་པ་མཉེན་པའི་རྟགས།། ལྕགས་འབྲས་གཉིས་སུ་སྒྲིལ་བ་དེ།། ཟུང་འཇུག་ལམ་དུ་འཁྱེར་བའི་རྟགས།། ལྕགས་འབྲས་མ་བུ་འཛོམས་པ་དེ།། སྐུ་གསུམ་མ་དང་མཇལ་བའི་རྟགས་།། རྒྱུས་པའི་སློང་མོར་བཏགས་པ་དེ།། རྣལ་འབྱོར་རྒྱལ་ཁམས་བསྐོར་བའི་རྟགས།། མེ་ལྕགས་ཁུག་མ་བཏགས་པ་དེ།། ཅིར་སྣང་གྲོགས་སུ་འཁྱེར་བའི་རྟགས།། དུང་ལོ་དཀར་པོ་བཏགས་པ་དེ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས།། གཅན་གཟན་རས་ལ་བཏགས་པ་དེ།། ཉམ་ང་བག་ཚ་མེད་པའི་རྟགས།། དེ་ལ་མེ་ལོང་བཏགས་པ་དེ།། རྟོགས་ཚད་ནང་ནས་ཤར་བའི་རྟགས།། སྤུ་གྲི་སྣོན་པ་བཏགས་པ་དེ།། ཉོན་མོངས་ཟུག་རྔུ་གཅོད་རྟགས།། ཤེལ་སྒོང་རྡོག་གཅིག་བཏགས་པ་དེ།། བག་ཆགས་དྲི་མ་སྤངས་པའི་རྟགས།། བ་སོའི་ཕྲེང་བ་བཏགས་པ་དེ།། བླ་མ་ཡིད་ལ་འཁྲེང་བའི་རྟགས།། དྲིལ་བུ་གཡེར་ཁ་བཏགས་པ་དེ།། སྙན་པ་ཕྱོགས་བཅུར་སྒྲོགས་པའི་རྟགས།། སྣམ་རས་དཀར་དམར་བཏགས་པ་དེ།། བུ་སློབ་མང་པོ་འཁོར་བའི་རྟགས་།།  རྣལ་འབྱོར་ལག་ནས་མཛེས་པ་དེ།། མི་ནག་ཐབས་ཀྱིས་འདུལ་བའི་རྟགས།། དེ་དོན་གང་ལགས་འདྲི་བ་དེ།། མོས་གུས་བག་ཆགས་ཡོད་པའི་རྟགས།། ཁྱོད་དང་ང་རུ་འཕྲད་པ་དེ།། སྔོན་ཆད་སྨོན་ལམ་བཏབ་པའི་རྟགས།། དེ་སྦ་ལྕག་དཀར་པོའི་རྟགས་ཀྱི་གླུ།། བརྡའ་གོའམ་འདིར་ཚོགས་ལྷ་མི་ཚོ།། དོན་ཆོས་སུ་བདོག་གོ་དད་གུས་གྱིས།། ཞེས་གསུངས་པའི་ཕྱིར། གསུང་འདི་ཉིད་ཚད་མར་བཟུང་རིགས་སོ།།

                                          ལྔ་པ། སྒོམ་ཐག

         དེ་ཡང་སྒོམ་ཐག་ནི། མདོ་སྔགས་གཉིས་ཀ་ལས་བསྟན་ཅིང་སྔགས་སུ་ཞིབ་རྒྱས་སུ་གསུངས་ཏེ། མདོ་ལས། དགེ་སློབ་རྣམས་ལ་མཚན་མོ་མལ་གྱི་ནང་དུ་ལུས་ཚུགས་མི་ཞིག་པའི་ཕྱིར་པུས་འཁྱུད་དགོས་གསུངས་པའི་ཕྱིར། གསང་སྔགས་ནས་རྫོགས་རིམ་མཚན་བཅས་ལ་རླུང་ཉམས་ལེན་དང་། མཚན་མེད་འོད་གསལ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ལ་དགོས་གལ་ཤིན་ཏུ་ཆེ་བའི་ཕྱིར། བཀའ་བརྒྱུད་རིན་པོ་ཆེའོ་ཕྱོགས་སུ་དར་ཁྱབ་ཆེ་སྟེ།རྗེ་མི་ལས།པུས་འཁྱུད་སྒོམ་ཐག་སྐོར་གཅིག་བདེ།།ཞེས་བདེ་མོའི་མགུར་གསུངས་ཤིང་།རྗེ་དྭགས་པོས་ཀྱང་རྟག་ཏུ་བསྣམས་པ་སོགས་རྣམ་ཐར་རྣམས་སུ་མང་པོ་ཞིག་གསུངས་པའི་ཕྱིར།འདིའི་ཁུངས་ནི་རྗེ་འབྲི་གུང་པས། རྒྱུད་སྤྱི་དང་བདེ་མཆོག་སོགས་སུ་གསུངས་པའི་སེ་རལ་ཁ་བྱ་བ་དེ་ཉིད་ཡིན་པར་གསུངས་སོ།།

           སྒོམ་ཆེན་གྱི་པུས་འཁྱུད་ཐག་པ་ཡིན་པའི་ཕྱིར་སྒོམ་ཐག་ཅེས་གྲགས། འདིའི་ཆགས་ཚད་ནི།རྗེ་མི་ལ་ཡན་གྱི་གྲུབ་ཐོབ་རྣམས་ཀྱི་ལུགས་ལ་ཚད་ཀྱང་སྒོམ་ཐག་ཁུག་པའི་མགོ་བོར་འཁོར་ཚད་ཡིན་ལ།དེའི་སྐོར་རྗེ་མར་མིའི་ཆོས་དྲུག་སྡུད་པའི་ཟིན་བྲིས་རྣམས་ལས་ཀྱང་དེ་ལྟར་འབྱུང་བའི་ཕྱིར། མི་ལའི་མདུན་དུ་རྗེ་དྭགས་པོས་ཐབས་ལམ་བསྒོམ་པའི་ཚེ། དམྱལ་བ་ཐིག་ནག་གི་བཀོད་པ་མཐོང་ནས་སྐུ་ཁམས་མཉེལ་བའི་ན་རྗེ་བཙུན་གྱིས། ཁྱོད་ཀྱི་སྒོམ་ཐག་ཐུང་བའི་སྐྱོན་གྱིས་རྩ་འཐུམ་པ་ཡིན་པས། སྒོམ་ཐག་རིང་དུ་ཐོངས་ཤིག་གསུངས་པས་ཆང་པ་གང་རིང་དུ་བཏང་བའི་ཕྱིར། དེར་བརྟེན་ད་ལྟ་ཕལ་ཆེར་དེའི་རྗེས་སུ་འབྲང་ནས་ཁུག་བའི་མགོ་བོར་འཁོར་ནས་ཆང་གང་ལྷག་པ་ཕྱག་སྲོལ་དུ་དར་སྟེ། ནཱ་རོའི་ཆོས་དྲུག་གི་ཁྲིད་ཡིག་ནཱ་རོའི་ཞལ་ལུང་སོགས་སུ་དེ་ལྟར་གསུངས་པའི་ཕྱིར། གཅིག་རྐྱང་ལ་མཐོ་བདུན་ལ། ཞེང་ལ་སོར་གསུམ་མམ་བཞི་ལས་ལྷག་པ་གཞུང་ལས་མ་བསྟན་ཏོ།། སྒོམ་ཐག་ཚད་ལྡན་གྱི་རྒྱུ་ཆ་ནི། རས་སྐུད་ལ་ཁ་དོག་དམར་པོ་གཞུངས་སྐུད་གསུམ་གཤིབས་ལ། དྲ་མིག་བཅུ་དྲུག་དང་ལྡན་དགོས་ཏེ། གཞན་སེར་པོ་དང་སྐེ་རག་ལྟར་དང་སྣམ་ལེབ་སོགས་བྱེད་པ་ནི་ཁུངས་དང་མ་འབྲེལ་བ་ཡིན་ནོ།། དེའི་མཚོན་དོན་ནི། དེའང་གཏུམ་མོའི་མེ་མཚོན་ཕྱིར་ཁ་དོག་དམར་པོ་དང་། རྩ་གཙོ་བོ་གསུམ་མཚོན་ཕྱིར་རྒྱུད་གསུམ། དགའ་བ་བཅུ་དྲུག་མཚོན་ཕྱིར་དྲྭ་མིག་བཅུ་དྲུག་སོགས་རྣམ་གྲངས་མང་པོ་ཡོད་ཅིང་། གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ་མཚོན་པའི་ཕྱིར། སྐྱེ་བོ་ཕལ་པས་མི་མཐོང་བར་རང་ལུས་དང་འབྲལ་མེད་དུ་བཅང་དགོས་པའི་དམ་ཚིག་གི་ཡོ་བྱད་ཁྱད་འཕགས་ཡིན་པས་འདི་སྐོར་ཞིབ་ཆ་ཁྲིད་ཡིག་ཏུ་གསལ་ལོ།།

                                               དྲུག་པ། འབོལ་སྟན།

       དེ་ཡང་རྗེ་མི་ལ་བཞད་པ་རྡོ་རྗེས། ཞབས་ན་སྲ་བའི་འབོལ་ཆུང་བདེ།། ཞེས་གསུངས་པའི་ཕྱིར། ཉམས་ལེན་མཁན་རྣམས་ལ་གདན་ནང་ཚངས་ཅན་དགོས་པ་གསར་རྙིང་གི་གཞུང་ཀུན་ལས་གསུངས་ཤིང་། ཁྱད་པར་དུ་རྩ་རླུང་གི་ཉམས་ལེན་བྱེད་ཚེ་མེད་དུ་མི་རུང་བར་གསུངས་ཏེ། ཟབ་ལམ་ཆོས་དྲུག་གི་གཞུང་ཁྲིད་རྣམས་སུ་འཕོམས་གདན་གྲུ་བཞི་པ། དཀྱུས་སུ་ཁྲུ་གང་པ། མཆུ་ཞེང་མཉམ་པ། དཔངས་སུ་སོར་ལྔ་ལས་མི་དམའ་བར་གསུངས་ཤིང་། གཞན་ལས་མཐུག་དགོས་པར་གསུངས་ལ།གཞན་དུ་གྲུ་གསུམ་ཁ་དོག་དམར་པོ་བྱ་བར་གསུངས་ཏེ། གཏུམ་མོའི་བདེ་དྲོད་མཚོན་དོན་ཡིན་ནོ།། འདི་ལྟར་འབོལ་པོ་དགོས་དོན་ནི། ཕལ་ཆེར་ཟམ་ལམ་ཆོས་དྲུག་གི་རྩ་རླུང་སྐབས་སུ་འཕྲུལ་འཁོར་གྱི་འབེབས་རྒྱག་སྐབས་ཀྱི་གདན་ལ་དགོངས་ཏེ། ལུས་མ་བརྣད་པ་སོགས་ལ་གལ་ཤིན་ཏུ་ཆེ་བའི་ཕྱིར། ནང་ཚངས་ཅན་བསྔགས་པ་ཡིན་ནོ།།

                                                                                         བདུན་པ།     སྒོམ་ཞྭ།

         ཞྭའི་སྐོར་འདི་ནི་སངས་རྒྱས་ཉིད་དང་འཁོར་རྣམས་དབུ་རིལ་ཞབས་རྗེན་ཁོ་ན་ཡིན་པའི་ཕྱིར། མདོ་ཕྱོགས་སུ་ཞྭའི་སྐོར་མི་འབྱུང་ལ། མདོ་རྩར་ཞྭའི་སྒྲོས་ཙམ་གསུངས་ཀྱང་དབྱིབས་སོགས་མ་གསལ་བའི་ཕྱིར། ཇོ་བོ་རྗེའི་དུས་སུ་རྒྱ་གར་ཤར་ཕྱོགས་སུ་ཚེ་མ་ལྟ་བུའི་ཞྭ་དར་བཞིན་པར་གསུངས་ཤིང་། ད་ལྟ་བོད་ཀྱིས་རྒྱ་གར་པཎ་གྲུབ་ཀུན་ལ་དབུ་ཞྭ་ཡོད་པར་བཤད་པའང་འདི་ཙམ་ལས་ཁུངས་གསལ་མེད་ལ།བོད་དུ་ཞྭའི་སྐོར་མང་ཡང་ཞྭ་སེར་ཇི་ལྟར་བྱུང་བའི་སྐོར་ནི་བླ་ཆེན་པོའི་རྣམ་ཐར་ལས་ཤེས་ལ།ཀམ་ཚང་ཞྭ་དམར་ནག་ཁྲ་ལྗང་སོགས་ནི་གོང་མས་གནང་བའི་ལས་ཞྭ་ཡིན་པ་ལོ་རྒྱུས་སྨྲ་བ་ཀུན་མཐུན་ཞིང་། གཏེར་ཁ་རེར་ཞྭ་རེ་ཡོད་པ་སོགས་ཞིབ་ཆ་གཞན་དུ་གསལ་བའི་ཕྱིར་རོ། བཀའ་བརྒྱུད་རིན་པོ་ཆེར་རྗེ་མི་ལའི་དུས་སུ་ཞྭའི་སྒྲོས་ཙམ་བྱུང་ཡང་དབྱིབས་དང་ཁ་དོག་མི་གསལ། རྗེ་སྒམ་པོ་པས་དྭགས་པོར་བཞུགས་ཚེ་ཐུབ་པའི་ལུང་བཞིན་ད་ལྟའི་དྭགས་པོའི་སྒོམ་ཞྭར་གྲགས་པ་འདི་མཛད་ཅིང་ཞྭ་ཆོས་ཀྱང་གསུངས་པ་དང་། ཕག་གྲུའི་སློབ་ཆེན་ཐུ་བོ་འབྲི་གུང་སྐྱོབ་པ་དང་། སྟག་ལུང་པ། གླིང་རས་པ་སོགས་ཀྱིས་སྒོམ་ཞྭ་མཛད་དེ་འབྲི་གུང་པའི་སྒོམ་ཞྭར་ཞྭ་ཆོས་ཀྱང་གསུངས་ཏེ། དཔག་མེད་བསོད་ནམས་སྟོབས་བྱུང་དཔལ་གྱི་ཞྭ།།དུས་གསུམ་རྒྱལ་བས་ལུང་བསྟན་བསྔགས་པའི་ཞྭ།།། སོགས་ཞིབ་ཆ་ཟུར་དུ་ཡོད་དོ།། བཀའ་བརྒྱུད་ཐུན་མོང་གི་ཞྭ་བཤད་ལས་ངོ་མཚར་ཆེ་བ་རྒྱལ་དབང་རྗེའི་གསུང་ཡིན་ཏེ། དེ་ཡང་འདི་ལྟ་སྟེ། དཔལ་མཁས་དང་གྲུབ་པའི་གཙུག་གི་རྒྱན།། རྗེ་ནཱ་རོ་པཎ་ཆེན་གྱི་བུ་རྒྱུད་ལ།། བོད་གངས་ཅན་དུ་སྒྲུབ་བརྒྱུད་བསྟན་འཛིན་པ།། རྗེ་ཟླ་འོད་གཞོན་ནུའི་བཀའ་སྲོལ་ལས།། བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་པས།། འཁོར་འདས་ཀྱི་ཆོས་ལ་དབང་བསྒྱུར་བའི།། སྐུ་གསུམ་གྱི་རྒྱལ་སྲིད་སྐྱོང་བ་ལ། རྒྱལ་རྟགས་ཀྱི་སྒོམ་ཞྭ་རིན་ཆེ།། བཀའ་བརྒྱུད་ཀྱི་ཅོད་པན་དབང་གི་རྒྱལ།། རང་རིག་འགྱུར་བ་མེད་པའི་ཞྭ།། རྩོད་མེད་ཀྱི་དགོས་འདོད་འགྲུབ་པའི་ཞྭ།། རང་སྣང་བདེ་བར་འཆར་བའི་ཞྭ།། གཞན་སྣང་དང་བ་འདྲེན་པའི་ཞྭ།། བཀའ་བརྒྱུད་བླ་མས་བྱིན་རླབས་པས།། གང་ཤར་ཆོས་སྐུར་རྟོགས་པའི་ཞྭ།། ཡི་དམ་ལྷ་ཡིས་བྱིན་རླབས་པས།། སྤྱིར་སྣང་རྒྱན་དུ་འཁྱེར་བའི་ཞྭ།། མ་དང་མཁའ་འགྲོས་བྱིན་རླབས་པས།། འདོད་ཡོན་ཚོགས་སུ་རོལ་བའི་ཞྭ།། ཆོས་སྐྱོང་རྣམས་ཀྱིས་བྱིན་རླབས་པའི།། འགལ་རྐྱེན་བར་ཆད་སེལ་བའི་ཞྭ།། ཞྭ་ཐད་ལ་དྲང་པོར་གྱོན་པ་འདི།། སྒོ་གསུམ་དྲང་པོར་སྲོང་པའི་བརྡའ།། ཞྭ་རྩེ་མོ་གཅིག་ཏུ་རྣོ་བ་འདི།། བློ་རྩེ་གཅིག་ཏུ་འདྲིལ་བའི་བརྡའ།། ཞྭ་ཐོད་དུ་འབྲལ་མེད་འཆང་བ་འདི།། དྲན་པ་ཡེངས་པ་མེད་པའི་བརྡའ།། ཞྭའི་མདུན་རྩེ་སྦུབ་སྒོར་འཁྱིལ་བ་འདི།། ཆོས་ཟབ་གསལ་གཉིས་སུ་མེད་པའི་བརྡའ།། ཞྭ་རྩ་བ་བརྟན་པར་གནས་པ་འདི།། གནས་བྱང་སེམས་འགྱུར་བ་མེད་པའི་བརྡའ།། ཞྭ་ཐོད་ཀྱི་གདེང་ཁ་མཐོ་བ་འདི།། ཆོས་ལྟ་བའི་ནམ་འཕང་གཅོད་པའི་བརྡའ།། ཞྭ་མི་གཡོ་བརྟན་པར་གནས་པ་འདི།། ཆོས་སྒོམ་པའི་རི་རྒྱལ་བརྟན་པའི་བརྡའ།། ཞྭ་རྩེ་མོ་རྣོ་ཞིང་བྱིན་ཆགས་པ།། ཆོས་འབྲས་བུའི་རྒྱལ་ས་ཟིན་པའི་བརྡའ།། ཞྭ་ཁ་དོག་དམར་པོ་འདུག་པ་འདི།། ཁམས་གསུམ་དབང་དུ་འདུས་པའི་བརྡའ།། ཞྭ་འཁོར་ཡུག་གཅིག་ཏུ་བསྐོར་བ་འདི།། དུ་མ་རོ་དྲུག་མཚོན་པའི་བརྡའ།། གཡས་གཡོན་ཀ་བ་བརྟན་པོ་གཉིས།། བདེན་གཉིས་རང་སར་གསལ་བའི་བརྡའ།། ཀ་བའི་ཁ་དོག་གསལ་བ་འདི།། དཀར་པོའི་ཆོས་རྣམས་རྫོགས་པའི་བརྡའ།། དར་སྣ་སྣ་ལྔའི་རྒྱན་འཆང་བ།། ཡེ་ཤེས་རྣམས་ལྔ་རྫོགས་པའི་བརྡའ།། སྤུ་རིས་མ་འདྲེས་རྫོགས་པ་འདི།། ཆོས་ཀུན་མ་འདྲེས་རྫོགས་པའི་བརྡའ།། ཕྱི་མ་སྣལ་མ་འཇམ་ཞིང་མཉེན།། སྤྱོད་ལམ་འཇམ་ཞིང་མཉེན་པའི་བརྡའ།། ནང་སྲོག་འཁྲང་ཤིང་ཚུགས་པ་འདི།། སྒྲུབ་རྒྱུད་ཚུགས་ཀ་ཟིན་པའི་བརྡའ།། ཕྱི་ནང་ཁ་དོག་དཀར་དམར་གཉིས།། བདེ་སྟོང་ཟུང་དུ་འཇུག་པའི་བརྡའ།། ཕྱི་ནང་གཅིག་ཏུ་སྦྱར་བ་འདི།། སྣང་སེམས་གཅིག་ཏུ་འདྲེས་པའི་བརྡའ།། གྱོན་པ་ཙམ་གྱིས་བློ་དཔངས་མཐོ།། འགྲན་ཟླ་ཀུན་ནས་བྲལ་བའི་བརྡའ།། ཞྭ་མངོན་སུམ་ཐད་ཀར་གསལ་བ་འདི།། སྐྱབས་གསུམ་ཐོད་དུ་འཆང་བའི་བརྡའ།། ཞྭ་མངོན་སུམ་གཅིག་ཏུ་འབྲེལ་བ་འདི།། དུས་གསུམ་མཉམ་ཉིད་རྟོགས་པའི་བརྡའ།། ཐེག་གསུམ་ཅིག་ཅར་རྫོགས་པ་དང།། རྩ་གསུམ་གཅིག་ཏུ་འདྲིལ་བའི་ཞྭ།། སྡོམ་གསུམ་ཡར་ལྡན་ཐོབ་པ་དང་།། སྒོ་གསུམ་ཆོས་དང་མཐུན་པའི་ཞྭ།། དུག་གསུམ་ལམ་དུ་སློང་བ་དང་།། སྣང་གསུམ་བདེ་བར་འཆར་བའི་ཞྭ།། ཞྭ་འདི་ལྟར་གྱོན་པའི་གང་ཟག་ལ།། རང་ལ་གཟབ་གཏད་མི་བདོག་ཀྱང་།། འདུན་ལ་བླ་མ་མཁའ་འགྲོ་བྱེད།། ཅི་བསམ་འགྲུབ་པ་ང་རེ་སྐྱིད།། ཅེས་ལེགས་པར་གསུངས་པའི་ཕྱིར།།བཀའ་རྟགས་ཅོད་པན་གྱི་གནས་ལུགས་གོ་བར་མཛོད་ཅིག།

                                                                                  བརྒྱད་པ། དྲྭ་ཕད།

          དྲྭ་བ་ནི་དགེ་སྦྱོང་དང་རྣལ་འབྱོར་པ་གཉིས་ཀར་གནང་ཞིང་རྒྱུ་སྐུད་ལས་བཟོས་པ། ཕྱི་ནང་ཟང་ཐལ་དུ་མཐོང་བ་དེ་དགོས་ཏེ། དེ་དོན་རིན་ཐང་ཅན་གྱི་དངོས་པོ་མི་འཛིན་པ་དང་། ཉེར་ཆས་རྫ་ཁོག་ཕོར་པ་ཕྱེ་སྣོད་ཙམ་ལས་གཞན་མི་བཟུང་བར་བྱ་བཏང་གི་སྤྱོད་པར་དགོངས་པའི་ཕྱིར། རྗེ་བཙུན་ཡབ་སྲས་ཀྱིས་ཕྱག་བཞེས་མཛད་ཚུན་བཀའ་བརྒྱུད་རྟོགས་ལྡན་ཚོས་བསྣམས་སྲོལ་དར། འདིའི་བཤད་པ་ཁུངས་ཐུབ་རྒྱལ་དབང་རྗེའི་གསུང་ཡིན་པས་འདི་ལྟ་སྟེ། ན་མོ་གུ་རུ། སྣོད་དྲྭ་ཆུང་ཟུར་གསུམ་འཆང་བ་འདི།། སེམས་སྐུ་གསུམ་མ་བུ་འཕྲོད་པའི་བརྡ།། གཞི་རྩལ་བལ་འཇམ་ལས་གྲུབ་པ་འདི།། སེམས་རྣལ་མའི་དོན་ལ་སྦྱོར་བའི་བརྡ།། བལ་གྲིམ་ལྷོད་སྙོམས་པས་སྐལ་བ་འདི།། སྒྲུབ་པ་ཐང་ལྷོད་མེད་པའི་བརྡ།། ཁྲུ་གང་ཚད་ལ་བོར་བ་འདི།། ཆོས་པའི་ཚད་དོ་བཟུང་བའི་བརྡ།། ནང་སྤྱད་ཕྱི་ནས་གསལ་བ་འདི།། དམ་ཚིག་ངོ་ལྐོག་མེད་པའི་བརྡ།། ཚུལ་བཞིན་སྒྲུབ་པའི་སྒྲུབ་པ་འདི།། ལམ་གྱི་གནད་ལ་གོམས་པའི་བརྡ།། ལེང་ཚེ་བཞི་རུ་བགོས་པ་འདི།། ཉམས་ཚད་མེད་བཞི་དང་ལྡན་པའི་བརྡ།། མིག་མངས་རིས་སུ་བྲིས་པ་འདི།།ཞིང་ཁམས་གྲངས་མེད་མཚོན་པའི་བརྡ།། རྩ་བ་གཅིག་ཏུ་དྲིལ་བ་འདི།། དུ་མ་རོ་གཅིག་རྟོགས་པའི་བརྡ།། ཁ་ཚར་སིལ་བུར་འདུག་པ་འདི།། ཆོས་མ་འདྲེས་གསལ་བར་རྫོགས་པའི་བརྡ།། གཞི་བར་སྣང་དྭངས་ལ་འཆར་བ་འདི།། ཆོས་སྣང་སྟོང་ཟུང་དུ་ཆུད་པའི་བརྡ།། ཁ་དོག་དམར་པོ་འདུག་པ་འདི།། ཆོས་བདེ་སྟོང་ཟུང་དུ་ཆུད་པའི་བརྡ།། ཕྱི་ནང་མེད་པར་གསལ་བ་འདི།། གསལ་སྟོང་ཟུང་དུ་ཆུད་པའི་བརྡ།། སྣོད་ཧ་ཅང་ཆེ་བ་མ་ཡིན་པ།། འདོད་ཆུང་ཆོག་ཤེས་བརྟེན་པའི་བརྡ།། ཧ་ཅང་ཆུང་བ་མ་ཡིན་པ།། མཁོ་བའི་ཡོ་བྱད་ཚང་བའི་བརྡ།། མཐའ་མུ་ཁྱུད་ཁོར་ཡུལ་བསྐོར་བ་འདི།། སྒོམ་ཉིན་མཚན་ཁོར་ཡུག་སྐྱོང་བའི་བརྡ།། དྲྭ་ཆིངས་ཤེས་པར་དཀའ་བ་འདི།། ཀིན་གྱི་སྤྱོད་ཡུལ་མིན་པའི་བརྡ།། ཉིས་ལྟབས་ཞུགས་སུ་བྱས་པ་འདི།། ཟུང་འཇུག་ལམ་དུ་འཁྱེར་བའི་བརྡ།། ཅུང་ཟད་འཁྱོག་པར་བྲིས་པ་འདི།། ཆོས་ལྡེམ་དགོངས་གཉིས་ལ་མཁའ་པའི་བརྡ།། སྲད་བུའི་རྒྱུན་དང་འགྲོགས་པ་འདི།། དྲན་པ་རྒྱུན་ཆགས་བརྟན་པའི་བརྡ།། ཟངས་ཀྱི་ཨ་ལོང་བཏགས་པ་འདི།། མཁའ་འགྲོ་དབང་དུ་སྡུད་པའི་བརྡ།། ལྕགས་ཀྱི་ཨ་ལོང་བཏགས་པ་འདི།། ཆོས་སྐྱོང་དབང་དུ་སྡུད་བའི་བརྡ།། རུས་པའི་ཆ་རུ་བཏགས་པ་འདི།། རྣལ་འབྱོར་སྙིང་རུས་ཆེ་བའི་བརྡ།། དེ་ལ་ཤ་འབྲེང་བཏགས་པ་འདི།། རྣལ་འབྱོར་གཤིས་རྒྱུད་མཉེན་པའི་བརྡ།། དྲྭ་མིག་དུ་མར་ཡོད་པ་འདི།། ཐེག་པའི་འཇུག་སྒོ་མང་བའི་བརྡ།། ཐམས་ཅད་གཅིག་ཏུ་རྫོགས་པ་འདི།། མཐར་ཐུག་གཅིག་ཏུ་རྫོགས་པའི་བརྡ།། ལྟོ་རྒྱབ་ཁྱད་པར་མེད་པ་འདི།། འཁོར་འདས་དབྱེར་མེད་རྟོགས་པའི་བརྡ།། ཟུང་གཅིག་ཉན་ཐོས་ཞི་བའི་ལམ།། གཟུང་འཛིན་ངང་གིས་ཞི་བའི་བརྡ།། ཟུར་གཅིག་རང་རྒྱལ་རྟེན་འབྲེལ་ལམ།། སྣང་བ་རྟེན་འབྲེལ་འཆར་བའི་བརྡ།། ཟུར་གཅིག་ཐེག་ཆེན་ཡོངས་རྫོགས་ལམ།། ཐེག་གསུམ་གཅིག་ཏུ་རྫོགས་པའི་བརྡ།། ཟུར་གཅིག་སོ་ཐར་སྤོང་བའི་ལམ།། བྱ་བ་ངང་གིས་གཏོང་བའི་བརྡ།། ཟུར་གཅིག་བྱང་སེམས་བསྒྱུར་བའི་ལམ།། འགྲོ་ལ་སྤྱི་ཕན་བྱེད་པའི་བརྡ།། ཟུར་གཅིག་རང་བཞིན་ཤེས་པའི་ལམ།། དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡ།། ཟུར་གཅིག་འདུལ་བའི་སྡེ་སྣོད་མཚོན་།། སྡིག་སྤོང་དགེ་བ་སྒྲུབ་པའི་བརྡ།། ཟུར་གཅིག་མདོ་སྡེའི་སྡེ་སྣོད་མཚོན།། ཏིང་འཛིན་སེམས་ལ་འཆར་བའི་བརྡ།། ཟུར་གཅིག་མངོན་པའི་སྡེ་སྣོད་མཚོན།། ཕྱི་ནང་མངོན་དུ་གྱུར་བའི་བརྡ།། རང་བཞིན་དག་པའི་ཆོས་སྐུ་མཚོན།། ཇི་ལྟའི་དབྱིངས་ལ་ཇི་སྙེད་གསལ།། རྣམ་པ་དག་པ་ལོངས་སྐུ་མཚོན།། ཞིང་ཁམས་མ་འདྲེས་སོ་སོར་གསལ།། བྱེད་ལས་དག་པ་སྤྲུལ་སྐུ་མཚོན།། རྩོལ་མེད་གཞན་དོན་བབས་ལ་འགྲུབ།། རྒྱབ་ཏུ་ཁུར་བའི་དུས་ཙམ་ན།། རྒྱབ་རྟེན་དཀོན་མཆོག་གསུམ་ལ་འཆའ།། སྲུང་སྐྱོབ་ཤུགས་ལ་འབྱུང་བའི་སྣོད།། འགྲོ་བ་གཞན་དོན་བྱེད་ཙམ་ན།། རང་གཞན་བསོད་ནམས་མཉམ་པོར་སྤེལ།། ཚོགས་གཉིས་ངང་གིས་རྫོགས་པའི་སྣོད།། རོ་སྙོམས་ལྡོམ་བུ་བྱེད་ཙམ་ན།། བཟང་ངན་མེད་པར་ལམ་དུ་འཁྱེར།། སྤྱིར་སྣང་རྒྱན་དུ་འཆར་བའི་སྣོད།། འགྲོ་བ་ཕལ་ལ་མི་མཁོ་ཞིང་།། བྱ་བཏང་རྣམས་ལ་ཉེར་མཁོ་བའི།། རྣལ་འབྱོར་པ་ཡི་བང་མཛོད་ཡིན།། ཕྱི་ཚིས་གསོག་འཇོག་མི་འབྱུང་ཞིང།། འདོད་རྒུ་ངང་གིས་འབྱུང་བས་ན།། རྣལ་འབྱོར་པ་ཡི་བང་མཛོད་ཡིན།། སྒྲུབ་ན་དཀའ་བ་མ་མཆིས་ཤིང་།། འཕྲོག་ཀྱང་ཕངས་པ་མ་མཆིས་པས།།རྣལ་འབྱོར་པ་ཡིས་འཆང་བས་འོས།། ཞེས་གསུངས་སོ།།

                                       དགུ་པ། ཅོག་བུ།

            དེ་ཡང་རས་གུར་ཆུང་ངུའི་མིང་ཡིན་ཏེ། འདི་ཉིད་རྒྱ་བོད་གཉིས་ཀར་དར་ཞིང་རི་ཁྲོད་དུ་ཁང་པ་ཡང་རང་ཤོང་ཙམ་ལས་རུང་བར་མ་བཤད་པ་ནི།རང་ཉིད་གཅིག་པུ་ལས་ཟླ་གྲོགས་དང་ཆས་ཀ་སོགས་ཀྱི་གསོག་འཇོག་མི་བྱས་བའི་ཕྱིར་དང་།།ཅོག་བུ་ནི་རྣལ་འབྱོར་བས་རྒྱལ་ཁམས་བསྐོར་བའི་ཕྱིར་དང་གནས་ལ་ཞེ་འཛིན་སྤང་ཕྱིར་གསུངས་པ་ཡིན་པས།ཅོག་པུ་ནི་འབྲི་འབྲུག་སོགས་ཀྱི་རྟོགས་ལྡན་རྣམས་ཀྱིས་ད་ལྟའི་བར་དུ་ཕྱག་བཞེས་ཉམས་མེད་མཛད་སྲོལ་གནས་ཡོད། ཅོག་བུའི་ཡོན་ཏན་མང་དུ་གནས་གསུངས་ཀྱང་མདོར་བསྡུས་གོ་བདེ་བ་ནི་རྒྱལ་དབང་རྗེའི་གསུང་འདི་ཡིན་ཏེ། དེ་ཡང་འདི་ལྟ་སྟེ། འོ་སྐོལ་དཔོན་སློབ་ཆོས་བཞིན་བྱེད་པ་ལ།། ཉེ་བར་མཁོ་བ་ཅོག་བུ་རང་ཤོང་ཡིན།། ཕྱི་ནས་བལྟས་ན་དད་པ་འདྲེན་པའི་གནས།། ནང་ནས་བལྟས་ན་ངེས་ཤེས་སྐྱེ་བའི་གནས།། བསྡད་པ་ཙམ་གྱིས་རིག་པ་དྭངས་བའི་གནས།། ཚེ་འདིའི་འཁྲི་བ་བཙན་ཐབས་ཆོད་པའི་གནས།།ཉམས་དང་རྟོག་པ་གོང་དུ་འཕེལ་བའི་གནས།།སྤྱོད་ལམ་ཐམས་ཅད་དྲང་པོར་སྲོང་བའི་གནས།།སྣམ་གཡེང་མཛེས་ཆོས་འདུ་འཛི་ཉུང་བའི་གནས།།ཆགས་སྡང་ཡུལ་དང་ཐབས་ཀྱིས་བྲལ་བའི་གནས།།ཆོས་ལྡན་གྲོགས་དང་འགྲོགས་པ་དགེ་བའི་གནས།།འཕྲལ་དང་འཕྲལ་དུ་དགེ་ལ་སྦྱོར་བའི་གནས།།རང་གི་སྤྱོད་ལམ་རང་ཚོད་ཟིན་པའི་གནས།།གཞན་གྱི་བྱ་སྤྱོད་ཚོགས་སུ་གྱུར་བའི་གནས།།བྱ་བཏང་ཐམས་ཅད་སྤྲོ་བ་སྐྱེ་བའི་གནས།།མཐུན་པའི་རྐྱེན་རྣམས་འབད་མེད་འབྱུང་བའི་གནས།།འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བའི་གནས།།སྡོད་པའི་ཚེ་ན་བལྟོས་པ་མེད་པའི་གནས།།འགྲོ་བའི་ཚེ་ན་འཕྲེང་དགོས་མེད་པའི་གནས།། སུ་དང་འགྲོགས་ཀྱུང་སྒོས་མཛའ་མེད་པའི་གནས།། ཇི་ཙམ་འགྲོགས་ཀྱང་འཐབ་དགོས་མེད་པའི་གནས།།ཆོས་ལ་ངེས་ཤེས་འཕྲལ་ལ་སྐྱེ་བའི་གནས།། འདོད་པ་ཆུང་ཞིང་ཆོག་ཤེས་སྐྱེ་བའི་གནས།། ཕྱི་བལྟས་བློ་སྣ་ནང་དུ་འགུག་པའི་གནས།། སྐྱིལ་ཀྲུང་ལུས་གནས་ཤུགས་ལ་འབྱུང་བའི་གནས།།འབད་མེད་སྨྲ་བཅད་ཞར་ལ་འགྲུབ་པའི་གནས།།གཟུང་འཛིན་རྣམ་རྟོག་ངང་གིས་འགག་པའི་གནས།།དམ་སེལ་ཉམས་གྲིབ་འཕྲལ་དུ་གཅོད་པའི་གནས།།སྒོ་གསུམ་དབེན་གསུམ་མལ་དུ་ཚུད་པའི་གནས།། དམན་ས་ཟིན་ཞིང་དག་སྣང་སྐྱེ་བའི་གནས།། རང་ཚུགས་ཟིན་ཞིང་འགྲོ་ལ་ཕན་པའི་གནས།། ཆོས་བཞིན་བྱེད་པ་ཞོར་ལ་འདུ་བའི་གནས།། ངོ་བསྲུང་ཐག་པ་ནང་ནས་གཅོད་པའི་གནས།། ཕྱི་ཚིས་གསོག་འཇོག་ངང་གིས་འགག་པའི་གནས།།བག་མེད་སྤྱོད་པ་རྒྱང་དུ་བསྲིང་བའི་གནས།།དྲན་དང་ཤེས་བཞིན་བག་ཡོད་འབྱུང་བའི་གནས།།གོང་མའི་རྣམ་ཐར་རྗེས་སུ་དྲན་པའི་གནས།།སྐྱིད་ན་ཐེག་ཅིང་སྡུག་ན་ཐུབ་པའི་གནས།།སྐྱིད་ན་དཀོནན་མཆོག་བཀའ་དྲིན་དྲན་པའི་གནས།།སྡུག་ནས་གང་བྱུང་ལམ་དུ་འཁྱེར་བའི་གནས།།མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེ་བའི་གནས།།བསྡད་ཀྱང་སླ་ལ་ཕྱིན་ཀྱང་སླ་བའི་གནས།། གང་ལྟར་བྱས་ཀྱང་ཆོས་སུ་འགྲོ་བའི་གནས།། འཇིག་རྟེན་བློས་བཏང་རྣམ་ཐར་སྐྱོང་བའི་གནས།། གཉན་ས་རི་ཁྲོད་ཤུགས་ལ་འགྲིམ་པའི་གནས།། ཆོས་བརྒྱད་མགོ་བོ་ངང་གིས་སྙོམས་པའི་གནས།། ཚོང་འདུས་བསྡད་ཀྱང་སྒྲུབ་གོ་ཆོད་པའི་གནས།། སྣང་སྲིད་ལྷ་འདྲེ་དབང་དུ་འདུ་བའི་གནས།། གཞན་སྣང་མཐའ་དག་ཟིལ་གྱིས་གནོན་པའི་གནས།། རིག་པའི་རྩལ་ཁ་ཆོག་མེད་སྦྱོང་བའི་གནས།། སྒྲུབ་རྒྱུད་བསྟན་པ་མིང་འདྲེན་བཟང་བའི་གནས།། བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་པའི་གནས།། དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས།། སྐྱིད་སྐྱིད་འདྲ་ན་ཁྱོད་རང་རྣམས་ཀྱང་མཛོད།། རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ།། འོ་སྐོལ་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ།། ཞེས་གསུངས་པས་གོས་ཐུབ་བོ།།

                                                                                           བཅུ་པ།  ཐུན་དུང་།

       ཐུན་དུང་ནི་རྐང་གླིང་ཡིན་ཏེ།སྤྱིར་མི་རྐང་གླིང་གི་བུ་ཞེས་པ་རྒྱ་གཞུང་ནས་འབྱུང་ཞིང་།དེར་ཡང་སྐྱེས་པ་དར་མ་གྲིར་ཤི་བའི་བརླ་རྐང་གཡོན་པ་ནི་དུང་ཆེན་གླིང་བུ་ཞེས་མཁའ་འགྲོ་འབོད་པ་དང་།བུད་མེད་དར་མ་གྲིར་ཤི་བའི་རྐང་ནི་དཔའ་བོ་འབོད་པའི་རྟེན་སོགས་དང་།སྤྱན་འདྲེན།།བསྐང་བ། སྐུལ་བ་སོགས་ལ་རྐང་གླིང་གི་དབྱེ་བ་མང་ཞིང་། ཨ་ཙ་རའི་རྐང་གླིང་སོགས་འབྱུང་བས།འདི་དག་གི་བཅད་ལུགས་དང་རྒྱུས་པར་གད་བདར་དང་།རྟེན་འབྲེལ་བྱ་ཚུལ་རྣམས་མ་གཅིག་གི་གཞུང་འཁྲུལ་མེད་སོགས་སུ་གསལ་བས་དེར་གཟིགས་པར་མཛོད།བཀའ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ཐུན་དུང་ནི་མདོ་ལྟར་བསོད་སྙོམས་ལ་འཁར་བསིལ་དང་། རྟོགས་ལྡན་གྱིམ་ཌཱ་མ་རུ་ལྟར་སློང་མོའི་ཡོ་བྱད་མ་ཡིན་ཏེ། བརྒྱུད་པ་རིན་པོ་ཆེའི་ཉམས་ལེན་སྲོད་ཐུན་ལ་ཀུ་ས་ལེའི་ཚོགས་གསོག་གི་སྐབས་སུ་འབུད་བྱེད་ཀྱི་རྐང་གླིང་ཡིན་པའི་ཕྱིར།འདི་ལ་རི་དྭགས་ཀྲིཥྞའི་ར་དུང་བྱུང་ན་ལེགས་པར་གསུངས་ཏེ།འདི་སྔོན་བྱང་ཆུབ་སེམས་དཔའ་གང་ཞིག་སྟོང་ཉིད་ཀྱི་རྩིས་ལ་མ་ཟིན་པར་སྙིང་རྗེ་ཁ་རྐྱང་དུ་གོལ་བས་འདིར་སྐྱེ་པའི་ཕྱིར།རི་དྭགས་ཕལ་གྱི་རྭ་དང་མི་འདྲ་བར་འདིའི་སྐད་ཐོས་པ་ཙམ་གྱིས་སྙིང་རྗེ་ལྷང་གིས་སྐྱེ་བས་ན། རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། བོད་དུ་པོ་ཏོ་བ་སོགས་བཀའ་གདམས་གོང་མ་མང་པོས་བསྣམས་པ་ཡིན་པས་ཤིན་ཏུ་ནས་ལེགས་པར་བཞེས།འབུད་ཚུལ་ལ་བོད་འདིར་སྣ་ཚོགས་ཤིག་ཡོད་པ་ལས་བཀའ་བརྒྱུད་རིན་པོ་ཆེས་དགུ་འབུད་ཀྱི་ཕྱག་ལེན་མཛད་དེ།འདི་ནི་ཡུ་དམ་འཁོར་ལོ་བདེ་མཆོག་གི་རྩ་སྔགས་ཡི་གེ་བདུན་པའི་བརྡ་སྐད་ཡིན་པར་གསུངས་ཏེ་དེ་ཡང་ཡི་གེ་བདུན་མར་ཨོཾ་གཅིག་ལས་མེད་ཀྱང་། སྐབས་འདིར་ཕག་མོའི་ཨོཾ་གསུམ་དང་བསྟུན་པས་བརྡ་སྐད་བྱ་བ་ཡིན་པའི་ཕྱིར། ཐོག་མར་ཨོཾ། ཨོཾ། ཨོཾ། ཞེས་ཐུང་བ་གསུམ་འབུད། དེ་ནས་ཧྲཱིཿཞེས་རྒྱང་རིང་བ་གཅིག དེ་ནས་ཧ་ཞེས་རིང་བ་གཅིག དེ་ནས་ཧ་འ་འ་འ་འ་འ་ཞེས་རྒྱང་རིང་ཞིང་ལྡེམ་འགྱུར་ཡོད་པ་གཅིག དེ་ནས་ཧྲཱུཾ་ཧྲཱུཾ་ཞེས་ཐུང་བ་གཉིས། དེ་རྗེས་ཕགསཿ འདི་ཅུང་ཟད་རིང་ཙམ་བྱེད། དེ་ལྟར་དགུ་ལ་དགུ་འབུད་ཅེས་བྱ་བ་སྟེ་དེང་སང་ཡང་སྒྲུབ་པ་པོ་རྣམས་ཀྱིས་བྱེད་བཞིན་པ་འདི་ཀ་ཡིན་ནོ།། ཀུ་ས་ལི་ནི་བཀའ་བརྒྱུད་ཀྱི་ཕ་ཆོས་དྲི་མ་མེད་པ་ཡིན་ལ་གཅོད་ནི་རྗེས་སུ་བཀའ་བརྒྱུད་ཕྱོགས་སུ་ཅུང་ཟད་དར་བ་ཡིན་པ་ཤེས་པར་བྱའོ།།

                                                       བཅུ་གཅིག རལ་ལྕོག

            རལ་ལྕོག་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཡང་ཡང་གསུངས་ཤིང་། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་རལ་པའི་ཐོར་ལྕོག་མཛད་པ་ཁོ་ན་ཡིན་པ་རྣམ་ཐར་དང་བྲིས་སྐུ་རྣམས་མཇལ་བས་ཤེས་ལ། བོད་འདིར་ཡང་གསར་འཛིན་སྤྱི་དང་སྒྲ་སྒྱུར་གྱི་རྒྱལ་པོ་ལྷོ་བྲག་པ་མར་པ་ཡང་སྲས་རྣམས་ཀྱིས་རལ་ལྕོག་གི་ཕྱག་བཞེས་མཛད་པས་རྗེ་བཙན་མི་ལའི་རྗེས་འབྲངས་སུ་རས་པ་ཞེས་གྲགས་པ་དར་སྟེ། ད་ལྟའི་བར་དུ་ཐོར་ལྕོག་མཛད་རྒྱུན་བཀའ་བརྒྱུད་རིན་པོ་ཆེའི་རྟོགས་ལྡན་རྣམས་ལ་ཡོད་དོ།། འདིའི་ཁུངས་ནི་སྤྱིར་མདོ་ལས་ཀྱང་གསུངས་ཏེ། རྒྱན་གྱིས་བརྒྱན་པར་བྱས་ཏེ་ཆོས་སྤྱོད་ཅིང་ཞེས་པའི་ཤོ་ལོ་ཀས་སྐྲ་མ་བྲེགས་ལུས་མ་བསྒྱུར་ཡང་དོན་གྱི་དགེ་སྦྱོར་དུ་གསུངས་ཤིང་། དགེ་སློང་ལྔའི་རྣམ་བཞག་ལས་དོན་གྱི་དགེ་སློང་ནི་སྐྲ་བྲེགས་པ་སོགས་བྱུང་ལ། ཆེད་དུ་བརྗོད་པའི་མདོ་ལས། མགོ་སྐྱེས་བྲེགས་པ་ལ་བྱང་ཆུབ་ག་ལ་ཡོད། ཤེས་རབ་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་བྲེགས་པར་བྱའོ་གསུངས། བྱང་སྡོམ་ནས་རལ་ལྕོག་བྱེད་ཚུལ་བྱུང་བ་ནི་དེ་དག་ལས་གསལ་ལ། སྔགས་སུ་ནི་དམ་ཚིག་འདི་ལྟ་བུ་མ་ལྡན་ན་མི་རུང་བར་གསུངས་ཏེ། མཁའ་འགྲོ་མ་དྲྭ་བ་སྡོམ་པའི་རྒྱུད་ལས། རྒྱན་དང་ཕྱག་རྒྱ་ཕྱག་མཚན་རྣམས།། ཕྱག་ན་བརྟེན་པའི་དམ་ཚིག་ཡིན།། ཞེས་དང་། བུམ་དབང་གི་དམ་ཚིག་ཏུ་ལྕང་ལོ་དགོས་པར་བཤད་ལ། རྨི་ལམ་ལས། སྐྲ་བཀྲོལ་ཉོན་མོངས་གྲོལ་བ་སྟེ།། མུ་ཏིག་རྒྱན་ལྡན་ཡིད་འཕྲོག་པ།། ལྕང་ལོ་ཅོད་པན་ཐོར་གཙུག་གིས།། ཡེ་ཤེས་སྒྲོན་མེ་རྣམ་པར་འཁྱེར།། ཞེས་དང་། བརྟག་གཉིས་ལས། རྒྱུན་བུའི་སྐྲ་ལ་ཅོད་པན་བཅས།། དེ་ལ་ཧཱུཾ་བྱུང་སྦྱར་བར་བྱ།། ཞེས་དང་། ཐབས་དང་ཤེས་རབ་བདག་ཉིད་ཀྱིས།། སྐྲ་ཡི་སྐེ་རགས་གཉིས་བསྐོར་ཉིད།། ཅེས་དང་། དོན་དམ་པའི་མཚན་བརྗོད་ལས། རལ་པ་མུན་ཛ་ཅོད་པན་ཐོགས།། ཞེས་དང་། དེ་ལས། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན།།ཞེས་སོགས་རྒྱུད་ལུང་དང་གྲུབ་བརྒྱའི་སྤྱི་མེས་ས་ར་ཧས་མི་ཟད་པའི་གཏེར་མཛོད་ཀྱི་དོ་ཧ་ལས། འཁོར་ལོ་ལྡན་པའི་ཐོར་གཙུག་སྤྱི་བོ་དག་ཏུ་བཟུང་། ཞེས་སོགས་ལུང་ཤིན་ཏུ་མང་ངོ་།།ལ་ལས་བཀའ་བརྒྱུད་པའི་རལ་ལྕོག་ནི་མུ་སྟེགས་སྐྲའི་ལ་བ་ཅན་གྱི་ལུགས་ཡིན་ཞེས་སྨྲ་སྟེ།དེ་ལྟར་ན་རྒྱུད་དང་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་དེར་ཐལ། དེའི་ཕྱིར་མ་གྲུབ་ན། ཁྱབ་པ་ཁས། ཁྱོད་ཀྱིས་ཁས་བླངས། དེའི་ཕྱིར། ལེགས་པར་སོམས་ཤིག དེ་ཡང་རལ་པ་སྤྱི་བོར་བཅིངས་པ་ནི་རིགས་བདག་མི་འབྲལ་བར་མཚོན་ཞིང་། སྐྲ་ལྕང་ལོ་གཡས་སུ་འཁྱིལ་བ་ནི་དཔའ་བོ། གཡོན་དུ་འཁྱིལ་བ་ནི་དཔའ་མོ་སོགས་དང་། རྣལ་འབྱོར་པའི་སྐྲ་ལ་དབའ་བོ་ཌཱཀྐི་གནས་པའི་རྟེན་འབྲེལ་ཡོད་པར་གསུངས་ཤིང་། དགོས་པ་དང་རྒྱུ་མཚན་ཤིན་ཏུ་མང་ཞིང་བསམ་གྱིས་མི་ཁྱབ་པ་ཡོད་ཅེས་འཕྲིན་ཡིག་རྣམས་སུ་གསུངས་ཏེ།གྲུབ་དབང་དཀོན་མཆོག་ཚེ་བརྟན་གྱིས་རལ་བཤད་ཡི་དམ་དགྱེས་པའི་མཆོད་སྤྲིན་བྱ་བ་ཚིགས་སུ་བཅད་པ་ཤོ་ལོ་ཀ་ལྔ་བཅུ་ཡོད་པ་ཞིག་མཛད་ཡོད་འདུག་ཀྱང་། ད་ལྟ་མཇལ་དུ་མ་གྱུར་བས་འདིར་སྤྲོས་ཐབས་དབེན་སོང་ངོ་།རལ་ལྕོག་ནི་རྒྱ་གར་གྱི་གྲུབ་ཐོབ་རིག་འཛིན་རྣམས་ཀྱི་ཕྱག་བཞེས།གནས་གསུམ་དཔའ་བོ་མཁའ་འགྲོའི་བླ་རྡོ་གསང་ཆེན་བླ་ན་མེད་པའི་རྒྱན་མཆོག་འདི་ཉིད་བརྟེན་པ་ཙམ་གྱིས་ཐ་མལ་གྱི་བག་ཆགས་རང་སར་འགག རིག་པ་ཡེ་ཤེས་ལ་ངར་བསྐྱེད། སྣང་སྲིད་ཀྱིས་སྣང་བ་ཟིལ་གྱིས་གནོན། མི་དང་མི་མ་ཡིན་ཐམས་ཅད་འདུ།ལས་བཞིའི་འཕྲིན་ལས་རབ་འབྱམས་གྲུབ་པ་སོགས་མདོར་ན་གནས་སྐབས་དང་མཐར་ཐུག་གི་བསམ་དོན་གྲུབ་པ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་ཞེས་བཀའ་བརྒྱུད་གོང་མས་བཞེད་པས་ཡིད་ཆེས་པར་བྱའོ།། ཨང་རག་ནི་རྒྱ་བོད་ཡོངས་སུ་གྲགས་ཤིང་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་བསྣམས་སྲོལ་བྱུང་ཞིང་བོད་དུ་དར་མོད། དོན་ནི་རྫོགས་རིམ་རྩ་རླུང་འཕྲུལ་འཁོར་སྐབས་སུ་འགུལ་བསྐྱོད་བདེ་བར་དགོངས་ནས་མཛད་པར་གསུངས་སོ།། འདི་ལ་ནང་དམར་ཕྱི་སྔོ་སོགས་སྣ་ཚོགས་ལ་ཤམ་སྔོན་པོ་ཡོད་པ་སྟེ། ནང་དམར་བ་གཏུམ་མོའི་མེ་དང་ཤམ་སྔོན་ཡོད་པ་རླུང་མཚོན་པར་བཤད་དོ།། འབྲུག་པའི་ཕྱག་བཞེས་གནས་གསུམ་གྱི་རི་བ་རྣམས་ལ་གངས་རིའི་མདངས་ཀྱིས་མིག་ལ་མི་གནོད་པའི་ཆེད་དུ་མིག་རྭའི་ཆོས་དང་། ཐིག་ལེ་མི་ཉམས་པའི་རྟེན་འབྲེལ་དུང་ཆོས་དང་། བླ་མ་འདུ་བྲལ་མེད་པའི་རྟེན་འབྲེལ་ཕྲེང་བའི་ཆོས་སོགས་ཁྱད་ཆོས་སྐོར་དང་། རས་ཆུང་དང་ངམ་རྫོང་སྙན་བརྒྱུད་ལུགས་ཀྱི་འབྲལ་སྤང་གི་ཆོས་སྐོར་དང་། འབྲི་གུང་པའི་མགོན་པོ་བྱ་རོག་མ་སོགས་དང་། ཉིན་མཚན་ཐུན་དྲུག་གི་ཉམས་བཞེས་སོགས་ལ་བཀའ་བརྒྱུད་རིན་པོ་ཆེའི་གོང་མ་སོ་སོའི་ཕྱག་བཞེས་ཐ་དད་པ་ཡོད་པ་ན་སོ་སོར་ཤེས་པར་བྱ་ལ། འདིར་སྨོས་པ་ནི་ཐུན་མོང་དུ་གྲགས་པའི་སྙན་རྒྱུད་ཀྱི་བྱ་ཆས་ཀྱི་རྣམ་བཤད་ཁུངས་ཐུབ་ལས་དྲངས་ཏེ་ངོ་སྤྲོད་པའི་ཚུལ་ཡིན། བཀའ་བརྒྱུད་གོང་མ་སོ་སོར་ཕྱག་བཞེས་ཐ་དད་པའི་ཕྱིར་བཀའ་བརྒྱུད་རིན་པོ་ཆེར་ནང་གསེས་མང་ཞིག་བྱུང་སྟེ་དྭགས་པོའི་སློབ་མ་ལས་གྲགས་ཆེ་བ་བཞི་དང་། འགྲོ་མགོན་ཕག་གྲུའི་སློབ་མ་ལས་གྲགས་ཆེ་བ་བརྒྱད་བྱུང་ཞིང་། རས་ཆུང་དང་ངམ་རྫོང་གི་བརྒྱུད་ལས་སྙན་རྒྱུད་འཛིན་པ་གྲགས་ཆེ་བ་གཉིས། མར་པ་ལས་གྲགས་ཆེ་བ་ལྔ་བྱུང་བས། ཕྱག་བཞེས་སོ་སོར་ཡོད་པ་ལས་དེ་ལྟར་གྲགས་ལ། ཕྱིས་སུ་བཀའ་བརྒྱུད་ཀྱི་མིག་རྒྱན་དུ་གྱུར་བ་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་ནམ་ཁྲག་འཐུང་རྒྱལ་པོ་དང་། དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་དཔའ་བཟང་པོ་དང་། འབྲུག་སྨྱོན་ཧེ་རུ་ཀ་ཀུན་དགའ་ལེགས་པའི་དཔལ་གསུམ་ནི་ཡོངས་སུ་གྲགས་པའི་གྲུབ་ཆེན་ཡིན་ཞིང། ཆ་ལུགས་ཀྱང་གྲུབ་ཆེན་གྱི་ལུགས་ལྟར་ཨང་རག་བསྣམས་ཤིང་རྐང་གླིང་འབུད་པ་སོགས་ཕྱག་བཞེས་གནང་བས་རྟོགས་ལྡན་གྱི་སྙན་པ་དགུང་ལ་རིག་པའི་འཕྲིན་ལས་ཀྱི་བདག་ཉིད་དུ་གྱུར་བས། རྗེ་མི་ལ་རས་པ་དང་། རས་ཆུང་པ། གླིང་རས་པ་སོགས་རྟོགས་ལྡན་གྱི་ཕྱག་བཞེས་ཉལ་ཕྲ་བ་གཞིར་བཞེངས་སུ་མཛད་པར་བརྟེན་ད་ལྟའང་ཕྱག་རྒྱུན་གནས་པ་འདི་བྱུང་བ་ཡིན་གྱིས། བཀའ་བརྒྱུད་གཞན་རྣམས་ནི་མར་མི་དྭགས་གསུམ་གྱི་ཕྱག་བཞེས་སྟེང་འདུལ་བའི་བསྟན་པ་གཞིར་མཛད་ཅིང་རང་ལུགས་སྔར་ཡོད་སྟེང་གཏེར་ཁ་གསར་རྙིང་གི་ཕྱག་བཞེས་བསྣན་པར་མཛད་དེ་འཕྲིན་ལས་སྤེལ་བ་ལས། མར་པ་དང་མི་ལའི་སྙན་བརྒྱུད་ཀྱི་བྱ་ཆས་དང་རྟོགས་ལྡན་གྱི་རྣམ་ཐར་ནི་དེ་ཙམ་མི་མངོན་པར་གྱུར་ཏོ།། ལ་ལས་དྭགས་པོ་ཚུན་ནས་བཀའ་བརྒྱུད་པར་འདུལ་བའི་བསྟན་པ་ཡོད་པར་གྱུར་པ་ལས། མར་པ་དང་མི་ལ་ལ་འདུལ་བ་མེད་པའི་ལྟ་བ་བཤད་པ་ནི་རྣམ་པར་འཁྱམས་པར་ཤེས་པར་བྱའོ།། དེ་ལྟར་བཀའ་བརྒྱུད་རིན་པོ་ཆེའི་སྙན་བརྒྱུད་ཀྱི་བྱ་ཆས་ཀྱི་རྣམ་བཤད་གླེང་བའི་ཁུངས་ནི་དོ་ཧའོ་སྐོར་དང་། ཏི་ནག་གི་རྣམ་མགུར། མར་པའི་རྣམ་ཐར་དང་ཆོས་དྲུག་སྲས་མཁར་མ། རྗེ་མི་ལའི་རྣམ་ཐར་མཛོད་ནག་མ་དང་། ཐམས་ཅད་མཁྱེན་པའི་ལམ་སྟོན། སྒམ་པོ་བའི་རྣམ་ཐར་དང་གསུང་འབུམ། འགྲོ་མགོན་ཕག་གྲུའི་གསུང་འབུམ། འབྲི་གུང་སྐྱོབ་པའི་ཟབ་ཆོས། ངམ་རྫོང་སྙན་བརྒྱུད། རས་ཆུང་སྙན་བརྒྱུད། འབྲུག་པད་དཀར་གྱི་གསུང་འབུམ། འབྲུག་རྒྱལ་དབང་རྗེའི་གསུང་བཏུས། འབྲུག་པའི་ཁྲིད་བརྒྱད། དབུས་སྨྱོན་དང་འབྲུག་སྨྱོན་གཙང་སྨྱོན་གྱི་རྣམ་ཐར་སོགས་ལ་བརྟེན་པའི་ཕྱིར་རང་བཟོ་རྟོགས་བཏགས་ཀྱིས་སྤྲོས་པས་མ་བསླད་པས་ཡིད་རྟོན་རུང་བར་ཡོད་དོ།།

 སྨྲས་པ།

           བཀའ་བརྒྱུད་གོང་མའི་ཕྱག་བཞེས་རྨད་བྱུང་བ།། བཀའ་བརྒྱུད་ཁྱད་ཆོས་སྙན་བརྒྱུད་བྱ་ཆས་སྐོར།། བཀའ་བརྒྱུད་གོང་མའི་གསུང་བཞིན་སྤེལ་བའི་མཐུས།། བཀའ་བརྒྱུད་ཁྱད་ཆོས་ཀུན་གྱིས་རྟོགས་གྱུར་ཅིག།།།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060