གནས་ཡུལ། མདུན་ངོས། ཆོས་ལུགས་ཀྱི་གྲུབ་མཐའ།
 
 
༄༅།།སྔ་འགྱུར་གསང་སྔགས་རྙིང་མའི་ལུགས་ཀྱི་ཐོད་པ་དང་མར་མེ་བརྟགས་ཐབས།
སྤེལ་དུས།2008-04-09   ཡོང་ཁུངས་།   རྩོམ་པ་པོ། པདྨ་ཧེ་རུ་ཀས་སྒྲིག་རྩོམ་བྱས།

                                                                                           (དང་པོ།)

      ༄༅།།ན་མོ་གུ་རུ་པདྨ་ས་མྦྷ་ཡ།འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཐོད་པའི་བརྟགས་ཐབས་བཤད་པ་ནི། དཔྲལ་བ་སྨེ་བ་དམར་པོ་ཡོད་པ། སྨིན་མ་འབྲེལ་བ། ཡ་ཀན་ལ་མཆེ་བ་ཡོད་པ། སྤྱོད་ལམ་མཛེས་པའི་ཐོད་པ་བཟང་། སྐྲ་ན་ལ་འཚེར་བ། སྤྱི་གཙུག་འཁྱིལ་བ། མིག་དཀར་ཁྲ་མཁུར་མཆུ་མཐོ་བ། མགོ་ཟླུམ་པོ། ཡོས་རྐོ་མཐོ་བ། སྐྲ་མཚམས་མཐོ་བ་བཟང་ངོ་།། བོང་ཐུང་བ། གདོང་གཡོ་བ། ཀླད་སྐྱོན་ཆེ་བ། འབར་འབུར་མང་བ། སྣ་ཉག་པ། བཞིན་མི་སྡུག་པའི་ཐོད་པ་ངན་ནོ། རོ་བཤད་པ། ཤར་དུ་དུམ་བུ་གཅིག་གཉིས་བཟང་། ལྷོར་དུམ་བུ་བཞི་པ་བཟང་། ནུབ་ཏུ་དུམ་བུ་གསུམ་པ་བཟང་། བྱང་དུ་དུམ་བུ་བཞི་པ་བཟང་། གན་རྐྱལ་དུ་བྱ་རྗེས་ངན། ཕྱག་རྒྱ་བཟང་། འཕྲད་ཉལ་རྒྱབ་ལག་ངན། ལག་པ་གཡས་འོག་ཏུ་བཅུག་ན་ནོར་ཡང་དགྲ་ཐུབ་པས་བཟང་། ལག་པ་གཡོན་འོག་ཏུ་བཅུག་དང་འཕང་ལ་བཀབ་ན་ངན་ནོ།། ལག་གཉིས་མདུན་དུ་དྲངས་ན་བཟང་། ལག་གཉིས་མགོ་ལ་དྲངས་ན་བཀྲ་ཤིས་པས་བཟང་ངོ།།

མདོག་ནི་སེར་པོ་གསེར་འདྲ་བཟང་།། དཀར་པོ་དུང་དཀར་འདྲ་ན་བཟང་།། སྔོན་པོ་རྒྱ་གཡུ་འདྲ་ན་བཟང་།། དམར་པོ་བྱུ་རུ་འདྲ་ན་བཟང་།། སྨུག་པོ་མཆོང་མདོག་འདྲ་ན་བཟང་།། དཀར་ལ་དམར་མདངས་ཆགས་ན་བཟང་།། བཀྲགས་མདངས་སྣུམ་ལ་དྭངས་པ་བཟང་།། ཤེལ་དཀར་གཏིང་བཀྲག་ཆེ་འདྲ་བཟང་།། སྐྱ་སོབ་སེར་སྐྱ་དམར་སྐྱ་ངན།། ཐལ་ས་དུར་གྱི་རུས་མདོག་ངན།། ལྗང་ནག་དང་ནི་སྔོ་ནག་དང་།། ཕུག་རོན་རྐེ་ཡི་མདངས་འདྲ་ངན།། སེར་ནག་ངུར་པའི་རྒྱབ་འདྲ་ངན།། སྔོ་སྐྱ་ཕུག་རོན་རྒྱབ་འདྲ་ངན།། སྣུམ་མ་ཆགས་ཤིང་སྐྱ་གོག་ངན།། སེར་ནག་ངུར་པའི་རྒྱབ་འདྲ་ངན།། སྔོ་སྐྱ་ཕུག་རོན་རྒྱབ་འདྲ་ངན།། སྣུམ་མ་ཆགས་ཤིང་སྐྱ་གོང་ངན།། ཟླུམ་ལ་འཁྱིལ་ན་ནོར་རྫས་འཕེལ།། ཞི་བའི་ལས་འགྲུབ་དངོས་གྲུབ་འབྱུང་།། རིན་ཆེན་སྤུངས་འདྲ་བསོད་ནམས་འཕེལ།། རྒྱས་པའི་ལས་འགྲུབ་དངོས་གྲུབ་འབྱུང་།། པདྨའི་དབྱིབས་འདྲ་མདྨས་མཚན།། བུ་ཚ་བུ་མོ་བཀྲག་དར་ཆེ།། དབང་གིས་ལས་འགྲུབ་དངོས་གྲུབ་འབྱུང་།། སེར་པོ་གྲུ་བཞིའི་དབྱིབས་འདྲ་བ།། ཐིག་ལེ་དཀར་པོ་སྲན་མ་ཙམ།། གཅིག་གཉིས་ཐོད་པའི་ཕྱི་རུ་འབྱུང་།། ཞག་ཆགས་རིན་ཆེན་ཞེས་སུ་བྱ།། མདུན་འཇོང་ལྟག་སྒོ་པདྨ་འདྲ།། ནོར་ཕྱུགས་བེའུ་ལུག་འཕེལ་བར་བྱེད།། ནག་ལ་འཇོང་བ་འགབ་འཕེལ་འགྱུར།། གྲུ་གསུམ་ཧོམ་ཁུང་འདྲ་ན་ངན་།། སྒུར་པོ་ཚང་ར་ལྡིབ་འདྲ་ངན།། སྲབ་ལ་སྒོང་ལྐོག་འདྲ་ན་ངན།། མདུན་ལྗོང་ལྟག་ཟླུམ་ནོར་ལ་ངན།། ཐོད་པ་ལག་ཏུ་བླང་བའི་ཚེ།། ཡོད་དགའ་ལྗིད་ཆེ་ལེན་སྙིང་འདོད།། ནོར་བུ་ལག་ཏུ་བླང་པ་འདྲ།། ལག་གཉིས་དེ་ལྡན་བཅང་བར་བཟང་།། ཚངས་བུག་གཅིག་ལ་ཡོན་ཏན་ལྡན།། ཚངས་བུག་གསུམ་བསྒྲིག་བདེན་སྟོབས་འཕེལ།། ཚངས་པའི་བུ་ག་ཟངས་ཐལ་ལ།། འདི་ཕྱི་གཉིས་ཀའི་དོན་འགྱུར་བཟང་།། གཉིས་པ་སྒྲོག་ཚུལ་མི་ཤེས་སོ།། གསུམ་བས་མང་ན་བཅག་པའི་རྒྱུ།། ཚངས་པའི་བུ་ག་མེད་པ་ནི།། ཐོད་པ་ལྐུགས་པས་རྣལ་འབྱོར་འཆི།། དེ་ནི་བཅག་ལ་མནན་པར་བྱ།། ལྗིད་ཏིག་མཐུག་ལ་འཕྲང་བ་བཟང་།། མཐུག་ཅིང་སྲབ་མཐུག་ཆ་མཉམ་བཟང་།། མཐུག་ཅིང་སླ་བ་ཆུང་ན་བཟང་།། ཁྱད་པར་རང་ས་མཐུག་ན་བཟང་།། ལྷ་བ་མེད་ཅིང་མཐུག་པ་དང་།། བསེ་ཀོ་དུང་དང་འདྲ་ན་བཟང་།། སྒང་མཐུག་འཁོར་ས་སྲབ་པ་ནི།། ཚེ་ལ་སྟོད་སྨད་འོང་བ་ཡིན།། འབར་འབུར་ཐག་ཐུག་མང་བ་ནི།། རང་སར་བྱུང་ན་དར་གུད་འོང་།།

དགྲ་སར་བྱུང་ན་དྲག་ལས་སྣོད།། གྲུ་གསུམ་ལྕང་མོ་འདྲ་བ་ངན།། མཐུག་སྲབ་ཆེ་ཞིང་རྩུབ་པ་ན།། བར་ན་ཟླ་བ་ཚེས་པ་ངན།། སྐྱ་བོ་སེར་སོབ་དམར་པོ་ངན།། དཀྱིལ་མཐུག་ཐ་མ་སྲབ་གྱུར་ན།། སྐྱོན་དུ་མི་ཁ་བྲ་མཆུ་འོང་།། མཐའ་མཐུག་དཀྱིལ་ནི་སྲབ་གྱུར་ན།། སྐྱོན་དུ་རང་ནོར་མི་ལག་འགྲོ།། ཆེ་སྲབ་སྒོང་ལྐོག་འདྲ་བ་ངན།། ཆུང་ཡང་ལྗིད་ཏིག་མདོག་དབྱིབས་དང་།། རི་མོ་བཟང་ངན་ནོར་བུ་ཡིན།།

རང་ས་དཔྲལ་བའི་ངོས་ལ་ཟེར།། སོར་སྣ་བྱ་ཁྱུང་མཆུ་འདྲ་བཟང་།། སྲི་ཁུང་ཉུང་ཞིང་འདུད་པ་འདྲ།། མཐིལ་ན་གཤོང་བུ་བཞི་ཡོད་པ།། དེ་ལ་འདོད་འཇོའི་བ་མོ་ཟེར།། དེ་རྣམས་ལྡན་ན་བཟང་བས་བཅངས།། དགྲ་ས་ལྟག་པའི་ངོས་ལ་ཟེར།། དེ་ནི་བཅད་པ་འདྲ་ན་བཟང་།། སྲིད་ཁུང་བྱུང་ཡང་མི་ལྟོ་ཡང་།། དཔྲལ་བ་གཡས་ངོས་ཡོ་བདག་ས།། དཔྲལ་བ་གཡོན་ངོས་རྣལ་འབྱོར་ས།། རྣ་གཡས་ཡོན་བདག་དུར་ས་དང་།། རྣ་གཡོན་རྣལ་འབྱོར་དུར་ས་ཡིན།། དབུས་དང་དཔྲལ་མདུན་ནོར་གྱི་ས།། ཟ་ལམ་གཤོང་བུ་ཡུར་བ་འདྲ།། དེ་ཡང་རང་ས་རྒྱལ་ས་བཟང་།། ལྷ་ཟམ་དར་སྐུད་ཙམ་གྱིས་ནི།། ཆད་པ་མེད་པར་བསྐོར་གྱུར་ན།། ལོངས་སྤྱོད་ཆད་པ་མེད་པས་བཟང་།། དཔག་བསམ་ཤིང་འདྲའི་རི་མོ་ལ།། ལོ་འདབ་མེ་ཏོག་འབྲས་བུ་སྨིན།། བཀྲ་ཤིས་རྫས་དང་ཡིག་འབྲུ་དང་།། དྲིལ་བུ་ལ་སོགས་མཆོད་རྫས་དང་།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། པདྨ་རལ་གྲིའི་རི་མོ་དང་།། འདོད་ཡོན་སྣ་ལྔའི་རི་མོ་དང་།། ཕྲིན་ལས་གླིང་བཞིའི་རི་མོ་དང་།། ཉི་ཟླ་ནོར་ནོར་བུའི་རི་མོ་བཅས།། མཛེས་ཤིང་འཇམ་ལ་རྩེ་མོ་རིང་།། དེ་ཡང་རང་སར་རྩེ་རྒྱས་བཟང་།། དགྲ་སར་རྒྱས་ན་དགྲ་ལ་ཤིས།། རི་མོ་ཡེ་ནས་མེད་པ་ངན།། མང་པོ་འཛིང་སྟེ་གུག་པ་ངན།། ཐག་པ་ནག་པོ་འདྲ་བ་ངན།། རྩ་རྣམས་འཕྲད་ལ་ཉལ་བ་ངན།། སྡོང་པོ་སྐམ་པ་འདྲ་བ་ངན།། ཡལ་ག་ལོ་མ་མེད་ན་ངན།། ཡལ་ག་ལོ་མ་ཐུར་གུག་ངན།། རི་མོ་གཅིག་གིས་གཅིག་མནན་ངན།། བྱ་རོག་རྗེས་འདྲའི་རི་མོ་ལ།། སྲིན་ཁུ་གཏིང་ཁུང་མང་ན་ངན།། རྩ་རོ་ཞེས་བྱ་ངན་པར་བཤད།། སྡོང་གཅིག་རྩེ་མོ་ཐུར་གུག་ངན།། དུར་ཁུང་ཁ་ཆུང་ཏིང་ཏིང་ངན།། སྲིན་ཁུང་སྣ་འབྲེལ་བུ་ག་ཅན།། ཤིང་ལོ་མགོ་བཅད་དེ་ཉིད་ནི།། རབས་ཆད་འོང་བས་དོར་བར་བྱ།། ཤིང་ལོའི་རྐེད་པ་ཆད་པ་ནི།། བྲན་འཁོར་གཡོག་གི་ས་ལ་ངན།། དཔྲལ་དབྱིབས་ཐུས་ཡུ་ཡོད་ན་བཟང་།། ཆུ་ནང་ཞག་ཐིག་འདྲ་ན་བཟང་།། རང་སར་བྱུང་ན་རང་ལ་བཟང་།།

དགྲ་སར་བྱུང་ན་དགྲ་ལ་ཤིས།། དཔྲལ་བའི་ཟུར་གཉིས་གདོང་ནས་མར།། གླང་ཆེན་མཆེ་བ་དོད་ན་བཟང་།། ཕོ་གྲགས་ཁ་གྲགས་འོང་པས་བཟང་།། དེ་ཡང་རྒྱུད་རིང་འཇམ་ན་བཟང་།། དཀྱུས་སྲུབ་དང་ནི་འཕྲད་སྲུབ་གཉིས།། ལྟག་སྲུབ་སོར་བཞི་ཡོད་པ་ལ།། རྣ་ལྷན་གཉིས་པོ་མ་གཏོགས་སོ།། སྲུབ་བཞི་ནས་ཙམ་སྲན་འབྲུ་ཙམ།། ཐམས་ཅད་འབྲེལ་ན་དུམ་བུ་གཅིག། ཤིན་ཏུ་བཟང་བས་ཤིས་པའོ།། དུམ་བུ་གཅིག་པ་ས་ལ་དབང་།། གཉིས་པ་དེ་ཡི་རྒྱལ་ཕྲན་འགྲུབ།། གཉིས་པ་ཐབས་དང་ཤེས་རབ་འཕེལ།། གསུམ་པ་ནོར་དང་ལོངས་སྤྱོད་འཕེལ།། བཞི་པ་སྔགས་ཀྱི་ནུས་པ་འགྲུབ།། དུམ་བུ་ལྔ་པ་བཅང་བཏུབ་ཙམ།། དྲུག་པ་ཚེ་ཐུང་དབུལ་པོར་འགྱུར།། བདུན་བརྒྱད་དགུ་པ་དྲག་པོའི་སྣོད།། སྔགས་པ་མཐུ་ཆེན་ལག་ཆ་རུང་།། སྔགས་པ་མཐུ་ཆེད་མ་གཏོགས་པ།། དྲུག་པ་ཕར་བཅད་བཅག་པར་བྱ།།

རྒྱ་སྲབ་སོབ་ལ་རྩིང་པ་སྐྱོན།། བར་ན་ལྷ་བ་ཆེ་བ་སྐྱོན།། ཆོལ་དུམ་མང་པོ་བྱུང་བ་སྐྱོན།། རྒྱ་སྲུང་བགྲང་མི་ཤེས་པ་སྐྱོན།། གཅན་གཟན་མཆེ་བ་གཙིགས་འདྲ་སྐྱོན།། བར་ཆད་མང་བས་དོར་བར་བྱ།། རྒྱ་སྲུབ་འཇམ་ཤིང་མཉམ་ན་བཟང་།། ཡི་གེའི་དབྱིབས་སུ་གྲུབ་པ་བཟང་།། ཐོད་པའི་ནང་གི་རི་མོ་ཡི།། ཤིང་ལོའི་རྩེ་མོ་ཐམས་ཅད་དེ།། ཚངས་པའི་བུག་སྒོར་ཐོན་པ་འདྲ།། ཐོད་པ་མཚན་ཉིད་ལྡན་པ་ལ།། མདོག་ཁ་ངན་པ་མིན་པ་དང་།། དབྱིབས་ཀྱི་སྐྱོན་ངན་མེད་པ་དང་།། ཚངས་བུག་མང་པོ་མ་ཡིན་པ།། ཚངས་བུག་མེད་པ་མིན་པ་དང་།། སྲབ་འཐུག་ཆེ་ཆུང་མེད་པ་དང་།། འབར་འབུར་ཐག་ཐུག་མེད་པ་དང་།། ཕྱི་ནང་རྩུབ་མོ་མིན་པ་དང་།། ཆེ་སྲབ་སྒང་ལྐོག་མི་འདྲ་བར་།། སྲིན་ཁུང་གཏིང་ཁུང་མེད་པ་དང་།། རྩ་རོ་དུ་ཁུང་མེད་པ་དང་།། བྱ་རྗེས་མེད་དང་སྡོང་གཅིག་མིན།། ཤིང་ལོ་དགྲ་སར་མ་རྒྱས་པ།། རི་མོ་མེད་པ་མ་ཡིན་པ།། མང་པོ་འཛིང་བ་མ་ཡིན་པ།། རྩ་རྣས་འཕྲེད་ཉལ་མ་ཡིན་པ།། ལོ་འདབ་མེད་པ་མ་ཡིན་པ།། སྲིན་ཁུང་སྣ་འབྲེལ་མེད་པ་དང་།། ཤིང་ལོ་མགོ་བཅད་མིན་པ་དང་།། ཤིང་ལོ་སྐེད་ཆད་མིན་པ་དང་།། དགྲ་སར་ཐུས་ཡུ་མེད་པ་དང་།། དུམ་གྲངས་མང་པོ་མིན་པ་དང་།། མདོག་ཁ་མཛེས་ཤིང་བཀྲག་མདངས་ཆེ།། སྣུམ་ཞིང་གསེར་དངུལ་ཞག་ཆགས་པ།། དབྱིབ་ལེགས་ལྟ་ན་སྡུག་པ་དང་།། ལེགས་སྙམ་ལྗི་ཞིང་ཏིག་པ་དང་།། ནོར་བུ་འདྲ་ཞིང་ལེན་སྙིང་འདོད།། ཚངས་པའི་བུ་ག་ཟང་ཐལ་དང་།། མཐིལ་དུ་གཤོང་བུ་བཞི་བསྒྲིག་དང་།། རང་ས་ཟ་ལམ་ཡུར་བ་དང་།། སོར་སྣ་བྱ་ཁྱུང་མཆུ་འདྲ་དང་།། ལྷ་ཟམ་དར་སྐུད་མ་ཆད་པ།། དཔག་བསམ་ལོ་འདབ་མེ་ཏོག་དང་།། རིན་པོ་ཆེ་ཡི་འབྲས་བུ་སྨིན།། བཀྲ་ཤིས་རྫས་དང་ཡིག་འབྲུ་དང་།། དྲིལ་བུ་སྒྲ་སྙན་མཆོད་རྫས་དང་།། འདོད་ཡོན་རིགས་ལྔའི་ཕྱག་མཚན་དང་།། འཕྲིན་ལས་གླིང་བཞིའི་རི་མོ་དང་།། ཉི་ཟླ་ནོར་བུའི་རི་མོ་བཅས།། ཡལ་ག་ལོ་འདབ་རང་སར་རྒྱས།། མཛེས་ཤིང་འཇམ་ལ་རྩེ་མོ་རིང་།། རི་མོ་ཡངས་ཤིང་རྩེ་མོ་རྣམས།། ཚངས་པའི་བུ་གའི་སྒོར་ཐོན་འདྲ།། རང་ས་ཐུས་ཡུ་ཡོད་པ་དང་།། གླང་ཆེན་མཆེ་བ་འཇམ་རིང་དང་།། རྒྱ་སྲུབ་འཇམ་ཞིང་ཡིག་འབྲུ་གྲུབ།། རྒྱ་སྲུབ་བར་བར་འབྲེལ་བ་དང་།། དུམ་བུ་གཅིག་པར་གྱུར་བ་དང་། བཟང་པོའི་མཚན་ཉིད་དེ་རྣམས་བཅས།། ཚང་ན་ནོར་བུ་རིན་ཆེན་ཡིན།། རབ་གནས་དབང་བསྐུར་བྱ་མི་དགོས།། འདི་ཕྱི་གཉིས་ཀའི་དོན་རྣམས་འགྲུབ།། ཐམས་ཅད་ཚང་བ་ཤིན་ཏུ་དཀོན།། དེས་ན་ནོར་བུ་རིན་ཆེན་ཡང་།། ཀུན་གྱི་ལག་ཏུ་ཡོད་པ་མིན།། བཟང་པོ་བསོད་ནམས་ལྡན་ལ་འཁོར།། ངན་པའི་ལག་ཏུ་བྱུང་ཡང་འབྲོས།། བཟང་པོའི་མཚན་ཉིད་དེ་རྣམས་ནི།། གཉིས་དང་གསུམ་ལྡན་ལ་སོགས་དང་།། སྐྱོན་ཉུང་བཟང་དྲགས་མང་བོ་སོགས།། བཅངས་འདོད་རབ་གནས་ལེགས་བྱས་ལ།། དྲི་བཟང་སྤོས་ཆུས་ལེགས་པར་བྱུགས།། རིན་ཆེན་ལྔ་དང་འབྲུ་སྣས་བཀང་།། མི་སྟོན་པར་ནི་སྦས་པར་བྱ།། སྐྱོན་བརྒྱ་ཡོན་ཏན་གཅིག་འོས་འགྲོ།།

བཟང་ངན་གང་རུང་པྲ་བརྟགས་ནི།། འབྲུ་སྣ་ལྔའམ་རིན་ཆེན་ལྔའི།། ཐོད་པ་བཀང་བ་མདུན་དུ་བཞག། དཔྲལ་བ་རང་ལ་བསྟན་ལ་བཞག། འདི་ལ་བཟང་ངན་ཅི་ཡོད་པར། ང་ཡི་རྨི་ལམ་ཁྱོད་ཀྱིས་སྟོན།། དམོད་པ་བོར་ལ་བཟང་ངན་བལྟ།། ཅི་བྱུང་བརྟགས་ལ་བཟང་ངན་བཅང་།། ངན་ན་གཏོར་མ་ཕུལ་བ་བསྐུར།། སྤྱིར་ནི་ཐོད་པ་རང་ལག་ན།། ལྔ་གསུམ་གང་འཚོག་ཐོད་མཁར་འཆོས།། བཟང་ངན་གཉིས་ཀ་བཅང་བས་ཆོག། དེས་ན་རྣལ་འབྱོར་རྣམས་ཀྱིས་ཀྱང་།། འདི་ཉིད་ཉམས་སུ་བླངས་བྱས་ནས།། ཐོད་པ་བཟང་ངན་ལེགས་བརྟགས་ཤིང་།། བསམ་པ་བཟང་པོས་ཐོད་པ་འཆང་།། ཐོད་པ་ངན་པ་བཅང་འདོད་ན་རུས་སྦལ་ཕོ་མོ་གཉིས་ཀའི་ཁོག་པ་ཡོད་ན་རབ། མེད་ན་ཕོ་ཡི་ཁོག་པ་བཅང་བར་བྱས་ན་ཐོད་ངན་གྱི་སྐྱོན་ཐམས་ཅད་ཐུབ་བོ།།།།

          ﹙གཉིས་པ།

ཐོད་སྒྲུབ་ཡིད་བཞིན་བང་མཛོད་ནི༔བླ་མའི་དགོངས་པ་འདུས་པ་ལས༔ན་མོ་གུ་རུ་དྷེ་བ་ཌཀྐི་ནཱིཧཱུཾ༔ཐོད་པ་མཚན་ལྡན་འཆང་བར་འདོད་ན༔གནད་ཀྱི་གདམས་པ་དང་ལྡན་པས་མ་བཅངས་ན༔དངོས་གྲུབ་མི་འབྱུང་བའི་སྟེང་དུ༔ཐོདཔ་ལ་སྲུང་མ་གནོད་སྦྱིན་དང་མཁའ་འགྲོ་ལ་སོགས་པ་འཁོར་བས་དེ་དག་ཁྲོས་ཤིང་མི་འདོད་པ་དུ་མ་སྐྱེད་བར་བྱེད༔གནད་ཀྱི་གདམས་པ་དང་ལྡན་ན་ཅི་ལྟར་འདོད་པའི་དངོས་གྲུབ་དང་འཕྲིན་ལས་གང་ལའང་ཐོགས་པ་མེད་པར་འགྲུབ་པའི་ཕྱིར༔གནད་ཀྱི་གདམས་པ་འདི་ལྟར་བཅས་ལ་བཅངས༔

དེ་ཡང་ཐོད་པ་བཟང་པོ་སྐར་མ་གཟང་ཞིང་གཟའ་དར་བའི་དུས་ཉ་སྟོང་ཚེས་བརྒྱད་ལ་བབས་པའི་ཚེ་ལག་ཏུ་བླངས་ཤིང་མན་ངག་སྤྲད༔གུ་གུལ་གྱིས་བདུག༔ཉུང་དཀར་དང་ཏིལ་ནག་ལ་སོགས་པའི་ཐུན་གྱི་བྲབ་ཅིང༔ཁྲོ་བོའི་དྲག་སྔགས་དྲག་ཏུ་བརྗོད་ཅིང་བགེགས་དང་ཕྲལ་བར་བྱའོ༔དེ་ནས་གཡང་གི་སྐར་མ་ལ་བབ་པའམ༔དེ་མ་ཡིན་ཀྱང་གཟའ་སྐར་བཟང་བའི་ཉིན་པར་ཐོད་པའི་ནང་དུ་ཆང་ཕུད་བཟང་པོ་ཨ་མྲྀ་ཏ་དང་སྦྱར་ལ་བྱུགས་པ༔བདུད་རྩིར་བྱིན་གྱིས་རླབས་ལ་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་མཆོད་ཚོགས་ཀྱི་འཁོར་ལོ་དང་བཅས་པ་རྒྱས་པར་བྱ༔ནས་ཐོད་པ་ལེགས་པར་ཕྱིས་ཤིང༔ར་རི་ནག་ནོག་མེད་པར་བྱས་པའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་སྐུ་རྟེན་དང་རྩ་སྔགས་ནོར་སྒྲུབ་ཀྱི་ཤམ་བུ་འདོད་གསོལ་དང་བཅས་གསེར་དངུལ་གྱི་བྲིས་པ་དང༔རྒྱུད་པའི་མཚན་འབུམ་དང་གཟུགས་སྔགས་ཀྱི་རིགས་མང་པོ་དང་༔ག་བུར་༔གུར་གུམ༔ཙནྡན༔གླ་རྩི༔གི་ཝང༔ཛ་ཏི་ལ་སོགས་པའི་སྨན་སྣ་ཚོགས༔འབྲུ་སྣ་ཚོགས༔རིན་ཆེན་སྣ་ཚོགས་༔ཤིང་ཏོག་སྣ་ཚོགས༔ཟས་སྣ་ཚོགས༔དར་ཟབ་སྣ་ཚོགས༔གདུང་རིང་བསྲེལ་ལ་སོགས་བྱིན་རླབས་ཅན་གྱི་རྫས༔པཉྩ་ཨ་མྲ་ཏ༔བསྟན་པའི་ཡང་ཞུས་ཀྱི་གླེགས་བམ༔སྟག་གཟིག་གི་རི་མོ༔བཀྲ་ཤིས་རྟགས་བརྒྱད༔རྒྱལ་སྲིད་སྣ་བདུན་ལ་སོགས་པ་འདོད་ཡོན་གྱི་རྙེད་པ་ཕྱུར་བུར་ཁེངས་པར་བྱས་པའི་ཕྱིར་དར་ཟབ་སྣ་ཚོགས་པའི་བཏུམ་ལ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་གྲས་དབུས་སུ་བཞུགས་སུ་གསོལ་ལ༔

སྭ་བྷ་ཝས་སྦྱངས་ཤིང་ཐོད་པ་གཞལ་ཡས་ཁང་ཆེན་མོའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་བཟླས་པ་བྱས་ཤིང་བསྒྲུབས་ནས༔དངོས་གྲུབ་ཀྱི་ལྟས་བྱུང་བ་དང༔བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་མངའ་གསོལ་བྱ༔རྟེན་འབྲེལ་སྙིང་པོ་དང་ཨཱ་ལི་ཀཱ་ལི་མང་དུ་བརྗོད་ལ་རབ་ཏུ་གནས་པར་བྱ༔ཐོད་པ་མཆོག་ཏུ་དམིགས་ནས་བཟའ་མགྲོན་མང་དུ་བྱ༔ཅི་འགྲུབ་བྱ༔དེ་ནས་ཐོད་པ་དེར་སུས་ཀྱང་མ་མཐོང་ཞིང་ལག་མ་བརྒྱུད་པར་བང་མཛོད་ཀྱི་ཕུགས་སམ་སྐུ་གསུང་ཐུགས་རྟེན་གྱི་གྲལ་ལམ་རང་གི་སྔས་འོག་ཏུ་བཞག་སྟེ་རང་ས་རང་ལ་བརྟེན་པར་བྱའོ༔སྐབས་སུ་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུའི་སྐབས་ལ་བབས་པའི་ཚེས༔སྒྲུབ་མཆོད་སྔར་ལྟར་བྱ་ཞིང་ཁ་གསོ༔དེ་ཡིས་ཐོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་དབང་གི་རྒྱལ་པོ་ལྟར་གྱུར་ནས་ཅི་ལྟར་འདོད་པའི་དངོས་གྲུབ་འབྱུང་ཞིང༔འཕྲིན་ལས་ཅི་འདོད་འགྲུབ་པར་འགྱུར་རོ༔གཞན་ཐོད་པ་གང་འཐད་སྐྱོན་མེད་པ་ལ་ཐོད་གཡོགས་བྱ༔སྒྲུབ་པ་བྱས་པའི་ཐོད་པ་ལས་སྦྱོར་གང་ཡང་མི་བྱེད་པར་སྦའོ༔དེའི་ཅི་འདོད་འབྱུང་བ་ནི༔དཔེར་ན་ཕྱུག་པོས་ཟས་ནོར་ཡོད་པ་ལ་བཟའ་བཏུང་གིས་དགྱེས་པར་བྱས་ནས་ཚིག་སྙན་པོས་བསླང་ཤེས་ན་ཅི་འདོད་སྦྱིན་པར་བྱེད་ཅིང༔དེ་ལྟར་མ་ཡིན་པས་ནི་ཅི་ཡང་མི་སྟེར་བ་དང་མཚུངས་པས་ཐོད་པ་བཟང་པོ་མཆོད་ཅིང་དངོས་གྲུབ་བླངས་པས་འདོད་དགུ་འབྱུང་བར་འགྱུར་རོ༔ཐོད་པའི་ནང་དུ་ནོར་བུ་ལ་སོགས་གཅེས་པའི་རྫས་དང་ཡོ་བྱད་ཀྱིས་གང་བར་བྱེད་པ་གནད་ཡིན་ནོ༔ཐོད་པ་བཟང་པོ་ལ་བརྟེན་ནས་དངོས་གྲུབ་བླངས་པའི་ཐབས་ཐོད་སྒྲུབ་ཡིད་བཞིན་བང་མཛོད་ཅེས་བྱའོ༔ད་ལྟ་མངའ་བདག་ཡབ་སྲས་དང་མ་འོང་རྗེས་འཇུག་རྣམས་ཀྱི་དོན་དུ༔ཨོ་རྒྱན་གྱི་དགེ་སློང་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་ལས༔བདག་འདྲ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེ་བྲིས་ནས༔གསང་བ་བྲག་གི་ཡོངས་རྫོགས་སུ་གཏེར་དུ་སྦས་སོ༔སྐལ་ལྡན་ལས་ཅན་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ས་མ་ཡ༔རྒྱ་རྒྱ་རྒྱ༔སྦས་རྒྱ༔གཏད་རྒྱ༔གཏེར་རྒྱ༔རྡ་ཐི་མ༔སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པའི་གཏེར་མའོ།།

          ﹙གསུམ།

ཨོཾ་ཨ་ཐ༔འགྲོ་བ་རྨོངས་པའི་མུན་སེལ་བའི༔མར་མེ་མཛད་དཔལ་ཞབས་ལ་འདུད༔མར་མེའི་བརྟགས་ཐབས་བསྟན་པ་ལ༔དང་པོ་གདམས་པ་ཆིག་རྒྱུད་རྒྱ༔མར་ཀོང་སྡོང་རས་གསུམ་པོ་ལ༔སྔགས་འདི་བརྒྱ་རྩ་བརྒྱད་བཏབ་སྟེ་༔ཨོཾ་བྷ་ན་རི་མེ་ཐཱ་ཧྭ༔གཙང་སྦྲ་ལྡན་པ་ཕུལ་ན་ནི༔རང་གི་འདོད་ཡོན་གང་ཡིན་གྱི༔བཟང་ངན་རྟགས་རྣམས་སྟོན་དུ་གསོལ༔ཞེས་བརྗོད༔བཟང་བའི་རྟགས་དྲུག་ལ༔ཕྲ་ཞིང་དཀར་ལ་ལྡེམ་པ་ནི༔མི་ནུབ་རྒྱལ་མཚན་ཐོབ་པའི་རྟགས༔དཀར་གསལ་རྩེ་མོ་གསུམ་པ་ནི༔མི་འགྱུར་གཡུང་དྲུང་ཐོབ་པའི་རྟགས༔གསལ་ཞིང་ཟླུམ་པ་པདྨ་འདྲ༔ཆོས་སྐུ་མི་འགྱུར་ཐོབ་པའི་རྟགས༔གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ན༔དཔལ་དང་བཀྲ་ཤིས་ཐོབ་པའི་རྟགས༔དཀར་ཞིང་ལྡེམ་པ་གསལ་བ་ནི༔ཆོས་དབྱིངས་མི་གཡོ་ཐོབ་པའི་རྟགས༔མར་མེ་དམར་ཞིང་པདྨ་འདྲ་༔ཚེ་དང་བསོད་ནམས་འཕེལ་བའི་རྟགས༔དེ་རྣམས་བྱུང་ན་བཟང་པོ་ཡིན༔

ངན་པའི་རྟགས་ནི་འདི་ལྟར་རོ༔དུ་་ཆེ་ཞིང་མི་གསལ་ན༔ལས་སྒྲིབ་ཆེན་པོ་ཡོད་པའི་རྟགས༔བཤགས་པ་བྱ་ཞིང་དགེ་་འབད༔ཚག་སྒྲ་ཆེ་ཞིང་མེ་སྟག་འཕྲོ༔ཕུགས་སུ་གདོན་བགེགས་ཞུགས་པའི་རྟགས༔བསྙེན་སྒྲུབ་བྱེད་ཅིང་བཟློག་པ་བྱ༔མེ་ལྕེ་དུམ་བུར་ཆད་པ་ནི༔རྐྱེན་ངན་བར་ཆད་འོང་བའི་རྟགས༔ཚེ་སྒྲུབ་ཚེ་དབང་སྤངས་དག་གཏོང༔མེ་ལྕེ་ལྷབ་ལྷབ་འབར་བ་ནི༔དགྲ་རྐུན་མྱུར་དུ་འོང་བའི་རྟགས༔བཟློག་པ་སྟོབས་པོ་ཆེ་ལ་འབད༔འོད་མེད་སྡོང་རོ་ཆེ་བ་ནི༔ནད་པ་འཆུ་འམ་རིམས་ནད་འབྱུང༔འཆི་ངེས་སྲོག་

བླུ་ཉེའུ་འདོན་བྱ༔མར་མེ་སྤུང་སྤུང་བསྐྱིལ་བ་ནི༔གོད་ཁ་གཏོར་བརླག་ཡོང་བའི་རྟགས༔མགོ་ཚིག་སྟོར་བའི་ངོ་ཡིན་པས༔རིམ་གྲོར་བཟློག་པ་གང་མང་བྱ༔དེ་ལྟར་མར་མེ་བརྟགས་ཚུལ་ནི༔མདོར་བསྡུས་ཙམ་བྲིས་དགེ་བ་འདི༔མི་ཤེས་མུན་འཐིབ་འགྲོ་བའི་བློ༔ཤེས་རབ་འོད་ཀྱིས་གསལ་བར་ཤོག༔མཐའ་མ་དམ་ལྡན་སློབ་བུས་རྒྱ༔དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལགས་སོ༔

དེ་ལྟར་གོང་ཞུས་བརྟགས་ཐབས་འདི་རྣམས་ནི།།

རྟོགས་ལྡན་རབ་འབྱམས་བློ་བཟང་དར་རྒྱས་དང་།།

སྐྱེས་མཆོག་སངས་རྒྱས་གླིང་དང་དར་མོ་སོགས།།

གདམས་ངག་བཀའ་རྒྱ་རྗེན་པར་སྟོན་པ་ལགས།།

རབ་རྨོངས་བདག་གིས་ལག་ནོར་ཤོར་བ་དང་།།

ཆོས་བརྒྱད་སྐྱོན་གྱི་ཀུན་སློང་ངན་པ་སོགས།།

ནོངས་པ་ཅི་མཆིས་ཨོ་རྒྱན་ཆེན་པོ་དང་།།

མཁའ་འགྲོ་ཆོས་སྐྱོང་སྤྱན་སྔར་འཐོལ་ལོ་བཤགས།།

 དབང་འདུས་ཀྱིས་ཞུས། 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060