གནས་ཡུལ། མདུན་ངོས། ཆོས་ལུགས་ཀྱི་གྲུབ་མཐའ།
 
 
༄༅༎ རྙིང་མ།
སྤེལ་དུས།2008-07-07   ཡོང་ཁུངས་།   རྩོམ་པ་པོ།

    རྙིང་མ་བའི་གྲུབ་མཐའ་ནི་བོད་ཀྱི་གནའ་རབས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཤིག་ཡིན་ཞིང་།  དེ་ལ་བོད་ཀྱི་བསྟན་པ་སྔ་དར་གྱི་ཆོས་ལུགས་ཞེས་བརྗོད་ཅིང་།  བསྟན་པ་ཕྱི་དར་གྱི་དུས་ལས་ལོ་བཞི་བརྒྱ་ལྷག་ཙམ་དར་སྔ་བས་མིང་དུ་རྙིང་མའི་ཆོས་ལུགས་ཞེས་ཐོགས།  ཆོས་ལུགས་ཀྱི་ནང་དོན་ཐོག་ནས་བརྗོད་ན་མདོ་ཕྱོགས་ཀྱི་བསྟན་པ་སྔ་ཕྱིའི་དབར་དབྱེ་བ་མ་མཆིས།  སྔགས་ཀྱི་ཆ་ནས་མཚོན་ན།  གསར་རྙིང་བར་དབྱེ་བྱ་ཕྲན་བུ་ཡོད།  དེའང་ཐེག་པ་རིམ་དགུར་གྲགས་པ་གསང་སྔགས་སྔ་གྱུར་བའི་ཆོས་ལུགས་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་སྐད་དུ་ཐོག་མར་བསྒྱུར་ཞིང་།  སློབ་དཔོན་པད་མ་འབྱུང་གནས་ཀྱིས་དར་རྒྱས་སུ་སྤེལ་བའི་རིང་ལུགས་འཛིན་མཁན་རྗེས་འབྲངས་དང་བཅས་པར་ཟེར་ཞིང་།  རྙིང་ལུགས་ལ་ཐེག་པ་རིམ་དགུ་ཡོད་པ་སྟེ།  ཉན་ཐོས། རང་རྒྱལ།  བྱང་སེམས་ཏེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐུན་མོང་གི་ཐེག་པ་གསུམ་དང་།  ཀྲི་ཡ།  ཨུ་པ།  ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་པས་གསུངས་པའི་གསང་སྔགས་ཀྱི་ཕྱིའི་ཐེག་པ་གསུམ།  བསྐྱེད་པ་མ་ཧྭ་ཡོ་ག  ལུང་ཨ་ནུ་ཡོ་ག།  རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་ནང་གི་ཐེག་པ་བླ་ན་མེད་པ་གསུམ་བཅས་སོ།  《ཐུའུ་བཀན་གྲུབ་མཐའ》ལས།  རྙིང་མའི་ཆོས་ཀྱི་སྙིང་པོར་གྱུར་པ་ནི་མན་ངག་རྗོགས་པ་ཆེན་པོར་གྲགས་པ་སྟེ།  དེ་ལ་ཡང་སེམས་སྡེ་དང་།  ཀློང་སྡེ་དང་།  མན་ངག་གི་སྡེ་གསུམ།  སེམས་སྡེ་མ་བུ་བཅོ་བརྒྱད་ལས་ལྔ་བེེ་རོ་ཙ་ན་དང་།  བཅུ་གསུམ་བི་མ་ལ་ལས་བྱུང་།  ཀློང་སྡེ་ཡང་བི་མ་ལ་ལས་བྱུང་ཞིང་།  མན་ངག་གི་སྡེ་ལ་སྙིང་ཏིག་ཅེས་གྲགས་ཏེ་བེེ་རོ་ཉིད་ལས་བྱུང་བའོ།  ཞེས་གསུངས་ཤིང།  དེའི་ཆོས་རྒྱུད་འཛིན་མཁན་རྣམས་ལ་རྙིང་མ་ཟེར་རོ།  བོད་དུ་རྙིང་མའི་དགོན་པ་གྲགས་ཆེ་ཤོས་སུ་ལྷོ་ཁ་ས་ཁུལ་གྱིས་བསམ་ཡས་གཙུག་ལག་ཁང་དང་།   རྡོ་རྗེ་བྲག  སྨིན་གྲོལ་གླིང་བཅས་དང་།  ཁམས་ཁུལ་དུ་རྫོགས་ཆེན་དགོན་དང་།  ཀ་ཏོག་དགོན།  དཔལ་ཡུལ་དགོན་བཅས་ཡོད།  ལོ་རྒྱུས་ཐོག་ཆོས་སྲིད་ཀྱི་ཚོགས་པ་ཕན་ཚུན་འཐབ་རྩོད་རྒྱུན་ཆད་མེད་པར་བྱུང་བའི་དབང་གིས་རྙིང་མའི་དགོན་པ་མང་པོ་ཞིག་དགེ་ལུགས་པར་གྱུར་ཡོད།
   གྲུབ་མཐའ་དེའི་ཉམས་ལེན་གྱི་གཞུང་གཙོ་བོ་རྫོགས་པ་ཆེན་པོ་དང་།  སྐྱབས་སུ་བཅོལ་ཡུལ་གཙོ་བོ་སློབ་དཔོན་པད་མ་འབྱུང་གནས་ཡིན།  

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060