གནས་ཡུལ། མདུན་ངོས། ཆོས་ལུགས་ཀྱི་གྲུབ་མཐའ།
 
 
༄༅། །དགེ་ལུགས་པ།
སྤེལ་དུས།2008-07-09   ཡོང་ཁུངས་།   རྩོམ་པ་པོ།

    དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་ཆོས་མིང་ལ་ཐོགས་པ་ཞིག་སྟེ། རྗེ་རིན་པོ་ཆེས་འབྲོག་རི་བོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེའི་སྨད་དུ་དེར་བརྟན་ཆགས་པར་བཞུགས་ནས་སྤྲེལ་བའི་རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་། དེ་ཚིག་སྣ་བསྡུས་ནས་བརྫོད་པའི་ཚེ་དགའ་ལུགས་ཞེས་བརྗོད་མི་བདེ་བས་དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་སྐད་འདུག   འོན་ཀྱང་ལ་ལ་བས་གང་གི་ལྟ་སྤྱོད་དགེ་བས་འདི་ལྟར་ཐོགས་ཞེས་གསུང་བའང་སྣང་། དགེ་ལུགས་པའི་གྲུབ་མཐའ་ནི། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་གཏོད་ནས་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲངས་པ་རྣམས་ལ་བྱ་བ་ཡིན། དགེ་ལུགས་པའི་གྲྭ་པ་རྣམས་ཀྱིས་ཞྭ་མོ་ཚང་མ་སེར་པོ་ཡིན་པས་ཞྭ་སེར་པའང་ཟེར།

    གྲུབ་མཐའ་འདི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ་1357ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་བདུན་ལ་རབ་ཏུ་བྱུང་ཞིང་། བཅུ་དྲུག་ལ་དབུས་སུ་ཕེབས། རིག་གནས་དང་བཀའ་པོད་ལྔ་སོགས་ཀྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དཔག་མེད་མཛད་ནས་ལམ་རིམ་དང་སྔགས་རིམ་ལ་སོགས་པའི་ལྗགས་རྩོམ་དུ་མ་སྤེལ། མདོ་སྔགས་ཀྱི་བསྟན་པ་དག་ཐེར་ནན་གཏན་མཛད། བོད་ས་གླང་སྤྱི་ལོ་1409ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། དགའ་ལྡན་དགོན་པ་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ། རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་སློབ་མ་མང་དུ་བསྐྱངས། བོད་ས་ཕག་སྤྱི་ལོ1419ལོར་འདས།

     ཕྱིས་སུ་དགེ་ལུགས་པའི་བསྟན་པ་རྒྱ་ཆེར་དར་ནས་བོད་སྤྱི་དང་སྒོས་སུ་སོག་ཡུལ་སོགས་ཉེ་འབྲེལ་གྱི་མི་རིགས་རྣམས་ཀྱི་ཁྲོད་དར་ཁྱབ་ཆེན་པོ་བྱུང་ཡོད། གྲུབ་མཐའ་དེ་ནི་རྗེ་རིན་པོ་ཆེས་སྔར་ཡོད་ཀྱི་གྲུབ་མཐའ་བྱེ་བྲག་རྣམས་ཀྱི་བཟང་ཆ་སྡུ་ལེན་བྱས་ནས་ལེགས་བཅོས་བྱས་ཏེ་གྲུབ་པའི་གྲུབ་མཐའ་ཞིག་ཡིན་སྟབས། ཡུལ་ལུང་འགའ་རེར་དེར་གསར་མ་ཡང་ཟེར་སྲོལ་ཡོད། ཉམས་ལེན་གྱི་གཞུང་གཙོ་བོ་ནི་《བྱང་ཆུབ་ལམ་རིམ་ཆེན་མོ་》ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060