| ༄༅། ། ན་མོ་གུ་རུ་ཀ་མ་དེ་ཝ་མཎྚ་ལ་ཤྲཱི་དྷརྨ་པཱ་ལ་ཡེ། དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་སྒྲོལ་བའི། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་དང་། །བསྙེན་པ་ཙམ་གྱིས་དངོས་གྲུབ་གཉིས་རྩོལ་བའི། །རྒྱུད་སྡེ་བཞི་ཡི་ཡི་དམ་ཞི་ཁྲོའི་ལྷ། །བསྐུལ་བ་ཙམ་གྱིས་དགྲ་བགེགས་ཚར་གཅོད་པའི། །བསྟན་སྲུང་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གུས་པས་འདུད་དོ་ཆོས་ལྡན་བསམ་པའི་དོན། །གེགས་མེད་འགྲུབ་པའི་མཐུ་སྟོབས་དཔུང་བསྐྱེད་ཅིག འདིར་ཐར་པ་འདོད་པའི་གང་ཟག་དག་གིས་ངན་འགྲོའི་འཇིགས་ལས་སྐྱོབ་ཅིང་སྲིད་ཞིའི་དགེ་ལེགས་མཐའ་དག་སྩོལ་བའི་སྐྱབས་སུ་བླ་མ་ཡི་དམ་མཆོག་གསུམ་ཆོས་སྐྱོང་རྣམས་བསྟེན་ནས་བྱིན་བརླབས་དངོས་གྲུབ་ཞུ་བ་དང་འཕྲིན་ལས་སྒྲུབ་པར་བྱེད་པ་ལ་མཆོད་གཏོར་སོགས་ལ་འབད་དགོས་ཤིང་། མཆོད་པ་ལ་ཡང་སྤྱིར་མདོ་ཕྱོགས་ནས་འབྱུང་བའི་དངོས་བཤམས་ཡིད་སྦྲུལ་གྱི་མཆོད་པ་སོགས་མང་ཡང་རང་རེ་སྔགས་ལམ་ལ་མོས་པ་རྣམས་ཀྱིས་རྒྱུད་སྡེ་ནས་བཤད་པའི་མཆོད་པ་རྣམས་གཙོ་བོར་བཟུང་དགོས་ལ། དེ་ལ་ཡང་རྒྱུད་སྡེ་འོག་མ་ནས་ཀྱང་མཆོད་པའི་རྣམ་གྲངས་མང་དུ་གསུངས་མོད། ཁྱད་པར་དུ་བླ་མེད་ཀྱི་རྒྱུད་ལས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཅས་གསུངས་པ་ལས། ཕྱི་མཆོད་ལ་ཡང་ཆུ་བཞི་ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་སོགས་དང་། །ནང་མཆོད་ལ་སྦྱངས་རྟོག་སྦར་གསུམ་བྱས་པའི་བདུད་རྩི་དང་། གསང་མཆོད་ཕྱག་རྒྱའི་མཆོད་པ་དང་། འཁོར་གསུམ་མི་དམིགས་པར་བདེ་སྟོང་གིས་རྩིས་ཟིན་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་སུ་ཡོད་པ་རྣམས་སོ་སོའི་གཞུང་དུ་གསལ་བ་ལྟར་དང་། ཁྱད་པར་གཏོར་མ་ནི་དངོས་གྲུབ་རྣམ་གཉིས་གང་སྒྲུབ་ཀྱང་ངེས་པར་གལ་ཆེ་བ་ནི། རྒྱུད་སྡོམ་འབྱུང་ལས། མྱོས་བྱེད་གཏོར་མ་མེད་པར་ལས། །མྱུར་དུ་འགྲུབ་པར་མི་འགྱུར་རོ།།ཞེས་དང་། སློབ་དཔོན་མི་ཐུབ་ཟླ་བས་ཀྱང་། བར་ཆད་ཐམས་ཅད་ཉེར་ཞིའི་ཕྱིར། །རྒྱུན་དུ་གཏོར་མ་སྦྱིན་པར་བྱ། །ཞེས་གསུངས་ཤིང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་གསང་འདུས་བསྐྱེད་རིམ་ལས། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ནི་བགེགས་ཉེ་བར་ཞི་བ་དང་། དངོས་གྲུབ་ཀྱི་རྒྱུར་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་ཤིང་། ཞེས་སོགས་རྒྱུད་དང་དགོངས་འགྲེལ་ཐམས་ཅད་ནས་བསྔགས་ཤིང་། གཞན་ཡང་མདོ་ཕྱོགས་ནས་ཀྱང་གཏོར་མའི་རྣམ་བཞག་བཤད་ལ། རྒྱུད་སྡེ་འོག་མ་རྣམས་ནས་ཀྱང་མང་དུ་གསུངས་པས་དེས་ན་གཏོར་མ་ནི་ཡི་དམ་ཆོས་སྐྱོང་གང་བསྟེན་ཅིང་སྒྲུབ་ན་ཡང་གལ་ཆེ་བས་དེའི་རྣམ་བཞག་དང་ཇི་ལྟར་བཤམས་ཚུལ་སོགས་རྒྱུད་ལྡན་དམ་པའི་ཕྱག་བཞེས་བཞིན་ཁུང་ལྡན་ལ་འབད་དགོས་ལ། དེ་ཡང་རྒྱ་གར་དུ་རྒྱུད་སྡེ་སོ་སོ་ནས་ཇི་ལྟར་བཤད་པ་ལྟར་གྱི་གཏོར་རྫས་རྣམས་རིན་པོ་ཆེ་དང་ཐོད་པ་སོགས་སྣོད་སོ་སོར་བཤམས་ཤིང་འབུལ་བ་ལས་དབྱིབས་སོགས་ཀྱི་རྣམ་བཞག་ཆེར་མེད་ཀྱང་། བོད་དུ་བླ་མ་གོང་མ་རྣམས་ལ་ལྷག་པའི་ལྷ་དང་ཆོས་སྲུང་སོགས་ཀྱིས་འདི་ལྟར་བཤམས་ཞེས་དངོས་ཉམས་རྨི་ལམ་དུ་གསུངས་པ་སོགས་ལ་བརྟེན་ནས་སོ་སོར་དབྱིབས་སོགས་མི་འདྲ་བའི་ཕྱག་ལེན་མང་དུ་དར་བ་ལས། སྤྱི་ཤན་ཏི་པས་གཏོར་མ་ལ་ཚིམ་པར་བྱེད་པའི་གཏོར་མ། ལས་བྱེད་པའི་གཏོར་མ། །བགེགས་ལ་ཕུར་བུ་འདེབས་པའི་གཏོར་མ་དང་གསུམ་གསུངས་པ་ནི་རྒྱུད་སྡེ་སོ་སོ་ནས་གསུངས་པའི་ལྷ་རྣམས་སྒྲུབ་སྐབས་སུ་དངོས་གྲུབ་ཀྱི་དོན་དུ་ལྷ་ལ་འབུལ་བའི་གཏོར་མ་ནི་དང་པོ་དང་། ཡང་ལས་སོ་སོ་སྒྲུབ་ཆེད་དུ་འབུལ་བ་ནི་གཉིས་པ་དང་། དེང་སང་གདབ་གཏོར་དུ་གྲགས་པའི་ཟོར་ནི་བགེགས་ལ་ཕུར་བུས་གདབ་པའི་གཏོར་མ་ཞེས་བཤད་ལ། དེ་ལ་ཡང་གཏོར་མའི་རྒྱུ་དང་དབྱིབས་སོགས་ཀྱི་རྣམ་བཞག་ཀྱང་སྔར་གྱི་བླ་མ་སོ་སོའི་ཕྱག་ལེན་མི་འདྲ་བ་མང་ཀྱང་། རང་རང་སོ་སོའི་བླ་་མ་གང་ལས་རྒྱུད་པའི་བླ་མ་གོང་མའི་ཕྱག་བཞེས་ལྟར་བྱེད་པ་ཞེ་གཙང་ཞིང་འཐད་ལ། དང་པོ་བླ་མ་མཆོད་པ་ལྟ་བུའི་གཏོར་མ་ལ་རྒྱུད་རྩམ་པ་དཀར་མོ་དང་། དཀར་གསུམ། མངར་གསུམ། སྨན་སྣ། ཤིང་ཏོག ཆང་སོགས་དགོས་ཏེ་བླ་མ་མཆོད་པ་འདི་ཉིད་བླ་མེད་ཀྱི་རྒྱུད་ལས་བསྟན་པས་བྱིན་བརླབས་སོགས་བླ་མེད་ལྟར་བྱེད་པའི་ཕྱིར་གསང་བདེ་སོགས་ནས་གསུངས་པའི་རྫས་ཀྱང་རུང་ལ་དབྱིབས་ནི་དེང་སང་ཟླུམ་པོ་དཀར་རྒྱན་དང་མེ་ཏོག་སོགས་ཀྱིས་མཛེས་པ་གཤམ་དུ་པད་འདབ་བཞི་སོགས་བྱས་པ་ཐེབས་ཀྱུས་བསྐོར་བ་མཛད་པ་མང་བས་དེ་ལྟར་འཐུས། སྒོར་རྒྱན་ལ་མར་ཚོན་བྱེད་ཀྱང་ཆོག གསང་འདུས་ལ་གཏོར་མ་དམར་རྩི་ཅན་ཟླུམ་པོ་ལ་རྒྱས་པར་ལྷ་གྲངས་ཀྱིས་བསྐོར་བའམ། འབྲིང་ནི་མཆོད་པ་བཞི་སྐོར་ལྟར་བཤོས་ཕྲན་བཞི་དང་། སྔ་འགྲོ་ཕྱི་འགྲོ་ལ་ལྕོག་ལྡི་རེ་སྣོད་ཟུར་དུའམ་ཡང་ན་དམར་རྩི་ཡོད་ཀྱང་ཆོག་ལ་གཏོར་མའི་སྐེད་པར་ཐེབ་ཀྱུ་གསུམ་སྦྱར་བ་དང་། བསྡུ་ན་གཙོ་གཏོར་གཅིག་ལ་ཐེབ་ཀྱུ་གང་མང་གིས་བསྐོར་ཞིང་གཡས་གཡོན་དུ་སྔ་འགྲོ་ཕྱི་འགྲོ་གཉིས་བཞག་ཀྱང་འཐུས། སྒོར་རྒྱན་མེ་ཏོག་གསེར་ཤོག་ཚོན་སོགས་བགྱིིས་པས་འཐུས་ཤིང་། གཤམ་དུ་པད་འདབ་བཞི་པ་ཡང་ཆོག སྒྲུབ་མཆོད་སྐབས་བུམ་པའི་གཏོར་མ་གཙོ་གཏོར་ལ་ཐེབ་ཀྱུས་བསྐོར་བ་བསྡུས་པའི་ལུགས་དང་། ཁྲོ་བོ་དང་ཕྱོགས་སྐྱོང་གི་གཏོར་མ་ཡང་བཤམས། ཁྲོ་བོ་ལ་རྒྱས་པར་ལྷ་གྲངས་དང་། བསྡུས་པར་གཅིག ཕྱོགས་སྐྱོང་ལ་ལྕོག་ལྡིའམ་དཀར་གཏོར། ས་ཆོག་སྐབས་ཀྱི་མཆོད་གཏོར་ཆོ་གར་བཤད་པ་ལྟར་བྱ། བདེ་མཆོག་ལ་དབྱིབས་དེ་འདྲ་བ་ལ་འཁོར་རྒྱས་པར་ན་ཡུམ་ལ་གཅིག རྣལ་འབྱོར་མ་བཞི་ལ་གཅིག འཁོར་ལོ་གསུམ་ལ་རེ་རེ། སྒོ་མཚམས་མ་ལ་རེ་རེ་དང་། འབྲིང་པོར་ཡུམ་ལ་གཅིག རྣལ་འབྱོར་མ་བཞི་ལ་གཅིག འཁོར་ལོ་གསུམ་ལ་གཅིག སྒོ་མཚམས་མ་ལ་གཅིག བསྡུ་ན་གཙོ་གཏོར་མ་གཅིག་ལ་ཐེབ་ཀྱུས་བསྐོར་བ། སྔ་འགྲོ་ཕྱི་འགྲོ་ལྕོག་ལྡིའམ་གོང་གི་གསང་འདུས་ལྟར་བྱ་ཞིང་། སྣོད་ཡོད་ཅིང་གོ་སས་བཤོམ་ན་འདས་གཏོར་དང་འཇིག་རྟེན་པའི་གཏོར་མ་སྣོད་སོ་སོར་བཤམས་པ་བཟང་བ་འདྲ། རྒྱན་སྤྲོས་སོགས་གསང་འདུས་དང་འདྲ་ཞིང་། རྒྱུ་ཡང་སོ་སོའི་སྒྲུབ་ཐབས་ནས་བཤད་པ་ལྟར་གང་ཚོགས་དང་། ལྷག་ཏུ་ཆང་མེད་ཐབས་མེད། སྒྲུབ་མཆོད་དབང་ཆོག་སྐབས་བུམ་གཏོར་བསྡུས་པའིལུགས། འཇིགས་བྱེད་ལ་ཡང་དམར་གཏོེར་སྨད་ཟླུམ་པོ་པད་འདབ་བཞི་པ་དང་། དེ་ནས་བྲང་ཐད་ལྡིར་ཞིང་གཤོག་པ་ཅན། རྩེ་ཟླུམ་པོ་སོགས་དབྱིབས་དཔེའུ་རིས་ལྟར་ལ་སྒོར་རྒྱན་དྲུག་རྒྱན་བདུན་རྒྱན་སོགས་ཚོན་ཁྲ་ཡོད་མེད་གང་བྱས་ཀྱང་ཆོག་ཅིང་རྩེ་ཁྲ་བྱེད་ན་མེ་རི་དང་། གཞན་རྒྱས་པར་བྱེད་ན་རྩེ་ཁྲའི་དབུས་སུ་གྲི་ཐོད་སོགས་ཀྱང་བཟོ་ཆོག་ཅིང་། འཁོར་རྒྱས་པར་ལྷ་གྲངས་ལྟར་བཅུ་གཉིས་དང་། འབྲིང་པོར་ཡུམ་ལ་གཅིག གཤིན་རྗེ་གཤེད་བཞི་ལ་གཅིག སྒོ་བ་བཞི་ལ་གཅིག ཡུམ་བཞི་ལ་གཅིགདང་། བསྡུ་ན་གཙོ་གཏོར་ལ་ཐེབ་ཀྱུས་བསྐོར་བ་དང་། སྔ་འགྲོ་ཕྱི་འགྲོ་གོང་དང་འདྲ་བར་ལྕོག་དང་བཤོས་བུ་གང་བདེ་སྣོད་སོ་སོར་དང་། མ་འབྱོར་ན་གཅིག་གིས་འཐུས། ལས་གཤིན་ལ་བསྔོ་ན་དམར་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་སྒོར་རྒྱན་ཅན་རྣམས། གསང་བདེ་གཉིས་ལ་ཆུ་བཞི་ཉེར་སྤྱོད། འཇིགས་བྱེད་ལ་ཆུ་གཉིས་དང་དྲི་ཆབ་སྔོན་འགྲོའི་ཉེར་སྤྱོད། གསང་འཇིགས་གཉིས་ལ་མཆོད་མགོ་བདག་བསྐྱེད་རང་གི་གཡས། མདུན་བསྐྱེད་ལྷ་ཡི་གཡས། བདེ་མཆོག་ལ་བདག་བསྐྱེད་རང་གི་གཡོན། །མདུན་བསྐྱེད་ལ་ལྟ་ཚུར་གཟིགས་ཀྱི་གཡོན། ནང་མཆོད་རང་གི་མདུན་དུ་བཤམས། དེ་དག་གི་ཞལ་ཟས་དམར་རྩི་ཅན་བྱས་ཀྱང་ཆོག ཚེ་ཆོག་ལ་ཚེ་དཔག་མེད་ཀྱི་གཏོར་མ་དཀར་ཟླུམ་པད་འདབ་ཅན་དང་དཀར་རྒྱན་མེ་ཏོག་སོགས་གང་ལེགས་རྒྱས་པར་གཙོ་འཁོར་དགུ། བསྡུ་ན་གཅིག གཞན་རྒྱལ་ཆེན་དང་། ཆ་གསུམ་སོགས་ལ་གཞུང་བཞིན་དང་། འདས་གཏོར་གྱི་རྒྱུ་དཀར་གསུམ་མངར་གསུམ་སོགས། གདུགས་དཀར་ལ། བཅོམ་ལྡན་འདས་མ་འཁོར་བཅས་ལ་དཀར་གཏོར་ཟླུམ་པོ་འཁོར་ཉེར་གཉིས་སམ་ཡང་ན་ཐེམ་ཀྱུ་གང་མང་། སྒོར་རྒྱན་དང་མེ་ཏོག་སོགས། ལེགས་ལྡན་མཆེད་གསུམ་ལ་དམར་གཏོར་གསུམ་མེ་རི་སོགས་རུང་། ཕྱོགས་སྐྱོང་སྡེ་བརྒྱད། བགེགས་སོགས་ལ་སྣོད་ཆེ་བར་བཟའ་བཅའ་ཆ་གསུམ་གྱི་རྫས་བཞིན་དང་། རྒྱས་པར་མི་ཟ་དགུ་ཟའི་གཏོར་རྫས་གང་འབྱོར་གྱིས་བསྐོར་བའི་ཞལ་ཟས་སྐེད་དཀྲིས་ཅན་གསུམ། ཆོས་སྲུང་གི་མདུན་དུ་གཞི་བདག་གཏོར་མ་ཡོངས་གྲགས་ལྟར། རྒྱལ་ཆེན་བཞི་ལ་ཞལ་ཟས་སྐེད་དཀྲིས་ཅན་བཞི་ཐེབ་ཀྱུས་བསྐོར་བ་དང་། གཙུག་ཏོར་རྣམ་རྒྱལ་མ་ལ། ད་ལྟ་གཏོང་བའི་ཆོ་ག་འདི་སྟོང་མཆོད་ཀྱི་ཆོ་ག་ཡིན་པས་བྱུང་ན་མཆོད་པ་སྟོང་། གཏོར་མ་སྟོང་། གཟུངས་སྟོང་། བསྐོར་བ་སྟོང་བཅས་དགོས་ཤིང་། མཆོད་པ་ཡང་ཆུ་གཉིས་ཉེར་སྤྱོད། འཕན་གདུགས་སོགས་སྟོང་ཚང་ངེས་དང་། མ་བྱུང་ཀྱང་བརྒྱ་མཆོད་ལ་གསོ་ཐེབ་བཅུ་བྱས་ནས་ཕུལ་ན་རུང་ཞིང་། མཆོད་པ་ཉི་ཤུ་རྩ་གྲངས་ཙམ་བསྒྲིགས་ནས་ཁ་གསོ་སོགས་མེད་པར་སྟོང་མཆོད་ཀྱི་ཆོ་ག་ཏོན་ན་ལོང་བས་མིག་ལྡན་ལ་མགོ་བསྐོར་གྱི་དཔེར་འགྱུར་འདྲ་བས། རྒྱུ་འབྲས་ལ་བསམ་པས་སྤངས་བླང་ཞིབ་ཏུ་བྱ། འདས་གཏོར་ལ་དཀར་གཏོར་ཟླུམ་ལྡིར་འཁོར་བརྒྱད་དམ་ཐེབ་ཀྱུ་གང་མང་དཀར་གསུམ་མངར་གསུམ་སོགས་བསྲེས་པ་དང་མེ་ཏོག་སོགས་ཀྱིས་རྒྱན་པ། ཆ་གསུམ་སྤྱི་འགྲེ་གཏོར་མ་སྟོང་བྱེད་ན་སྣོད་དུ་གཏོར་མ་དཀར་གཏོར་གཅིག་ལ་རིལ་བུ་སྟོང་གིས་བསྐོར་བས་འཐུས་ཤིང་། ཆོ་ག་ཐུ་ཀྭན་གྱི་རྣམ་རྒྱལ་སྟོང་མཆོད་དུ་གསལ། སྒྲོལ་མ་མཎྜལ་བཞི་ཆོག་ལ་ཁོ་རང་གི་བཤད་ཚོད་ལྟར་ན། ས་ལ་མཎྜལ་རེ་ཁ་ཅན་བཞི་བསྐོར་བའི་ནང་དུ་དབུས་སུ་མཎྜལ་ཚོམ་བུ་ཅན་དང་མཐའ་ཉེར་སྤྱོད་ཀྱིས་བསྐོར་བ་བཞི་དང་། གཞན་མཆོད་པ་གང་རྒྱས་དགོས་པར་འདྲ་ཡང་། དེང་སང་མཎྜལ་ཚོམ་བུ་ཅན་བཞི་དང་མཆོད་པ་གང་རྒྱས་བྱེད་པ་དེས་ཀྱང་འཐུས་ཙམ་འདྲ་ཞིང་བཀའ་གདམས་ལུགས་ལྟར་ན་གཏོར་འབུལ་མེད་པས་ཞལ་ཟས་ལས་ལོགས་སུ་གཏོར་མ་མི་དགོས། ས་ལུགས་ལྟར་གཏོར་འབུལ་ཡོད་ན་གཏོར་མ་སོ་སོིའི་གཞུང་བཞིན་བཤམས། བཟང་སྤྱོད་འཆི་བསླུ་ལ་ནི་བླ་མ་བྱམས་པའི་གསུང་ལྟར་ན་མཆོད་པ་གང་མང་། གཏོར་མ་དཀར་གཏོར་ཟླུམ་ལྡིར་དང་དཀར་གཏོར་པད་འདབ་ཅན་གཉིས་དགོས་པ་འདྲ། སྨན་བླ་ལ་མཆོད་པ་གང་མང་ཞལ་ཟས་སོགས་གང་རྒྱས་ལས་གཏོར་མ་ཟུར་དུ་མི་དགོས་འདྲ། དེ་ནས་ཆོས་སྐྱོང་གི་གཏོར་མའི་སྐོར་ནི། དེ་ཡང་མགོན་པོའི་གཞུང་མང་པོར་ཐུགས་དམ་གཏོར་མས་བསྐང་། བར་ཆད་གཏོར་མས་སེལ། འཕྲིན་ལས་གཏོར་མས་སྒྲུབ་ཅེས་གལ་ཆེ་བར་གསུངས་ཤིང་རྒྱུ་ཡང་རང་རང་གི་ཆོས་སྐོར་བེའུ་བུམ་ནས་གསུངས་པ་ལྟར་དགོས་ཤིང་། གཙོ་བོར་ནས་ནག་རྗེན་བཏག་དང་ཤ་ཆང་ཁྲག་སོགས་རྒྱུ་མེད་མི་རུང་དང་། སྨན་སྣ། རིན་ཆེན་གྱི་སྣ། འབྲུ་སྣ། ཤིང་ཐོག་སོགས་ཀྱང་འཛོམས་ན་ལེགས་ཤིང་གཙོ་བོར་ལས་སོ་སོར་གཏོར་རྫས་ཀྱང་སོ་སོར་གསུངས་པ་ལྟར་ཞིབ་ཏུ་བཅའ་ཀ་དང་གཙང་སྦྲ་གང་ཆེ་བྱེད་ཅིང་བླ་མ་དང་ཆོས་སྐྱོང་ལ་དམ་ཚིག་མི་གཙང་བ་དང་། དགོན་གནས་ལ་དམ་ཚིག་མི་གཙང་བ་སོགས་ཀྱི་རིགས་མ་འདྲེས་པ་བྱེད། ཅིས་ཀྱང་མི་བསྲེ་དཀའ་མེད་དབང་ཆེ་བས་ངོ་མ་ཆོག་པ་ལྟ་བུ་བྱུང་ན་ཡང་རྡོར་སློབ་ནས་བྱང་ཤ་སྦག་པའི་གདམས་པ་ལྟར་གྱི་དམིགས་པ་སོགས་བགྱིས་ནས་རུང་བར་སྒྲུབ་ནས་བསྲེ་ན་ལེགས་པས་ཞིབ་པར་བྱེད། དབྱིབས་ནི་ཕྱག་དྲུག་པར་དམར་གཏོར་ཟུར་གསུམ་པ་མེ་རི་སོགས་ཀྱིས་བརྒྱན་ཅིང་སྒོར་རྒྱན་བྱ་བ་དང་། བསྐང་གཏོར་ལྟ་བུ་ཆེན་པོ་ལ་ཕྲ་རྒྱན་དང་གོས་དར་དམར་ནག་གི་བ་དན་གཡས་གཡོན་དུ་བཙུགས་པ་དང་བསྐང་རྫས་གཟུགས་འགྲོས་མར་ལ་བཅོས་པ་བཙུགས་པ་སོགས་ཀྱང་བྱས་ཆོག་ཅིང་། གཏོར་གདུགས་མདའ་དར་བཅས་བཙུགས་པ་དང་། འཁོར་གཏོར་རྒྱས་པར་སྣོད་སོ་སོའམ་ཤིང་ལེབ་ལྟ་བུར་མཉམ་དུ་བྱེད་ཀྱང་ལྷ་མོ་ལ་ཟན་སྒོར་མོ་བདུན་བརྩེགས་བྱས་པའི་མདུན་ཕྱོགས་བཅད་ནས་དྲུག་བརྩེགས་ཅིང་གཅིག་གྱེན་དུ་བླང་བ། ཀྵེ་ཏྲ་པཱ་ལ་ནི་དམར་གཏོར་ཟུར་གསུམ་ལ་སུམ་ཆ་གཅིག་ཡར་བུད་ནས་དེ་མཚམ་ནས་མཐོ་དམའ་འདྲ་བ་གསུམ་བཅད་པའི་འོག་མ་མགོ་ཞབས་སློག་ནས་བཞག་པའི་སྟེང་དུ་སྟེང་མ་གཉིས་ཀྱང་དེ་བཞིན་དུ་བརྩེགས། དེ་སྟེང་སྟོད་ཀྱི་ཆའི་དམར་གཏོར་བཞག་པ་དང་། ཀྵེ་ཏྲ་པཱ་ལ་རྐྱང་པའི་སྐབས་སུ་གཏོར་མ་བང་རིམ་གསུམ་གོང་ལྟར་གྱི་ཐོག་ཏུ་སྙིང་དངོས་སམ་སྙིང་གཟུགས་བཞག་པ་ཡང་བཤད། གནོད་སྦྱིན་གཞན་གསུམ་ལ་དམར་གཏོར་རྩེ་གཡས་སུ་བཅུས་ཙམ་བྱས་པ་རེ། དེ་ནས་འཁོར་ལ་རྒྱས་པར་ན། དཔལ་མགོན་བདུན་ཅུར་བཤོས་ཕྲན་དེ་མཚུངས་དང་། དམ་ཅན་རྒྱ་མཚོར་ཐེབ་ཀྱུས་གང་མང་གིས་བསྐོར། ཟན་ར་ལ་ཐེབ་ཀྱུས་བཅད་ཁ་ཞི་རྒྱས་སོགས་ལ་ནང་བསྟན་དང་། དྲག་པོར་ཕྱིར་བསྟན་པ་བཤད་པ་ལས་དེང་སང་འགའ་ཞིག་གིས་ཟན་གྱི་ལྕགས་རི་མདོས་ཀྱི་ལྕགས་རི་ལྟ་བུ་བཟོ་གི་འདུག་པ་ཁུངས་མ་མཐོང་བས་རིག་བཟོ་ཡིན་འདྲ། བསྡུ་ན་གཏོར་ཆུང་བཅུ་སྐོར་ཙམ། མཁའ་འགྲོ་སྤྱི་གཏོར་པད་འདབ་གསུམ་པ། གཞི་བདག་པད་འདབ་བཞི་པ་བཅས་བྱེད། གཙོ་བོའི་གཏོར་མ་རྩེ་ཁྲ་རྒྱས་པར་བྱེད་ན་དབུས་སུ་གྲི་གུག་ཐོད་པ་དང་། གཞན་མེ་རི་སོགས་དྲག་རྒྱན་བྱེད། མགོན་དཀར་ལ་རིན་པོ་ཆེ་ཆ་དགུ་པ་རྣམས་དཀར་པོ་མེ་ཏོག་ནོར་བུས་བརྒྱན་པ། ཆོས་རྒྱལ་ལ་ཕྱི་སྒྲུབ་རྐྱང་པ་ལ་གཏོར་རྫས་གཞུང་བཞིན་དང་ཤ་ཆང་མེད་ཐབས་མེད་ཅིང་ཆོས་སྐྱོང་གི་གཏོར་མ་རྣམས་ལ་བདུད་རྩི་རིལ་བུ་ངེས་པར་བསྲེ། གཏོར་མ་དམར་གཏོར་གྲུ་གསུམ་རྩེ་ཁྲ་ཐོད་དབྱུག་གིས་མཚན་པ་མེ་རི་སོགས་དང་། མདུན་དུ་ཡུམ་གྱི་གཏོར་མ་འཁོར་གཏོར་ཆུང་ཟླུམ་པོ་དམར་པོ་བྱས་ན་འཐུས་ཤིང་དེ་ཡང་རྒྱས་པར་ན་ཉི་ཤུ། བསྡུ་ན་བརྒྱད་ཐེབ་ཀྱུ་གང་མང་། གཞི་བདག་བཅས་དང་། ནང་སྒྲུབ་དང་འབྲེལ་ན་ནང་སྒྲུབ་ལ་གཙོ་གཏོར་གོང་འདྲ། རྩེ་ཁྲར་གྲི་ཐོད་དང་ཕྱོགས་བཞི་འམ་ཟུར་བཞིར་གཤིན་རྗེ་དཀར་སེར་གཉིས་ལ་ཟླུམ་གཏོར་དཀར་སེར་རམ་དཀར་པོ། དབང་ལ་ཡང་ཟླུམ་གཏོར་རམ་གསང་སྒྲུབ་ཟུར་དུ་བྱེད་ན་རིན་པོ་ཆེ་འབར་བ་ཆ་དགུ་པའི་རྣམ་པ་དམར་པོ། གཤིན་རྗེ་ནག་པོ་ལ་དམར་གཏོར་ཟུར་གསུམ། དེའི་མདུན་དུ་ཕྱི་སྒྲུབ་ལ་དམར་གཏོར་གཡོན་དུ་ཚ་མུཎྜི་དང་བཅས་པ་འཁོར་གོང་འདྲ། ཕྱི་མཆོད་ལ་ཞལ་བསིལ་མི་དགོས་པ་འདྲ། ལྷ་མོ་ལ་གཏོར་མའི་རྒྱུ་སོགས་རང་གི་གཞུང་ལྟར་དང་། སྤྱི་ཁྱབ་གོང་ལྟར་དབྱིབས་དམར་གཏོར་ཟུར་གསུམ་ཆེ་བ་རྩེ་ཁྲར་བེ་ཅོན་ཐོད་ཁྲག་བྷྱོ་ཡིག་སོགས་གང་རུང་མེ་རི་ཡང་བྱས། མདུན་དུ་དཔལ་ལྷར་དཀར་ཟླུམ། གཡས་གཡོན་དུ་གདོང་ཅན་གཉིས་ལ་དམར་གཏོར། འཁོར་གཏོར་ཆུང་། བསྟན་མར་དཀར་གཏོར་ཟླུམ་པོ་དུས་གཏོར་སོགས་ཀྱི་སྐབས་བྱོན་གཏོར་དང་བསྐང་གཏོར་འབུལ་ན་དེར་དམིགས་གཡས་གཡོན་གང་རིགས་སུ་དམར་གཏོར་གཅིག་བསྐང་གཏོར་གཅིག་བཅས་བྱེད། གཞན་གཞི་བདག་གཏོར་མ་དང་ཐེབ་ཀྱུ་གང་མང་ལས་མཐུན་གྱིས་བསྐོར། མདུན་དུ་ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་དང་། གཏོར་མའི་གཡས་སུ་རྙིང་ལུགས་རྩ་བརྒྱད་སྟོང་སྦྱར་གྱི་སྨན་ནམ་གསར་མའི་བདུད་རྩི་རིལ་བུ་བཏབ་པའི་སྨན་མཆོད་དམ་ནང་མཆོད། གཡོན་དུ་རཀྟ་སོ་ལྔའི་རྒྱུན་གཙང་མ་ཡོད་པའི་ཁྲག་མཆོག་རཀྟ་བཞག་དགོས། མ་འབྱོར་ན་གསོན་ཁྲག་ལ་རྡོ་རྗེའི་མདས་མ་ཕོག་པའི་པདྨ་རཀྟ་བསྲེ་དགོས་ཤིང་། དེ་ཡང་མ་འབྱོར་ན་གསོན་ཁྲག་གཙང་མ་གང་འབྱོར་གྱི་ཆོག ཕྱི་མཆོད་ཞི་དྲག་གཉིས་ཡོད་ན་གཅིག་མཆོད་མགོ་གཡས་དང་གཅིག་གཡོན་བསྟན་བྱེད་པ་རྙིང་ལུགས་དང་རྒྱལ་བ་ལྔ་པ་ཆེན་པོའི་ཕྱག་སྲོལ་ལ་འདུག བསྟན་གསོལ་ལ་རང་རེའི་རྗེ་གོང་མའི་ཕྱག་རྒྱུན་དུ་དུས་རྒྱུན་ལྷ་མོའི་གཏོར་མ་གོང་དང་འདྲ་བའི་གཡས་གཡོན་དུ་གཡུ་དྲག་གཉིས་དང་མདུན་དུ་དཔལ་ལྷ་གདོང་ཅན་གཉིས། གཞན་གཏོར་ཆུང་གོང་དང་འདྲ། རྒྱས་པའི་སྐབས་སུ་གཡས་སུ་བླ་མ་གཏོར་མ་དང་། དེའི་གཡས་གཡོན་དུ་གཡུ་དྲག མདུན་དུ་དཔལ་ལྷ་གདོང་ཅན་གཉིས་བཅས། དེ་དག་གི་གཡོན་དུ་ལྷ་མོ་དང་གདོང་ཅན་གཉིས་བཅས་དང་། ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས་རྒྱས་པར་བྱེད་ཅིང་། དེ་སྟེང་དུས་བཞིའི་ལྷ་མོ་ལ་ཡང་དམར་གཏོར་ཟུར་གསུམ་རེ་དང་ལས་བཞི་ལ་ཡང་བྱེད་ན། ཞི་བར་དཀར་ཟླུམ། རྒྱས་པར་སེར་པོ་གྲུ་བཞི། དབང་ལ་ཟླ་གམ་དམར་པོ། དྲག་མོར་ཟུར་གསུམ་མཐའ་དམར་དཀྱིལ་ནག་ཅན་བྱེད། གཞན་ཐེབ་ཀྱུས་གང་མང་། རྒྱས་པའི་སྐབས་བསྐུལ་རྣམས་བཏང་གྲུབ་སྐབས་སུ་ཕུད་ཀྱི་མངའ་བདག་བླ་མ་ཞི་ཁྲོའི་ལྷ་ཞེས་གཏོང་སྐབས་གཏོར་རྩེ་རྣམས་ནས་བཅད་ནས་སྟེང་དུ་འབུལ་བ་དཔའ་ཤོད་ཕྱག་ལེན་ལ་ཡོད་ཅིང་རྩེ་སྐུ་ཞབས་གྲྭ་ཚང་གིས་ཀྱང་དེ་ལྟར་གནང་གི་འདུག དེ་ནས། ལྷ་མོའི་ཚེས་གཏོར་གྱི་སྐོར་རྒྱས་པར་ན། སྟེགས་མཐོ་བར་ཡི་དམ་འཇིགས་བྱེད་གཏོར་མ་དབྱིབས་གོང་ལྟར་ལ་སྒོར་རྒྱན་བདུན་སོགས་དང་རྩེར་མེར་རི། སྔ་འགྲོ་ཕྱི་འགྲོ་གཉིས་ལ་ལྕོག་ལྡི་རེ་སྣོད་ཟུར་དུ་བཤམས། གཏོར་མར་བྲན་རྒྱུའི་ནང་མཆོད་ཆང་ཆུ་རྣམས་སྣོད་སོ་སོར་བཤམས། མདུན་དུ་བདག་མདུན་གྱི་མཆོད་པ་བཅས་ཀྱང་བཤམས། དེ་ནས་གཏོར་ཆེན་དངོས་ནི་ནས་ནག་རྗེན་བཏག་དང་། ཤ་ཆང་རིན་པོ་ཆེ་སྨན་ཕུད་བདུད་རྩི་རིལ་བུ་སོགས་བསྲེས་པས་བཞེངས་པ་དམར་གཏོར་ཟུང་གསུམ་གྱི་རྣམ་པ་ལ་རྒྱབ་ཏུ་ཟུར་མེད་པ་ཟླུམ་པོ་ལྟ་བུ་མདུན་ཕྱོགས་སུ་གློ་འབུར་གཉིས་ཀྱི་ནང་མ་དམར་ནག་བར་མ་ནག་པོ་ཕྱི་མ་དམར་པོ། ཕྱི་དང་གློ་འབུར་རེ་རེ་བཞིན་ཡང་རྩེ་ཁྲ་དང་གཤོག་པ་སོགས་སྤྱར་ཆོག་པ། རྩེ་ཁྲ་ཕྱི་མ་ཆེ་བའི་དབུས་སུ་བེ་ཅོན་ཐོད་ཁྲག་དང་མཐའ་སྐོར་མེ་ཏོག་བརྒྱུད་སྐོར་ལ་བཀྲ་ཤིས་རྟགས་བརྒྱད། དེ་ཕྱིན་མེ་རི་གང་མཛེས། དེའི་རྩེར་གློ་འབུར་གྱི་དབུས་སུ་པད་ཉི་ལ་བྷྱོོ་ཡིག་དང་མཐའ་འཇའ་གུར། དེའི་གཡས་གཡོན་དུ་སེང་གེ་དང་སྦྲུལ་མཐར་རླུང་རིས་ལྟ་བུ་དང་བྷྱོོ་སྟེང་དུ་རྨ་བྱའི་གདུགས་ཏོག་དང་བཅས་པ། གློ་འབུར་བར་མའི་རྩེ་ཁྲའི་དབུས་སུ་སྦྲུལ་བདུན་སླས་མ་ལྟ་བུར་ཡོད་པ་དང་མེ་རི་གང་རྒྱས། མདུན་འབུར་ནང་མའི་རྩེ་ཁྲའི་དབུས་སུ་པད་མའི་སྟེང་དུ་དྲེའུ་རྐྱང་སེར་གྭ་པ་སྲིན་པོའི་སྒ་ཆས་སྤྲས་པ། གློ་འབུར་རྣམས་ཀྱི་བར་དུ་ཟན་གྱི་ངོས་ལ་མར་གྱི་ཐོད་སྐམ་དབུ་རྒྱན་མགོ་འཕྲེང་རེ་གོས་མི་ལྤགས་གླང་ལྤགས། སྟག་ལྤགས། དམོད་པའི་མཚོན་ཆ་རྣམ་ལྔ་གོ་ཁྲབ་བསྐང་རྫས་སོགས་ཀྱིས་བརྒྱན་པ་དང་། གཏོར་སྙིང་རིན་པོ་ཆེ་གསེར་དངུལ་སོགས་དབུས་སུ་འཇུག་ཅིང་རྒྱབ་ངོས་སུ་ཤ་རྒྱན་གང་མང་དར་དམར་ནག་གི་ཅོད་པཎ་མང་པོ། རྩེ་གཏོར་གདུགས་དང་བཅས་པ། དེའི་མདུན་དུ་དཔལ་ལྷའི་གཏོར་མ་དཀར་ཟླུམ་རྩེ་ཁྲ་མདའ་དར་ནོར་གཞོང་མེ་རི་པ་ཊ་གང་ལེགས་ཀྱིས་བསྐོར་བ། གཡས་གཡོན་གདོང་ཅན་གཉིས་ཀྱི་རྩེ་ཁྲར་སོ་སོའི་ཕྱག་མཚན་ཞགས་པ་གྲི་གུག དཔལ་ལྷའི་གཡས་སུ་ཞི་བའི་ལྷ་མོ་ལ་དཀར་ཟླུམ་རྩེ་ཁྲ་བྱེད་ན་མེ་རི་པ་ཊ་ནང་དུ་འཁོར་ལོས་མཚན་པའི་གྲི་གུག དེའི་གཡས་སུ་རྒྱས་པའི་ལྷ་མོ་ལ་སེར་པོ་གྲུ་བཞི་རྩེ་ཁྲ་ནོར་བུས་མཚན་པའི་གྲི་གུག དབང་ལ་དམར་པོ་ཟླ་གམ་ལ་པདྨས་མཚན་པའི་གྲི་གུག དྲག་མོར་མཐའ་ནག་དཀྱིལ་དམར་ལ་མེ་རི་དང་རྩེ་ཁྲ་དྲག་པོའ་རྡོ་རྗེས་མཚན་པའི་གྲི་གུག དེ་ནས་གཙོ་བོའི་ཟུར་བཞིའམ་ཡང་ན་ཞི་རྒྱས་ཀྱི་གཡས་སུ་དཔྱིད་རྒྱལ་དང་དབྱར་རྒྱལ་མོ་གཉིས་ལ་དམར་གཏོར་ཟུར་གསུམ་ལ་མེ་རི་དང་། དཔྱིད་རྒྱལ་ལ་སྤུ་གྲི། དབྱར་རྒྱལ་ལ་ལྕགས་ཀྱུ། དབང་དྲག་གི་གཡོན་དུ་སྟོན་དགུན་གྱི་རྒྱལ་མོ་གཉིས་ལ་དབྱིབས་གོང་དང་འདྲ་ལ་གསེར་གྱི་ཟོར་བ་དང་ཁྲམ་ཤིང་ཅན་མེ་རི་དྲག་པོའི་མེ། དཔལ་ལྷའི་མདུན་དུ་ཚེ་རིང་མ་ལ་དམར་གཏོར་དབྱིབས་ཟླུམ་པོ་མགོར་ཁྱུང་མགོ་ཡོད་པ། འདི་ལ་འགའ་ཞིག་གི་ཡིག་ཆར་ཁྱུང་བཙུན་མ་ལ་ཁྱུང་མགོ་ཞེས་ཟེར་ཀྱང་རྟ་ཚག་གོང་མ་རྣམས་ཀྱི་ཕྱག་ལེན་ལ་ཚེ་རིང་མར་ཁྱུང་མགོ་མཛད་པ་ནི་སྤྱིར་ཚེ་རིང་མཆེད་ལྔའི་གཏོར་མ་ལ་ཁྱེའུ། ཁང་བརྩེགས། ཐབ་ཀ། ལྷ་བཤོས། ཞེས་སོགས་ཀྱི་དབྱིབས་བྱེད་པ་ལྷ་སོ་སོའི་གནས་རིའི་དབྱིབས་དང་སྒོ་བསྟུན་པར་བཤད་ཅིང་། ཚེ་རིང་མའི་གནས་ཡུལ་གངས་རྒྱལ་མོ་མཐོན་ཐིང་ལ་རྗེ་མི་ལའི་མགུར་དུ་མར། གངས་ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ཅན། ཞེས་པ་དང་འབྲེལ་བ་ཡོད་པས་འཐད་པར་ཡོད། དེའི་རྩེ་ཁྲར་ཚེ་བུམ། དེའི་གཡས་སུ་ཁྱེའུ་ཞེས་པ་ནི་བོད་ཀྱི་ཚེམ་བཟོ་བ་རྣམས་ལ་སྔར་ཇམ་རྩེ་མ་དར་གོང་དུ་པགས་པ་གོས་དར་སོགས་འདྲ་བའི་བཟོང་དགྲ་སྟའི་ཁ་འདྲ་བ་ཞིག་ཡོད་པ་དེའི་མིང་ཡིན་པས་དབྱིབས་དེ་འདྲ་བར་བྱེད་པ་ཡིན་འདུག དེ་ཡང་གནས་རིའི་དབྱིབས་ལ་བརྟེན་པ་ཡིན་ཅིང་། རྩེ་ཁྲར་དུང་དཀར་གཡས་འཁྱིལ། དེའི་གཡས་སུ་ཁང་བརྩེགས་ནི་སྟེགས་ཀྱི་ཁར་ཁང་བ་རྒྱ་ཕུབ་ཅན་སྟེང་དུ་ནོར་བུ་གསུམ་སྒྲོམ་གྱི་ཏོག་ཅན་རྩེ་ཁྲར་ནེའུ་ལེ། ཚེ་རིང་མའི་གཡོན་དུ་ཐབ་ཀ་ཞེས་པ་དོན་ལ་སྒྱེད་པོའི་དབྱིབས་ཡིན་ཅིང་དེ་ཡང་རིའི་དབྱིབས་དང་བསྟུན་པར་འདུག་རྩེ་ཁྲར་གཡུ་དྲུང་། དེའི་གཡོན་དུ་ལྷ་བཤོས་ཞེས་པ་བཤོས་ཟླུམ་པོ་རྐེད་ལྡིར་ཙམ་ཡོད་པ་རྩེ་ཁྲར་དཔལ་བེ་རྣམས་སྔར་གྱི་ཕྱག་ལེན་རྒྱུན་དུ་ཡོད། དེ་ནས་བདུད་མོ་བཞི་ལ་སྲིན་མོའི་ནུ་མ་འདྲ་བ་བཞི་ལ་སྦྲུལ་གྱིས་དཀྲིས་པ། གནོད་སྦྱིན་བཞི་ལ་དམར་གཏོར་བཞི། སྨན་པོ་བཞི་ལ་ཟླུམ་པོ་རྐེད་པར་ཀོང་ཙམ་བྱས་ནང་དུ་རིལ་བུ་གསུམ་རེ་ཡོད་པ། དེ་མིན་གཞན་དཀར་པོ་བརྒྱད་ཅུ་སོགས་ལ་གཏོར་ཆུང་དམར་པོ་ཟླུམ་པོ་གང་མང་ཟུར་བཞིར་གཞི་བདག་གཏོར་མ་བཞི་ཡོངས་གྲགས་ལྟར་བཞག་པ་མཐའ་ཐེབ་ཀྱུ་ཆེན་པོ་བཅད་ཁ་ནང་བསྟན་གྱིས་བསྐོར། དེ་ནས་སྟེགས་གཞན་གྱི་སྟེང་དུ་བྱོན་གཏོར་དཀར་པོ་དབྱིབས་ཟླུམ་པོ་རྩེ་ཁྲར་མེ་རི་པ་ཊ་དང་དབུས་སུ་མེ་ལོང་གི་ཀླེ་མཚན་༡༠༥པ་འཁོར་ཟླུམ་པོ་ཉེར་ལྔ་ཙམ་གྱིས་བསྐོར་བ། དེའི་གཡོན་དུ་བཟླས་གཏོར་སེར་པོ་གྲུ་བཞི་པ་རྩེ་ཕྲར་མེ་རི་པ་ཊ་དང་དབུས་སུ་ནོར་བུ་ཆ་དགུ་པས་མཚན་པ་འཁོར་སེར་པོ་གྲུ་བཞི་ཉེར་ལྔ་བཅས་པ། གཤེགས་གཏོར་ལ་དམར་གཏོར་ཟུར་གསུམ་མེ་རི་དྲག་པོ་དང་མཐུན་པ། དབུས་སུ་བེ་ཅོན་ཐོད་ཁྲག་གིས་མཚན་པ་འཁོར་བཤོས་བུ་དམར་གཏོར་གྲུ་གསུམ་ཉེར་ལྔ་ཙམ་དང་མར་རྒྱན་སྒོར་རྒྱན་བྱས་པ། ཤ་ཁྲག་དམར་གཏོར་ཟུར་གསུམ་ཟོར་དབྱིབས་ཅན་ཤ་ཁྲག་གིས་བརྒྱན་པ་མར་རྒྱན་མེད་ཀྱང་འཐུས། །ཛམ་བུ་ཏི་བ་ཛ་ཕྱེད་གཤག་གི་རྣམ་པ་ཟེར་ཀྱང་ཟླ་གམ་ལྟ་བུ་རྒྱབ་འབུར་ཞིང་མདུན་འཇམ་པའི་ངོས་སུ་མཐའ་ལ་མར་ཚོན་གྱི་སྐུད་པའི་འཇའ་དང་དབུས་སུ་ནོར་བུའི་རྣམ་པ་ལྟ་བུ་དུ་མས་བརྒྱན་པ་རྩེར་ཉི་ཟླ་ཟེར་ཀྱང་རང་ལུགས་མེ་ཏོག་ཁ་འབུས་ཀྱི་རྣམ་པས་བརྒྱན་པ་བྱེད། ཛམ་བུ་ཏི་བ་འདི་མགོན་པོ་སོགས་ལ་འབྱུང་ཞིང་རྒྱ་གཞུང་མང་པོར་ཀྱང་ཛམ་བུ་ཏི་བ་དང་ཛམ་བུ་ཊ་ཀ་ཞེས་སོགས་ཡི་གེ་མི་འདྲ་བ་མང་ལ་དོན་དུ་རྒྱུ་དང་དབྱིབས་ཀྱི་དགོས་པ་གང་ཡིན་བཤད་པ་གསལ་བ་ཞིག་སྔོན་ཆད་མ་མཐོང་ཀྱང་གང་ལྟར་རྒྱ་གར་གྱི་ཟས་ཀྱི་བྱེ་བྲག་རྩ་བ་ཆེ་བ་ཞིག་ཡིན་ནམ་སྙམ་ཞིང་། དཔེར་ན་འདུལ་བའི་གླེང་གཞི་སོགས་སུ་ཛམ་བུའི་སྙེ་མ་སོགས་ཟས་ཀྱི་རྣམ་གྲངས་སུ་བཤད་པས་ཤིང་ཛམ་བུའི་འབྲས་བུའམ་ཞུ་བཅུད་ལྟ་བུར་བཟོས་པ་འདྲ་ཨེ་ཡིན་སྙམ་ཞིང་། དཔེར་ན་བག་ཟན་དང་ཚ་བ་གསུམ་དང་ཀ་ར་བུ་རམ་སོགས་བསྲེས་ནས་བཟོས་པའི་ཟན་ལེབ་ལྟ་བུ་མར་ཁུར་བཙོས་པ་ལ་ལ་དུ་ཟེར་བ་ཡང་བོད་ཀྱི་ཁ་ཟས་ཀྱི་དོད་ལྟ་བུ་ཡིན་ཀྱང་། བསྐང་གཞུང་འགར་ལ་ཕུག་ལ་དུ་ཤིང་ཐོག་སྒོག་ཙོང་སོགས་ཞེས་མཆོད་པའི་བྱེ་བྲག་ཏུ་བཤད་པ་ལྟར་ཛམ་བུ་ཊི་ཀ་ཞེས་པ་ཡང་ཟས་ཀྱི་བྱེ་བྲག་ཞིག་ཡིན་པ་འདྲ། འོན་ཀྱང་དབྱིབས་གོང་བཞིན་བཟོ་བ་གོང་མའི་ཕྱག་ལེན་ལ་ཡོད་པར་མ་ཟད་གུར་ཞལ་གྱི་དཔེའུ་རིས་སུ་ཡང་དེ་ཁོ་ན་ལྟར་འབྱུང་། དེང་སང་མཆོད་གཡོག་རྣམ་པ་བཀྲ་བ་མང་པོས་དེ་ལ་མཛེས་བྱེད་དུ་འོག་ཏུ་པད་གདན་ལྟ་བུ་ཡ་པད་མ་པད་ཡོད་པ་བཟོས་པ་ལ་ཕྱིས་ཀྱི་གཏོར་བཟོ་བ་རྣམས་ནས་དེ་ཡང་ཁོ་རང་གི་དབྱིབས་སུ་དགོས་པར་གོ་ནས་པད་གདན་ལྟ་བུ་ཅོང་ངེ་བའི་སྟེང་དུ་གཏོར་མ་ཟླ་གམ་བྱེད་པ་ནི་རང་བཟོ་ལས་རྒྱུ་མཚན་གཞན་མེད་དོ། །སྨན་རཀ་ཕུད་ཀྱི་མཆོད་པའི་སྨན་ནི་བདུད་རྩིའི་ཆོས་སྨན་དང་བདུད་རྩིའི་རིལ་བུ་སོགས་ཆང་ལ་བཏབ་ཅིང་ནང་མཆོད་ལྟར་བྱིན་གྱིས་བརླབས་པ་དང་། རཀྟ་ནི་གོང་གི་མཆོད་པའི་སྐབས་ལྟར་དང་། ཛ་གད་དཔའ་བོའི་སྨན་ཕུད་ཀྱང་བདུད་རྩི་ཆོས་སྨན་ལྟ་བུ་སྐམ་པོ་ཡིན་འདྲ། ཡང་དེང་སང་བཟང་དྲུག་སོགས་སྨན་བཟང་པོའི་ཕྱེ་མ་བྱེད་མི་མང་བར་འདུག་པས་སྨན་ཕུད་བྱས་ཀྱང་འཐུས་ཤིང་། འགའ་ཞིག་ནས་ཛ་ཞེས་པས་ཛ་ཏི། གད་ཞེས་པས་ག་བུར། དཔའ་བོ་ཞེས་པས་བོང་ང་། སྨན་ཞེས་པས་ཨ་རུ་ར་ཞེས་འབྲུ་གཉེར་བ་ཡང་རྟོག་བཟོ་ལས་ཁུང་མ་མཐོང་། གཙང་མ་ཕུད་ཀྱི་གསེར་སྐྱེམས་ནི་ཆང་ལ་གསེར་གཡུའི་ཕྱེ་མ་བསྲེས་པ་ཕྱག་ལེན་ལ་བྱེད། གསེར་སྐྱེམས་ཞེས་པའི་མིང་ལ་བརྟེན་ནས་རྙིང་ལུགས་པ་རྣམས་ཀྱིས་ཆང་ལ་གསེར་ངེས་པར་བླུག་པ་འདུག་ཀྱང་མཁས་པ་འགའ་ཞིག་ནས་གསེར་སྐྱེམས་ཞེས་པ་ཞེ་སའི་ཚིག་ལས་གསེར་བླུགས་པའི་བརྡ་ཆད་མ་ཡིན་ཞིང་། སྔོན་ཆོས་རྒྱལ་སོགས་ཀྱི་དུས་སུ་རྒྱལ་པོའི་ལྗགས་སྨིན་ཆང་ལ་གསེར་སྐྱེམས་ཞེས་པ། དཔེར་ན་རྒྱལ་པོའི་ཞལ་ལ་གསེར་ཞལ་དང་། གསུང་ལ་གསེར་གྱི་བཀའ་ལུང་ཟེར་བ་ལྟར་གསེར་ཞལ་ལ་མཆོད་རྒྱུའི་སྐྱེམས་ལ་གསེར་སྐྱེམས་ཞེས་བྱས་པར། ཕྱིས་ཀྱི་སྔགས་པ་དག་གིས་གསེར་སྦྱར་བར་བྱས་སོ། །ཞེས་གསུངས། འདི་དག་ལ་གཏོར་མ་རྣམས་སྣོད་སོ་སོར་དང་། སྨན་ཕུད་རཀྟ་གསེར་སྐྱེམས་སོགས་ཕུད་ཕོར་ལྟ་བུར་བཤམས་ནས། ཆོས་དབྱིངས་དབང་ཕྱུག་མའི་ཊ་ཚིག་༡༠༦རིས་དང་བསྟུན་ནས་འབུལ་བ་བོད་དབུས་གཙང་ནས་རྒྱ་ཧོར་ཡན་ལ་འདྲ་བར་འདུག གཏོར་ཆེན་མདུན་དུ་མཆོད་པ་ནི་ཞི་དྲག་ཚར་གཉིས་ལས་མ་ཉུང་བ་དང་བྱུང་ན་ཚར་མང་ན་ལེགས་ཤིང་། མཆོད་པའི་བཤམ་ཚུལ་ལ་དཔའ་ཤོད་ཀྱི་དཔེ་རིས་རྙིང་པར་གཏོར་ཆེན་མདུན་དུ་ཁྲག་གི་ཨརྒྷ། དེ་ནས་གཡས་སུ་དབང་མེད། དེ་གཡས་སྤོས་སྣོད། དེ་གཡས་མར་མེ། དེ་གཡས་དྲི་ཆབ། དེ་གཡས་ཆུ་གཙང་། དེ་གཡས་ཞལ་ཟས་དང་། ཨརྒྷ་གྱི་གཡོན་ནས་རིམ་བཞིན་ནང་མཆོད་ཆུ་སྣོད་གསུམ་ཞལ་ཟས་བཅས་བྲིས་འདུག་པར་སྔོན་གྱི་ཕྱག་ལེན་འཁྲུལ་མེད་ཡིན་ན་ནི་༧རྗེ་དབང་ཆོས་ཀྱི་རྒྱལ་མཚན་དང་ངག་དབང་ཆོས་ཀྱི་དབང་ཕྱུག་སོགས་གོང་མ་རྣགེས་སྤྱིར་མཁས་གྲུབ་གཉིས་འཛོམས་མ་ཟད་ལྷག་ཏུ་ལྷ་མོའི་སྐོར་ལ་མཁས་པར་རྒྱལ་བ་ལྔ་པས་གསུངས་ཤིང་རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་ཡང་གསལ་བས་དགོས་པ་ཡོད་པ་གཞིར་བཅས་ཀྱང་། བར་སྐབས་སུ་མཆོད་རྫས་ཇི་བཞིན་འབྱོར་མིན་སོགས་ཀྱིས་སླ་ཆོས་དང་། རྣམ་དབྱེ་མ་ཆག་པས་བསང་བྱེད་ཀྱི་ཆང་ཆུ་ནང་མཆོད་སོགས་ཀྱི་དོན་མ་ཤེས་པ་ཡང་སྲིད་པས། ད་ཆ་འདིར་ནི་ལྷ་མོའི་སྐོར་འདི་སྔ་འགྱུར་ལུགས་ལ་བརྟེན་གཤིས་དེ་ལུགས་ལྟར་ན་ཞི་བའི་ཉེར་སྤྱོད་ཕྱོགས་གཡས་ནས་མགོ་བརྩམས་པ་དང་ཐོད་པའི་ནང་དུ་ཁྲག་གི་ཨརྒྷ། དབང་པོའི་མེ་ཏོག ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཞག་མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་སོགས་ཐོད་པའི་སྣོད་དུ་བཤམས་པ་རྣམས་ལྷའི་གཡོན་ངོས་ནས་འགོ་བརྩམ་པས་མཐའ་གཉིས་སུ་ཞལ་ཟས་གཉིས་ཡོང་བ་འདུག་ཅིང་། བསངས་བྱེད་ཆང་ཆུ་ནང་མཆོད་ནི་ཡི་དམ་གྱི་གཏོར་མདུན་བསྒྲིགས་པས་འཐུས་ཤིང་། ཆང་སྣོད་ཐོད་ནང་དང་། ཆུ་དུང་ཆོས་ལྟ་བུ་དང་། ནང་མཆོད་ཐོད་པ་བཅས་དགོས་ལ། ཆང་ཆུ་ནང་མཆོད་ཀྱིས་བསངས་པའི་དགོས་པ་གཞན་ནས་གསལ་བར་བཤད་པ་མ་མཐོང་ཞིང་། ངག་རྒྱུན་ལ་ཡང་ཁུང་དག་བཤད་པ་མ་གོ་ཡང་། བོ་དོང་པཎ་ཆེན་གྱི་སློབ་མ་ཞིག་གིས་མཛད་པའི་བདེ་མཆོག་རྣམ་བཤད་ཞིག་ཏུ་ཐོག་མར་ཆང་གིས་བྲན་པ་ནི་ཆང་གཏོར་རྫས་ཀྱི་རྒྱུ་མེད་མི་རུང་ཡིན་པས་ཟན་ལ་ཆང་བསྲེ་རྒྱུ་མ་བྱུང་བ་སོགས་ཀྱི་ཉེས་པ་ཁེག་བྱེད་གཏོར་རྫས་ཀྱི་ཕྱིར་དུ་དང་། དེ་ནས་ཆུས་མི་གཙང་དག་ཕྱིར་བསང་གཏོར་དང་། ནང་མཆོད་ཀྱིས་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བསླབ་ཆེད་བྲན་པ་ཡིན་ཞེས་བཤད་པ་འཐད་པ་འདྲ་སྙམ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་ཀྱང་དེ་ལྟར་བཤད་འདུག གཞན་ཡང་གཏོར་ཆེན་གྱི་མདུན་དུ་ཕྱེ་མར་གང་རྒྱས། ལུག་ཤ་མགོ་འབྱར། དཀར་མོ་ལག་གཡས། ཤིང་ཐོག ཁ་ཟས། ཞོ། འོ་མ། ཆང་། ཐུག་པ། མཐུད། ལ་ཕུག་སྒོག་ཚོང་སོགས་བཟའ་བཅའི་བྱེ་བྲག་དུ་མ་གང་འབྱོར་དང་སྤྱན་གཟིགས་ཀྱང་རྒྱས་པར་བྱེད་དགོས།། མགོན་པོ་ཞལ་གྱི་གཏོར་མ་ལ་དམར་གཏོར་ཟུར་གསུམ་དང་། འཁོར་ཡུམ་བཞི་ལ་དམར་གཏོར་བཞི། གཤན་པ་ཉེར་གཅིག་སོགས་ལ་དམར་གཏོར་ཟླུམ་པོ་ཉེར་གཅིག་སོགས་གང་མང་ཐེབ་ཀྱུས་བསྐོར་བ་དང་། དུས་གཏོར་སྐབས་སོགས་སུ་བྱོན་གཏོར་བཟླས་གཏོར་འཕར་མ་རེ་བཞག གཞི་བདག་སོགས་གཞན་དང་འདྲ། གཤེགས་གཏོར་ལ་ཤ་ཁྲག་དམར་གཏོར་ཛམ་བུ་ཏི་བ་སོགས་ལྷ་མོ་ལྟར་དགོས་ཤིང་། འདིའི་བརྒྱད་གཏོར་ཆེན་མོ་གོང་ས་ལྔ་པའི་ཕྱག་བཞེས་ཚར་ལུགས་ཐུན་མོང་མིན་པ་གུར་ཞལ་ལྕམ་སྲིང་སྦྲགས་མ་བྱེད་ན་དེའི་ཕྱག་ལེན་ཞིབ་རྒྱས་ཀྱི་སྐོར་ཟུར་དུ་གསལ་བ་ལྟར་བྱེད། ཞལ་འདི་་ལ་དུས་གཏོར་སོགས་རྒྱས་པའི་སྐབས་བཤོས་བུ་དམར་ནག་ཅེས་དམར་གཏོར་ཞིག་དང་ནག་པོ་ཐོང་དམར་བཅས་ཞལ་ཟས་ཚབ་ཏུ་བཞག་ཅིང་། དེ་ཡང་དམར་པོ་ནི་ཤ་ཁྲག་གིས་བརྒྱན་པ་དང་ནག་པོའི་རྒྱུར་ནས་ནག་བྲ་ནག་སྲན་ནག་ཏིལ་ནག་སོགས་དགོས་པ་ཡིན་པ་འདྲ་གཞན་ཧ་ལམ་འདྲ། རྣམ་སྲས་ལ་རྒྱས་པར་གཙོ་བོར་ཁང་བརྩེགས་གསུམ་བརྩེགས་རྩེ་རྒྱལ་མཚན་གྱིས་མཚན་པ་དང་། བསྡུ་ན་དཀར་ཟླུམ་ཆེ་བ་མདུན་དུ་ཛམ་བྷ་ལ་ལ་ཟན་རིལ་གསུམ་སྒྲོམ་སྟེང་དུ་ཏོག་ལྟ་བུར་བཙུགས་པ་ཞིག་ལ་མར་རྒྱན་སྒོར་རྒྱན་སོགས་ཀྱིས་མཛེས་པ། གཞན་རྟ་བདག་བདུན་ལ་བཤོས་ཕྲན་དཀར་ཟླུམ་བདུན། དེའི་ཕྱི་རོལ་དུ་དེ་ལས་ཆུང་བ་གང་མང་ཐེབ་ཀྱུས་བསྐོར་བ། རྒྱུ་དཀར་གསུམ་མངར་གསུམ་ཤིང་ཐོག་འབྲས་དཀར་པོ་གྲོ་ཞིབ་སོགས་ཀྱིས་བྱེད། བསྡུ་ན་དཀར་གཏོར་ཆེ་བ་བཤོས་ཕྲན་བརྒྱད་དང་ཐེབ་ཀྱུས་བསྐོར། སྤྱིར་བཏང་གཏོར་མ་ཡང་དཀར་གཏོར་འཁོར་དཀར་པོ་གོང་འདྲ་བྱེད། དེང་སང་རྣམ་སྲས་གསེར་ཆེན་ལ་ནང་མཆོད་མི་འབུལ་བ་བྱ་རྒྱུད་ཀྱི་ལྷ་ཡིན་པའི་རྒྱུ་མཚན་གྱིས་བྱེད་པར་འདུག་ནའང་དཔྱད་པར་བྱ་བ་འདི་ཡོད་དེ། འབུལ་ཡུལ་ལྷ་བྱ་རྒྱུད་ནས་བཤད་པ་ཡིན་ཀྱང་། བདག་བསྐྱེད་བླ་མེད་ཀྱིས་བྱས་དུས་འབུལ་ཡུལ་དབང་བཙན་པ་བྱེད་དགོས་ན་ཚོགས་འཁོར་གྱི་སྐབས་སུ་མགྲོན་གྱི་ལྷ་རྒྱུད་སྡེ་བཞིའི་ལྷར་འབུལ་མི་རུང་བ་དང་། ཡི་དམ་གྱི་སྒྲུབ་ཐབས་སོགས་ཀྱི་སྐབས་སུ་ནང་མཆོད་ལ་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ། ཨོ་ཨཱ་ཧཱུ། ཟེར་མི་རུང་བ་དང་། བྱ་བརྒྱུད་ཀྱི་བདག་བསྐྱེད་ལ་གནས་ནས་བླ་མ་ཡི་དམ་ཆོས་སྐྱོང་སོགས་ལ་གཏོར་མ་འབུལ་བ་གཏོར་མ་བརྒྱ་རྩ་ལྟ་བུའི་སྐབས་སུ་ཡང་བླ་མེད་ཀྱི་ལྷ་ལ་འབུལ་རྒྱུ་བླ་མེད་ལྷར་བྱིན་གྱི་བརླབས་དགོས་པ་སོགས་ཀྱི་དོགས་པ་ཆེ་བར་མ་ཟད། ལྷག་ཏུ་ལྷ་དེ་རྒྱུད་སྡེ་འོག་མ་་ནས་བཤད་པའི་ལྷ་ཡིན་ཅིང་བདག་བསྐྱེད་རྒྱུད་སྡེ་འོག་མའི་ལྷས་བྱེད་དུས་ཡེ་ཤེས་ཀྱི་ལྷ་ཡིན་ན་ཤ་ཁྲག་སོགས་འབུལ་མི་རུང་ཀྱང་དེ་འཇིག་རྟེན་པ་གནོད་སྦྱིན་གྱི་ཚུལ་སོགས་ཡིན་ཚེ་སོ་སོ་མཐུན་རྫས་ཤ་ཆང་སོགས་ཕུལ་རུང་བར་གསལ་ཏེ། ཚེ་ཆོག་སྐབས་རྒྱལ་ཆེན་གྱི་གཏོར་མར་ཉ་ཤ་དང་ཆང་བཞག་པ་དང་། ཡོ་ག་ལུགས་ཀྱི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་བགེགས་ཀྱི་སྐབས་སུ། སྲིན་པོ་ཤ་རྗེན་ཟ་བ་སོགས། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་སོགས། །ཞེས་འབྱུང་ཞིང་རྣམས་སྲས་བྱ་རྒྱུད་ནས་བཤད་པའི་ལྷ་ཡིན་ཀྱང་ཚུལ་བསྟན་འཇིག་རྟེན་པ་གནོད་སྦྱིན་གྱི་སྡེ་དཔོན་ཡིན་ཕྱིར་གནོད་སྦྱིན་གྱི་མཐུན་རྫས་ཆང་ཡིན་ན། དེ་ལ་འབུལ་མི་རུང་བའི་རྒྱུ་མཚན་མེད་ཅིང་ནང་མཆོད་ལྟར་བྱིན་གྱིས་བརླབས་པས་མི་རུང་བསམ་ན་གོང་དུ་བཤད་པ་ལྟར་ཚོགས་འཁོར་དང་ནང་མཆོད་འབུལ་དུས་སོགས་ཀྱིས་ཀྱང་ཁེགས་པ་འདྲ་བས་དེས་ན་མཁས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་འཚལ། རྣམ་སྲས་ལ་མཆོད་པར་ཆུ་བཞི་དགོས་ཤིང་གཞན་བསྐང་རྫས་སོགས་གཞུང་བཞིན་ནོ།། ལྕམ་སྲིང་ལ་གཏོར་མ་དམར་་གཏོར་ཟུར་གསུམ་དང་གཡས་གཡོན་དུ་ཡུམ་དང་ལས་མཁན་ལ་དམར་གཏོར་གཙོ་བོའི་རྐེད་པར་སླེབས་པ། འཁོར་གྲི་ཐོག་གཤན་པ་བརྒྱད་ལ་བཤོས་ཕྲན་དམར་ཟླུམ་བརྒྱད་དེའི་ཕྱི་རོལ་དུ་ཉེར་གཅིག་གམ། བསྡུ་ན་བརྒྱད་ཐེབ་ཀྱུས་བསྐོར་བ་གཞི་བདག་དང་བཅས། སྤྱི་བསྟབས་གཏོར་མ་ཡང་གོང་ལྟར་ལ་ཤ་ཁྲག་དམར་གཏོར་ཛ་ཏི་སྨན་རག་སོག་༡༠༨ཀྱང་བྱུང་ན་དགོས། གཏོར་རྫས་ཤ་ཆང་ཁྲག་ར་ཤ་ར་ཁྲག་འབྲུ་སྨན་ལ་ཕུག་སྒོག་ཙོང་སོགས། དམ་ཅན་གཏོར་མ་མཁར་ཐབ་རྨང་བང་རིམ་གསུམ་པ་སྟེང་དུ་རྒྱ་ཕིབས་ལེབ་མོ། དེའི་སྟེང་དུ་བཙན་བཤོས་ལྔ་སྒྲོམ། དབུས་མར་བྲང་བརྒྱན་སྒོར་རྒྱན་དབུས་སུ་ར་མགོ་དང་མེ་རི་གང་ལེགས། བཤམ་དུ་གིང་ཆེན་བཞི་ལ་བཤོས་ཕྲན་བཞི་དང་། བསྟན་མ་བཅུ་གཉིས་དེ་མཐར་རྒྱས་པར་མཆེད་འཁོར། ཕྱི་འཁོར་སོགས་ལ་དམིགས་ནས་བཤོས་ཕྲན་གང་མང་དང་གཞི་བདག་བཅས་བསྡུ་ན་ཐེབ་ཀྱུ་གང་མང་བཅད་ཁ་ལས་མཐུན། དེ་ལས་བསྡུ་ན་དམར་གཏོར་ཟུར་གསུམ་ར་མགོས་བརྒྱན་པ་ལ་འཁོར་གང་མང་ཐེབ་ཀྱུ་ཅན་བྱས་ཀྱང་འཐུས། སྤྱི་བསྟབས་གཏོར་མ་དམར་གཏོར་འཁོར་གང་འཚམས་ཀྱིས་བསྐོར་བ་སྙིང་གཟུགས་དང་ཛམ་ཏི་སྨན་རག་སོགས་ཀྱང་དགོས་ཤིང་། དུས་གཏོར་སོགས་རྒྱས་ཤིང་གཟབ་པའི་སྐབས་སུ་དམར་གཏོར་སྒོར་རྒྱན་ཅན་ཐེབ་ཀྱུས་བསྐོར་བ་ཞིག་ཀྱང་བཤམས་ནས་ཆེད་མདོའི་སྐབས་སུ་རྩེ་ཐོག་ཏུ་འབུལ་དགོས། གཏོར་མའི་རྒྱུ་འབྲུ་སྨན་དང་རའི་ཤ་ཁྲག་སོགས། གསེར་སྐྱེམས་འབྲུ་སྨན་རིན་ཆེན་རའི་ཤ་ཁྲག་སོགས་དགོས། སྐུ་ལྔ་ལ་མཁར་ཐབ་སྟེང་དུ་གསང་ཕྱི་ཞེས་པ་གཏོར་མ་ཟླུམ་པོ་རྩེ་ཕྲ་བ་བཟོས་པའི་གཡས་གཡོན་ནས་ཐེབ་མཛུབ་ཀྱི་རྗེས་གཏོད་པས་ལུག་གི་རྔ་མའི་ཚིག་ལྟ་བུ་དེ་ལ་ཟེར་བ་དང་། ཡང་བཤོས་བུའི་ལྡེབས་ལ་ཕྱི་བའི་མགོ་བརྙན་བཟོས་པ་ཡང་ཡོད་པ་ལས་འདིར་གོང་མ་ལྟར་གྱི་གཏོར་མ་ལྔ་སྒྲོམ་དང་། དེ་ལ་དར་སོགས་བཙུགས། བར་དུ་ཕྱི་བའི་གཟུགས་སོགས་ཀྱིས་བརྒྱན། མེ་རི་སྒོར་རྒྱན་སོགས་གང་ལེགས། རྨང་ལ་ཡུམ་ལྔ་བློན་པོ་ལྔ་སྤྲུལ་པ་ལྔ་བཅས་པར་བཤོས་ཕྲན་བཅོ་ལྔ། རུ་འདྲེན་བཞི་ལ་བཤོས་ཕྲན་བཞི། དེའི་ཕྱི་རིམ་དུ་བཤོས་ཕྲན་གང་མང་ཐེབ་ཀྱུ་བཅས། དེ་ལས་བསྡུས་ན་རྩེའི་ལྔ་སྒྲོམ་རེ་རེའི་ལོགས་སུ་གསང་ཡུམ་བློན་པོ་སྤྲུལ་པ་བཅས་ཐེབ་ཀྱུས་གསུམ་བརྩེགས་པ་ད་ལྟ་ཕན་ལྟར་གྱིས་ཀྱང་འཐུས། མདུན་དུ་ལས་མཁན་ཙིའུ་དམར་པོ་ལ་བཙན་བཤོས་གཅིག་བཅས་དང་། ཐེབ་ཀྱུས་གང་མང་གིས་བསྐོར་བ་གཞི་བདག་དང་བཅས་པ། གཏོར་མའི་རྒྱུ་ལ་འབྲུ་སྨན་རིན་པོ་ཆེ་ཤིང་ཐོག་ཤ་ཆང་ཕྱི་བའི་ཤ་ཚིལ་སོགས་དང་གསེར་སྐྱེམས་ལ་ར་ཤ་མ་གཏོགས་དམ་ཅན་དང་འདྲ། གཏོར་མ་བསྡུས་སྐབས་མཁར་ཐབ་མེད་པའི་ལྔ་སྒྲོམ་དང་དེ་ལས་ཀྱང་བསྡུས་ན་གཙོ་གཏོར་གཅིག་ལ་ཐེབ་ཀྱུས་བསྐོར། སྐུ་ལྔ་དང་དམ་ཅན་གཉིས་ལ་གསོལ་ཁ་རྒྱས་པར་བྱེད་ན། གསེར་སྐྱེམས་རྫས་གོང་ལྟར་དང་ལྷག་ཏུ་གསོལ་ཁའི་འབུལ་ཐེབ་དུ་ཡོད་ཀྱི་གྲངས་མཚུངས་ཀྱི་བཤོམ་ཕྲན་ཆུང་ངུ་རེ་དང་ཐེབ་ཀྱུ་བཅས་པ་བཤམས། ཚེས་གཉིས་དུས་གཏོར་སོགས་ཀྱི་སྐབས་ཕྱེ་མར་ཇ་ཆང་འོ་ཞོའི་ཕུད་དང་། འབྲུ་སྣ་དར་སྣ་ཤིང་ཐོག་སོགས་ཀྱང་བཤམས། ཆོས་སྐྱོང་འདི་དག་ལ་སྤྱན་འདྲེན་བསྐང་བསྐུལ་བསྟོད་པ་སོགས་ཀྱི་དུས་སྤོས་སྦྱོར་འབུལ་དགོས་པས། མགོན་པོ་ཕྱག་དྲུག་པའི་སྤོས་སྦྱོར་རྒྱས་པ་བེའུ་བུམ་ནས་འབྱུང་བ་ལྟར་སྒྲུབ་པ་དགོས་ཤིང་། མ་འབྱོར་ནའང་དུག་ཁྲག་ཡུང་དཀར་གུ་གུལ་ནག་པོ་བཅས་བཞི་སྦྱོར་དང་། ཆོས་རྒྱལ་ལ་ཤ་ཆེན་ཚིལ་ཆེན་གུ་གུལ་ནག་པོ་སོགས་དང་། ལྷ་མོ་ལ་རྒྱས་པར་ན་ཐུན་མོང་མ་ཡིན་པའི་མན་ངག་ཡི་གེར་མ་འཁོད་པའི་སྤོས་སྦྱོར་སྒྲུབ་ཚུལ་ཤིན་ཏུ་ཟབ་པ་ས་དགེ་རྙིང་གསུམ་གྱི་བླ་མ་ཕལ་ཆེར་ལ་མ་གྲགས་ཤིང་སྙན་ནས་བརྒྱུད་པ་ལོགས་སུ་ཡོད་པ་ལྟར་གྱིས་ཚད་ལྡན་དུ་སྒྲུབ་པ། བསྡུ་ན་ཚིལ་ཆེན་ཅོང་ཞི་གུ་གུལ་གསུམ་སྦྱར་བ་དང་། རྣམ་སྲས་ལའང་སྤོས་དཀར། འབྲས་ཙན་དན་སོགས་སྦྱར་བ་བེའུ་བུམ་ནས་འབྱུང་བ་ལྟར་དང་། ལྕམ་སྲིང་ལ་ཤ་ཆེན་ཚིལ་ཆེན་གུ་གུལ་ར་ཤ་ར་ཚིལ་བཅས། དམ་ཅན་ལ་ར་ཤ། རའི་དབང་པོ་སྣ་ལྔ་སྟེ། མིག་རྣ་བ་སྣ་མཆུ་རྩེ་ལྔ་དང་། དོན་སྙིང་ལྔ། སྨན་བཟང་དྲུག་སོགས་དང་ཨ་ཀ་རུ་དང་ཙན་དན། ཁྱད་པར་ར་ཚིལ་ཕོན་ཆེ་བ་དང་སྤོས་དཀར་ཕོན་ཆེ་ངེས་རྣམས་བསྲེས་ནས་ཆང་གིས་སྦྲུས་པ་དང་། བསྡུ་ན་ར་ཚིལ་སྤོས་དཀར་ཙམ། བསུར་རྫས་ལ་རྒྱས་པར་བྱེད་ན་སྤོས་རྒྱས་པ་ལྟར་གྱི་སྟེང་དུ་སྨན་སྣ། འབྲུ་སྣ། དར་སྣ། རིན་པོ་ཆེ་སོགས་རྩམ་པ་དཀར་མོ་སོགས་དང་བསྲེས་པ་བྱེད། རྒྱལ་པོ་སྐུ་ལྔ་ལ། སྤོས་དཀར་རྒྱ་སྤོས་ཤ་ཆེན་ཚིལ་ཆེན་ལུག་གྲོ་མོའི་སྙིང་དང་ཕྱི་བའི་ཤ་ཚིལ་རྣམས་བྱེད། སྤོས་འདི་རྣམས་སྒྲུབ་ཚུལ་ཡོད་པ་རྣམས་སོ་སོའི་མན་ངག་ལྟར་དང་། མེད་པར་འབོད་སྔགས་དང་རྩ་སྔགས་གང་མང་བཟླས་ནས་བཏབ་པ་ལེགས། ཆོས་སྐྱོང་རྣམས་ལ་གཡབ་དར་དགོས་པར་རྡོ་རྗེ་ལ་དར་ནག་བཏགས་པ། སྤྱན་འདྲེན་གྱི་གཡབ་དར་ལ་སྤྱན་འདྲེན་གྱི་སྔགས་དང་། གཞན་བསད་དར་ལ་བསད་སྔགས་སོགས་དགོས་ཤིང་། གཡབ་དར་དང་གདབ་དར་གྱི་དབྱེ་བ་དང་དེ་སོ་སོའི་གཡབ་ལུགས་སོགས་སོ་སོའི་བེའུ་བུམ་དང་མན་ངག་ཞལ་ཤེས་དང་ལྡན་པ་དགོས་ཀྱི་རྡོ་རྗེ་ལ་མཐིང་ཁྲ་རེ་བཏགས་ནས་གཡབ་དར་གདབ་དར་འགུགས་པའི་དར་སོགས་ཀྱི་རྣམ་དབྱེ་མེད་པར་བ་གླང་སྦྲང་བུས་གཅེས་པའི་རྔ་མ་གཡུག་གཡུག་བྱས་ཀྱང་སྙིང་པོ་མེད་དོ། །ལྷ་མོ་ལ། གཡབ་དར་དར་ནག་དང་ལྷག་ཏུ་དྲེད་མོའི་རལ་པ། སྐུ་ལྔ་ལ་མདའ་དར་དཀར་མོ་ལག་གཡས་ཀྱིས་གཡབ། ལྕམ་སྲིང་ལ་དར་དམར་དང་། དམ་ཅན་ལ་སྤྲེའུ་ལག་པར་དར་བཏགས་པས་གཡབ་པ་ཡང་བཤད་ཅིང་། དར་ལ་སྔགས་བྱང་དགོས། ཚར་ལུགས་གུར་ལ་རྡོ་རྗེ་རྩེ་དགུ་དང་ཞལ་ལ་རྩེ་ལྔར་མཛད་པ་འདུག ལྕགས་མཁར་གྱི་སྐབས་མདུན་དུ་སྟེགས་མཐོ་བར་ཡི་དམ་གྱི་གཏོར་མ་རྒྱས་པ་ལྟར་དང་། མགོན་པོ་དང་ལྷ་མོ་ལ་ཡང་རྒྱས་པ། དམ་ཅན་སྐུ་ལྔར་རྒྱས་བསྡུས་གང་འགྲིག་དང་། མཁའ་འགྲོ་སྤྱི་གཏོར་གཞི་བདག་བཅས་དང་། མཆོད་པ་སོགས་གང་རྒྱས་ཆང་ཆུ་ནང་མཆོད་སོགས་དང་ལྕགས་མཁར་གྱི་ས་དེར་ས་ཐིག་གནམ་ཐིག་དང་སྔགས་བཏུ་བ་སོགས་རྒྱས་པར་ཕྱག་ལེན་ཞིབ་མོར་བྱེད། དེ་སྐབས་སྔག་བཏུའི་རྗེས་གནང་ཐོབ་ཅིང་ལས་རུང་གི་བསྙེན་པ་སོང་བ་མ་གཏོགས་གཞན་གྱིས་མི་མཐོང་བར་བྱེད། ས་ཚོན་དང་གཏོར་རྫས་སོགས་རྩ་ཚིག་ནང་ལྟར། ལྕགས་མཁར་སླ་ངར་ཡང་ཐིག་ལེགས་པར་བཏབ་སྟེ་རྩ་ཚིག་ལྟར་རྩིགས་པ་ལ་གཞན་རྩ་ཚིག་ལྟར་ལ། ཁ་བསྐོང་དང་བཅས་ཞེས་པའི་དོན་ལྕགས་མཁར་རྒྱས་པ་ལོའི་དབྱུག་གུ་ཡིན་པས་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་བྱེད་པ་ཀླུ་ཕྱོགས་ཉི་མ་ཚེས་རྣམས་རྩིགས་ཞེས་པ་ལྟར་བརྩིགས་པས་སུམ་བརྒྱ་དང་ལྔ་བཅུ་ང་དགུ་འབྱུང་ཞིང་ཞག་གཅིག་གི་དབྱུག་གུ་མ་ཚང་བས་དེ་ཁ་བསྐོང་བར་ཞག་གི་དབྱུག་གུར་རི་མོ་ཚང་བའི་ཟན་ལེབ་གཅིག་དབུས་སུ་བཞག་པས་འཐུས་ཀྱི་དེ་ལས་གཞན་པའི་རྩིབས་ཐམས་ཅད་དུ་བཞག་དགོས་པའི་ཤེས་བྱེད་མི་འདྲ། ཕུར་བཏབ་གཏོར་མ་ཞེས་པའི་དོན་གདབ་གཏོར་བཟང་བར་འདུག་པས་རྒྱས་པར་རྩིབས་ཐམས་ཅད་དང་འབྲི་བར་གསུམ་སོགས་དང་བསྡུས་པར་དབུས་སུ་གཅིག་གིས་ཆོག་པར་བཤད་ཅིང་ཕྱི་མ་འདི་ཕལ་ཆེར་གྱི་ཕྱག་ལེན་དུ་མཛད་ལ་འཇམ་དབྱངས་བཞད་པས་ཞ་ལུའི་རྩ་ཚིག་གི་འགྲེལ་པར་ལུགས་རྣམས་བཀོད་ནས་བསྡུས་པ་ད་ལྟ་ཡོངས་གྲགས་ལྟར་གཏོར་མ་གཅིག་དང་ཞེས་གསུངས་པས་གཅིག་གིས་ཀྱང་ཆོག་པ་འདྲ། ཕུར་གདབ་གཏོར་མའི་སྟེང་དུ་རྒྱུད་པ་ལྟར་ན་རྒལ་ཚིག་ཅན་གྱི་ཐོད་དབྱུག་གིས་རྩེ་མཚན་པར་མཛད་ཅིང་། དེ་སྟེང་ཙ་ཀ་ལི་དང་གཏོར་གདུགས་སོགས་བྱེད། གཏོར་གདུགས་ཀྱི་ཡུ་བ་མདས་བྱེད་པ་འདི་དེང་སང་དར་ཆེ་ཞིང་འདིའི་ཁུངས་ནི་རྟེན་གཏོར་ལ་ནང་རྟེན་གྱི་མདའ་ཙ་ཀ་ལི་བཏགས་པ་བཙུགས་རྒྱུ་ཆོས་སྐྱོང་རྣམས་ཀྱི་བེའུ་བུམ་དུ་མ་ནས་འབྱུང་བས་དེའི་རྒྱུན་འདྲ་ཞིང་། དེ་མིན་དེང་སང་གི་མི་རྣམ་པ་བཀྲ་བ་མང་པོས་གསེར་ཚག་དངུལ་ཚག་གི་རྩེ་གསུམ་སོགས་བཟོས་པར་ཁུངས་དང་ཤེས་བྱེད་མ་མཐོང་། ལྕགས་མཁར་དཀྱིལ་འཁོར་སྟེང་དུ་མཉྫའི་ཁར་བཞག་ཅིང་གདོང་གི་ཆོས་འབྱུང་སྟེང་དུ་མདུན་ལྕགས་མཁར་ལ་བསྟེན་ནས་ཆོས་རྒྱལ་གྱི་ཟོར་མཉྫའི་སྟེང་དུ་བཤམས། མཐའ་སྐོར་དུ་ཕྱོགས་བཞིར་ཐོད་པའི་ནང་དུ་དྲག་པོའི་ཉེར་སྤྱོད་ཚར་རེ་དང་། བྱོན་གཏོར་སོགས་དམར་གཏོར་ཟུར་གསུམ་པ་རེ། ཤར་དུ་མཁའ་འགྲོ་སྤྱི་གཏོར། ནུབ་ཏུ་གཞི་བདག མདུན་ངོས་སུ་བསྐང་གཏོར་རྒྱས་པ་རྣམས་བཤམས། མནའ་ཆུ་ནི་པཎ་ཆེན་རིན་པོ་ཆེའི་ཆོ་གར་ཁྲག་གི་ཨརྒྷ༡༡༠གསུམ་པོའི་དེ་གས་གོ་བཅད་པར་སྣང་ལ། ས་སྐྱ་པ་དག་གིས་དྲི་ཆབ་ཀྱིས་བྱེད་པར་གསུངས་པའི་རྗེས་སུ་འབྲང་ནས་འགའ་ཞིག་དྲི་ཆབ་ཀྱིས་བྱེད་པར་བཤད་པའི་ཁུངས་ནི་སློབ་མར་དབང་བསྐུར་གྱི་སྐབས་མནའ་ཆབ་དྲི་ཆབ་ཀྱིས་བྱེད་པར་གསུངས་པ་ལ་བརྟེན་པར་སྣང་ཡང་དེའི་དྲི་ཆབ་ཞེས་པ་ཉེར་སྤྱོད་ཀྱི་དྲི་ཆབ་ལ་ཟེར་རྒྱུ་མིན་ཏེ་སློབ་མའི་མནའ་ཆུའི་སྐབས་སུ་དུང་ཆོས་སུ་དྲི་བཟང་གི་ཆུ་ལ་ལས་སྔགས་དང་ཧཱུ་གིས་སྔགས་པར་གསུངས་པ་ལྟར་འདིར་ཡང་དུང་ཆོས་སུ་དྲི་བཟང་དང་བདུད་རྩི་བཏབ་པ་རྡོ་རྗེའི་རྩེས་འབུལ་ཚུལ་བྱེད་པའམ་གོང་གི་དམར་གྱི་ཨརྒྷ་ལ་བདུད་རྩི་བཏབ་པས་ཀྱང་གོ་ཆོད་པར་མངོན་ཞིང་། བདུད་རྩི་བླུགས་པ་འགག་ཞིག་ནས་མི་རིགས་པར་བཤད་ཀྱང་། སྔགས་འཆང་མཁས་པ་འགའ་ཞིག་གིས་བདུད་རྩི་ལྔ་ནི་དམ་ཚིག་བཞིན་དུ་བསྟེན་ན་དངོས་གྲུབ་ཀྱི་རྒྱུ་དང་དམ་ཚིག་དང་མི་ལྡན་པས་བསྟེན་ན་ངན་འགྲོའི་རྒྱུ་ཡིན་པས་དེའི་ཕྱིར་མནའ་ཆུར་བསྲེས་པས་དམ་ཚིག་སྲུང་ན་བདུད་རྩིར་འགྱུར་ཞིང་དམ་ཚིག་ཉམས་ན་བསྲེགས་བྱེད་དུ་འགྱུར་བས་ངེས་པར་བླུགས་པ་འཐད་པར་བཤད་པ་ཡང་ལེགས་བཤད་དུ་མཐོང་། ཐུན་ལ་སྐམ་ཐུན་ནི་མི་བསད་ཀྱི་རྦབ་རྡོ་དང་། དཀར་གོང་གི་ཕྱེ་མ་དང་། ལྕགས་རྡོའི་ཕྱེ་མ་དང་། སྐེ་ཚེ་ཤང་ཚེ་ཡུང་དཀར་ལྕགས་ཕྱེ་སོགས་དང་། བློན་ཐུན་ནི་མི་རྟ་ཁྱི་ཕག་བོང་བུ་སོགས་ཀྱི་ཁྲག་དང་། དམེ་ཁྲག གྲི་ཁྲག མཛེ་ཁྲག རིམ་ཁྲག བཤུལ་ཆག་ཁྲག་ལ་སོགས་པ་ཁྲག་སྣ་ངན་པ་དང་། བོང་ནག་དུག་ཐང་ཁྲོམ་ཐར་ནུ་ལ་སོགས་པའི་དུག་རིགས་སྣ་ཚོགས་བསྲེས་པ་ལ་བྱེད་ཅིང་ཐོད་པ་མཚན་ངན་དུ་བཞག་ནས་བསྙེན་པའི་སྐབས་ཀྱི་བསད་སྔགས་བཏབ་པས་ངར་བཏག་པ་ཙམ་ལས་ལྷ་བསྐྱེད་པ་མི་གསལ་ཡང་འགའ་ཞིག་ནས་ལྷ་བསྐྱེད་མཛད་པ་ནི་རབ་གནས་ཡུང་དཀར་དང་གུ་གུལ་སྒྲུབ་པའི་རིགས་འགྲེ་བྱས་སམ་སྙམ་ཞིང་། རབ་གནས་ལྟ་བུར་བགེགས་འདེད་པར་མོས་དགོས་ལ་འདིར་ནི་མཚོན་ཆར་མོས་ནས་ཚར་གཅོད་པར་མོས་དགོས་པས་ཁྱད་པར་ཡོད་འདྲ་ལ། དེ་ལྷ་བསྐྱེད་མ་བྱས་པར་སྔགས་བཏབ་པ་ཙམ་གྱིས་མི་ཆོག་ན་དགུ་སྐོར་གྱི་མཚོན་ཆ་རྣམས་ཀྱང་རབ་གནས་ལྟར་ལྷ་བསྐྱེད་བྱེད་དགོས་པར་ཐལ་བ་སོགས་ཧ་ཅང་རིགས་འགྲེ་རྒྱ་ཆེར་འགྱུར་རམ་སྙམ། གཞན་ཧོམ་ཁུང་ཉེར་གཅིག་ཏུ་འཇུག་རྒྱུའི་ལིང་ཕྲུག་སོགས་རྒྱུད་པ་ལྟར་བྱས་པས་འཐུས་ཤིང་། ཤོག་ལིང་ལ་ཡང་གལ་ཆེ་སྐབས་བྲི་གཞི་བྲི་རྫས་སྨྱུ་གུ་སོགས་དང་། འབྲི་མི། འབྲི་ལུགས། མིང་ཁྲུས་དགེ་ལུགས་ཀྱི་ལུགས་ཐུན་མོང་མིན་པ་གནས་ཡིག་སྔགས་འཁོར་སོགས་ཞིབ་པ་ད་དུང་ཁུངས་ཐུབ་དང་བླ་མའི་ཞལ་ནས་ཤེས་དགོས་པར་ཡོད། གསེར་སྐྱེམས་ལ་ཟན་ལེབ་སྒོར་མོ་གསེར་སོགས་ཡོད་པ་དང་འབྲུ་དང་ཆང་། གཏོར་འཕེན་ཉིན་དྲུག་ཅུ་པ་ཚར་གང་འགྲུབ། ལམ་གཏོར། མངའ་གསོལ་གཏོར་མ། སྤྱི་བསྟབས་གཏོར་མ་བཅས་རྣམས་ཕྱག་ལེན་སྔར་རྒྱུན་ལྟར་གྱིས་འཐུས་པ་ཡིན་ལ། གཞན་ཡང་འདིར་ནི་གལ་ཆེ་རག་རིམ་འགའ་ཞིག་ཙམ་ལས་མཐའ་དག་འགོད་པར་མ་ལངས་པས། དེས་ན་རྒྱུད་སྡེ་བཞིའི་ཡི་དམ་ཆོས་སྐྱོང་རྣམས་ཀྱི་མཆོད་གཏོར་བཞེངས་བཤོམ་སོགས་ཇི་འདྲ་ཞིག་བྱེད་ཀྱང་རང་ལུགས་དམ་པའི་ཕྱག་བཞེས་རུང་གཙང་ལྷད་མེད་མཐོང་བ་བརྒྱུད་པའི་ཕྱག་ལེན་མན་ངག་དང་འབྲེལ་བ་ལས། རང་བཟོ་དང་། སླ་བཅོས། གཟུ་ལུམ་སོགས་བགྱིས་ན་བརྣག་པར་དཀའ་བའི་རྣམ་སྨིན་ཡིད་མི་འོང་མགྲོན་དུ་འགུགས་པར་འགྱུར་བས་ན་བླང་དོར་འཆོལ་པོར་མ་སྤྱད་པ་ཅི་ནས་གལ་ཆེའོ། །གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་རྣམས། །མཉེས་པར་བྱ་བའི་མཆོད་ཚོགས་བཅའ་བའི་ཐབས། །འཁྲུལ་མེད་གོང་མའི་ཕྱག་ལེན་ཇི་བཞིན་དུ། །མ་ནོར་བཀོད་འདི་དཔྱོད་ལྡན་ཡིད་ཀྱི་རྒྱན། །དེང་དུས་ཕལ་ཆེར་རང་བཟོའི་རྙོགས་མ་ཡིས། །དམ་པའི་ཕྱག་སྲོལ་རྣམ་དག་བསླད་བྱས་ཏེ། །མ་དག་རྒྱུན་འབྱམས་ལོང་བའི་མཁར་བ་ལ། །བརྟེན་པའི་སྐྱེ་བོ་རྣམས་ལ་སྨན་ཕྱིར་བྲིས། །འདི་མཐུས་འགྲོ་ཀུན་རྡོ་རྗེ་ཐེག་པ་ཡི། །སྐལ་པ་ཅན་དུ་གྱུར་ནས་རིང་མིན་དུ། །ཟུང་འཇུག་འདུས་མ་བྱས་པའི་གོ་འཕང་ལ། །རེག་པའི་སྐལ་བཟང་དགའ་སྟོན་མྱོང་བར་ཤོག ། ཅེས་པ་འདི་ཡང་རང་གཞན་མང་པོ་ལ་ཕན་ཕྱིར་རྟ་ཚག་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལ།། །།
|