གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རོལ་དབྱངས་སྤྱིར་བཤད་པ།
སྤེལ་དུས།2009-04-27   ཡོང་ཁུངས་།ཀྲུང་གོའི་བོད་རིག་པ་་དྲ་བ།    རྩོམ་པ་པོ། དགེ་འདུན་འཕེལ་རྒྱས། རྡེའུ་དཀར་ནག་གིས་ཞུས།

      ཤེས་བྱ་ཀུན་ཁྱབ་ལས་སྔགས་ཀྱི་སྐབས་ལོ་ཆེན་རིན་ཆེན་བཟང་པོ་ནས་དར་བའི་ཡོ་གའི་གདངས་དང་། མགོན་པོ་ལྕམ་དྲལ་གྱི་གདངས་དབྱངས་ཆེ་ཆུང་། སྔགས་རྙིང་མའི་རིགས་འཛིན་རྣམས་ཀྱི་གསུང་རྒྱུན་བར་མ་ཆད་པ་རྣམས་སྔ་ཤོས་ཡིན།ཞེས་གསལ་བ་ལྟར།བོད་སིལ་བུའི་དུས་རབས་སུ་ལོ་ཆེན་རིན་ཆེན་བཟང་པོ་མངའ་རིས་རྒྱལ་པོའི་བཀའ་ལྟར་རྒྱ་གར་དུ་དམ་པའི་ཆོས་སློབ་སྦྱོང་གནང་བར་ཕེབས་པ་དང་།ཆོས་མཁྱེན་ནས་བོད་ལ་འབྱོན་ཁར།སློབ་དཔོན་ཤཱ་དྷའི་བཀའ་བཞིན་མཛད་ནས་བོད་ཡོ་གའི་དབྱངས་ལ་ཉམས་ལེན་གནང་སྐབས་ནག་པོ་ཆེན་པོ་དང་ལྷ་མོས་ཞལ་གཟིགས་པ་མ་ཟད།དེ་གཉིས་ཀྱིས་ལུང་བསྟན་ནས་ཡོ་གའི་དབྱངས་རྣམས་ཡང་དག་པར་མཁྱེན་པ་དང་།བོད་ལ་ཕེབས་ནས་དེ་དག་ཐོག་མར་ཁོང་གིས་དར་རྒྱས་གནང་བར་གྲགས།སྐབས་དེར་བོད་ནས་རྒྱ་གར་དུ་སློབ་སྦྱོང་གནང་བར་ཕེབས་མཁན་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་རྗེས་སུ་བསྡོམས་པའི་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་བྱུང་ཡོད་པ་དང་། གཞན་ཡང་འཕགས་ཡུལ་སོགས་ནས་བོད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་མཁས་གྲུབ་ཀྱི་ལོ་པན་བདུན་བཅུ་དོན་གསུམ་ཙམ་ཕེབས་རྗེས་སངས་རྒྱས་ཆོས་ལུགས་ཀྱི་མེ་ལྕེ་དེ་ལྷོ་བྱང་གཉིས་ནས་གསོས་ཏེ་བསྟན་པ་ཕྱི་དར་དུ་གྲགས་པའི་ལོ་རྒྱུས་ཀྱི་གནམ་ཡོལ་དེ་ཕྱེ་བ་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱང་དྲག་ཏུ་རྒྱུགས་པའི་གཙང་ཆུ་བཞིན་ཁ་བ་གངས་རིའི་དབུས་སུ་འོང་ནས་བཀའ་གདམས་པ་དང་།བཀའ་བརྒྱུད་པ།ས་སྐྱ་བ་སོགས་ཆོས་ལུགས་གྲུབ་མཐའི་ཆུ་ལག་སོ་སོར་གྱེས་པ་དེ་དག་གིས་བོད་ལ་ཆོས་གཞིས་བཅད་བཟུང་བྱས་ཏེ་དབང་བསྒྱུར་བྱས་པ་མ་ཟད།རང་ས་གནས་ཀྱི་ཞིང་འབྲོག་ལས་དང་།ཞོར་ལས་སོགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱབ་ཏེ་གྲུབ་མཐའ་སོ་སོའི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་དཔལ་འབྱོར་གྱི་འགན་ལེན་བྱུང་བ་དེས་བོད་བརྒྱུད་ནང་བསྟན་ལ་ཡང་ཉིན་རེ་བཞིན་གོང་འཕེལ་བྱུང་བ་དང་སྦྲགས།དེའི་རོལ་དབྱངས་ལའང་དཔལ་ཡོན་རབ་ཏུ་བཞད་ནས་ངོ་བོའི་རང་བཞིན་གྱི་འཕུར་མཆོང་ཆེན་པོ་ཞིག་བྱུང་ནས་སྔར་ཡོད་གསང་སྔགས་རྙིང་མའི་ལུགས་དང་ལོ་ཆེན་རིན་ཆེན་བཟང་པོའི་གསང་སྔགས་གསར་པའི་ཡོ་གའི་གདངས་དབྱངས་སོགས་ཀྱི་རྨང་གཞིའི་ཐོག་གྲུབ་མཐའ་སོ་སོའི་བཞེས་སྲོལ་ལྟར་དེར་འཕེལ་རྒྱས་མཛད་དེ་ཐུན་མོང་མ་ཡིན་པའི་ཕྱག་བཞེས་རོལ་དབྱངས་སྣ་ཚོགས་བྱུང་ཡོད། བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་ཐོག་ཏུ་བྱུང་བའི་ཆོས་ལུགས་ཡོད་དོ་ཅོག་དང་མཚུངས་པར། དེ་ནི་སྐབས་དེའི་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ཏུ་བྱུང་བའི་ཕྱི་རོལ་ཡུལ་དུ་གནས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་།ཆོས་ལུགས་གནས་སའི་ས་ཁོངས་ཀྱི་རིག་གནས་གཙོ་གྲས་ཤིག་ཏུ་གྱུར་བ་དེས་སྟེང་གི་བཀོད་པའི་ཁྱབ་ཁོངས་ནང་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་སྟབས། ཆོས་ལུགས་དེའི་བག་ཆགས་རིག་གནས་སྒྱུ་རྩལ་སོགས་མི་རིགས་སྤྱི་ཡོངས་ཀྱི་བསམ་པའི་ཁྱབ་ཁོངས་མཐའ་དག་ལ་ཁྱབ་ཡོད།བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ནི་ཆོས་ལུགས་དེའི་ཆ་ཤས་ཤིག་ཡིན་པ་དང་།དེར་ཆོས་ལུགས་ཀྱི་གོ་དོན་ཟབ་མོ་ཡོད་དེ།སྤྱིར་ན་མདོ་སྔགས་ཀྱི་མཆོད་དབྱངས་དང་།མདོ་སྔགས་ཀྱི་ཆོ་གའི་ཕྱག་བཞེས།དེ་བཞིན་འདོན་དབྱངས་དང་གར་འཆམ་རོལ་དབྱངས་སོགས་མཐའ་དག་ལ་ཐབས་དང་ཤེས་རབ་ཀྱི་རྒྱུ་མཚན་དུ་མའི་ཐོག་ནས་དུས་དང་སྐབས་སུ་རྦུར་བའི་རྟེན་འབྲེལ་དང་། དངོས་གྲུབ་ཀྱི་དགོས་ཆེད་རབ་ཏུ་ལྡན་པ་ཞིག་ཡིན་ཏེ། ཕྱི་ནང་གསང་བའི་ལྷ་དང་བསྲུང་མ།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་དགྱེས་པ་སྐོངས་ཕྱིར། ཕྱི་ནང་གསང་གསུམ་གྱི་མཆོད་པ་རྣམ་པ་མང་པོ་འབུལ་བ། བླང་བ་སྒྲ་དབྱངས་ཀྱི་མཆོད་པ་ལས།དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱི་ཞེས་དང་།རོལ་མོ་དབྱངས་སྙན་ཡིད་འོང་རྣམས།ཞེས་སོགས་ལུང་གི་རྣམ་གྲངས་མང་པོ་དང་མཐུན་ཞིང་མཆོད་པ་རྣམས་ཀྱི་ནང་ནས་ནང་གྲགས་སྟོང་བླ་མེད་རྒྱན་གྱི་མཆོད་པ་ཤིན་ཏུ་གནད་ཆེ་ཞིང་ཚོགས་གཉིས་སྤེལ་བ་ལ་ཡང་འདི་གནད་ཆེ། རྣམ་འབྱོར་བ་རང་དོན་རྩེ་གཅིག་གིས་བྱང་ཆུབ་བསྒྲུབ་པར། གཞན་དོན་འཕྲིན་ལས་བསྒྲུབ་པའི་གྲོགས་ཁྱད་པར་ཅན་དུ་གྱུར་བ་སོགས་དགོས་པ་ཤིན་ཏུ་མང་ངོ་། །དེ་ཡང་ཚིག་དོན་བརྡ་སྤྲོད་གྲགས་སྟོང་དབྱངས་ཀྱིས་མཆོད་ཅེས་གསུངས་སོ། །ཞེས་ ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་གསལ་བ་ལྟར་དང་།གཞན་ཡང་རོལ་མོ་ཞེས་རྣལ་འབྱོར་བས་སྣང་བ་སེམས་ཀྱི་རོལ་མོ་ཡིན་ལ་གང་ཟག་ཕལ་པ་རྣམས་ནི་སེམས་སྣང་བས་རོལ་མོར་འགྱུར་རོ། །ཞེས་བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ལ་རང་ཉིད་ཀྱི་མཛེས་དཔྱོད་བསམ་བློ་མངོན་གསལ་དོད་པོ་ཞིག་ཡོད་པ་མ་ཟད། རོལ་དབྱངས་ཕན་ནུས་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་གྱིས་དེར་རང་བྱུང་ལས་བརྒལ་བའི་ཁྱད་ཡོན་ཡོད་པར་ངོས་འཛིན་པ་དེ་བོན་པོ་དང་གཉིས་སུ་མ་མཆིས་ཏེ། རྡོ་རྗེ་བཀོད་པ་ལས། གླུ་ཡི་ཡོན་ཏན་བསམ་མི་ཁྱབ། །སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ།།སྲིད་པའི་བུ་མོ་གླུ་ཡིས་འདྲེན། །བདུད་དང་སྲིན་པོ་གླུ་ཡིས་འདུལ། །དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབེབས། །ཅེས་རྡོ་རྗེ་གླུ་ཡི་ཡོན་ཏན་ནི་གསང་བརྒྱུད་མཐའ་ཡས་པ་ནས་བསྟན། ཞེས་དང་། གཞན་ཡང་གསང་རྙིང་ལེའུ་བཅུ་གཉིས་པར། སྒྱུ་འཕྲུལ་དྲ་བ་མངོན་བརྗོད་པའི། །དཀྱིལ་འཁོར་བསྟན་པའི་རང་བཞིན་ནི། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་བརྡ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་གྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་དང་།  “དཔལ་ཆེན་པོའི་སྟངས་སྟབས་དང་གར་གྱིས་སྲིད་གསུམ་འདུལ་བ་ལ་རྡོ་རྗེ་བྲོ་ཡི་ཞུགས་བྱ་སྟེ། །དེ་ཡང་གླུ་ནི་ཆོས་ཉིད་སྟོང་བའི་གླུ། །གར་ནི་དོན་དམ་རྟོག་པའི་གར། །བྲོ་ནི་གདུག་པ་འདུལ་བའི་བྲོ། །ཞེས་དང་།གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་། །དགྲ་ནི་ཐལ་བར་བརླག་པའི་བྲོ། །གཡོན་དུ་སྐོར་ཏེ་བགེགས་ལ་བརྡུང་། །བགེགས་ནི་ཕྱེ་མར་འཐགས་པའི་བྲོ། །གཡས་གཡོན་ཐབས་ཤེས་བསྲེ་ལ་བརྡུང་། །རྣམ་འབྱོར་དམ་སྲི་འདུལ་བའི་བྲོ། །ཞེས་པ་ལྟ་བུ་མང་པོ་ཡོད་པ་རྣམས་ལས་གསལ་ལོ། ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ཚང་མའི་གསང་སྔགས་ཀྱི་རོལ་དབྱངས་ནི་མདོ་རྒྱུད་ཀྱི་རོལ་དབྱངས་དང་མི་འདྲ་བར་ལག་ལེན་བྱེད་མཁན་སེར་མོ་བ་རྣམས་ནི་ཐོག་མར་གསང་སྔགས་ཀྱི་དབང་ཐོབ་རྗེས་གཞི་ནས་ལག་ལེན་དུ་ཞུགས་ཆོག་པ་ལས།གང་བྱུང་དུ་གསང་སྤྱོད་ཟབ་མོའི་ཆོས་ལ་ཞུགས་པའི་ཐོབ་ཐང་དང་བསྐལ་བ་མེད་པ་རེད། གསང་སྔགས་ཀྱི་དབྱངས་ཉམས་ལེན་བྱེད་སྐབས་སྔོན་ལ་ཕྱི་ནང་གི་རྒྱན་གོས་དང་སྔགས་རྫས་ཐམས་ཅད་གྲ་སྒྲིག་ལེགས་པར་བྱེད་དགོས་པ་མ་ཟད།ཉམས་ལེན་པ་རང་ཉིད་དང་ཁོར་ཡུག་གི་འཕྲོད་བསྟེན་གཙང་སྦྲ་ཡག་པོ་བྱས་རྗེས། ལུས་ངག་ཡིད་གསུམ་གསང་ཐབས་ཀྱི་དབྱིངས་ལ་བཞུགས་ནས། ལུས་རང་བཞིན་ལྷུག་པོར་འཇོག་གདོས་པ་དང་། ངག་བཙིར་བ་དང་འདར་གྱོང་སོགས་མ་བྱས་པར་རང་རང་སྐད་གང་ཡོད་ཀྱི་རང་གཤིས་དེ་གར་དབྱངས་ཀྱི་གྱེར་ཚོད་དང་བསྟུན་ནས་འདོན་དགོས་པ། ཡིད་ཐེ་ཚོམ་དང་སྒྱིད་ལུག་གམ་རྣམ་གཡེང་སོགས་མི་བྱ་བར་བློ་རྩེ་གཅིག་སྒྲིམ་གྱིས་སེམས་གཏན་ལ་ཕབ་ནས་ལྷོད་པོར་འཇོག་དགོས་པ་སོགས། སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས། འཁྲུལ་རྟོགས་བག་ཆགས་ངན་པའི་ལྷད་མ་བཞུགས་པར་གཞུང་རྣམས་ཇི་ལྟར་བཤད་པ་ལྟར་ལག་ལེན་གྱི་གྲྭ་ཚུགས་པར་བྱའོ།།ཞེས་པ་ལྟར་དངོས་སུ་དབྱངས་ལ་གྱེར་དགོས་ཀྱི་ཡོད་པ་རེད།

      བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ཉམས་སུ་བླང་ཚུལ་ལ་རིམ་པ་གསུམ་ཡོད་དེ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་ལ། དཔེར་ན་དབྱངས་གཞུང་གི་དལ་ཆར་འབབས་པ་ལྟ་བུའོ། །གསེར་སྐྱེམས་ལ་སོགས་དེ་ཡི་རིགས་སུ་གཏོགས་པ་ཐམས་ཅད་དཔེར་ན་རོལ་མོ་མཁན་གྱི་བསྒྱུར་དབྱངས་ལྟ་བུ། མཚམས་ཆོད་ཀྱི་ཁོངས་སུ་གཏོགས་པ་ཐམས་ཅད་གཡུ་འབྲུག་སྔོན་པོའི་ལྡིར་དབྱངས་ལྟ་བུ་སྟེ། སྔོན་འགྲོའི་དབྱངས་ཐམས་ཅད་བྲེལ་གྱི་ནང་ནས་དལ་ཆགས་པས། ཞི་བའི་ངང་ནས་ཁྲོ་ངར་དང་ལྡན་པ་བྱའོ། །གཉིས་པ་དངོས་གཞིའི་དབྱངས་ལ་ཕལ་ཆེར་དལ་གྱིས་གཞི་བཅའ། ངར་གྱིས་ཁོག་ཕུབ། འགྱུར་གྱིས་རྒྱན་བཏགས། ཁུག་པས་མཉེན་བཙལ། རྒྱུད་རིང་བས་འཇམ་ལ་ཕབ། གོང་འོག་མ་བུ་འཛོམས་པ་ལྟ་བུ་སྤྲད། དབྱངས་གཞུང་གིས་མ་བསྟུང་།བུ་བསྲིང་།བཞག་མཚམས་སུ་སླད་མ་ཞུགས་པར་གྱེར་རོ། །ཞེས་དང་།དེ་ཡང་ནང་མཆོད་བུང་བའི་ཚང་སྐད་ལྟ་བུའོ། །གསང་མཆོད་ན་ཆུང་གྲོགས་ལ་ཆགས་པའི་གླུ་ཆུང་ལེན་པ་ལྟ་བུ། ཞི་བའི་གྲོགས་ལ་ཆགས་པའི་གླུ་ཆུང་ལེན་པ་ལྟ་བུ། ཞི་བའི་བསྟོད་དབྱངས་ཁུ་བྱུག་གི་སྐད་ལྟ་བུ། ཁྲོ་བོའི་བསྟོད་དབྱངས་ཕོ་རོག་གཟན་མཐོང་བའི་སྐད་ལྟ་བུ། བླ་མའི་བསྟོད་དབྱངས་དར་པོ་ཆེ་རླུང་གིས་བསྐྱོད་པ་ལྟ་བུ། ཡི་དམ་བསྟོད་དབྱངས་རྒྱལ་བའི་ཁྲིམས་རྔ་བརྡུང་བ་ལྟ་བུ། མཁའ་འགྲོའི་བསྟོད་དབྱངས་ཞིང་ས་བོན་འདེབས་པའི་སོ་ནམ་འགུལ་བ་ལྟ་བུ། དེ་ཡང་ཡབ་ཀྱི་བསྟོད་དབྱངས་སྦོམ་ལྡིར་ཆགས་པ། ཡུམ་གྱི་བསྟོད་དབྱངས་ཕྲ་མཉེན་འགྱུར་ལྟ་བུ།སོགས་དུ་མ་ཡོད་ཅིང་། རྗེས་སུ་སྨོན་ལམ་བཀྲ་ཤིས་ལ་སོགས་རྣམས་ལ་གདངས་སྙན་པ་བྱིན་ཆགས་པ་སོགས་སུ་གདངས་བཤད་དུ་མེ་རེ་རེ་གྱེར་བར་བྱའོ། །ཞེས་པ་དེ་ལྟར་རོ། །

བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ནི་ཐབས་ལམ་ཟབ་མོར་ཞུགས་པའི་ཆོས་ཀྱི་ཆོ་ག་མེད་དུ་མི་རུང་བ་ཞིག་ཡིན་པས། དེར་གྲུབ་མཐའ་རིས་མེད་ཚང་མས་ཧ་ཅང་མཐོང་ཆེན་བྱས་ཏེ། རྒྱུན་ལྡན་སློབ་ཁྲིད་དང་དངོས་གཞིའི་ལག་ལེན་ཕུད། ད་དུང་གྲུབ་མཐའ་སོ་སོའི་མཁས་གྲུབ་རྣམས་ཀྱིས་དབྱངས་རྟ་ཇི་ལྟར་གྱེར་བར་བྱ་བའི་དབྱངས་གཟུགས་ནམ་མཁའ་སྤྲིན་དཀར་རམ་རྒྱ་མཚོའི་རྦ་རླབས་ལྟ་བུའི་ཕྱག་བཞེས་ཟབ་མོ་བསམ་གྱིས་མི་ཁྱབ་པའི་དབྱངས་ཡིག་དང་། དེ་བཞིན་ཕྱི་ནང་གསང་གསུམ་གྱི་ཆས་གོས་དང་། རྒྱན་ཆ། རོལ་ཆ། རོལ་དབྱངས་སོགས་ཀྱི་སྐོར་ལ་གསུང་རྩོམ་འབོར་ཆེན་བརྩམས་ཡོད་པ་དཔེར་ན། སྐབས་དེའི་དཔལ་ས་སྐྱ་བ་གཅིག་པུའི་ཕྱག་བཞེས་ཀྱི་དཔེ་ཆར།ས་པཎ་གྱི་རོལ་མོའི་བསྟན་བཅོས་དང་ས་སྐྱ་ཨ་མྱེས་ཞབས་ཀྱིས་མཛད་པའི་དེའི་འགྲེལ་པ་ཕུད།ད་དུང་ས་ལོ་ཐམས་ཅད་མཁྱེན་པས་མཛད་པའི་ཕུར་པའི་དབྱངས་ཡིག་ཀུན་གསལ་སྒྲ་དབྱངས་དང་།ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་རྡོ་རྗེ་ཕུར་པའི་རྔ་བྱིན་དབབ་ཀྱི་བརྡ་སྤྲོད་མཐོང་བ་རང་གྲོལ། ཆོས་སྐྱོང་སྐོར་གྱི་དབྱངས་རོལ་གྱི་ཐོ་ཡིག ཡང་སྔགས་འཆང་བླ་འཆང་བླ་མ་དེ་ཉིད་ཀྱི་གསུང་རྒྱུན་བཞིན་དབང་ཕྱུག་བསོད་ནམས་དབང་པོ་དང་།རྒྱལ་སྲས་རྦས་པའི་རྣལ་འབྱོར་སྔགས་འཆང་གྲགས་པའི་མཚན་ཅན་གཉིས་ཀྱིས་མཛད་པའི་རྡོ་རྗེ་ཕུར་པའི་དབྱངས་ཡིག་ཚངས་པའི་དབྱངས་ཀྱི་ང་རོ་དང་།ཆོས་སྐྱོང་ཕུར་པའི་དབྱངས་ཡིག་ཚངས་པའི་དབྱངས་ཀྱི་རྔ་ཆེན།འཇམ་དབྱངས་དབང་པོའི་མཚན་ཅན་གྱིས་མཛད་པའི་གུ་རུ་དྲག་པོ་དང་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས། ཆོས་སྐྱོང་རྣམས་ཀྱི་བསྐང་བ་བསྟོད་པ། གཏོར་བཟློག་དྲུག་ཅུ་པ་དང་བཅས་པའི་དབྱངས་རོལ་གྱི་རྣམ་བཞག་རྣམས་སྟོད་པའི་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ།སྔགས་འཆང་གྲགས་པ་བློ་གྲོས་ཀྱིས་མཛད་པའི་དབྱངས་རོལ་གུ་རུ་དྲག་པོ་དང་།རྡོ་རྗེ་ཕུར་པའི་གཏོར་བཟློགམགོན་པོའི་གཏོར་ཟློག་དྲུག་ཅུ་པ་རྣམས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་ཞིབ་པར་སྟོན་པར་མཛད་པའི་དབྱངས་རོལ་གྱི་ཡི་གེ་སོགས་ཡོད་པ་བཞིན། རྙིང་མའི་ལྟ་བ་གཙོ་བོར་འཛིན་ནས་སྟོན་པའི་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོགབུ་སྟོན་རིན་པོ་ཆེ་དང་རྗེ་ཙོང་ཁ་པ་ཆེན་མོས་མཛད་པའི་དགེ་ལུགས་པའི་ཕྱག་བཞེས་དབྱངས་ཡིག་སོགས།མདོར་ན་གྲུབ་མཐའ་སོ་སོར་ས་སྐྱ་བ་དང་འདྲ་བར་དབྱངས་ཡིག་དང་ཆས་གོས་རྒྱན་སོགས་ཀྱི་གསུང་རྩོམ་མི་ཉུང་བ་ཞིག་བྱུང་ཡོད།

                                                      《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ལས་བཤུས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060