| ཀན་སུའི་ཞིང་ཆེན་ནང་བསྟན་སློབ་གྲྭ་ནི་ཆིག་དགུ་གྱ་ལྔ་ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞྭ་ཧོ་རྫོང་གི་བླ་བྲང་བཀྲ་ཤིས་འཁྱིལ་དུ་འགོ་ཐོག་མར་བརྩམས་ཤིང་།གྱ་དྲུག་ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་ལ་སློབ་གྲྭ་དངོས་སུ་ཚུགས་པའི་མཛད་སྒོ་སྤེལ་ཏེ་སྔ་ཕྱི་ཐེངས་བཞི་ལ་ཀན་སུའི་ཁོངས་ནས་སློབ་མ་བརྒྱ་ཕྲག་གཅིག་བསྡུས་པ་དང་༡༩༩༠ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ལ་ཐེངས་དང་པོའི་སློབ་མ་ལྔ་བཅུ་ང་དྲུག་པོ་མཐར་ཕྱིན་ནས་རང་རང་གི་དགོན་དུ་ལོག
སློབ་གྲྭ་འདིའི་འགོ་འཛིན་ནི་འཇམ་དབྱངས་བཞད་པ་བློ་བཟང་འཇིག་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གཙོ་བོ་མཛད་པའི་མི་བཞི་དང་སློབ་དོན་ཨུ་ཡོན་མི་དགུས་གྲུབ་ཅིང་།འོག་ཏུ་གཞུང་སྒྲུབ་ཁང་དང་སློབ་གཉེར་ཁྲུའུ།སློབ་ཞིབ་སྡེ་ཚན་གསུམ་བཙུགས་ཡོད།ད་སྐབས་དགེ་ལས་བཟོ་གསུམ་མི་སྣ་ཉེར་ལྔ་ཡོད་པའི་ནང་ན།མཁས་རམས་པ་གཉིས་དང་མཁས་རམས་གཞོན་པ་གསུམ། ཁྲིད་དཔོན་པ་བཞི། ཁྲིད་རོགས་པ་གསུམ་བཅས ་ཡོད། སློབ་གྲྭས་དམངས་གཙོ་དོན་དམ་ལེགས་པོར་འཛིན་ཆེད། དགེ་རྒན་གྱི་བློ་སྦྱོང་དང་ལས་བཟོ་བའི་དཔེ་ཚད་ཞེས་བྱ་བ་དང་།སློབ་མའི་སྲུང་བྱ་ཞེས་བྱ་བའི་སྒྲིག་སྲོལ་ལམ་ལུགས་བཅོ་ལྔ་ཞེས་བྱ་བ་གཏན་ལ་ཕབ་པ་དང་།བོད་རྒྱའི་དཔྱད་གཞིའི་ཡིག་ཆ་སོ་གཅིག་རྩོམ་སྒྲིག་བྱས། ད་སྐབས་ཡོད་པའི་སློབ་མ་ནི་ཀན་སུའི་ཁུལ་དང་ཀྲོན་ཆུས་གསུམ་མམ་རྫོང་དགུའི་དགོན་པ་ང་ལྔ་ལས་འོངས་ཤིང་དེའི་ནང་ན་བོད་དང་སོག་པོ། ཧོར་བཅས་འདུས། སློབ་གྲྭས་སློབ་མའི་ཡོན་ཚད་དང་དགོན་སྡེ་ཁག་གི་འཛིན་ཆོས་ལྟར།ནང་པའི་ཚད་མ་དང་བསྟན་པའི་གཞུང་ལུགས་བཅས་ཚན་ཁག་གཉིས་སུ་དབྱེ་ཞིང་འཛིན་གྲྭ་ལྔར་བགོས། སློབ་ཁྲིད་ཀྱི་སྒྲིག་གཞི་ལ་ཆོས་ལུགས།རིག་གནས།ཆབ་སྲིད་གསུམ་བཙུགས་པ་སོ་སོ་བཅུ་ཆ་བདུན་གཉིས་གཅིག་ཡིན་ཏེ། ཚད་མའི་སྐོར་གཙོ་བོ་ཕར་ཕྱིན་དང་དབུ་མ། རྣམ་འགྲེལ། འདུལ་བ། མཛོད་དང་། བྱང་ཆུབ་ལམ་རིམ་བཅས་ལས་ཚན་པ་འདེམས་བཤུས་དང་། ནང་བསྟན་གྱི་ལོ་རྒྱུས། ཞལ་འདོན་འདེམ་སྒྲིག་བཅས་ཡོད། རིག་གནས་སྐོར་ལ་སུམ་རྟགས་དག་གསུམ། སྙན་ངག ཡིག་རྩལ། ལོ་རྒྱུས་སོགས་དང་། ཆབ་སྲིད་ཀྱི་སྐོར་ལ་མི་རིགས་འདྲ་མཉམ་མཐུན་སྒྲིལ་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་རྒྱུན་ཤེས་ཁྲིམས་ལུགས། བསམ་པའི་དཔལ་ཡོན་གྱི་སློབ་གསོ་བཅས་ཡོད། སློབ་མའི་ཤེས་བྱའི་ཡོན་ཏན་ལྷག་ཏུ་ཡར་ཐོན་དང་མཐོང་ཞིང་ཐོས་པས་བློ་སྒོ་འབྱེད་པར་བཀྲ་ཤིས་འཁྱིལ་བའི་དུས་ཆེན་གྱི་ཆོས་སྤྱོད་གལ་ཆིན་ཁག་ལ་བཞུགས་པ་དང་ཚན་མའི་རྩོད་པར་ཕེབས་ཤིང་དད་ལྡན་ཡོན་བདག་ཚོས་བསྔོན་སྨོན་འདོན་བཅོལ་ཞུས་པ་མི་ཉུང་བ་དང་དུ་བླངས་ཤིང་མཐར་ཕྱིན་པའི་སློབ་མ་རྣམས་བོད་ལྗོངས་དང་མཚོ་སྔོན་གྱི་དགོན་སྡེ་གྲགས་ཅན་ལ་ཆོས་མཇལ་དུ་ཁྲིད་ཡོད།
ནང་བསྟན་སློབ་གྲྭས་བླ་བྲང་བཀྲ་ཤིས་འཁྲིལ་གྱི་དགོན་དཀྱིལ་དུ་ས་ཁྱོན་རྨིད་གྲུ་བཞི་མ་ཆིག་ཁྲི་བརྒྱད་སྟོང་བཟུང་བར་རྩིག་བཟོའི་ས་ཁྱོན་ལྔ་སྟོང་ལྷག་དུ་ཟིན་པའི་ནང་ན་འདུ་ཁང་དང་། སློབ་ཁང་། སློབ་མའི་སྡོད་ཁང་། དཔེ་མཛོད་ཁང་། ཡིག་གཟིགས་ཁང་། མགྲོན་ཁང་། ཁྱིམ་པའི་སྡོད་ཁང་བཅའ་ཕུབ་ཅིང་། དཔེ་མཛོད་དུ་བོད་རྒྱའི་བཀའ་བསྟན་དང་བསྟན་གཞུང་གཞན་དག་མིང་མཛོད།དུས་དེབ་ལ་སོགས་པ་སྣ་ཁ་ཆིག་སྟོང་དགུ་བརྒྱ་འདུས་པ་བསྡོམ་་པས་དེབ་ཆིག་ཁྲི་བརྒྱད་སྟོང་ལྷག་བཞུགས་པ་དང་། གསོལ་ཁང་དང་། སྨན་བཅོས་ཁང་། སྐྲ་བཞར་ཁང་། སྦྲགས་སྲིད་སྒམ་ཆུང་། ལུས་འཁྲུ་ཁང་། ད་དུང་གློག་བརྙན་དང་བརྙན་འཕྲིན་གཟིགས་ཁང་། ལྒང་ལི་དང་ཕིན་ཕིང་སྤོ་ལོ། བྱ་སྒྲོ་སྤོ་ལོ་སོགས་ཀྱི་རྩེད་རྭའང་ཡོད་པས་སློབ་མའི་སློབ་སྦྱོང་དང་འཚོ་བ།ལུས་སྦྱོང་བཅས་ཀྱི་ཐད་སྟབས་བདེ་བའི་ཆ་རྐྱེན་འཛོམས་ཡོད།
སློབ་གྲྭ་འདི་ཚུགས་པ་ནས་བླ་བྲང་དགོན་པའི་རིག་གནས་ཕྱི་ཕྱོགས་ལ་བརྗེ་རེས་བྱེད་པའི་གནས་ས་ཤིག་ཏུ་གྱུར་གཤིས།ལོ་ཤས་རིང་རྒྱལ་ཁབ་བཅོ་ལྔ་དང་ཞིང་ཆེན་ཉེར་བརྒྱད་ཀྱི་གནས་སྐོར་བ་དང་།འཚམས་འདྲི་བ།རྟོགས་ཞིབ་པ་བཅས་མི་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་ཕེབས་པར་སྣེ་ལེན་དང་རྒྱལ་ཁབ་ཕྱི་ནང་གི་འཕྲིན་བརྡ་བརྗེ་རེས་སམ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱང་དྲིལ་བསྒྲགས་གང་བཟང་བྱས།
ནང་བསྟན་སློབ་གྲྭ་བསྒྲུབ་པའི་རིང་ལ་ཁོ་ཚོས་སློབ་མར་ཆབ་སྲིད་ཀྱི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་འབྲེལ་ཡང་སྒོས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་བྱང་ཆུབ་པ་དང་།ཐུགས་སེམས་དྲང་པོས་ལག་ལེན་བྱས་ཏེ་རྒྱལ་ཁབ་དང་ཆོས་ལ་གཅེས་ཤིང་། བོད་མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་དང་རྒྱུད་འཛིན། བོད་བརྒྱུད་ནང་བསྟན་ལ་ཞབས་འདེགས་ཞུ་བ་དང་།ཆོས་ལུགས་ཀྱི་ཐད་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་རིགས་པའི་གཞུང་ལུགས་དང་རྩ་བའི་ཤེས་བྱ།ཆོས་ཀྱི་ཆོ་ག་སྣ་ཚོགས་པ་རྣམས་བྱང་ཆུབ་པ་བྱས་ནས་མི་གཅིག་གིས་ཡིན་ཡང་རང་སྐྱ་འཕེར་བའི་སྒོ་ནས་ཆོས་སྤྱོད་ཐམས་ཅད་ཚེགས་མེད་དུ་སྤེལ་ཐུབ་པ་དང་མཐར་ཕྱིན་སྐབས་སུ་བོད་ཡིག་སློབ་གྲྭ་ཆེན་མོ་དང་རྒྱ་ཡིག་དམའ་འབྲིང་གི་ཆུ་ཚད་ལོན་དགོས།མཚན་ཉིད་འཛིན་གྲྭའི་སློབ་མས་འཆད་པ་དང་རྩོད་པ་བྱ་ཐུབ་པ་དང་།གཞུང་ལུགས་འཛིན་གྲྭའི་སློབ་མས་འཆད་རྩོམ་གཉིས་ཀ་ཐུབ་པའི་ཆུ་ཚད་ལོན་དགོས་པ་བཅས་ཀྱི་དམིགས་ཚད་ཡོངས་སུ་འགྲུབ་ཐུབ་༡༩༩༠ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ལ་མཐར་ཕྱིན་སློབ་མའི་རྒྱུགས་ཡིག་དང་རྩོད་པ་བྱས་པ་བཅས་ལས་བདེན་དཔང་ཐོབ།ད་ལྟའང་མུ་མཐུད་ནས་དགེ་མཚན་ལྡན་ལ་ཐུགས་མཐུན་ཞིང་།དཀའ་སྤྱད་བརྩོན་འགྲུས་ལྷུར་ལེན་པའི་རྣམ་པས་སློབ་མ་སྐྱོང་བཞིན་ཡོད་མོད།
སློབ་གྲྭའི་འགོ་འཛིན་པ་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དེས་ཐུགས་ཡིད་མ་ཚིམ་པར་ཁོང་གི་ཞལ་སྔ་ནས་ད་དུང་“ཕྱིན་ཆད་ཀྱི་བགྲོད་ལམ་དེ་བས་རིང་ཞིང་བྱ་བ་མང་བ་མ་ཟད།ཉམས་སད་མང་པོ་ཞིག་ཐེག་ཐུབ་པ་བྱེད་དགོས།དེར་བརྟེན་ང་ཚོས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་གྲུབ་འབྲས་དར་སྤེལ་དང་སྐྱོན་ཆ་ཡོ་བསྲང་།ཁེངས་སྐྱུང་དང་སྙིང་རུས་ཆེན་པོས་སྤུན་ཟླའི་ཆོས་ལུགས་སློབ་གྲྭའི་ཉམས་མྱོང་ལ་སློབ་སྦྱོང་བྱ་དགོས་པ་དང་།དགོན་སྡེ་ཁག་གི་སྲོལ་བཟང་བསྡུ་ལེན་བྱས་ཏེ་ཡང་འབད་བསྐྱར་འབད་ཀྱིས་ནང་བསྟན་སློབ་གྲྭ་དེ་སྔར་བས་ལྷག་པའི་ལེགས་པོ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས”ཞེས་དགེ་སློབ་ཀུན་ལ་གསུང་བཞིན་མཆིས་སོ།། |