གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།སངས་རྒྱས་ཆོས་ལུགས་དང་སྤྱི་ཚོགས་བར་གྱི་མཐུན་སྦྱོར་སྐོར་གླེང་བ།
སྤེལ་དུས།2009-07-14   ཡོང་ཁུངས་།《མཚོ་སྔོན་བོད་ཡིག་གསར་འགྱུར》   རྩོམ་པ་པོ། དཔལ་མཁར་རྒྱལ། འབྲུག་མོས་ཞུས།
      སངས་རྒྱས་ཆོས་ལུགས་དང་སྤྱི་ཚོགས་གཉིས་འགལ་འབྲེལ་གྱི་རྣམ་གཞག་མདོར་ཙམ་བསྟན་པ། ཨེ་དབྱིན་སི་ཐན་གྱིཀུན་སྤྱོད་ཀྱི་ཉམས་རྒུདཅེས་པའི་དཔྱད་རྩོམ་ནང་དུ། ཆོས་ལུགས་དང་སྒྱུ་རྩལ། ཚན་རིག་ཚང་མ་སྡོང་བོ་གཅིག་གི་ཡལ་ག་ཡིན། དེའི་དམིགས་ཡུལ་ནི་མིའི་རིགས་ཀྱི་འཚོ་སྟངས་ལེགས་བཅོས་བྱེད་པ་དང་། སྤྱིར་བཏང་གི་གནས་སྟངས་ལས་གོང་དུ་སྤར་ཏེ་རང་དབང་གི་ལས་ལ་འགོད་པ་དེ་ཡིན། ཞེས་བཤད་ཡོད། ད་ལྟ་ཁྱབ་རྒྱ་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་ལ་མཚོན་ནའང་ལྟ་བའི་ཆ་ནས་མི་མཐུན་པ་མང་ནའང་། ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་རང་གིས་རང་ཚད་མཐོན་པོར་གཏོང་བ་དང་། སྡིག་སྤོང་དགེ་སྒྲུབ་སོགས་ཚུལ་མཐུན་གྱི་འཚོ་བ་རོལ་བར་ཁག་ཐེག་བྱེད་དགོས་པ་བསྟན་ཡོད། མིག་སྔར་སྤྱི་ཚོགས་སྟེང་དུ་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་བཞག་པའི་ཤན་ཤུགས་མི་འདྲ་བ་བཞག་ཡོད་སྲིད་ལ། སྔོན་བྱོན་དམ་པ་དག་གི་གསུང་ནའང་ཆོས་དང་འཇིག་རྟེན་འགལ་ཚུལ་གྱི་ཚིག་སྒྲོས་སྣང་མོད། དེ་ལ་སྐབས་བབ་ཀྱི་དོན་རེ་ཡོད་ལ། འདིའི་སྐབས་ཀྱིའཇིག་རྟེནལའང་སྐབས་ཐོབ་ཀྱི་གོ་བ་ངེས་ཅན་རེ་ཡོད། ཡང་གཅིག་བཤད་ན་དངོས་པོའི་གནས་ལུགས་འཚོལ་བའི་ཆོས་སྒྲུབ་གང་ཟག་གཅིག་ནས་སྐབས་སུ་འཇིག་རྟེན་འདུ་འཛི་དང་བྲལ་བའི་དབེན་པ་བསྟེན་པ་ཡང་། སྤྱིར་ཆོས་ལུགས་སྤྱི་ཚོགས་དང་འགལ་བ་ལྟག་སྤྲོད་དུ་གནས་པའི་སྒྲུབ་བྱེད་དུ་ག་ནས་འགྲོ། མ་གཞི་ནས་ཆོས་ལུགས་ནི་སྤྱི་ཚོགས་ཀྱི་དགོས་མཁོའི་སྟེང་ནས་བྱུང་བའི་རིག་གནས་ཤིག་མ་ཡིན་ནམ། དེ་ཡང་ཇོ་བོ་རྗེ་ལ་ཁུ་རྔོན་འབྲོམ་གསུམ་གྱིས་བྲིས་པའི་ལན་དུ། སྤྱོད་པའི་མཆོག་འཇིག་རྟེན་དང་མི་མཐུན་པ་ཡིན་གསུངས་པ་དང་། ཇོ་བོའིསྤྱོད་བསྡུས་སྒྲོན་མེརུ་འཇིག་རྟེན་སེམས་དང་མི་མཐུན་ན།། ཁོ་བོའི་ཆོས་ནི་ཆོས་མ་ཡིན།། ཞེས་ནང་འགལ་ཡོད་པ་ལྟར་གསུངས་ཡོད་པའང་སྐབས་ཐོབ་ཀྱི་དགོངས་གཞི་ཡོད་པ་ལས། སྤྱིརགངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམལས། འཇིག་རྟེན་ནག་པོ་གཡོ་ཁྲམ་སོགས་དང་སྦྲེལ་བའི་འཚོ་བ་དེ་ཆོས་དང་རྒྱབ་འགལ་ཡིན་སྟབས་མཉམ་དུ་འོང་ས་མེད་ཀྱང་། དེ་མིན་འཇིག་རྟེན་ཡ་རབས་ཚུལ་མཐུན་དུ་འཚོ་བ། ཆོས་སྲིད་སྐྱོང་བ། ཐོན་སྐྱེད་བྱ་བ། དགའ་སྐྱིད་རྩེད་འཇོ་སོགས་ཡ་རབས་ཀྱི་བྱ་སྤྱོད་དེ་དག་དང་མཉམ་དུ་ཆོས་ཀྱི་བསམ་པ་དང་མ་བྲལ་བ་ཆོས་དང་མཐུན་པར་མཉམ་སྤྱོད་ཐུབ་པ་ཡིན། དེས་ན་ཆོས་ལུགས་ནི་རང་ལྡོག་ཉིད་ནས་མིའི་རིགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་ཀུན་སྤྱོད་ཁྲིམས་སྲོལ། སློབ་གསོ། རིག་གནས་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ལ་ཐག་གཅོད་རང་བཞིན་དང་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན་པ་རེད། མདོར་ན་རང་ཉིད་ཀྱིས་ལས་གནས་གང་ཞིག་སྟེང་ནས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཀུན་སློ་ཡག་པོ་རེ་ཡོད་ན་ཆོས་དང་འཇིག་རྟེན་གཉིས་ཀ་རོ་གཅིག་ཏུ་འདྲེས་སོང་བར་ཤེས་རྒྱུ་ནི་གལ་ཆེའོ།།
     
སངས་རྒྱས་ཆོས་ལུགས་ཀྱི་གཞན་ཕན་འཚེ་སྤོང་གི་བསམ་བློའི་ཀུན་སྤྱོད། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ནི་གདུལ་བྱ་རབ་འབྲི་ཐ་གསུམ་ལ་གང་ལ་གང་འཚམ་དེ་ལ་དེ་སྟོན་པའི་ཐབས་མཁས་ཀྱི་བསམ་བློའི་རིག་གཞུང་ཞིག་ཡིན། ཇི་སྐད་དུ། གང་ལ་གང་འཚམ་དེ་ལ་དེ་སྟོན་བྱ།། ཞེས་དང་། ཆོས་ལ་མཐོར་སྙེག་བྱེད་པ་དེ། རྟ་རྒོད་ལ་བུ་ཆུང་སྐྱོན་པ་འདྲ།། ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་བ་ཉིད་ལ་ལྟ་ཉེས་ན།། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།། ཞེས་གསུངས་པ་བཞིན། གདུལ་བྱའི་བློ་ཁ་རབ་འབྲིང་ཐ་གསུམ་ལྟར་ཐེག་པའང་རབ་འབྲིང་ཐ་གསུམ་གསུངས་ཡོད། དེ་དག་གི་དོན་བསྡུས་ན། ཇི་སྐད་དུ། སྡུག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་པ་ལས་མ་འདས། སློབ་དཔོན་དབྱུག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་གསུངས་པ་བཞིན། ལུང་སྡེ་སྣོད་གསུམ་གྱི་བརྗོད་བྱར་གྱུར་པའི་བསླབ་པ་གསུམ་གྱི་ཉམས་ལེན་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླ་པ་གསུམ་གྱི་ནང་ལམ་གྱི་རིག་པའི་མཉམ་ལེན་ཐམས་ཅད་མ་འདུས་པ་མེད། ལུང་ལས། སེམས་བསྡུ་བ་ལ་ཚུལ་ཁྲིམས་ཞེས་བྱའོ།། ཚུལ་ཁྲིམས་ལས་ཏིང་ངེ་འཛིན་སྐྱེ་ཞིང་།། ཏིང་ངེ་འཛིན་ལས་ཤེས་རབ་སྐྱེའོ།། ཞེས་དང་། ཚུལ་ཁྲིམས་ཞེས་པའང་དོན་བསྡུས་ན་རང་གཞན་གཉིས་ལ་གནོད་པའི་ལུས་ངག་ཡིད་གསུམ་གྱི་མ་རུང་མི་དགེ་བའི་ཕྱོགས་བསྡམས་ནས་ཡ་རབས་དགེ་བའི་ཕྱོགས་ལ་འཇུག་རྒྱུ་དེ་ཡིན། རགས་པའི་དབང་དུ་བཏང་ན་མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་བསྒྲུབ་རྒྱུ་དེ་རེད། འདི་ལྟར་རང་བདེ་གཞན་ཕན་གྱི་ལམ་ལ་རིམ་པ་བཞིན་དུ་སློབ་དགོས་ལ། དཔེར་ན་མིའང་དུད་འགྲོ་གང་རུང་ཞིག་ལ་རང་ཉིད་ཀྱིས་མི་ཐེག་པའི་ཁལ་ཞིག་བཀལ་ན་རང་ཞན་གཉིས་ལ་མི་ཕན་ཞིང་སྡུག་བསྔལ་འབའ་ཞིག་ལས་མ་འདས། དེ་ལྟར་ཆོས་ཀྱི་རྩ་བ་ཀུན་སློང་ལ་རག་ལས་པ་ལས་ཕྱིའི་ཆ་ལུགས་དང་གཟུགས་བརྙན་ཙམ་གྱིས་མ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོལས། བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་རྩ་བ་སྟེ། གང་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བའོ།། ཞེས་གསུངས་པ་བཞིན་བསམ་པ་བཟང་པོ་འདི་གལ་ཆེའོ།། དེ་བཞིན་དགེ་བཤེས་ཤེས་རབ་རྒྱ་མཚོས་ཀྱང་། ནང་ན་མི་དགེ་བཅུ་སྤོང་དང་ངེས་འབྱུང་བྱང་སེམས་ཡང་དགཔའི་ལྟ་བ་འཕེལ་ན་ཁ་ནས་ཚིག་གཅིག་མ་བཏོན་ནའང་ཆོག་སྟེ། ཚིག་སྐྱོར་བ་ནི་དོན་ལ་དྲན་གསོ་བའི་ཆེད་དུ་ཡིན། དོན་དེ་དྲན་གསོ་མ་ཐུབ་ན་ནེ་ཙོས་མ་ཎི་འདོན་པ་དང་མཚུངས། དད་པས་བཏོན་ན་བརྗོད་པའི་ཕན་ཡོན་ཙམ་ཞིག་འབྱུང་སྲིད་ཀྱང་། ས་ཆོད་ཆེན་པོ་མེད་པར་རྒྱལ་བས་བཞེས། ཞེས་གསུངས་པ་བཞིན། ཐུབ་བསྟན་པའི་རྩ་བའི་དགོངས་དོན་ནི་གཞན་ཕན་འཚེ་སྤོང་གི་བསམ་པ་བཟང་པོ་ཞིག་དོན་དུ་གཉེར་རྒྱུ་ལས་མ་འདས་སོ།།
     
བྱེ་བྲག་ནས་སངས་རྒྱས་བསྟན་པའི་ཁྲོད་གནས་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། སེམས་རྣམ་ལ་དུ་ཕབ་ནས་མིག་གིས་མ་འོངས་པར་ཁ་ཕྱོགས་ན་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རང་ཉིད་ཀྱི་ལུས་ཕུང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་མིན་གྱི་གནད་དོན་ཡིན་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་ཁོར་ཡུག་ལ་གནོད་སྐྱོན་བཟོས་ཚེ་རང་ལས་གཞན་གྱི་བདེ་ཐང་དང་ཚེ་སྲོག་ལ་འཇིག་ཉེན་བཟོས་ཡོད། དེང་གི་དུས་སུ་ཁོར་ཡུག་བརྫད་ཚབས་ཆེ་བས། འདི་ལ་ལེགས་བཅོས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། སངས་རྒྱས་བསྟན་པའི་གཞུང་ལུགས་ལས་འཕྲོས་པའི་ཡུན་ལག་ཐམས་ཅད་ཀྱི་ཆུ་མགོ་ནི་བྱམས་སྙིང་རྗེ་དང་རྟེན་འབྱུང་གི་ལྟ་བ་ཡིན། སྤྱོད་འཇུགལས། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། ཅེས་གསུངས་པ་ལྟར་སྲོག་ཆགས་གྲོག་འབུ་ཕྲ་མོ་ཡན་ཆད་སྙིང་རྗེའི་ཡུལ་ཡིན། ཡང་འཇིག་རྟེན་བྱ་དངོས་ཐམས་ཅད་ནི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ཙམ་ལས་རང་རྐྱ་ཚུགས་ཐུབ་ཏུ་གནས་ཐུབ་པ་ཞིག་མེད་པར་འདོད། ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་རི་བྲག་དང་། སྐྱེ་དངོས་སྲོག་ཆགས་བཅས་པ་ལ་ས་ཆུ་མེ་རླུང་འབྱུང་བ་ཞིའི་ཁམས་དང་རྩ་བ་ཡན་ལག་གི་རླུང་བཅུ་ཡོད་པར་འདོད་ལ། མི་དང་ས་ཆུ་རི་བྲག་དང་། མི་དང་སྐྱེ་དངོས། མི་དང་སྲོག་ཆགས་བཅས་བར་གྱི་འབྱུང་ཁམས་དང་རླུང་རྣམས་ནི་གཅིག་གཅིག་རྟེན་པའི་ཚུལ་གྱིས་རྒྱུ་བ་དང། གཅིག་གིས་གཅིག་ལ་གྲོགས་བྱེད་པའི་ཚུལ་གྱིས་འབྱུང་འཇིག་གནས་གསུམ་བྱེད་བཞིན་ཡོད་པས། ས་ཆུ་རི་བྲག་དང་སྐྱེ་དངོས་སྲོག་ཆགས་བཅས་བརླག་པ་དང་མི་གཙང་བར་བྱས་ན་ཕྱིའི་དངོས་པོ་རྣམས་འབྱུང་ཁམས་དང་རླུང་ཡང་འཁྲུགས་སུ་བཅུག་ནས་ནད་རྣམ་པ་སྣ་ཚོགས་འབྱུང་བར་འདོད། དེའི་རྐྱེན་གྱིས། ཆོས་འདུལ་བའི་ནང་སེམས་ཅན་མ་ཡིན་པའི་སྐྱེ་དངོས་རིགས་གཅོད་པ་དང་ས་བོན་འཚིག་པར་བྱས་ནས་སྐྱེས་རྒྱུན་གཅོད་པ་དང་། རི་རྒྱ་ལུང་རྒྱ་བསྡམས་ནས་བྱ་རི་དྭགས་གཅན་གཟན་གསོད་པ་དང་། ཆུ་ནང་གི་ཉ་སོགས་འཛིན་པ་དང་། ས་འོག་གི་གཏེར་གང་འདོད་དུ་བརྐོ་བ། ས་གཙང་ཆུ་གཙང་ནང་དུ་གཅན་སྐྱག་འདོར་བ། མཆིལ་ལུད་སོགས་གང་སར་འཕེན་པ་ལ་བཅོས་པ་མཛད་ཡོད། འདི་ལྟ་བུའི་བསམ་བློའི་རྒྱབ་ལྗོངས་ཀྱི་འོག་ནས་མི་རྣམས་ལ་ཚད་མི་འདྲ་བའི་སྒོ་ནས་ཁོ་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་དམན་པ་ཞིག་ཆགས་ཡོད་དེ། ཆུ་ནང་དུ་མི་གཙང་བ་བཟོས་ན་ཀླུ་ནད་འབྱུང་ངེས་ཡིན་ཟེར་བ་དང་། གང་འདོད་དུ་ས་རྐོ་རྡོ་སློག་བྱས་ན་མི་བཟང་ཚུལ་བཤད་པ། ཐ་ན་མཐའ་འཁོར་དུ་ཡོད་པའི་སྡོང་བོ་གང་འདོད་དུ་མི་གཅོད་པར། གང་ཐུབ་ཀྱིས་སྐྱེ་འཕེལ་གྱི་ནུས་པ་ཤོར་བའི་སྡོང་སྐམ་བཅད་དེ་ཁང་པ་བཟོ་བ་ཡིན། རི་སྐྱེས་ལ་ལ་གཞི་བདག་གི་སྒོ་ཟོག་དང་ལ་ལ་ལྷ་བྱ་ཡིན་ཟེར་ནས་གཏན་ནས་མི་གསོད་ལ། གཞན་པའི་སྲོག་ཆགས་ཡོད་དོ་ཅོག་སྙིང་རྗེའི་ཡུལ་དུ་བྱས་ནས་གང་ཐུབ་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད། བྱ་སྤྱོད་འདི་དག་ནི་དེང་སྐབས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུའི་འབོད་སྐུལ་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་སོང་ཡོད་ལ། ང་ཚོས་མུ་མཐུད་དུ་ཀུན་སྤྱོད་བཟང་པོ་རྒྱུད་འཛིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དང་བྱང་ཚད་མཐོ་རུ་གཏོང་དགོས་སོ།།
                                                                         
རྩོམ་པ་པོ་ནི་མཚོ་སྔོན་མི་རིགས་སློང་ཆེན་༢༠༠༦ལོའི་ཞིབ་འཇུག་སློབ་མ་ཡིན།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060