| ཇིསྐད་དུ། “མི་ཤེས་པ་ཡི་ཤེས་བྱ་ལ། ། རྣམ་གཞག་བྱེད་པ་མཚང་ཡིན་ཏེ། ། ”ཞེས་གསུངས་པ་ལྟར། གཏན་ཚིགས་རིག་པའི་གཞང་ཆ་ཚང་ཞིག་སློབ་པའི་སྐལ་བ་དང་། ཁྱད་པར་དུ་གྲོགས་རིགས་པ་སྨྲ་བ་རྣམས་དང་ལོ་ཟླ་ཁོར་ཡུག་གི་ཡུན་ལ་ཀུ་ཤའི་རྩེ་ལྟར་མ་འདྲེས་དང་ལོ་ཟླ་ཁོར་ཡུག་གི་ཡུན་ལ་ཀུ་ཤའི་རྩེ་ལྟར་མ་འདྲེས་པའི་ཚིག་གི་ཞིབ་ཆ་ཕྲ་མོ་དང་བཅས་རྩོད་པས་བརྡར་ཤ་གཅོད་པའི་སྐལ་བ་མ་ལྡན་པས། ཟབ་གསལ་མྱུར་བའི་ཁྱད་ཆོས་ལྡན་པའི་ཤེས་རབ་དེ་རང་རྒྱུད་ལ་སྐྱེ་བར་མ་གྱུར་ཞིང་། ཚད་མ་རིག་པའི་ཕྱོགས་ནས་ཡིན་མིན་བཤད་པའི་སྤོབས་པ་ཧ་ཅང་ཕྲ་བ་དང་། བཤད་ཀྱང་རང་མཚང་ངོམ་པ་ལས་འོས་མ་མཆིས་མོད། འོན་ཀྱང་རིན་ཆེན་གསེར་གྱི་ནོར་བུ་ལས་ལྷག་པའི་རིག་གནས་འདི་ལོག་བཤད་ཀྱི་སྐྱོན་གྱིས་མ་གོས་པར་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ཚུལ་དུ་རང་རང་ལ་མཐོང་ཐོས་གོམས་གསུམ་ཡོད་མེད་ཀྱི་ཁྱད་པར་གྱི་སྟེང་ནས་ཕན་ཚུན་ལ་བློ་བསྐྱེད་དང་བསམ་བློ་བརྗེ་རེས་བྱས་ནས་ཅི་ནུས་ཀྱིས་གོང་འཕེལ་དུ་བཏང་སྟེ་གཅེས་སྤྲས་བྱེད་རྒྱུ་ནི་འོ་སྐོལ་གྱི་འོས་འགན་ཡིན་པར་གསུངས་པ་དེས་ངར་བསྐྱེད་ནས་འདིར《རྗེས་ཁྱབ་དང་དངོས་ཁྱབ་གཉིས་ཀྱི་ཁྱད་པར་ཅུང་ཙམ་དཔྱད་པ》(2001ལོའི《རྩེར་སྙེག》དེབ་གཉིས་པའི་སྟེང་དུ་བཀོད་ཡོད)ལ་རགས་ཙམ་དཔྱད་པར་བྱ། 《རྗེས་དངོས་ཁྱབ་ཀྱི་ཁྱད་པར་དཔྱད་པ》ཡི་རྩོམ་ཡིག་འདིས། རྗེས་ཁྱབ་དང་དངོས་ཁྱབ་ཀྱི་ཁྱད་པར་བཤད་པ་ལེགས་ཤིང་། གཞན་ལུགས་དགག་པའི་རིགས་པ་རྣོ་བ། ཁྱད་པར་དུ་རྗེས་ཁྱབ་ཀྱི་གོ་དོན། རྗེས་ཁྱབ་རྟོགས་ཚུལ། དེ་ཡང་དཔེ་ཡི་སྟེང་ནས་བས་མི་རྟག་གི་འབྲེལ་བ་སྔོན་དུའགྲོ་ཚུལ། རྟགས་བྱས་པ་དེ་རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་ཀྱི་ཟུར་བཞིའི་ཁྱད་པར་དུ་བྱེད་ཚུལ་བཅས་བཤད་པའི་རིགས་ལམ་གསལ་ཞིང་ཞིབ་ཆ་ཆེ་བས། བློ་སྐྱེད་མི་དམན་པ་སྟེར། ཡིན་ན་ཡང་། 《ཚད་མ་རིག་པའི“ཁྱབ་པ”ཞེས་པའི་ཐ་སྙད་ལ་དཔྱད་པ》ཞེས་པའི“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར་ཞེས་པ་ཚུལ་གསུམ་ཚང་ཚུལ་དང་། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན”གཉིས་ཕྱོགས་སྔར་བཀོད་ནས་བཀག་པ་ནི“འདྲེ་ཤར་སྒོ་དང་གླུད་ནུབ་སྒོ”ཞེས་པའི་དཔེར་སོང་བ་སོགས་སྐྱོན་ཡང་མཆིས། 《རྗེས་དངོས་ཁྱབ་ཀྱི་ཁྱད་པར་དཔྱད་པ》ལས། “དང་པོCནིBཡིན་པ་ཕྱོགས་ཆོས་དང་། Bཡིན་ནAཡིན་པ་ནི་རྗེས་ཁྱབ་སྟེ་རྟགས་ཀྱི་ཚུལ་གསུམ་ཚང་ཚུལ་འདྲབའི་ཕྱིར། ཞེས་ཚུལ་གསུམ་ཚང་ཚུལ་བཤད་ཡོད་ལ། དེ་ལ་ཚུལ་གསུམ་ཚང་ཚུལ་ཡང་མེད་དེ། ཁྱོད་ཀྱིས་བཀོད་པའིCཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་འདི་ནི། ག་ཆོས་ཅན། ཀ་ཡིན་ཏེ། ཁ་ཡིན་པའི་ཕྱིར་། ཞེས་པའི་སྦྱོར་བ་དང་མཚུངས་ལ། གཞན་ཡང་གཟུགས་ཆོས་ཅན། དྲི་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་ལྟ་བུ་དང་གཉིས་སུ་མ་མཆིས”ཞེས་གསུངས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། འོ་ན། ཁྱོད་ཀྱིས་བཀོད་པའི“ག་ཆོས་ཅན། ཀ་ཡིན་ཏེ། ཁ་ཡིན་པའི་ཕྱིར”ཞེས་པའི་སྦྱོར་བ་འདིའི་སྔོན་འགྲོ་ཆ་རྐྱེན་ངོས་འཛིན་རྒྱུ་ཨེ་ཡོད། ཡོད་ན་གང་ཡིན། ག་ཀ་ཁ་གསུམ་མཚོན་རྟགས་ཨེ་ཡིན། མཚོན་རྟགས་ཡིན་ན་དེ་དག་གི་མཚོན་བྱ་གང་དག་ཡིན། “ག་ཆོས་ཅན། ཀ་ཡིན་ཏེ། ཁ་ཡིན་པའི་ཕྱིར”ཞེས་པའི་སྦྱོར་བ་འདིའི་སྔོན་འགྲོ་ཆ་རྐྱེན་ངོས་འཛིན་རྒྱུ་ཨེ་མེད་ལ། ག་ཀ་ཁ་གསུམ་གྱི་མཚན་བྱའང་མེད་པར“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར”ཞེས་པའི་སྦྱོར་བ་དང་མཚུངས་ཚུལ་ཇི་ལྟར་ཡིན། 《ཚད་མ་རིག་པའི“ཁྱབ་པ”ཞེས་པའི་ཐ་སྙད་ལ་དཔྱད་པ》ཞེས་པར“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར”ཞེས་པའི་སྦྱོར་བ་འདི་འབྲེལ་བ་དོན་མེད་ཀྱི་རྟགས་ཆོས་གཞི་གསུམ་ཕྱོགས་གཅིག་ཏུ་སྤུངས་པ་མིན་ཏེ། དེ་ཉིད་ལས། “Bཡིན་ནAཡིན། Cཡིན་ནBཡིན། དེ་བསCནིAཡིན། ”ཞེས་དང“སྦྱོར་བ་འདི་ང་ཚོ་བོད་ཀྱི་རྟགས་སྦྱོར་ལྟར་བཀོད་ན། Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར། ཞེས་ལྟ་བུ་ཡིན། ”ཞེས“Bཡིན་ནAཡིན། Cཡིན་ནBཡིན། དེ་བསCནིAཡིན”ཞེས་པའི་ཚན་གསུམ་སྒྲུབ་ངག(三段论)གི་སྔོན་འགྲོ་ཆ་རྐྱེན་དང་བསྒྲུབ་བྱ་གཉིས་བདག་གཅིག་འབྲེལ་ཡིན་པ་ལ་བརྟེན་ནས་དེ་ནི་རྟགས་སྦྱོར་ལྟར“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར”ཞེས་བཀོད་པ་ཡིན། དེ་ཡང་ཅུང་གསལ་བོར་བཤད་ན། “Bཡིན་ནAཡིན། Cཡིན་ནBཡིན། དེ་བསCནིAཡིན”ཞེས་པ་ལྟ་བུའི་ཚན་གསུམ་སྒྲུབ་ངག་ནི་སྔོན་འགྲོའི་ཆ་རྐྱེན་ཆེ་བ་དང་། སྔོན་འགྲོའི་ཆ་རྐྱེན་ཆུང་བ། བསྒྲུབ་བྱ་གསུམ་གྱིས་གྲུབ་པར་མ་ཟད། དེར་ཕྱོགས་ཆེ་བ་དང་། ཕྱོགས་འབྲིང་བ། ཕྱོགས་ཆུང་བ་གསུམ་ཡང་འདུས། སྔོན་འགྲོ་ཆ་རྐྱེན་ཆེ་ཆུང་གཉིས་ཀྱི་ནང་དུ་ཐུན་མོང་དུ་ཡོད་པའི་ཕྱོགས་ནི་ཕྱོགས་འབྲིང་བ་ཡིན། དེ་ནི“B”ཡིས་མཚོན་པ་དང་། སྔོན་འགྲོའི་ཆ་རྐྱེན་ཆེ་བ་དང་བསྒྲུབ་བྱ་གཉིས་ཀའི་ནང་དུ་ཐུན་མོང་དུ་ཡོད་པའི་ཕྱོགས་ནི་ཕྱོགས་ཆེ་བ་ཡིན། དེ་ནི“A”ཡིས་མཚོན་པ་དང་། སྔོན་འགྲོའི་ཆ་རྐྱེན་ཆུང་བ་དང་བསྒྲུབ་བྱ་གཉིས་ཀའི་ནང་དུ་ཐུན་མོང་དུ་ཡོད་པའི་ཕྱོགས་ནི་ཕྱོགས་ཆུང་བ་ཡིན། དེ་ནི“C”ཡིས་མཚོན་པ་ཡིན། ཕྱོགས་ཆེ་བ་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ལ་སྔོན་འགྲོའི་ཆ་རྐྱེན་ཆེ་བ་ཟེར། དེ་ནི“Bཡིན་ནAཡིན”ལྟ་བུ་དང་། ཕྱོགས་ཆུང་བ་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ལ་སྔོན་འགྲོའི་ཆ་རྐྱེན་ཆུང་བ་ཟེར། དེ་ནི“Cཡིན་ནBཡིན”ལྟ་བུ་ཡིན། སྔོན་འགྲོའི་ཆ་རྐྱེན་དེ་གཉིས་ལ་བརྟེན་ནས་གསར་དུ་རྟོགས་པའི་ཆོས་དེ་ལ་བསྒྲུབ་བྱ་ཟེར། དེ་ནི“CནིAཡིན”ལྟ་བུ་ཡིན། “ཡིན་ན”དང“དེ་བས”གཉིས་ཀྱི་ནང་དོན་ལ་འགྱུར་བ་མེད་པས“བརྟན་ཕྱོགས”ཟེར། དེ་ཡང་མཚོན་བྱ་ལ་སྦྱར་ནས་བཤད་ན། དཔེར་ན། “བྱས་པ་ཡིན་ན་མི་རྟག་པ་ཡིན། སྒྲ་ཡིན་ན་བྱས་པ་ཡིན། དེ་བས་སྒྲ་ནི་མི་རྟག་པ་ཡིན། ”ཞེས་པའི་ཚན་གསུམ་སྒྲུབ་ངག་གི་སྔོན་འགྲོའི་ཆ་རྐྱེན་གཉིས་ཀའི་ཐུན་མོང་བའི་ཆོས“བྱས་པ”ཡིན་ལ། དེས“སྒྲ”དང“མི་རྟག་པ”གཉིས་ཀྱི་འབྲེལ་བ་བསྟན་པ་ལ་བརྟེན་ནས་དོན་གྱི་བསྒྲུབ་བྱ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེས་པ་ཡིན། དེ་དང་སྐབས་སུ་བབ་པའི་རྒོལ་བའི་ངོར“སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ”ཞེས་པའི་ཚུལ་གསུམ་ཡིན་པའི་སྒྲུབ་ངག་འདིས་ཀྱང་བྱས་པའི་རྟགས་ཀྱིས“སྒྲ”དང“མི་རྟག་པ”གཉིས་ཀྱི་འབྲེལ་བ་བསྟན་པ་ལ་བརྟེན་ནས་དོན་གྱི་བསྒྲུབ་བྱ་སྒྲ་མི་ངོག་པར་རྟོགས་པའི་རྗེས་དཔག་སྐྱེས་པ་ཡིན། དེས་ན་ཚན་གསུམ་སྒྲུབ་ངག་གིས་ངེས་ཟིན་པའི་སྔོན་འགྲོའི་ཆ་རྐྱེན་གཉིས་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པ་དང་། ཚུལ་གསུམ་ཡིན་པའི་སྦྱོར་བས་ཕྱོགས་ཁྱབ་ངེས་པ་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པར་བྱེད་པས། “Bཡིན་ནAཡིན། Cཡིན་ནBཡིན། དེ་བསCནིAཡིན། ”ཞེས་པའི་སྔོན་འགྲོའི་ཆ་རྐྱེན་ངེས་པའི་ཚན་གསུམ་སྒྲུབ་ངག་འདི་དང་ཚུལ་གསུམ་ཡིན་པའི་སྦྱོར་བ་གཉིས་མཚུངས་པར་བཤད་པ་ཡིན། དེ་བཞིན་དུ་ཚན་གསུམ་སྒྲུབ་ངག་དང་གཞན་དོན་རྗེས་དཔག་གི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་འདྲ་བ་ཡིན་ཏེ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་སྐབས་སུ་བབ་པའི་རྒོལ་བའི་ངོར། “གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། ”ཞེས་པའི་སྒྲུབ་ངག་ལྟ་བུའི“སྒྲ་ནི་བྱས་པ”དང“བྱས་ན་མི་རྟག་པས་ཁྱབ་པ”སྟེ་ཕྱོགས་ཆོས་བརྗོད་པའི་ཡན་ལག་དང་རྗེས་ཁྱབ་བརྗོད་པའི་ཡན་ལག་གཉིས་དངོས་སུ་བརྗོད་པ་ལ་བརྟེན་ནས་རྒོལ་བ་དེའི་རྒྱུད་ལ་དོན་གྱི་བསྒྲུབ་བྱ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེས་པར་བཅུག་པ་ཡིན། དེས་ན་ཚན་གསུམ་སྒྲུབ་ངག་གི་སྔོན་འགྲོའི་ཆ་རྐྱེན་ཆུང་བ་ནི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་ཕྱོགས་ཆོས་བརྗོད་པའི་ཡན་ལག་དང་འདྲ་ཞིང་། ཚན་གསུམ་སྒྲུབ་ངག་གི་སྔོན་འགྲོའི་ཆ་རྐྱེན་ཆེ་བ་ནི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་རྗེས་ཁྱབ་བརྗོད་པའི་ཡན་ལག་དང་འདྲ་བས། ཚན་གསུམ་སྒྲུབ་ངག་དང་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གང་ཡིན་ཡང་ཕྱོགས་ཆོས་བརྗོད་པའི་ཡན་ལག་དང་རྗེས་ཁྱབ་བརྗོད་པའི་ཡན་ལག་གཉིས་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ནོ། ། གོང་དུ་བཀོད་པའི་ཚན་གསུམ་སྒྲུབ་ངག་དེའི་ཁྲོད་ཀྱི་སྒྲའི་མཚོན་རྟགས“C”ཡིན་པ་དང་། བྱས་པའི་མཚོན་རྟགས“B”ཡིན། མི་རྟག་པའི་མཚོན་རྟགས“A”ཡིན། འདི་དང་ཁྱོད་ཀྱིས་སྒྲུབ་བྱེད་དུ་བཀོད་པའི“གཟུགས་ཆོས་ཅན། དྲི་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་ལྟ་བུ་གཉིས་སུ་མ་མཆིས”པ་ཨེ་རེད། ཡིན་ན་སྒྲ་ཡིན་ན་དྲི་ཡིན་པ་དང་། གཟུགས་ཡིན་ན་སྒྲ་ཡིན། དེ་བས་གཟུགས་ནི་དྲི་ཡིན་པར་མི་འགྱུར་རམ། དེ་ཕྱིར། དེ་གཉིས“གཉིས་སུ་མ་མཆིས་པར”བཤད་པ་དེ་ལ“རི་བོང་རྭ་མེད་ལ་རི་བོང་རྭའི་ཁ་དོག་བཤད་པ”《རྗེས་དངོས་ཁྱབ་དཔྱད་པ། 》 ཞེས་པའི་ཆོ་ལོ་དོན་གྱིས་ཐོབ་སོང་། ཡང་ 《རྗེས་དངོས་ཁྱབ་དཔྱད་པ་》ལས། “BདེCAརུ་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡང་མིན་ལ་རྟགས་ཡང་དག་ཀྱང་མ་ཡིན་པའི་ཕྱིར།” ཞེས་པའི་ཚིག་ཟུར་གྱི་“ཚུལ་གསུམ་ཡང་མིན་ལ་རྟགས་ཡང་དག་ཀྱང་མ་ཡིན”ཞེས་པ་ཟློས་སྐྱོན་བྱུང་ཡོད་པར་མ་ཟད། དེ་གཉིས་ཀྱི་འབྲེལ་བ་མི་ཤེས་པ་ལ་དེ་ལྟར་བརྗོད་པས་དེ་གཉིས་ནི་དངོས་པོ་དང་ཤེས་བྱ་ལྟ་བུའི་འབྲེལ་བ་ཡིན་ནམ། དབྱིབས་དང་ཁ་དོག་ལྟ་བུའི་འབྲེལ་བ་ཡིན་ནམ་སྙམ་པའི་ཐེ་ཚོམ་བསྐྱེད་པའི་ཕྱིར། སྐབས་སུ་བབ་པའི་དོན་གྱི་ཆ་ནས། ད་ལྟ་གཏན་ཚིགས་ལ་རིགས་ཀྱི་སྒོ་ནས་རྩོད་སྒྲུབ་ཀྱི་གཏན་ཚིགས་དང་ཕྱི་ཚུལ་གྱི་གཏན་ཚིགས་གཉིས་ཡོད་ལ། ཕྱི་ཚུལ་གྱི་གཏན་ཚིགས་ལ་གནའ་རབས་ཕྱི་ཚུལ་གྱི་གཏན་ཚིགས་དང་དེང་རབས་ཕྱི་ཚུལ་གྱི་གཏན་ཚིགས་གཉིས་ཡོད། དེང་རབས་ཕྱི་ཚུལ་གྱི་གཏན་ཚིགས་དེ་ནི་གཙོ་བོ་རྩིས་ལུགས་གཏན་ཚིགས་(འདི་ལ་མཚོན་རྟགས་གཏན་ཚིགས་ཡང་ཟེར)ལ་སྟོན་པ་ཡིན་ཞིང་། ABCལྟ་བུ་མཚོན་རྟགས་ཡིན་པ་དང་། མཚོན་རྟགས་དེ་དག་ལ་མཚོན་བྱ་ངེས་ཅན་རེ་ཡོད་པ་གོང་དུ་ཞུས་པ་ལས་རྟོགས་ཐུབ། དེས་ན་སྐབས་འདིར་“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར།”ཞེས་པའི་Cཡིས་མཚོན་བྱ་སྒྲ་ཡིན་པ་དང་། Aཡིས་མཚོན་བྱ་མི་རྟག་པ་ཡིན། Bཡིས་མཚོན་བྱ་བྱས་པ་ཡིན་པས། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཏེ། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཏེ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱང་ཡིན། ཁྱོད་སྒྲ་དང་ཕན་ཚུན་ཐ་དད་པའི་ཚུལ་གྱིས་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། ཁྱོད་སྒྲ་མི་རྟག་པ་ལ་འབྲེལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་ཏེ། བུམ་པ་དེ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་དང་། སྒྲུབ་ཚུལ་ཡིན་པ་སྒྲུབ་ཡིན། ཁྱོད་མི་རྟག་པ་ཡིན། ཁྱོད་ཡིན་ན་མི་རྟག་པ་ཡིན་དགོས་སོ།། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་དང་མི་ལྡན་པའི་མི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་ལ་འབྲེལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ཚད་མས་ངེས་པ་ཡིན་ཏེ། འདུས་མ་བྱས་ཀྱི་ནམ་མཁའ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་གཉིས་དང་མི་ལྡན་པའི་མི་མཐུན་དཔེ་ཡང་དག་ཡིན་པ་དང་། ཁྱོད་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། མི་རྟག་པ་མ་ཡིན་པ་ལ་བྱས་པ་མེད་པའི་ཕྱིར། དེས་ན་Bདེ་CAརུ་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་ཏེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིར་དེ་གཉིས་མཚོན་བྱ་མཚོན་བྱེད་ཡིན་ནོ།། ཡང་《རྗེས་དངོས་ཁྱབ་དཔྱད་པ་》ལས། “CདེBཡིན་པར་རྟོགས་རྒྱུའང་མེད་ལ། དེ་ངེས་ནས་Aཡིན་མིན་ལ་ཤེས་འདོད་ཞུགས་རྒྱུ་དེ་བས་ཀྱང་མི་སྲིད།”ཅེས་དང་། “BདེC Aརུ་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར”སོགས་ཡོད་པ་རྣམས་གོང་གི་བྱས་པ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་བསྒྲུབས་པ་དེས་འཐུས་པས། འདིར་རེ་རེ་ནས་དགག་པའི་དགོས་པ་མ་མཆིས། གཞན་ཡང་《རྗེས་དངོས་ཁྱབ་དཔྱད་པ་》ལས། “གཉིས་པ་རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན་ཞེས་པ་མི་འཐད་དེ། ཡོད་པ་གང་ཞིག་དངོས་པོ་མ་ཡིན་ཞེས་ཚེ་རྟག་པའི་སྟེང་བབས་ཡོད་པ་ཡང་མ་ཡིན་པ་ཞེས་ཚེ་དངོས་པོའི་སྟེང་དུ་བབས་ཡོད། དེ་ལྟར་ན་རྟག་པ་མ་ཡིན་ན། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པའི་ཕྱིར།”ཞེས་པ་ནི་རང་མགོ་ཆུ་འདྲེན་གྱི་དཔེར་སོང་ཡོད་དེ། ཁྱོད་རང་ལ། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པར་ཐལ། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པ་མ་ཡིན་པའི་ཕྱིར། འདོད་ན། ར་བོད་རྭ་ཆོས་ཅན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རི་བོང་རྭ་ཆོས་ཅན། ཡོད་པ་གང་ཞིག དངོས་པོ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རི་བོང་རྭ་ཆོས་ཅན། ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། ཡོད་པ་གང་ཞིགདངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མེད་པ་ཡིན་པའི་ཕྱིར། འདིར་ཁྱོད་ཀྱི་དབུ་འཐོམས་པར་འཇུག་བྱེད་ནི“ཡོད་པ་གང་ཞིག”ཅེས་པ་འདི་རེད། དེའི་དབང་གིས་ཁྱོད་ཀྱིས་རི་བོང་རྭ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་ལེན་དགོས་པ་བྱུང་། ཡོད་པ་གང་ཞིག་སྦྱོར་སའི་གནས་མི་འདྲ་བས་དེའི་ནུས་པའང་མི་འདྲ་སྟེ། དཔེར་ན། ཡོད་པ་གང་ཞིགརྟག་པ་མ་ཡིན་ན། དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་ལ། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པ་གོང་དུ་བསྒྲུབས་ཟིན་པ་ལྟར་ཡིན། དེས་ན་ཡོད་པ་གང་ཞིག་སྔོན་དུ་སྦྱོར་བ་དང་བར་དུ་སྦྱོར་བ་ལ་གནམ་སའི་ཁྱད་པར་ཡོད་པ་ཐུགས་སུ་ཆུད་པར་འཚལ། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་ཅེས་པ་འདི་ནི་སྦྱོར་བ་སྐོར་ཞིག་གི་སྟེང་དུ་དངོས་ཁྱབ་གྲུབ་ཀྱང་ཟློག་ཁྱབ་མ་གྲུབ་པའི་དཔེ་བསྟན་པ་ཡིན་ཏེ། 《ཚད་མའི“ཁྱབ་པ”དཔྱད་པ》ལས། “དངོས་བཟློག་གི་ཁྱབ་པ་ནི་སྦྱོར་བ་སྐོར་གཅིག་གི་སྟེང་དུ་གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་མི་དགོས་ཏེ། དཔེར་ན། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་དངོས་ཁྱབ་གྲུབ་ཀྱང་བཟློག་ཁྱབ་མ་གྲུབ་པ་ཡིན། གཉིས་པ་བཟློག་ཁྱབ་མ་གྲུབ་སྟེ། ཐལ་འགྱུར་དེའི་བཟློག་ཁྱབ་སློང་ཚེ། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པའི་ཕྱིར། ”ཞེས་རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་ཅེས་པ་འདིས“རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། ”ཞེས་པའི་ཐལ་འགྱུར་འདིའི་བཟློག་ཁྱབ་མ་གྲུབ་པ་བསྟན། ད་དུང་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ཁས་མི་ལེན་ན། རིགས་པའི་དབང་ཕྱུག་བསེ་ངག་དབང་བཀྲ་ཤིས་ཀྱིས“རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་བཟློག་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་སློང་བའི་ཚེ་ན། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་སློང་རིགས་པ་གང་ཞིག རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རི་བོང་རྭ་ཆོས་ཅན། 《ཚད་མའི་དགོངས་རྒྱན་རྩ་འགྲེལ་མཁས་པའི་མགུལ་རྒྱན》མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གསུམ་པའིP175)ཞེས་རྟག་པ་མ་ཡིན་ན། ཡོང་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པར་གསུངས་པའི་ཕྱིར། ཁོང་ལའང“ཡོད་པ་གང་ཞིག་སྦྱར་མེད་ཚེ། ཁྱོད་ཀྱི་རི་བོང་རྭ་རྩོད་གཞིར་བཟུང་ནས་ཕངས་ན་ལེགས་མོད་ཀྱང་ཡོད་པ་གང་ཞིག་གི་ནུས་པས་ཁྱོད་ཀྱི་དེ་ལྟར་ཕངས་ན། རི་བོང་རྭ་ཡོད་པར་ཐལ་བའི་སྐྱོན་དང་རྟག་དངོས་གང་རུང་མ་ཡིན་པའི་ཡོད་པ་ཞིག་ཡོད་པ་སོགས་ཀྱི་སྐྱོན་འབྱུང་བ་ཁྱོད་ཀྱིས་ཤེས་སམ། ”(《རྗེས་དངོས་ཁྱབ་ཀྱི་དཔྱད་པ》)ཞེས་ཟེར་རྒྱུ་ཡིན་ནམ། རྒྱུ་མཚན་ནི། ཁོང་གིས་ཀྱང་རྟག་པ་མ་ཡིན་ན། ཡོད་པ་གང་ཞིགདངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པར་བཞེད་པ་དང་། རྟག་པ་མ་ཡིན་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པར་འདོད་པ་ལ། རི་བོང་རྭ་རྩོད་གཞིར་བཟུང་ནས་སུན་ཕྱུང་བའི་ཕྱིར། ད་ནི《རྗེས་དངོས་ཁྱབ་དཔྱད་པ》ཡི་རང་ལུགས་འཐད་ལྡན་དུ་བཞག་པ་ལ་ཅུང་ཙམ་དཔྱད་ན། དེ་ཉིད་ལས“དུང་སྒྲ་ཆོས་ཅན། སྒྲ་ཡིན་ཏེ། རྣ་ཤེས་ཀྱི་ཉན་བྱ་ཡིན་པའི་ཕྱིར། ལྟ་བུའི་རྣ་ཤེས་ཀྱི་ཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་སྦྱོར་བ་དེའི་རྗེས་ཁྱབ་ཡིན། ”ཞེས་བྱུང་བའི“དུང་སྒྲ་ཆོས་ཅན། སྒྲ་ཡིན་ཏེ། རྣ་ཤེས་ཀྱི་ཉན་བྱ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་སྦྱོར་བ་ཡང་དག་མིན་ཏེ། ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན། དེ་ཡང་དུང་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། དུང་སྒྲ་དེ་སྒྲ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། གསེར་བུམ་ཚད་མས་ངེས་པའི་གང་ཟག་ཡིན་ན། གསེར་བུམ་བུམ་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། སྒྲ་ཡོད་པ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་ཡོད་པ་དེ་ཡོད་པ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པ་དེ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དུང་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། དུང་སྒྲ་དེ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་སྟབས། ཕྱི་རྒོལ་དུང་སྒྲ་སྒྲ་ཡིན་མིན་ཤེས་འདོད་མེད་པས་དུང་སྒྲ་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མ་ཡིན་ལ། དེའི་ཕྱིར་ཉན་བྱ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་མ་ངེས་པས་ཕྱོགས་ཆོས་མ་གྲུབ་ལ། རྗེས་ཁྱབ་ཀྱང་མ་གྲུབ་སྟེ། ཉན་བྱའི་རྟགས་ཀྱིས་དུང་སྒྲ་སྒྲར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་མེད་པའི་ཕྱིར། མཐུན་དཔེ་ལ་བཞག་ན་རྟགས་གསལ་འཕེན་པའི་སྒྲ་དང་། ཐལ་མོ་བརྡབ་པའི་སྒྲ། རྔ་སྒྲ། རླུང་སྒྲ། ཆུ་སྒྲ། གླུ་ལེན་པའི་སྒྲ་སོགས་ལས་གང་རུང་ཞིག་འཇོག་དགོས་ལ། གླུ་ལེན་པའི་སྒྲ་མཐུན་དཔེར་བྱེད་པའི་དབང་དུ་བཏང་ན། དེ་ཡང་དུང་སྒྲའི་སྟེང་ནས་ཉན་བྱ་ཡིན་ན་སྒྲ་ཡིན་པས་ཁྱབ་པ་ཚད་མས་མ་ངེས་པའི་སྔ་རོལ་དུ་གླུ་ལེན་པའི་སྒྲའི་སྟེང་དུ་ཉན་བྱ་ཡིན་ན་སྒྲ་ཡིན་པས་ཁྱབ་པ་ཚད་མས་ངེས་དགོས་པ་ཞིག་ཡིན། ཡིན་ན་ཡང་། གླུ་ལེན་པའི་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། གླུ་ལེན་པའི་སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་པས། གླུ་ལེན་པའི་སྒྲ་སྒྲ་ཡིན་པར་ཚད་མས་ངེས་པ་ལ་ཉན་བྱའི་རྟགས་ལ་བརྟེན་མི་དགོས་པའི་ཕྱིར། དེ་ཕྱིར་གླུ་ལེན་པའི་སྒྲ་དེ་ཉན་བྱའི་རྟགས་ཀྱིས་དུང་སྒྲ་སྒྲར་སྒྲུབ་པར་བྱེད་པའི་རྟགས་ཆོས“གཉིས་ལྡན་གྱི་མཐུན་དཔེ་ཡང་དག་མིན་ནོ། ། ཡང“རྣ་ཤེས་ཀྱི་ཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་སྦྱོར་བ་དེའི་རྗེས་ཁྱབ་ཡིན་པ་དང་། “སྦྱོར་བ་དེའི་རྗེས་ཁྱབ་ལBཡིན་ནAཡིན་པས་ཁྱབ་པའམ་རྟགས་དེ་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་པས་ཁྱབ་པ་སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་བཞག་པ་ནི་མི་འཐད་དེ། ཞེས་པ་གཉིས་རང་ཚིག་སྔ་ཕྱི་འགལ་བའི་ཕྱིར། 《རྗེས་དངོས་ཁྱབ་དཔྱད་པ》ལས་རྗེས་ཁྱབ་དང་དངོས་ཁྱབ་གཉིས་ཀྱི་ཁྱད་པར་བཤད་པའི་སྐབས་སུ《སྡེ་བདུན་ཡིད་ཀྱི་མུན་སེལ》གྱི་ལུང་དྲངས་ནས་བསྒྲུབས་ནའང་། ལུང་དེས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དང་དངོས་ལྡོག་གཉིས་ཀྱི་ཁྱད་པར་གསུངས་པ་ལས་དངོས་ཁྱབ་དང་རྗེས་ཁྱབ་གཉིས་ཀྱི་ཁྱད་པར་གསུངས་པ་མིན་ཏེ། 《སྡེ་བདུན་ཡིད་ཀྱི་མུན་སེལ》ལས། “རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི་སྦྱོར་བ་སྐོར་གཅིག་གི་སྟེང་དུ་གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་མི་དགོས་སོ། ། དེ་ཡང་རྟགས་ཡང་དག་ལ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ཁྱབ་པ་ངེས་པར་གྲུབ་དགོས་ཤིང་། མ་གྲུབ་ན་རྟགས་ཡང་དག་ཏུ་མི་འགྱུར་ལ། དངོས་ཁྱབ་དང་གོ་བཟློག་གི་ཁྱབ་པ་གྲུབ་ཅིང་། ཕྱོགས་ཆོས་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་ཏེ། སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་བཞིན་ནོ། ། ཞེས་རྟགས་ཡང་དག་ཏུ་འགྱུར་མི་འགྱུར་ནི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་མ་གྲུབ་ལ་ལྟ་བ་ལས། དངོས་བཟློག་གི་ཁྱབ་པ་གྲུབ་མ་གྲུབ་ལ་ལྟ་དགོས་པ་མིན་པ་དང་། དངོས་བཟློག་གི་ཁྱབ་པ་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་བའི་རྒྱུ་མཚན་དེའི་སྟེང་ནས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དང་དངོས་བཟློག་གི་ཁྱབ་པ་གཉིས་ཀྱི་ཁྱད་པར་གསལ་བར་བསྟན་ནོ།། 《རྗེས་དངོས་ཁྱབ་དཔྱད་པ》ལས། “རྗེས་ཁྱབ་དང་དངོས་ཁྱབ་གཉིས་ཀ་མི་གྲུབ་པ་ནི། དཔེར་ན། Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར་ལྟ་བུ། ཞེས་པའི་སྦྱོར་བ་འདི་ཁྱོད་ཀྱི་ཐུགས་ལ་གང་ཤར་གྱིས་བཀོད་པ་ཡིན་ན་དེར་ཟད་ཀྱི། 《ཚད་མའི“ཁྱབ་པ”དཔྱད་པ》ལས་བཀོད་པ་དེར་གཟས་ནས་ཡིན་ན་དེའི་རྗེས་དངོས་ཁྱབ་གཉིས་ཀ་གྲུབ་པ་ཡིན་ཏེ། རྗེས་ཁྱབ་གྲུབ་པ“Cཆོས་ཅན། Aཡིན་ཏེ། Bཡིན་པའི་ཕྱིར། ”ཞེས་པའི་མཚོན་བྱ“སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར”ཞེས་པའི་སྟེང་ནས་བསྒྲུབས་ཟིན་ལ། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ་དངོས་ཁྱབ་ཡིན་པ་ཁྱོད་ཀྱིས་ཀྱང་འདོད་པའི་ཕྱིར། གཞན་ད་དུང་བརྟག་རྒྱུ་འགའ་ཡོད་ཀྱང་དགོས་པ་ཆུང་ཕྱིར་མཚམས་འཇོག་པར་བྱའོ། ། འདི་ནི་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ཆེད་དང་། བསམ་བློ་བརྗེ་རེས་ཀྱི་བརྒྱུད་རིམ་ཁྲོད་དུ་བློ་སྐྱེད་མེ་སྟག་ཙམ་རེ་བྱུང་ནའང་འབྲས་བུ་མི་ཆུང་བ་ཞིག་རེད་སྙམ་ནས་བྲིས་པ་ཡིན། འདིར་མ་རྟོགས་ལོག་བཤད་སོགས་ཀྱི་ཉེས་པ་མཆིས་པའི་རིགས་ལ་དཔྱོད་ལྡན་དག་གིས་ཉེས་སེལ་གནང་རྒྱུ་མཁྱེན། |