{ནང་དོན་གནད་བསྡུས།}འདིར་ཆོས་ལུགས་གཤིབ་བསྡུར་རིག་པའི་ཐབས་ལམ་སྤྱད་ནས་སྟོན་པ་སངས་རྒྱས་དང་གཙོ་བོ་ཡེ་ཤུ་གཉིས་ཀྱི་མཛད་འཕྲིན་ལ་མཐུན་ཆོས་ཡོད་ཚུལ་དང་། མཐུན་ཆོས་དེ་འདྲ་བྱུང་དགོས་པའི་རྒྱུ་རྐྱེན་རགས་ཙམ་གླེང་ཡོད།
{གནད་ཚིག}སྟོན་པ་སངས་རྒྱས། གཙོ་བོ་ཡེ་ཤུ། མཛད་འཕྲིན་གཤིབ་བསྡུར།
གླེང་གཞི།
རང་རེ་བོད་ཀྱི་བླ་སྤྲུལ་དང་བཙན་པོ་རིམ་བྱོན། རྒྱ་གར་ནག་གི་སྐྱེས་ཆེན་མི་དབང་རྣམ་པ། གཞན་ཞི་ལ་དང་རོ་མའི་ཆོས་དཔོན་སོགས་འཇིག་རྟེན་ན་ཆེ་བར་གྲགས་པའི་མི་སུ་ཞིག་ཡིན་རུང་། འཇིག་རྟེན་སྤྱི་སྲོལ་ལྟར་ན། དེ་དག་གི་སྐུའི་བྱོན་ཚུལ་དང་མཛད་རྣམ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་བཤད་ཚུལ་དང་ལྷ་སྒྲུང་ལྟ་བུའི་འགྲེལ་ཚུལ་ཞིག་ཡོད་པར་སྣང་། དེ་བཞིན་དུ་ཆེན་པོ་ལས་ཀྱང་ཆེན་པོ། གོང་མ་ལས་ཀྱང་གོང་མ། དམ་པ་ལས་ཀྱང་དམ་པ། འཇིག་རྟེན་གྱི་མིག་དང་མགོན་དུ་འཛིན་པའི་སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་འཁྲུངས་འདས་མཛད་པ་ལ་ཡང་ཐུན་མོང་སྣང་ཚོད་ལས་འདས་པའི་རྟགས་མཚན་དང་ངོ་མཚར་བའི་བརྗོད་པ་མང་དུ་མཆིས་སོ།། འོན་ཀྱང་བསམ་དགོས་པ་ཞིག་ལ། སྟོན་པ་དེ་གཉིས་ཀྱི་མཛད་པ་ལ་ཕྱོགས་མང་པོ་ནས་མཐུན་ཆོས་མང་དུ་མཆིས་ཤིང་སྐབས་ལ་ལར་མི་སྣ་གཅིག་གི་ཞིབ་འབྲི་དེ་ཅིག་ཤོས་ལ་དཔེ་བལྟས་ནས་བྱུང་བ་ལྟ་བུའི་ཚོར་སྣང་ཡང་སྟེར། དེ་བས། ང་ཚོས་སྟོན་པ་གཉིས་ཀྱི་མཛད་འཕྲིན་ལ་ཆོས་ལུགས་གཤིབ་བསྡུར་རིག་པའི་ཐབས་ལམ་སྤྱད་ནས་སྐབས་དེའི་སྤྱི་ཚོགས་གནས་བབ་དང་འབྲེལ་ནས་ཞིབ་མོར་དཔྱད་ན། ཕན་ཚུན་བར་ཤན་ཞུགས་ཡོད་མེད་དང་ཡོད་ན་གང་གིས་གང་ལ་ཤན་ཞུགས་ཚུལ་སོགས་གསལ་བོར་ཤེས་ཐུབ།
དང་པོ། སྐུ་འཇིག་རྟེན་དུ་བྱོན་ཚུལ་བསྡུར་ཏེ་བཤད་པ།
སྐུ་འཇིག་རྟེན་དུ་བྱོན་ཚུལ་བསྡུར་ཏེ་བཤད་པ་ལ་གསུམ་སྟེ། གནས་གང་ནས་འཕོས་ཚུལ་དང་། ལྷུམས་སུ་ཇི་ལྟར་ཞུགས་ཚུལ། སྐུ་བལྟམས་པའི་ཚུལ་ལོ།།
དང་པོ་གནས་གང་ནས་འཕོས་ཚུལ་ལ། སྟོན་པ་སངས་རྒྱས་ནི《རྒྱུད་བླ》རུ། དགའ་ལྡན་གནམ་ནས་འཕོ་བ་དང་།།
(1)ཞེས་དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》རུ། དེ་ཡང་སྔོན་གྱི་དུས་ན་མར་མེ་མཛད་ཀྱིས་ལུང་བསྟན་ཏེ། བྲམ་ཟེ་ཁྱེའུ་ཁྱོད་འདི་ནས་སྐྱེ་བ་བརྒྱུད་ནས་གཟུགས་ཁམས་སུ་བྱང་ཆུབ་སེམས་དཔའ་སྟོབས་ལྡན་སྙིང་བོ་ཞེས་བྱ་བར་གྱུར་ནས་དེར་དོན་བྱེད་དོ།། དེ་ནས་འདོད་ཁམས་སུ་དམ་པ་ཏོག་དཀར་པོར་གྱུར་ནས་དགའ་ལྡན་པ་རྣམས་ལ་ཆོས་སྟོན་ནོ།། དེ་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་བྱས་ནས་སླར་འོག་མིན་དུ་ཆོས་ཀྱི་སྐུ་ལ་ཐིམ་པར་འགྱུར་རོ(2)ཞེས་དང་། 《གུ་བཀྲའི་ཆོས་འབྱུང 》དུ། དེ་ཡང་འདི་སྐད་ཅེས་ཐོས་ཏེ། བདག་ཅག་གི་སྟོན་པ་འདི་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་ཞིང་བཞུགས་པ་ལ། འཛམ་བུའི་གླིང་པ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་དེར་གཤེགས(3)ཞེས་སོགས་བྱུང་བ་ལྟར་ན་གང་ནས་འཕོས་པའི་གནས་ནི་དགའ་ལྡན་དང་ལུང་སྟོན་མཁན་ནི་མར་མེ་མཛད་དོ།། སྟོན་པ་ཡེ་ཤུ་གང་ནས་འཕོས་པའི་གནས་ནི། 《ཡར་ཧཱན་གྱི་འཕྲིན་བཟང》དུ། གནམ་བདག་ཉིད་མི་རྣམས་ལ་ཤིན་ཏུ་བརྩེ་བ་ཆེ་བས་རང་གི་བུ་གཅིག་པུའམ་ངོ་བོ་དབྱེར་མེད་ཀྱི་མེ་ཤུ་ཁོ་རང་འཇིག་རྟེན་དུ་མངགས(4)ཞེས་དང་། 《མཱ་ཁུའི་འཕྲིན་བཟང》དུ་ཡང་། ཡེ་ཤུ་ནི་བསྐལ་བ་དུ་མའི་སྔོན་རོལ་ནས་གནམ་བདག་གིས་ཆེད་དུ་འཇིག་རྟེན་པའི་མགོན་དུ་མངགས་པའི་སྐྱབས་གཅིག་པུ་ཡིན། (5)ཞེས་གསུངས་པར་གཞིགས་ན། ཡེ་ཤུ་ཁོ་རང་ཡང་གནམ་བདག་གི་ལུང་བསྟན་ལ་བརྟེན་ནས་གནམ་བདག་གི་ཞིང་ཁམས་ནས་མི་ཡུལ་དུ་བྱོན་པ་ཤེས་ཐུབ། གཞན་ཡང་། 《གུ་བཀྲའི་ཆོས་འབྱུང》དུ། འཛམ་བུའི་གླིང་པ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་གཟིགས་པ་ལྔས་གཟིགས་ཏེ། ཡུལ་ལྷོ་འཛམ་གླིང་གི་ཡུལ་དབུས། རིགས་མང་བཀུར་བའི་རྒྱལ་རྒྱུད། དུས་མཐའ་གཉིས་དང་བྲལ་བ། བུད་མེད་ཚེ་རབས་མང་པོར་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་ཐེབས་པ་སྒྱུ་འཕྲུལ་ལྷ་མོ། རུས་ཤཱཀྱ་རིགས་བདུན་རྒྱུད་ཚུན་ལ་སྐྱོན་མེད་པ་རྣམས་ལ་གཟིགས་ནས། དེའི་ཚེ་བྱང་ཆུབ་སེམས་དཔས་ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ། རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་རྩི་རྟོགས་པར་བྱའོ།། (6)ཞེས་སྟོན་པ་སངས་རྒྱས་ཉིད་ལ་གཟིགས་པ་རྣམ་པ་ལྔ་ཡོད་པ་བཞིན་དུ་ཡེ་ཤུར་ཡང་ཡོད་དེ། 《དམ་པའི་གསུང་རབ་གསར་བ》རུ། རིགས་མེ་ཏོག་མ་མ་ལེ་ཡཱ། (7)ཞེས་དང་། དེ་བཞིན་དུ《དམ་པའི་གསུང་རབ་གསར་རྙིང》གཉིས་ཀྱི་དངོས་ཤུགས་གང་རུང་ལ་བལྟས་ནས་བཤད་ན། ཡེ་ཤུ་ཁོ་རང་གིས་ཡུལ་ཆོས་ཀྱི་གནས་ཆེན་པོ་ཡཱར་ལུན་ས་ལི་དང་། རུས་གནམ་བདག་དང་ཉེ་བར། འབྲེལ་བའི་ཡེའུ་ཐེ་རིགས་རྒྱུད། དུས་ཡིའུ་ཐེ་བ་རྣམས་ཀྱིས་འཇིག་རྟེན་པའི་སྐྱབས་མགོན་བྱོན་པར་རེ་བའི་སྐབས་སོགས་ལ་གཟིགས་ཡོད་ཚུལ་ཤེས་ཐུབ།
གཉིས་པ་ལྷུམས་སུ་ཞུགས་ཚུལ་བཤད་པ་ལ། སྟོན་པ་སངས་རྒྱས་ནི། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ། དེ་ནས་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པ་ཡུམ་གྱི་རྨི་ལམ་གྱི་སྣང་ངོར་སྟོན་བཞིན་དུ་ཡུམ་སྒྱུ་མ་ལྷ་མཛེས་མ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས། (8)ཞེས་དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》རུ། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པ་གཅིག་ཏུ་སྤྲུལ་ན་ལེགས་ཞེས་པ་དང་། དེ་ལྟར་ཡིན་གསུངས་ནས་ལྷ་ལས་བབས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས། (9)ཞེས་གསུངས། གཙོ་བོ་ཡེ་ཤུ་ནི། 《དམ་པའི་གསུང་རབ་གསར་བ》རུ། གནམ་བདག་གི་ཐུགས་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་ཡེ་ཤུ་ཉིད་ཡུམ་གྱི་ལྷུམས་སུ་རང་བཞིན་དུ་འཁོར། (10)ཞེས་དང་། 《ལོ་ཅཱའི་འཕྲིན་བཟང》དུ། གནམ་བདག་གི་ཐུགས་ཉིད་མ་ལེ་ཡུའི་ལྷུམས་སུ་ཞུགས་པས་གནམ་བདག་དང་ངོ་བོ་དབྱེར་མེད་ཀྱི་ཡེ་ཤུ་འཁྲུངས་པར་བཤད(11)ཅེས་དང་། 《ཆོས་ལུགས་རྣམ་བཤད》དུ་ཡང་། མཚན་ཞིག་ལ་མ་ལེ་ཡཱའི་རྨི་ལམ་དུ་ལྷའི་ཕོ་ཉ་མང་པོ་བྱོན་ནས་ཡེ་ཤུ་རང་ལུས་ལ་ཞུགས་པའི་ལུང་བསྟན་གནང་བར(12)བཤད་དོ།།
གསུམ་པ་སྐུ་བལྟམས་ཚུལ་བཤད་པ་ལ། སྟོན་པ་སངས་རྒྱས་མཆོག་ནི། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》རུ། མཚན་མཁན་ལ་དྲིས་པས། རྒྱལ་བུ་དེ་ནི་མདུན་སར་བལྟམས་སུ་མི་འདོད་ནགས་མཐར་དབེན་པར་གཤེགས་དགོས་གསུངས་ནས། ཡུམ་འཁོར་དང་བཅས་པ་ལུམྦི་ནིའི་ནགས་ཚལ་དུ་གཤེགས་པ་དང་སྙུང་ལས་ཏེ་བྱང་ཆུབ་ཀྱི་ཤིང་ཀླག་ཤིའི་ཡལ་ག་ལ་ཕྱག་འཇུས་པ་ཙམ་གྱིས་རྩིབ་མ་གཡས་ཀྱི་ཀོ་བར་ནས་གློག་འབྱུང་བའི་ཚུལ་དུ་སྐད་ཅིག་ལ་བལྟམས། དེ་ནས་ཚངས་པ་དང་བརྒྱ་བྱིན་བུད་མེད་རྒན་མོར་སྤྲུལ་ནས་དར་དཀར་གྱི་ཁུག་མར་བླངས། ཀླུ་དགའ་བོ་དང་འཇོག་པོས་ནམ་མཁའ་ནས་མར་ལ་བདུད་རྩིའི་ཆར་བ་ཕབ། རྒྱལ་པོ་བཞིས་སྐུ་ཁྲུས་གསོལ། (13)ཞེས་དང་། 《ལྷོ་རོང་ཆོས་འབྱུང》དུ་ཡང། དེར་ཟླ་བ་བཅུ་སོང་ནས་ལུམྦིའི་ཚལ་ཤིང་ཀླག་ཤའི་དྲུང་དུ་ཡུམ་ལ་བདེ་བའི་རྣམ་པ་དང་བཅས་ཏེ་མཆན་གཡས་པ་ནས་བལྟམས། དེ་ནས་བྲམ་ཟེ་རྣམས་ཀྱིས་མཚན་བརྟགས་པ་ལ་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ། གལ་ཏེ་རབ་ཏུ་བྱུང་ན་ནི། སངས་རྒྱས་སུ་རིང་པོ་མི་ཐོགས་པར་གདོན་མི་ཟའོ།། མཚན་ལ་ཡང་དོན་ཀུན་གྲུབ་པ་ཞེས་གསོལ་ལོ། (14)ཞེས་གསུངས། གཙོ་བོ་ཡེ་ཤུ་ནི། 《ཡུམ་ཆེན་མ་ལེ་ཡཱ》ཞེས་པར། ཡེ་ཤུ་སྐུ་བལྟམས་དུས། ལྷ་རྣམས་ཀྱིས་མཆོད་པ་དང་བཀྲ་ཤིས་པའི་རྟེན་འབྲེལ་མི་ཡུལ་དུ་བསྒྲགས། ཡུམ་ལ་གནོད་པ་མེད་པར་བདེ་སྣང་ཡ་མཚན་ཅན་མང་དུ་བྱུང་། (15)ཞེས་དང་། 《དམ་པའི་གསུང་རབ་གསར་བ》ཞེས་པར། ཡེ་ཤུ་སྐུ་བལྟམས་པའི་དུས་དེར། ཤར་ཕྱོགས་ཀྱི་སྐྱེས་ཆེན་གསུམ་གྱིས་གཟའ་སྐར་གྱི་རྟགས་མཚན་ལས་སྐྱབས་མགོན་བྱོན་པ་ཤེས་ནས་མཇལ་བར་ཡུལ་ག་ལ་བ་དེར་གཤེགས། རྫས་སྣ་ཚོགས་ཀྱི་བསྙེན་བཀུར་དང་མཆོད་པ་བླ་མེད་བྱས། (16)ཞེས་ཀྱང་གསུངས་སོ། །《ལོ་ཀུའི་འཕྲིན་བཟང》དུ་ཡང་། གནམ་བདག་གི་ཕོ་ཉ་ཞིག་ལུག་རྫི་རྣམས་ཀྱི་གམ་དུ་ཕེབས་ཤིང་། ཕོ་ཉས་དེ་རྣམས་ལ་འདི་སྐད་དུ། དེ་རིང་ད་བེད་ཀྱི་གྲོང་རྡལ་ནས་ཁྱོད་ཅག་གི་དོན་དུ་སྐྱབས་མགོན་ཞིག་འཁྲུངས་ཤིང་། ཁོང་ནི་གཙོ་བོ་མ་ཤི་ཀ་ཡིན་ནོ།། དེ་ནས་ཡེ་ཤུ་འཁྲུངས་ནས་ཉིན་བརྒྱད་པ་ལ་མཚན་སྐྱི་གཅོད་པའི་སྐབས་སུ། ཕྲུ་གུ་མངལ་དུ་མ་ཆགས་པའི་སྔོན་དུ་གནམ་བདག་གིས་ལུང་བསྟན་པ་བཞིན་མཚན་ཡེ་ཤུ་ཞེས་གསོལ་ལོ།། (17)ཞེས་བཤད་པ་སྟེ་སྟོན་པ་རྣམ་གཉིས་སྐུ་འཇིག་རྟེན་དུ་བྱོན་ཚུལ་བཤད་པའི་སྐབས་རྫོགས་སོ།།
གཉིས་པ། རིག་པའི་གནས་ལ་སྦྱངས་ཚུལ་བསྡུར་ཏེ་བཤད་པ།
སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱང་མིའི་རྣམ་པས་འཇིག་རྟེན་དུ་བྱོན་པ་ཡིན་པས་ན། ཁོར་ཡུག་ངེས་ཅན་ཞིག་དང་རིག་གནས་ངེས་ཅན་ཞིག་གསོ་སྐྱོང་དང་ཤན་ཤུགས་ལ་བརྟེན་ནས་ནར་སོན་དགོས་པ་ཆོས་ཉིད་ཡིན། དེ་ལྟ་མ་ཡིན་པར་ཁོང་གཉིས་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་སྐབས་དེའི་ཡུལ་དུ་དུས་ཀྱི་རིག་གནས་ལ་མ་སྦྱངས་པར་རང་བཞིན་གྱིས་ཆེན་པོར་གྱུར་བ་མིན། སྤྱིར་ནང་བའི་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་གཉིས་ཀྱི་བཤད་སྲོལ་ལ། རང་རང་གི་སྟོན་པ་དེ་ཉིད་སྐྱེ་ཕྲེང་གྲངས་མེད་པའི་སྔོན་ནས་སངས་རྒྱས་པ་དང་ཀུན་མཁྱེན་དུ་གྱུར་བར་བཤད་ལ་དོན་དུ་ཡང་དེ་འདྲ་ཡིན་སྲིད་ཀྱང་། བདག་འདྲའི་ཅི་ཡང་མི་ཤེས་གང་ཡང་མ་སྦྱངས་པའི་བློ་དམན་པ་ཞིག་གིས་དེའི་ཚུལ་ཇི་ལྟ་བ་བཞིན་སྨྲ་བར་མི་ནུས་ཤིང་། ལྷག་པར་དུ་སྐབས་འདི་ནི་ཆོས་ལུགས་ཞིབ་འཇུག་གི་ལམ་ནས་ཆོས་ལུགས་སྨྲ་བ་ཡིན་པས་དེ་དག་འཆད་པར་འཇུག་པའི་དགོས་པ་ཡང་ཆུང་། གང་ལྟར་ཁོང་གཉིས་པོ་ནི་གདུལ་བྱའི་དོན་དུའམ་ཡང་ན་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་སྐུ་བྱོན་པས་ཚོགས་དང་ཁ་འབྲལ་མི་ཐུབ་ལ། ཆོས་ལུགས་རིག་གནས་གསར་བ་ཞིག་སྲོལ་གཏོད་དགོས་ན་ཡང་ངེས་པར་དུ་སྤྱི་ཚོགས་དེའི་རིག་གནས་ལ་སྦྱང་དགོས། སྦྱངས་པ་དེ་ཤེས་དགོས། ཤེས་པ་དེ་རྨང་གཞི་བྱེད་དགོས་པ་ཆོས་ཉིད་དང་ཆོས་ལུགས་གྲུབ་མཐའ་བྱུང་ཚུལ་གྱི་སྤྱི་འགྲོས་ལྟ་བུ་རེད། སྟོན་པ་གཉིས་ཀྱིས་རིག་གནས་གང་ཞིག་སྦྱངས་ཚུལ་སྙིང་བསྡུས་སུ་བཤད་པ་ལ། ཐོག་མར་སྟོན་པ་སངས་རྒྱས་ཀྱིས་རིག་གནས་གང་ཞིག་སྦྱངས་ཤེ་ན། འདི་ལྟ་སྟེ། མཐའ་གཅིག་ཏུ་སྟོན་པས་རིག་པའི་གནས་འདི་དག་ཚུལ་འདི་ལྟ་བུས་སྦྱངས་ཞེས་ཐག་བཅད་དེ་སྨྲ་བར་མི་ནུས་མོད། ཡིན་ན་ཡང་སྟོན་པ་ཁོང་ཉིད་ནི་ཐོག་མར་སྤྱི་ཚོགས་ཁོར་ཡུག་དེའི་མི་ཞིག་ཡིན་པ་དང་། བར་དུ་སྤྱི་ཚོཊ་བདེ་འཇུགས་དང་བདེ་ཐང་ཡོང་ཐབས་སྟོན་པའི་སྣེ་ཁྲིད་མཁན། མཐའ་མར་འགྲོ་བ་མིའི་རིགས་སྤྱིའི་བདེ་སྡུག་དང་ལས་དབང་ལ་ཐུགས་ཁུར་གནང་མཁན་ཞིག་ཡིན་པས་སྐབས་དེའི་སྤྱི་ཚོགས་དང་འབྲེལ་ཏེ་དཔྱད་ན། ཁོང་ཉིད་ཀྱིས་རིག་གནས་གང་ཞིག་སྦྱངས་ཚུལ་རགས་ཙམ་ཤེས་ཐུབ། དེ་ཡང་སངས་རྒྱས་ཆོས་ལུགས་དར་བའི་སྐབས་སུ་འཛམ་གླིང་དུ་ཆོས་ལུགས་སྣ་ཚོགས་ཡོད་དེ། པར་སིག་ཏུ་སོ་ལོ་ཡཱ་སི་ཏིའི་ཆོས་ལུགས་དང་། ཀྲུང་གོར་ཁྲུན་ཆིག་ཀྲན་གོའི་རིག་གནས། ཞི་ལར་རྟོག་གི་སྨྲ་བ་སོགས་བྱུང་ཡོད། རྒྱ་གར་དུ་གྲུབ་མཐའ་མང་དུ་དར་ཞིང་ཀུན་གྱིས་འཛམ་གླིང་རིག་གནས་ཀྱི་ཁུངས་ལྟ་བུར་ཡང་བཤད་ལ་དོན་དུ་ཡང་ཤེས་རིག་དར་སྔ་ཞིང་ལྟ་བ་སྣ་མང་དུ་འཛིན་པའི་ཡུལ་ཁྱད་པར་བ་ཞིག་རེད། སྟོན་པ་མ་བྱོན་པའི་སྔོན་དང་སྐུ་བཞུགས་པའི་དུས་སུ་རྒྱ་གར་ཡུལ་དུ་དར་ཆེ་བའི་ཆོས་ལུགས་སམ་ཤེས་རིག་གི་མཚོན་བྱེད་ལྟ་བུ་ནི་བྲམ་ཟེ་ཆོས་ལུགས་རེད། བྲམ་ཟེ་ཆོས་ལུགས་དེ་ཧིན་རྡུ་ཆུ་བོའི་བཞུར་རྒྱུད་ཀྱི་ཆེས་ཐོག་མའི་ཤེས་རིག་སྟེ་ཧཱ་ལཱ་ཕའི་ཤེས་རིག་དང་འབྲེལ་ནས་བྱུང་ཞིང་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ལྔ་བརྒྱ་ནས་སྤྱི་ལོ་སྔོན་གྱི་ལོ་དགུ་བརྒྱ་ཡས་མས་སུ་མ་ལག་ཅུང་ཆ་ཚང་དུ་གྱུར་ནས་རྒྱ་གར་ཤེས་རིག་གི་རྨང་རྐང་དུ་གྱུར། སྟོན་པ་ཞལ་བཞུགས་པའི་དུས་ཀྱང་བྲམ་ཟེ་ཆོས་ལུགས་དེ་རྒྱ་གར་སྤྱི་ཚོགས་ཀྱི་བསམ་བློའི་གཙོ་ཁྲིད་དུ་གྱུར་ཡོད་ལ་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཚབ་མཚོན་ཡང་རེད། དེ་ལས་གཞན་ཅུང་དར་ཆེ་བ་རྒྱང་འཕེན་པ་དང་། གྲངས་ཅན་པ། བྱེ་བྲག་པ། དཔོན་པ་བ། གཅེར་བུ་བ་སོགས་མང་དུ་མཆིས། དེ་བས་ན། སྟོན་པ་ཁོང་ཉིད་ཀྱིས་ཐུགས་གཉེར་གནང་བའི་རིག་གནས་ནི་བྲམ་ཟེ་ཆོས་ལུགས་གཙོ་བྱས་པའི་གཅེར་བུ་བ་ལ་སོགས་པ་ཡིན་པ་ཡང་ཤུགས་ཀྱིས་འགྲུབ་སྟེ། ད་ལྟ་ང་ཚོས་སྦྱོང་བཞིན་པ་མར་ཁེ་སའི་གཞུང་ལུགས་གཙོ་བྱས་པའི་ཤེས་རིག་ཡིན་པ་བཞིན་ནོ། དེ་ལ། 《ནང་དོན་རིག་པའི་སྤྱི་བཤད》དུ། རྒྱལ་སྲས། (སྟོན་པར་གོ)དགུང་ལོ་བདུན་གྱི་ཐོག་རིག་པའི་གནས་ལ་སྦྱོང་བའི་མགོ་བརྩམས་ཤིང་། སྐབས་དེའི་སྦྱང་བྱའི་ཤེས་བྱ་ནི་རིག་བྱེད་བཞི་དང་རིག་པའི་གནས་ལྔ་སོགས་ཡིན། ཞེས་དང་། རྒྱལ་བུ་དོན་གྲུབ་ཁོང་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་། གཞོན་དུས་ནས་བྲམ་ཟེ་ཆོས་ལུགས་ཀྱི་སློབ་གསོ་མྱངས་པ་ཞིག་ཡིན། ཞེས་ཀྱང་གསུངས་སོ། 《གུ་བཀྲའི་ཆོས་འབྱུང》དུ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་དང་། སྲིད་སྒྲུབ་ལས་རྩིས་སོགས་སྦྱངས། ཉིད་ཀྱི་ཞང་པོ་བཟང་ལེན་ལ། གླང་པོ་ཆེའི་ཞོན་པ་སོགས་དང་། ཉིད་ཀྱི་ཞང་པོ་ལྷར་བཅས་ལ་འཕོང་དང་མཚོན་ཆའི་འཕྲུལ་འཁོར་རྣམས་སློབ་པའི་ཚུལ་མཛད(19)ཅེས་དང་། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ་ཡང། དེ་ནས་རིང་འཕུར་དང་ལྷག་སྤྱོད་ལས་ཅི་ཡང་མེད་པ་དང་སྲིད་རྩེ་སེམས་ཀྱི་མན་ངག་གི་ལུང་མནོས་ཏེ་དེ་དག་གསར་དུ་མངོན་དུ་མཛད་ཚུལ་བསྟན་ཀྱང་དེ་ཙམ་གྱིས་ཐར་བར་མི་འགྱུར་བར་དགོངས། (20)ཞེས་པར་གཞིགས་ན་ཡང་། ཀུན་གྱི་བཤེས་གཉེན་དང་སྲིད་སྒྲུབ། ཞང་པོ་བཟང་ལེན་དང་རིང་འཕུར། ལྷག་སྤྱོད་སོགས་ནི་བྲམ་ཟེའི་ཆོས་ལ་མཁས་པ་དག་དག་ཡིན་པ་ལས་ནང་བ་པ་ཞིག་མིན་པ་ཤེས་ཐུབ་སྟེ། སྐབས་འདི་ནི་ནང་བསྟན་མ་བྱུང་བའི་དུས་ཡིན་ལ། སྟོན་པའི་སྔོན་དུ་བསྟན་པ་བྱུང་བ་ཆོས་ཉིད་དང་མི་མཐུན་པའི་ཕྱིར་རོ།། དེའི་སྟབས་ཀྱིས་སྟོན་པ་ཁོང་གི་སྐུ་དུས་ནི་རྒྱ་གར་དུ་བྲམ་ཟེ་ཆོས་ལུགས་དར་ཆེ་བའི་དུས་ཡིན་ཙ་ན། ཁོང་གིས་ཀྱང་སྐུ་ན་ཕྲ་དུས་ནས་བྲམ་ཟེ་གང་མང་གི་མདུན་དང་། སྐབས་དེའི་རྒྱ་གར་གྱི་གཙོ་ཁྲིད་རིག་གནས་ཏེ། བྲམ་ཟེ་ཆོས་ལུགས་ལ་བློ་སྦྱོང་གནང་ནས་འཚར་ལོངས་བྱུང་བར་སེམས། གཞན་ཡང་། རྒྱ་བོད་ཀྱི་ཆོས་འབྱུང་མང་པོར་སྟོན་པའི་མཛད་འཕྲིན་བཅུ་གཉིས་སུ་བསྡུས་ནས་བཤད་པ་དེར་ཡང་། ཞིབ་ཏུ་དཔགས་ན་བྲམ་ཟེ་ཆོས་ལུགས་ཀྱི་བློ་སྦྱོང་གི་རིམ་པ་དང་མཐུན་ཤས་ཆེ་སྟེ། བྲམ་ཟེ་ཆོས་ལུགས་སུ་བྲམ་ཟེ་རྣམས་ཀྱིས་ཚེ་གཅིག་ལ་ངེས་པར་བྱེད་དགོས་པ་ཀུན་སྤྱོད་ཀྱི་རིམ་པ་བཞི་ཡོད་དེ། དང་པོ་ལ། ཚངས་སྤྱོད་ཀྱི་གནས་སྐབས་ཞེས་བྱ། དེ་ནི་བྲམ་ཟེའི་རིགས་ཀྱི་གཞོན་ནུ་རྣམས་སློབ་དཔོན་གྱི་དྲུང་དུ་སོང་སྟེ་ཡི་གེ་དང་། རྩིས། སྒྱུུ་རྩལ་བཅས་སློབ་ཅིང་ཚངས་སྤྱོད་དུ་གནས་པའི་སྐབས་ལ་གོ། གཉིས་པ་ནི། ཁྱིམ་གྱི་གནས་སྐབས་ཏེ། ཆུང་མ་བླངས་ཏེ་རིགས་རྒྱུད་བསྐྱེད་པའི་སྐབས་སོ།། གསུམ་པ་ནི་ནགས་སུ་རབ་ཏུ་གནས་པའི་སྐབས་ཏེ་དཀའ་ཐུབ་ལ་སོགས་པའི་ཚངས་སྤྱོད་ཅི་རིགས་ལ་བརྩོན་པའོ། བཞི་བ་ནི་རྣལ་འབྱོར་གྱི་གནས་སྐབས་ཏེ་ཏིང་ངེ་འཛིན་གྱིས་དུས་འདའ་བར་བྱས་ཏེ། ནང་གི་སེམས་ཉིད་ཀྱི་ཐར་བར་བརྩོན་པའི་སྐབས་བཅས་སོ།། སྟོན་པའི་མཛད་པ་བཅུ་གཉིས་ལས་དང་པོ་ནས་བཞི་བའི་བར་བྲམ་ཟེ་ཆོས་ཀྱི་ཚངས་སྤྱོད་ཀྱི་གནས་སྐབས་དང་མཐུན། ལྔ་བ་དེ་ཁྱིམ་གྱི་གནས་སྐབས་དང་མཐུན། དྲུག་པ་ནས་དགུ་བའི་བར་རབ་ཏུ་གནས་པའི་སྐབས་དང་མཐུན། ཐ་མ་གསུམ་རྣལ་འབྱོར་གྱི་གནས་སྐབས་དང་མཐུན་པ་ལྟར་སྣང་ངོ་།། གོང་གི་སྟོན་པའི་མཛད་པའི་མཛད་པ་བཅུ་གཉིས་དེ་བྲམ་ཟེའི་ཆོས་ལུགས་ཀྱི་ཀུན་སྤྱོད་ཀྱི་རིམ་པ་བཞི་དང་ཡོངས་སུ་འདྲ་བ་མ་ཡིན་ཀྱང་། ང་ཚོས་མཐུན་ཆོས་དེ་དག་ལས་ནང་པའི་ཆོས་དང་བྲམ་ཟེའི་ཆོས་ལུགས། ཡང་ན་སྟོན་པའི་ཐུགས་བློ་ལ་རིག་གནས་གང་ཞིག་གིས་ཤན་ཞུགས་པ་དང་འབྲེལ་འདྲིས་བྱུང་བ་རགས་ཙམ་ཤེས་ཐུབ་བོ།།
ཡེ་ཤུ་ཉིད་ཀྱིས་རིག་གནས་གང་ཞིག་ལ་སྦྱངས་པ་དེ་ལོ་རྒྱུས་ཀྱི་རྒྱུ་ཆ་དཀོན་ཞིང་འདྲིས་ཆ་ཆེར་མེད་པས་བཤད་དཀའ་ཡང་ཅུང་ཙམ་སྨྲས་ན། ཡེ་ཤུ་དེ་བདག་ཅག་གི་སྟོན་པ་སྐུ་འདས་རྗེས་ཀྱི་ལོ་དྲུག་བརྒྱ་ལྷག་ཙམ་དུ་དེང་གི་པ་ལི་ཟི་ཐན་གྱི་ཆར་སྐུ་བལྟམས་པ་ཡིན་ལ། དམ་པ་འདི་ཡེ་ཤུ་ཆོས་ལུགས་ཀྱི་སྟོན་པར་གྲགས་པས་སྤྱིར་ཡིན་ན་ཆོས་ལུགས་འདིའི་གཞུང་གྲགས་ཅན་དམ་པའི་གསུང་རབ་དང་འཕྲིན་བཟང་དག་ཏུ་ཁོང་ཉིད་ཀྱིས་རིག་པའི་གནས་ལ་སྦྱངས་ཚུལ་གྱི་མཛད་པ་དེ་གསལ་བོ་ཡོད་དགོས་མོད། ཡ་མཚན་པ་ཞིག་ལ་ལོ་རྒྱུས་རྒྱུ་ཆ་དང་ཡེ་ཤུ་ཆོས་གཞུང་མང་པོར་དེའི་སྐོར་ཟུང་ཙམ་ཡང་གླེང་མི་འདུག་སྟེ། ཁོང་ཚོའི་འདོད་པ་ལྟར་ན། ཡེ་ཤུ་ཁོ་རང་ཚེ་རབས་གྲངས་མེད་པའི་སྔོན་ནས་གནམ་བདག་དང་ངོ་བོ་དབྱེར་མེད་དུ་སོང་བས་མི་ཡུལ་དུ་བྱོན་ཡང་མི་ཡུལ་གྱི་རིགས་གནས་མ་སྦྱངས་ཤིང་སྦྱང་ཡང་མི་དགོས་པར་མཁྱེན་པར་འདོད། ཡང་ན། ཡེ་ཤུས་གནམ་བདག་གི་སློབ་གསོ་ལས་ཁམས་འདིའི་རིག་གནས་སློབ་གསོ་གཅིག་ཀྱང་མ་མྱངས་པར་འདོད། དོན་དུ་བཤད་སྲོལ་དེ་ནི་ཡེ་ཤུ་ཆེན་པོ་ཡིན་པར་སྒྲུབ་པའི་དད་པ་དང་ཆེ་བརྗོད་ཀྱི་དབང་གིས་བྱུང་བ་ཤ་སྟག་ལས་རིགས་པ་སྨྲ་བ་དག་གིས་འཛིན་པར་འོས་པའི་གཏམ་མ་ཡིན། དོན་དེ་ཉིད་རང་རེ་ཤར་ཕྱོགས་པ་དག་ལ་ལྐོག་གྱུར་དང་རྒྱུས་མེད་དུ་སོང་ཡོད་པ་མ་ཟད་ནུབ་གླིང་པ་རྣམས་ལ་ཡང་ཐག་མི་ཆོད་པའི་ཞིབ་འཇུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། དེ་བས《དམ་པའི་གསུང་རབ་གསར་བའི་སྤྱི་བཤད》ཅེས་པའི་ཡེ་ཤུ་ཞིབ་འཇུག་གི་གཞུང་གྲགས་ཅན་དེར་ཡང་། དམ་པའི་གསུང་རབ་གསར་བ་ན་ཡེ་ཤུའི་དགུང་ལོ་སུམ་ཅུའི་སྔོན་གྱི་མི་ཚེའི་ལོ་རྒྱུས་སྐོར་ཕལ་ཆེར་བཀོད་མི་འདུག་པས། ཡེ་ཤུས་རིག་གནས་སློབ་གསོ་གང་ཞིག་མྱངས་པ་ཤེས་དགོས་ན་ངེས་པར་དུ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཞིབ་འཇུག་གནང་དགོས་(21)ཞེས་གསུངས་ཡོད་དོ། བདག་གིས་འདི་ནི་བདེན་པའི་ཐབས་སུ་སེམས་པས་འདི་བཞིན་སྨྲ་བར་བྱ་སྟེ། ཡེ་ཤུ་ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་བཞི་བར་ཡ་གླིང་གི་པ་ལི་སི་ཐན་གྱི་ཅ་ལི་ལེར་འཁྲུངས་པ་ཡིན་ལ། སྐབས་དེ་ནི་འཛམ་གླིང་ལོ་རྒྱུས་ལ་སྦྱར་ཏེ་བཤད་ན། རོ་མ་རྒྱལ་ཁབ་ཆེས་ཆེར་དར་བའི་སྐབས་ཏེ། རོ་མའི་རྒྱལ་པོ་ཨོ་གོའུ་སུ་ཏེས་ཡོ་རོབ་གླིང་དང་ཡ་གླིང་ནུབ་མ། བྱང་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེར་དབང་དུ་བསྡུས་ནས་རོ་མ་བཙན་པོའི་རྒྱལ་ཁབ་བཙུགས་པའི་དུས་རེད། པ་ལི་སི་ཐན་ཡང་སྐབས་དེར་རོ་མའི་ཁོངས་སུ་གཏོགས་ཤིང་ཡེ་ཤུའི་སྐྱེས་ཡུལ་ཅ་ལི་ལེ་དེ་ལོ་མའི་དབང་དུ་གྱུར་བའི་ཞིང་ཆེན་ཆུང་གྲས་ཤིག་ཡིན།
སྤྱིར་ཡེ་ཤུ་ནི་ཡེའུ་ཐེ་པ་ཞིག་ཡིན་ལ་ཆུང་དུས་སུ་ཡེའུ་ཐེ་ཆོས་ལ་སྐྱབས་སུ་འགྲོ་བ་ཞིག་རེད། རོ་མ་བཙན་པོས་པ་ལི་སི་ཐན་དབང་དུ་བཟུང་རྗེས་པ་ལི་སི་ཐན་གྱི་སྲིད་འབྱོར་རིག་གསུམ་གྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་། ལྷག་པར་དུ་ཆབ་སྲིད་དང་རིག་གནས་ཀྱི་ཐད་ནས་བཤད་ན། སྔོན་ཡུལ་དེར་ཡེའུ་ཐེ་པས་བདག་ཏུ་འཛིན་པ་ལ་རོ་མ་པའི་དམག་སླེབས་པ་དང་རང་བདག་གི་དབང་དེ་ཉམས་སོང་བ་རེད། ཆབ་སྲིད་ཀྱི་དབང་ཆ་ཤོར་བས་སྤྱི་ཚོགས་ཀྱི་རྣམ་པ་དང་དད་མོས། རིག་གནས་སློབ་གསོའི་བྱེད་སྟངས་ཀྱང་ངང་གིས་འགྱུར་སོང་། ཆོས་ལུགས་རིག་གནས་ཀྱི་ཐད་ནས་བཤད་ན། ཡེའུ་ཐེ་པ་རྣམས་སྔོན་ཡེའུ་ཐེ་ཆོས་ལུགས་ཁོ་ན་འཛིན་པ་ཞིག་ཡིན་ལ་སྲིད་དང་ཤོར་བ་དང་མཉམ་དུ་ནུབ་ཕྱོགས་ཀྱི་རོ་མའི་ལྟ་གྲུབ་མང་པོ་ཡང་སྲིད་ལ་བརྟེན་ནས་ཡེའུ་ཐེའི་ཡུལ་དུ་དར་བ་རེད། དེ་བས་ཡེའུ་ཐེའུ་སྲོལ་རྒྱུན་གྱི་དད་མོས་ལ་ཡང་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད་པར་སེམས། དེ་ལས་གཞན། ཅ་ལི་ལེ་དེ་གནས་ཡུལ་གྱི་ངོས་ནས་བལྟས་ན་ཡང་། དེ་ནི་ཤར་ནུབ་གཉིས་ཀྱི་ཚོང་ལམ་གལ་ཆེན་ཞིག་སྟེ་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཚོང་པའི་ལྟེ་གནས་དང་མི་རིགས་མང་པོ་འདུས་ས་ཞིག་རེད། དེའི་སྟབས་ཀྱིས་ཡེ་ཤུ་ཁོ་རང་གིས་ཡེའུ་ཐེའི་སློབ་གསོ་མྱངས་ཡོད་པར་མ་ཟད། ནུབ་གླིང་གི་ལྟ་གྲུབ་མང་པོར་ཡང་སློབ་གཉེར་གནང་ཡོད་པར་འདོད། དེར་མ་ཟད་ཡེ་ཤུའི་མི་ཚེ་དང་སློབ་གསོ། ལས་དབང་ལ་ཐད་ཀར་འབྲེལ་བ་ཆེ་བའི་མི་ཞིག་ཡོད་པ་ནི་ཁྲུས་གསོལ་མཁན་ཡར་ཧཱན་ཟེར་བ་དེ་རེད། ཡར་ཧཱན་ནི་ཡེ་ཤུའི་ཉེ་གནས་ཤིག་ཡིན་ལ་དགུང་ལོ་ཡང་ཕལ་ཆེར་ཁོང་དང་མཉམ། ཡེ་ཤུའི་ཆོས་པ་དག་གིས་ཡར་ཧཱན་ལ་གདེང་འཇོག་ཤིན་ཏུ་མཐོ་ཞིང་ཁོང་ཡེ་ཤུ་ཆོས་ཀྱི་སྟོན་པ་ལྟ་བུར་འཛིན་མཁན་ཡང་ཡོད། ཡེ་ཤུར་ཆོས་ཀྱི་བློ་མ་རྒྱས་པའི་སྔོན་ནས་ཡང་ན་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་མ་བྱུང་བའི་སྔོན་དུ། ཆོས་འདིའི་ལྟ་བ་དང་བསམ་བློ་ཐོག་མར་འདོད་མཁན་ཡར་ཧཱན་ཡིན་ལ་ཡེ་ཤུ་ཐོག་མར་ཆོས་སུ་འཇུག་མཁན་ཡང་ཁོང་ཉིད་རེད། ཡར་ཧཱན་འདི་ཡེའུ་ཐེ་ཆོས་པ་ཞིག་མིན་ལ་ཞི་ལའི་རྟོག་གེ་སྨྲ་བ་སོགས་ལ་འབྲེལ་འདྲིས་ཡོད་པ་ཞིག་ཀྱང་མ་རེད། 《དམ་པའི་གསུང་རབ་གསར་བ》རུ། ཡར་ཧཱན་ནི་ཟས་གོས་ངན་ངོན་དང་གནས་དབེན་པ་བསྟེན་པ་ཞིག་རེད།(22)ཅེས་པ་བཞིན། ཁོང་གི་མི་ཚེ་བརྒྱུད་རིམ་ཡང་དབེན་གནས་བསྟེན་པ་ཞིག་གི་འཚོ་གནས་རོལ་སྟངས་དང་ཧ་ཅང་མཐུན། ཡང་《དམ་པའི་གསུང་རབ་གསར་བའི་སྤྱི་བཤད》དུ་ཡང་། ཡར་ཧཱན་ཤར་ཕྱོགས་ཀྱི་གནས་དབེན་པ་བ་མང་པོ་དང་ཆོས་འབྲེལ་བྱུང(23)ཞེས་པར་གཞིགས་ན་ཡང་། ཁོང་ཉིད་འཛམ་གླིང་ཤར་མའི་ཆོས་ལུགས་རིག་གནས་ལ་འབྲེལ་འདྲིས་ཡོད་པ་ཤེས་ཐུབ། 《ཡེ་ཤུའི་རྣམ་ཐར》དུ་ཡང་ཡར་ཧཱན་ནི་བྲམ་ཟེ་ཆོས་པ་ཞིག་ཡིན(24)ཞེས་གསལ་བར་གསུངས་ཡོད། དེ་བས་ཡེ་ཤུས་རང་གི་སློབ་དཔོན་དང་རང་ལྟ་ཐོག་མར་འདོན་མཁན་གྱི་ཡར་ཧཱན་ལས་ཤར་མའི་ཆོས་ལུགས་སམ་རིག་གནས། བསམ་བློ་སོགས་ལ་ཡང་འདྲིས་ཙམ་སོང་བར་སེམས་སོ།།
གསུམ་པ། བློ་རྒྱས་ནས་འགྲོ་དོན་འཛད་ཚུལ་བསྡུར་ཏེ་བཤད་པ།།
འདི་ལ་གཉིས་ཏེ། བདུད་བཏུལ་ཚུལ་དང་ཆོས་འཁོར་བསྐོར་ཚུལ་ལོ།།
དང་པོ། བདུད་ཅེས་པའི་མིང་དོན་ལ་འཇོག་ཚུལ་མང་སྟེ། སྤྱི་ཚོགས་རིག་པ་བ་དག་གིས་བདུད་ཅེས་པ་མིའི་ནང་གི་གཤིས་གྱོང་ཞིང་རྩུབ་ལ་མི་དགེ་བའི་ལས་ལ་འཇུག་པ་དག་སྣང་བརྙན་རང་བཞིན་གྱིས་བདུད་དུ་འབོད། ཡེའུ་ཐེ་ཆོས་ལུགས་སུ་མི་མ་ཡིན་པའི་གནོད་པ་འབའ་ཞིག་གཏོང་མཁན་དེར་བདུད་དུ་འདོད། ནང་པ་སངས་རྒྱས་པས་དགེ་བའི་ལས་ལ་གེགས་བྱེད་པ་བདུད་དུ་འདོད་དོ། གང་ལྟར་ང་ཚོས་སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་མཛད་འཕྲིན་ལ་སྦྱར་ཏེ་བཤད་ན། ཁོང་གཉིས་ཀྱི་མཛད་འཕྲིན་དུ་ཡང་བདུད་བཏུལ་བའི་ལོ་རྒྱུས་མང་དུ་ཡོད་ལ། མཛད་པ་དེ་མཛད་པ་ཀུན་ལས་ཆེས་ངོ་མཚར་བ་ཞིག་དང་ཁོང་གཉིས་བློ་རྒྱས་ནས་ཆེན་པོར་གྱུར་བའི་མཚོན་བྱེད་ལྟ་བུ་ཡང་རེད། དེས་ན་འདིར་སྟོན་པ་གཉིས་ཀྱིས་བདུད་བཏུལ་བའི་མཛད་པ་འཆད་པར་བྱ་སྟེ། སྟོན་པ་སངས་རྒྱས་ཀྱིས་བདུད་བཏུལ་ཚུལ་ནི། 《གུ་བཀྲའི་ཆོས་འབྱུང》ལྟར་ན་ཐེངས་གསུམ་དུ་བསྡུས་ནས་བཤད་ཡོད། ཐོག་མར་བདུད་སྡིག་ཅན་རྔོན་པའི་ཆ་བྱད་དུ་བརྫུས་ནས་འོངས་ཏེ། སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས་ན། ཁྱོད་དབེན་པ་འདིར་ཅིའི་ཕྱིར་འདུག་ཅེས་སྨྲས་ནས། སྟོན་པ་ཐར་བ་ལས་ལོག་སྟེ་འཁོར་བའི་གཡང་དུ་འཕེན་པར་བརྩམ་པ་དང་། བར་དུ་བདུད་སྡིག་ཅན་གྱིས་རྗེས་སུ་ཆགས་པས་བསླུ་བར་ནུས་སམ་མི་ནུས་སད་པར་བྱའོ་སྙམ་ནས། རང་གི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་རྣམས་བཏང་སྟེ། བུད་མེད་ཀྱི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་བར་བཏང་ཡང་མ་ཐུབ། གསུམ་པ་ནི། བདུད་སྡིག་ཅན་གྱིས་བདུད་ཀྱི་དཔུང་ཆེན་པོ་གདོང་གཟུགས་སྣ་ཚོགས་པ་འཛིན་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ་དཔའ་ཞིང་གཏུམ་ལ་མི་སྲུན་པ་མང་པོས་གཡུལ་བཤམས་པ་དེ་ལས་རྒྱལ(25)ཞེས་གསུངས་ཡོད།།
ཡེ་ཤུས་བདུད་བཏུལ་ཚུལ་ཡང《དམ་པའི་གསུང་རབ་གསར་བའི་སྤྱི་བཤད》དུ་ཐེངས་གསུམ་དུ་བསྡུས་ནས་བཤད་ཡོད་དེ། དང་པོ་བདུད་སྡིག་ཅན་གྱིས་རྡོ་ཞིག་ཡེ་ཤུར་བྱིན་ནས་སྨྲས་པ། ཁྱོད་ཉིད་དངོས་གནས་དོན་དམ་གྱི་སྐྱབས་མགོན་ཡིན་ན་ནི་རྡོ་འདི་ཟས་རོ་དང་ལྡན་པར་སྒྱུར་ཅིག གལ་ཏེ་མི་ཐུབ་ན་བདག་གི་བསྟན་ལ་ཞུགས་ཤིག་ཅེས་པ་དེ་རེད། གཉིས་པ་ནི། བདུད་སྡིག་ཅན་གྱིས་ཡེ་ཤུ་ལ་སྨྲས་པ། ཁྱོད་ཉིད་གནམ་བདག་དང་ངོ་བོ་དབྱེར་མེད་དུ་མཆིས་ན་ལྷ་ཁང་གི་རྩེ་མོ་ནས་མར་མཆོངས་ཤིག་ཅེས་ཉམས་སད་པ་དེ་ཉིད་དོ། གསུམ་པ་ནི། དེ་ནས་བདུད་སྡིག་ཅན་གྱིས་ཡེ་ཤུ་ལ་སྨྲས་པ། གལ་སྲིད་ཁྱོད་བདག་གི་རྗེས་སུ་འཇུག་ན་ནི་འཇིག་རྟེན་འདིའི་ནོར་སྲིད་ཐམས་ཅད་ཁྱོད་ལ་དབང་རེས་པ་ཡིན་ཞེས་ནོར་དབང་ཐང་གིས་བསླུ་བར་བརྩམ་པ་དེ་ལས་ཁོང་ཉིད་རྒྱལ་བ(26)རྣམས་སོ།
གཉིས་པ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དེ་ཚང་མར་རྒྱུན་ཤེས་སུ་གྱུར་བས་མང་དུ་སྤྲོས་པའི་དགོས་པ་མ་མཆིས་མོད། འདིར་གླེང་བར་བྱ་བ་ནི་ཕྱི་ནང་གི་སྟོན་པ་གཉིས་ཀྱི་མཛད་པ་གཤིབ་སྡུར་སྒོས་དཔྱད་པའི་སྐབས་ཡིན་ཙ་ན་ཉིང་བསྡུས་སུ་སྨྲ་བར་བྱ། སྤྱིར་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་ནས་སྐུའི་འདུ་བྱེད་གཏོང་རེག་བར་དུ་སྐུའི་མཛད་པ་མཐའ་དག་སེམས་ཅན་ཀུན་ཐར་ལམ་དུ་འཇུག་པའི་ཐབས་སུ་འགྲོ་བས་དེ་ཀུན་ཆོས་ཀྱི་མཛད་པ་ཡིན་མོད་ཀྱང་། གཞུང་ལུགས་རང་བཞིན་དང་ལྟ་བའི་ཚད་དང་མཐུན་པར་གསུངས་པ་ཆོས་འཁོར་ཐེངས་གསུམ་དུ་གྲགས། ཆོས་འཁོར་དེ་ལ་ཡང་། བཤད་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། 《མདོ་དགོངས་པ་ངེས་འགྲེལ》དུ། དང་པོ་བདེན་བཞིའི་ཆོས་འཁོར། བར་བ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས། 《གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར》བདེན་བཞིའི་དང་། སྟོང་པ་ཉིད་ཀྱི་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བདག་སྟོན། བར་དུ་བདག་མེད་སྟོན། ཐ་མར་བདག་མེད་འགག་མེད་སྟོན་པའི་འཁོར་ལོ་གསུམ་དུ་གསུངས་སོ། དེ་ཡང《ལང་ཀར་གཤེགས་པའི་མདོ》ལས། ཇི་ལྟར་ནད་པ་ནད་པ་ལ། སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ།། ཞེས་གསུངས་པ་ལྟར་གདུལ་བྱ་སོ་སོའི་བློ་དང་འཚམས་པར་གང་ལ་གང་འདུལ་དུ་སྣང་བའོ།། ཡེ་ཤུས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཚུལ་དེར་རང་སྡེ་ལྟ་བུའི་དབྱེ་གྲངས་གསལ་བོ་ཞིག་མེད་མོད། 《དམ་པའི་གསུང་རབ》ཏུ་བཀོད་པ་ལྟར་ན། ཡེ་ཤུ་བློ་རྒྱས་ནས་ཆོས་སྟོན་པའི་དུས་ནི་ཁོང་ཉིད་ལོ་སུམ་ཅུ་ནས་སོ་གསུམ་སྟེ་འདས་རེག་བར་གྱི་ལོ་ངོ་གསུམ་གྱི་ཡུན་རེད། ལོ་གསུམ་གྱི་ཡུན་འདི་ནི་ཡེ་ཤུས་རང་གི་གྲུབ་མཐའ་གསར་གཏོད་དང་ལྟ་བ་བསྒྲགས་པའི་དུས་གལ་ཆེན་ཞིག་རེད། ཡེ་ཤུས་ཆོས་འཁོར་བསྐོར་ཚུལ་ཡང་བསྡུས་ན་གསུམ་དུ་བྱས་ནས་བཤད་ཆོག་སྟེ། དང་པོ་ནི་འཁོར་བཅུ་གཉིས་ལ་གནམ་བདག་སྐྱབས་གཅིག་པུ་དང་ཀུན་མཁྱེན། ཀུན་གྱི་བདག་པོ་ཡིན་པར་སྟོན་པ་དེའོ། གཉིས་པ་ནི། ཡེའུ་ཐེ་པ་གཙོ་བྱས་པའི་གདུལ་བྱ་དག་ལ་མི་ཀུན་ཉེས་ཅན་དང་གནམ་བདག་ཁོ་ན་སྐྱབས་གཅིག་པུ་ཡིན་ཚུལ། ཁྲུས་གསོལ་དགེ་བའི་ལས་བྱས་ན་གནམ་བདག་གི་གྲོང་དུ་འགྲོ་ཐུབ་པར་གསུངས་པ་དེ་ལགས། གསུམ་པ་ནི་ཚུལ་ཁྲིམས་དང་བཟོད་པ། སྙིང་རྗེ། སྦྱིན་པ། གསོལ་འདེབས་ཀྱི་ཕན་ཡོན་སྟོན་པ་དེའོ།།
བཞི་བ། རྩ་བའི་སྡོམ་འགོད་པ།
སྤྱིར་རང་སྡེ་ནང་བའི་ལྟ་བ་དེ་ཏར་ལྦུན་གྱི་དངོས་པོའི་འཕེལ་འགྱུར་གྱི་རིག་པ་དང་སྦྱར་ཏེ་བཤད་ན། ཆོས་ཐམས་ཅད་རང་དབང་བ་དང་རང་ཚུགས་ཐུབ་པ་ཞིག་མིན་པར་སོ་སོར་རྟེན་ཅིང་འབྲེལ་ནས་བྱུང་བར་འདོད་པ་དོན་དང་མཐུན་པའི་གཏམ་ཡང་དག་ཅིག་ཡིན། ཡིན་ན་ཡང་རྟེན་ཅིང་འབྲེལ་ནས་བྱུང་བའི་ཆོས་འདི་དག་ལས་བྱེ་བྲག་གི་ཆོས་འགར་གནས་ལུགས་སྡོད་སྟངས་དང་རྣམ་པ་བཟོ་ལྟ་སོགས་འདྲ་བ་དང་མཐུན་ཆོས་མང་དུ་བྱུང་བ་ནི་བརྟག་པར་བྱ་བའི་གནས་གལ་པོ་ཆེ་ཞིག་རེད། རྒྱུའི་ཁྱད་པར་ཚོགས་པ་ལས་རང་རང་གི་འབྲས་བུ་སྣ་ཚོགས་འབྱུང་ལ། དེ་ལྟ་མ་ཡིན་པར་རྒྱུ་གཅིག་པ་ལས་འབྲས་བུ་སྣ་ཚོགས་འབྱུང་མི་སྲིད། འབྲས་བུ་འདྲ་བ་ནི་རྒྱུ་འདྲ་བ་ལས་ཡིན་ལ་རྒྱུ་ཇི་འདྲ་བས་ནི་འབྲས་བུ་དེ་འདྲ་བསྐྱེད་པ་ནི་བསླུ་མེད་བསྙོན་མེད་དོ།།
གནས་ལུགས་དེས་ང་ཚོས་གོང་དུ་གླེང་ཟིན་པའི་སྟོན་པ་གཉིས་ཀྱི་མཛད་འཕྲིན་དེ་དག་ལ་ཞིབ་ཏུ་བརྟགས་ན། སྟོན་པ་གཉིས་ཀྱི་མཛད་པར་མཐུན་ཆོས་ཇི་འདྲ་ཡོད་ཚུལ་དང་ཡོད་ན་མཐུན་ཆོས་དེ་རྒྱུ་ངེས་ཅན་གང་ལ་བརྟེན་ནས་བྱུང་བ་ཤེས་ཐུབ་སྟེ། ཐོག་མར་སྐུ་འཇིག་རྟེན་དུ་བྱོན་ཚུལ་གྱི་ཐད་ནས་དཔྱད་ན། སྟོན་པ་གཉིས་སྐུ་འཇིག་རྟེན་དུ་ཇི་ལྟར་འཕོས་ཚུལ་ལ་འདྲ་བ་ཡོད་དེ། བདག་ཅག་གི་སྟོན་པ་མར་མེ་མཛད་ཀྱི་ལུང་བཞིན་དགའ་ལྡན་གནས་ནས་འཇིག་རྟེན་དུ་འཕོས་པ་དེ་དང་། ཡེ་ཤུ་གནམ་བདག་གི་ལུང་ལྟར་འཇིག་རྟེན་དུ་འཕོས་པ་གཉིས་འདྲ། སྟོན་པ་སངས་རྒྱས་ཀྱིས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་པ་དང་ཡེ་ཤུ་ལའང་གཟིགས་པ་ལྔ་ཡོད་པ་དེ་གཉིས་འདྲ། བདག་ཅག་གི་སྟོན་པ་ལྷུམས་སུ་ཞུགས་དུས་ཐུན་མིན་གླང་ཆེན་གྱི་ཚུལ་ལྟར་ཡུམ་གྱི་སྣང་ངོར་ཞུགས་པ་དེ་དང་ཡེ་ཤུ་གནམ་བདག་གི་ཐུགས་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་མཱ་ལེ་ཡའི་ལྷུམས་སུ་ཞུགས་པ་གཉིས་འདྲ། སྐུ་བལྟམས་དུས་ཡུམ་གཉིས་ལ་བདེ་སྣང་ལས་ཚོར་བ་སྡུག་བསྔལ་མེད་པ། ལྷ་ཀླུ་དུ་མས་བཀྲ་ཤིས་ཀྱི་རྟེན་འབྲེལ་བསྒྲགས་པ་སོགས་སྟོན་པ་གཉིས་ལ་གཅིག་མཐུན་དུ་ཡོད་པའི་ཆོས་མང་། ཡུམ་ཆེན་གཉིས་ལ་མཚོན་ན་ཡང་། ཡུམ་སྒྱུ་འཕྲུལ་མ་དང་མཱ་ལེ་ཡ་གཉིས་གང་ཟག་གཅིག་ཡིན་པ་ལྟ་བུའི་ཚོར་སྣང་སྟེར་ཏེ། གཉིས་ཀ་ཡང་སྔར་ནས་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་ཐེབས་པ་དང་གཅིག བུད་མེད་ཀྱི་སྐྱོན་གྱིས་མ་གོས་པས་སྐྱེས་མའི་མཆོག་ཏུ་འཛིན་པ་དང་གཉིས། དད་པ་བརྟན་ཞིང་ཆོས་བྱེད་པར་དགའ་བ་དང་གསུམ་བཅས་ཐུགས་གཤིས་ལ་འདྲ་ས་ཧ་ཅང་མང་། བར་དུ་སྟོན་པ་གཉིས་ཀྱིས་རིག་པའི་གནས་ལ་སྦྱངས་ཚུལ་གྱི་ཐད་ནས་ཀྱང་གཅིག་མཐུན་གྱི་ཆོས་མང་སྟེ། བདག་ཅག་གི་སྟོན་པས་བྲམ་ཟེ་ཆོས་ལུགས་གཙོ་བྱས་སྐབས་དེར་ཡོད་པའི་རིག་གནས་ཡོད་ཚད་ལ་སྦྱངས་པ་མཐིལ་ཕྱིན་གནང་བའི་རྨང་གཞིའི་སྟེང་རང་གི་ལྟ་གྲུབ་གསར་དུ་བཏོན་པ་དེ་དང་། ཡེ་ཤུས་ཡེའུ་ཐེ་ཆོས་དང་ནུབ་གླིང་གི་རིག་གསར། ཤར་ཕྱོགས་ཀྱི་ཆོས་ལུགས་རིག་གནས་སོགས་ལ་སློབ་གཉེར་གནང་བའི་ཐོག་རང་གི་ལྟ་གྲུབ་བཏོན་པ་གཉིས་ཀྱང་ཤིན་ཏུ་ནས་འདྲ། ཡང་ང་ཚོས་སྟོན་པ་གཉིས་ཀྱིས་བདུད་བཏུལ་བ་དང་ཆོས་འཁོར་བསྐོར་ཚུལ་གྱི་ཐད་ནས་བལྟས་ན། ཁོང་གཉིས་ལ་བདུད་སྡིག་ཅན་གྱིས་ཉམས་སད་ཚུལ་གྱི་གྲངས་ལ་འདྲ་བ་ཡོད་དེ། གཉིས་ཀར་ཐེངས་གསུམ་དུ་ཉམས་སད་པའི་ཕྱིར་རོ། བདུད་ལས་རྒྱལ་བར་ཡང་འདྲ་སྟེ། གཉིས་ཀས་ཀྱང་བདུད་སྡིག་ཅན་ཞི་བའི་སྟོབས་ཀྱིས་བཏུལ་ཏེ་མངོན་པར་རྒྱལ་བའོ། ཆོས་འཁོར་བསྐོར་ཚུལ་ཡོང་འདྲ་སྟེ། བདག་ཅག་གི་སྟོན་པས་ཐེངས་གསུམ་དུ་ཐེངས་ནས་བསྐོར་བ་དེ་དང་ཡེ་ཤུས་ཆོས་རྣམས་ལོ་གསུམ་དུ་ཐེངས་གསུམ་དུ་བྱས་ནས་བསྐོར་བར་བསྡུས་ཆོག་ཆོག་ཡིན་པའི་ཕྱིར། ཆོས་དེ་དག་ཀྱང་བདག་ཅག་གི་སྟོན་པ་དང་ཡེ་ཤུ་ཁོ་རང་སྐུ་བཞུགས་དུས་ཡི་གེར་མ་བཀོད་པ་འདྲ་འདྲ་ཡིན་ལ་རྗེས་ཀྱི་འཁོར་དག་གིས་བསྡུས་ནས་ཡི་གེར་བཀོད་པས་ཆོས་རྒྱུན་འཛིན་ཚུལ་ལ་ཡང་འདི་གཉིས་འདྲ། གཞན་ཁོང་གཉིས་ཀྱིས་སྐུའི་འདུ་བྱེད་གཏོང་བའི་དམིགས་དོན་ལ་གཞིགས་ན་ཡང་། བདག་ཅག་གི་སྟོན་པས་འདུས་བྱས་མི་རྟག་པའི་རང་བཞིན་དང་ཆོས་དཀོན་མཆོག་སྐྱབས་གནས་མཐར་ཐུག་ཏུ་སྒྲུབ་ཆེད་གདུལ་བྱའི་དོན་དུ་འདས་པའི་ཚུལ་བསྟན་པ་ཡིན་ལ། ཡེ་ཤུ་ནས་ཀྱང་གནམ་བདག་སྐྱབས་གནས་མཐར་ཐུག་དང་སེམས་ཅན་རྣམས་ཉེས་ཅན་ཡིན་པར་བསྒྲུབ་ཆེད་གདུལ་བྱའི་དོན་དུ་རང་སྲོག་བློས་བཏང་བ་གཉིས་གནད་ཀྱི་འགངས་གཅིག་ཏུ་འབབ་བོ།།
གོང་དུ་སྟོན་པ་གཉིས་ཀྱི་མཛད་པར་མཐུན་ཆོས་གང་དག་ཡོད་ཚུལ་བཤད་ཟིན་ཏེ། ད་ནི་མཐུན་ཆོས་དེ་འདྲ་བྱུང་བའི་རྒྱུ་དང་རྐྱེན་ལ་དཔྱད་པར། རྣམ་པ་གཅིག་ཏུ་ན་ཆོས་ལུགས་མི་འདྲ་བ་གཉིས་ལ་འདྲ་བ་ཡོད་པ་ཙམ་གྱིས་རྒྱུ་གཅིག་ཁོ་ནའོ་ཞེས་སྨྲ་བར་མི་ནུས་ཏེ། མི་གཉིས་ཀྱི་ཕྱིའི་བཟོ་ལྟ་འདྲ་བ་ཡོད་པ་ཙམ་གྱིས་རྒྱུ་ཕ་གཅིག་ཡིན་ཞེས་སྨྲ་མི་རུང་བ་བཞིན་ནོ།། ཡིན་ན་ཡང་། སྐབས་འདིའི་སྟོན་པ་གཉིས་ཀྱི་མཛད་འཕྲིན་ལ་མཐུན་ཆོས་མང་དུ་བྱུང་ཡོད་པ་འདི་ཤིན་ཏུ་ནས་དཔྱད་དུ་ཡོད་པ་ཞིག་ལ་སྟབས་འགྲིག་པ་དང་རྒྱུ་མེད་རྐྱེན་མེད་ཅིག་མིན་པར་སེམས། བདག་གིས་བསམས་ན། སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་མཛད་རྣམ་ལ་ཐུན་མིན་གྱི་བཤད་སྲོལ་ཞིག་ཡོད་པ་འདི་ནི། རང་ནང་པའི་སྒེར་ཆོས་ལྟ་བུ་ཞིག་མིན་པར་འདོད་ལ། ཡེ་ཤུ་ཆོས་ལུགས་པའི་བཤད་སྲོལ་ཞིག་དེ་ལས་ཀྱང་མིན་པར་འདོད། དོན་དུ་འདི་ནི་གནའ་བོའི་རྒྱ་གར་ཡུལ་གྱི་ཆོས་ལུགས་སྔོན་མ་དག་གིས་རང་རང་གི་སྟོན་པ་དང་བསྟན་པ་ལ་ཆེ་བརྗོད་བྱེད་པའི་སྲོལ་དེའི་བཤད་ལུགས་ལ་ལད་མོ་བྱས་ནས་ཐོན་པའི་ཆོས་སྤེལ་ཐབས་ཤིག་ཡིན་པར་སྣང་སྟེ། ནང་བའི་ཆོས་ཀྱི་ཡར་སྔོན་ནས་དར་བའི་རྒྱ་གར་ཡུལ་གྱི་བྲམ་ཟེའི་ཆོས་ལུགས་ཀྱིས་ཚངས་པ་འཇིག་རྟེན་གྱི་ཆེན་པོ་ཡིན་པར་བརྗོད་སྲོལ་དེ་དང་དབང་ཕྱུག་པས་ལྷ་དབང་ཕྱུག་ཡོན་ཏན་བརྒྱད་ལྡན་དུ་བཤད་ལུགས་དེ་དག་ལ་ཞིབ་ཏུ་དཔགས་ན་སྟོན་པ་གཉིས་ཀྱི་མཛད་འཕྲིན་འཆད་པའི་ས་བོན་དང་རྒྱུ། རིགས་ལམ་གྱི་ཁུངས་སམ་དཔེ་ནི་གོང་གི་ཆོས་ལུགས་དེ་གཉིས་ཡིན་ནམ་སྙམ། ཡིན་ན་ཡང་འདི་བློ་དམན་བདག་གི་ལྟ་བ་ཙམ་ལགས་པས་བློ་གྲོས་ཀྱི་མིག་དང་ལྡན་པའི་མཁས་དབང་དག་གིས་དཔྱད་པར་འཚལ།། དེ་ལྟར་སྟོན་པ་གཉིས་ཀྱི་མཛད་འཕྲིན་བརྗོད་ལུགས་དེའི་ཁུངས་གནའ་བོའི་རྒྱ་གར་ཡུལ་གྱི་ཆོས་ལུགས་དེ་དག་ལ་གཏུགས་ཟིན་མོད་ཀྱང་། བྲམ་ཟེའི་ཆོས་ལུགས་དང་དབང་ཕྱུག་པའི་རང་རང་གི་སྟོན་པའི་མཛད་འཕྲིན་གང་བརྗོད་བརྗོད་དེ་མཐའ་གཅིག་ཏུ་སངས་རྒྱས་དང་ཡེ་ཤུའི་མཛད་པ་དང་ངོ་འཕྲོད་དཀའ་སྟེ། རང་ནང་པ་དང་ཡེ་ཤུ་པས་དེ་དག་ཀུན་རང་རང་གི་ཡུལ་དུས་རིག་གནས་དང་མཐུན་པར་བྱས་པ་ཡིན་པས་སོ། གསལ་འདེབས་དགོས་པ་ཞིག་ལ་གོང་དུ་བདདག་གིས་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་མཛད་འཕྲིན་དེའི་ཁུངས་དང་རིགས་ལམ་རྒྱ་གར་དུ་གཏུགས་པ་མ་གཏོགས། ཡེ་ཤུའི་མཛད་འཕྲིན་གྱི་བཤད་སྟངས་ཀྱང་བྲམ་ཟེའི་ཆོས་ལུགས་དང་དབང་ཕྱུག་པ་ལས་འཕྲོས་ཞེས་བདག་གིས་བརྗོད་མེད་ལ་འདོད་པ་ཡང་མིན། ཡིན་རྒྱུ་ནི་ནང་བ་པ་དང་ཡེ་ཤུ་ཆོས་ལུགས་གཉིས་ཀྱིས་རང་རང་གི་སྟོན་པ་ཆེན་པོར་སྒྲུབ་སྲོལ་དེའི་ཐོག་མའི་ཁུངས་དང་རིགས་ལམ་གྱི་དཔེ་ནི་བྲམ་ཟེའི་ཆོས་ལུགས་དང་དབང་ཕྱུག་པ་གཉིས་ཡིན་པ་ལས། ཡེ་ཤུའི་མཛད་འཕྲིན་རྣམས་དེར་དཔེ་བལྟས་ནས་བྱུང་བ་མ་རེད། སྤྱི་ཚོགས་ལོ་རྒྱུས་དང་ཆོས་ལུགས་ཀྱི་འཕེལ་རིམ་ཐད་ནས་བཤད་ན། དེའི་བར་དུ་དཔེ་བརྒྱུད་མ་ཞིག་དང་དཔེ་ལྟ་ལུགས་ཀྱི་གོ་རིམ་ངེས་ཅན་ཞིག་ཡོད་དེ། ཐོག་མར་ནང་པའི་ཆོས་ལུགས་དེར་རྒྱ་གར་དུ་དར་བའི་སྐབས་དེ་རྒྱ་གར་ཡུལ་མིའི་བསམ་བློ་རིག་གནས་དང་སྤྱི་ཚོགས་ཁོར་ཡུག་ལ་མཐུན་ཆེད་དམ་མི་མང་པོས་དང་དུ་ལེན་ཕྱིར། ནང་པའི་རྗེས་འཇུག་དག་གིས་ལྟ་བ་བརྗོད་སྐབས་དང་བསྟན་པ་སྐྱོང་ལུགས། སྟོན་པའི་མཛད་འཕྲིན་འཆད་སྐབས་སུ་སྐབས་དེའི་རྒྱ་གར་གྱི་ཡུལ་ཆོས་དང་བསྟུན་ཅི་ཐུབ་བྱས་པ་ལས། རྒྱ་གར་གྱི་ཡུལ་ཆོས་དང་མི་མཐུན་པ། བསམ་བློ་རིག་གནས་དང་འགལ་བ། ལྐོག་གྱུར་དང་རྒྱུས་མེད་ཀྱི་རིག་གནས་གསར་རྐྱང་ཞིག་གི་ཚུལ་བཟུང་ནས་སྤེལ་བ་མིན་པར་འདོད། གལ་སྲིད་དེ་བཞིན་སྤེལ་བའི་དབང་དུ་བཏང་ན། རང་རེའི་ནང་ཆོས་དེ་ཡང་རྒྱ་གར་དུ་དེ་འདྲ་བ་དར་མི་སྲིད་ལ་རྐང་ཚུགས་ནས་དར་རྒྱས་སུ་དེ་ལས་ཀྱང་འགྲོ་མི་སྲིད། ནང་པའི་ཆོས་ལུགས་དེ་རྒྱ་གར་གྱི་ཡུལ་དུས་རིག་གནས་དང་མཐུན་པར་བྱས་ཤིང་། སྐབས་དེའི་ཆོས་ལུགས་རིག་གནས་རྙིང་བ་དག་རྨང་གཞི་དང་དེ་དག་ལ་དཔེ་བལྟས་ནས་བྱུང་ཞེས་སྨྲས་ན་རང་སྡེ་ནང་པའི་དད་པ་ཅན་འགའི་མིག་ཏུ་མི་མཛེས་ཤིང་བློ་ངོར་མི་བདེ་བ་སྲིད་མོད། དོན་དུ་གཞན་དཔེ་བླངས། ཁོར་ཡུག་གྲོགས་སུ་འཛིན་ཤེས་པ་འདི་ནི་སྟོན་པའི་རྗེས་འཇུག་དེ་དག་ཤིན་ཏུ་ཐབས་མཁས་ཡིན་པའི་སྒྲུབ་བརྟགས་ངོ་མཚར་བ་ཞིག་གོ །དེ་བས་རང་རེ་ནང་བ་པས་བྲམ་ཟེའི་ཆོས་ལུགས་སོགས་ལ་དཔེ་བལྟས་ནས་ཐུན་མིན་གྱི་སྟོན་པའི་མཛད་པ་བརྗོད་ལུགས་འདི་བྱུང་བ་ཡིན་པར་འདོད་མོད་ཡེ་ཤུ་ཆོས་ལུགས་པས་རང་སྡེ་ནང་པ་ལྟར་ཐད་ཀར་བྲམ་ཟེ་ཆོས་ལུགས་སོགས་ལ་དཔེ་བལྟས་པ་མིན་པར་སེམས། འོ་ན། ཡེ་ཤུའི་མཛད་པ་བརྗོད་ལུགས་དེ་བྲམ་ཟེའི་ཆོས་ལུགས་སོགས་ལ་ཐད་ཀར་དུ་དཔེ་བལྟས་པ་མིན་ན་གང་ཡིན་དགོས་ཤེ་ན། དཔེ་རིམ་ཅན་དུ་བལྟས་པ་ཡིན་པར་འདོད་དེ། ནང་པ་ལ་དཔེ་བལྟས་ནས་བྱུང་བ་ཡིན་པར་འདོད། རྟགས་གང་གིས་གྲུབ་ཅེ་ན། སྤྱི་ཚོགས་ལོ་རྒྱུས་དང་ཆོས་ཀྱི་འཕེལ་རིམ་ལ་སྦྱར་ཏེ་བཤད་པར་བྱ། ཐད་ཀར་དུ་དཔེ་བལྟས་པ་ཡིན་ན། སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ལྔ་བརྒྱ་དང་ཡང་ན་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྷག་གི་སྔོན་དུ་དར་བའི་བྲམ་ཟེའི་ཆོས་ལུགས་དང་དབང་ཕྱུག་པ་དར་བའི་དུས་སུ་འཛམ་གླིང་ཤར་ནུབ་གཉིས་ལ་འགྲོ་འོང་གི་རྒྱུན་དང་ཆོས་ཀྱི་འབྲེལ་བ་ཡོད་དགོས་ལ་དེ་འདྲ་བ་ཡོད་པ་འཛམ་གླིང་ལོ་རྒྱུས་དང་གནའ་རྫས་སོགས་ཀྱི་རྟགས་མཚན་གང་ལས་ཀྱང་མཐོང་མ་བྱུང་། དཔེ་རིམ་ཅན་ནང་པ་ལ་བལྟས་ནས་བྱུང་ཚུལ་ནི། 《འཛམ་གླིང་ལོ་རྒྱུས》སུ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་ཞི་ལའི་རྒྱལ་པོ་ཡཱ་ལི་ཧྲན་ཏས་ཨེ་ཅི་དང་པར་ཟིག རྒྱ་གར་སོགས་དབང་དུ་བསྡུས་ནས་ས་དེ་དག་ཏུ་རང་གི་གྲོང་ཁྱེར་དང་དམག་གི་ལྟེ་གནས་སོགས་བཙུགས་ཞེས་དང་། ཡཱ་ལི་ཧྲན་ཏ་དང་འཁོར་ཁྲི་ལྷག་གིས་ཡ་གླིང་རྒྱ་གར་གྱི་སྐྱེས་མ་བཙུན་མོར་བཞེས། ཡུལ་ཆོས་སྲོལ་ལུགས་རྒྱ་གར་དང་མཐུན་པར་གོས་ལ་རིང་ཡང་བ་ཅན་གསོལ། ཞབས་སྤྱི་བོར་གཏུགས་ནས་མཇལ་བའི་སྲོལ་བཟུང(27)ཞེས་དང་། 《ཡེ་ཤུ་ཆོས་ཀྱི་འབྱུང་ཁུངས》ཞེས་པའི་གཞུང་དུ་ཡང་། སྤྱི་ལོ་སྔོན་གྱི་ལོ་334ན་ཡཱ་ལི་ཧྲན་ཏའི་དཔུང་གིས་ཡ་གླིང་གི་པར་ཟིག་དང་རྒྱ་གར་དབང་དུ་བསྡུས། ཤར་ཕྱོགས་པའི་རིག་གནས་སྒྱུ་རྩལ་དང་ཆོས་ལུགས་ལ་ངོ་མཚར་སྐྱེས།(28)ཞེས་དང་། འཇར་པན་གྱི་ཆོས་ལུགས་ཞིབ་འཇུག་པ་གྲགས་ཅན་ཁྲི་ཐན་ཏཱ་ཙོ་ཚང་གིས་ཀྱང་《བདག་གི་ནང་ཆོས་འཛིན་ཚུལ》ཞེས་པར། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ། ནང་བསྟན་བསམ་བློ་ནུབ་གླིང་དུ་དར་བའི་མགོ་ཚུགས། མྱ་ངན་མེད་དང་དུས་མཉམ་གྱི་ནང་པའི་རབ་བྱུང་པ་མང་པོ་ནུབ་གླིང་དུ་གཤེགས་ནས་ཆོས་ཀྱི་བྱ་བ་རྒྱ་ཆེར་མཛད། གྲགས་རྒྱུན་ལ་སྐབས་དེར་ནུབ་གླིང་པ་ཁྲི་བདུན་ཙམ་ཆོས་སྒོར་ཞུགས་པ་དང་མི་སྟོང་ཙམ་རབ་ཏུ་བྱུང་(29)བར་ཡང་བཤད་དོ།།
ཡང་གཞུང་དེ་རུ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་བསྟན་ནུབ་གླིང་དུ་སྤེལ་བ་ནས་བཟུང་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཆོས་ལུགས་རིག་གནས་དང་དཔལ་འབྱོར་གྱི་འགྲོ་འོང་ཤིན་ཏུ་རྒྱས་པ་བྱུང་། (30)ཞེས་ཀྱང་གསུངས། གང་ལྟར། ང་ཚོས་གོང་གི་ལོ་རྒྱུས་རྒྱུ་ཆ་འདི་དག་ལ་ཞིབ་ཏུ་དཔགས་ན། ཐོག་མར་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་བཟུང་རྒྱ་གར་དང་ནུབ་གླིང་གི་ཞི་ལ་དང་རོ་མ་རྒྱལ་ཁབ་བར་འབྲེལ་བ་བྱུང་ཡོད་པ་ཤེས་ཐུབ། འབྲེལ་བ་འདི་ནི་སྲིད་ཀྱིས་དབང་དུ་བསྡུས་པ་ཁོ་ན་ཙམ་མ་ཡིན་པར། སྲིད་ཀྱི་འབྲེལ་བ་འདི་ལ་བརྟེན་ནས་ཡུལ་རྒྱ་གར་གྱི་ནང་བསྟན་རིག་གནས་གཙོ་བྱས་ཡུལ་ཆོས་གོམས་སྲོལ་དང་སྲིད་ཐབས་སྐྱོང་ལུགས་མང་པོ་ནུབ་གླིང་དུ་སྤེལ་ཡོད་པ་ཤེས་ཐུབ། མ་མཐའ་ཡང་ཡ་གླིང་ཤར་མའི་ཆོས་ལུགས་ཀྱིས་ནུབ་གླིང་རིག་གནས་ལ་ཤན་ཤུགས་ཐེབས་པ་ཤུགས་ཀྱིས་རྟོགས་ཐུབ་བོ། ནང་པའི་རབ་བྱུང་པ་མང་པོ་ནུབ་གླིང་དུ་སླེབས་པ་མ་ཟད་ནུབ་གླིང་གི་མི་མང་པོ་ཆོས་སྒོར་བཅུག་ནས་རབ་ཏུ་བྱུང་བར་བྱས་པ་འདི་ནི་ཤིན་ཏུ་ནས་ངོ་མཚར་བ་ཞིག་སྟེ། གཅིག་ཏུ་ན་འདི་ལས་རང་ནང་པའི་ཆོས་འདི་སྐབས་དེར་འཛམ་གླིང་རིག་གནས་ཀྱི་མཆོག་ཅིག་ཡིན་པར་བདེན་དཔང་བྱས་ལ། གཉིས་བྱས་ན་སྐབས་འདིར་ནང་བསྟན་བསམ་བློ་དང་ནང་པའི་འདུལ་ཁྲིམས་སོགས་ཀྱང་འཛམ་གླིང་ནུབ་རྒྱུད་དུ་དར་བ་མ་ཟད་རྐང་ཚུགས་པ་ཤེས་ཐུབ། རྒྱུ་མཚན་དེའི་ཕྱིར། སྟོན་པ་སངས་རྒྱས་དང་ཡེ་ཤུའི་མཛད་འཕྲིན་བརྗོད་ལུགས་ལ་མཐུན་ཆོས་མང་དུ་བྱུང་བ་དེ་ཡང་ལྐོག་གྱུར་ཅིག་དང་བརྗོད་དུ་མི་བཏུབ་པ་ཞིག་རེད། ནང་བསྟན་དེ་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་བྱུང་བར་གྲགས་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སྐབས་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་ཆེ་ཆེར་དང་བའི་སྒང་རེད། སྐབས་འདིར་ནང་བསྟན་ནི་ཕལ་ཆེར་རྒྱ་གར་བའི་རྒྱལ་ཁབ་ཀྱི་ཆོས་ལུགས་དང་བསམ་བློའི་རྟེན་གཞི་ཡིན་པར་མ་ཟད་ནུབ་གླིང་དུ་ཡང་དར་ནས་ཆོས་ཀྱི་འབྲེལ་བ་ཤིན་ཏུ་རྒྱས་པ་བྱུང་ཡོད། དེའི་རྐྱེན་གྱིས་ཡེ་ཤུ་འཁྲུངས་ཡུལ་པ་ལི་སི་ཐན་གྱི་ཅ་ལི་ལེ་དེ་ཡང་ཆོས་སྲིད་གང་གི་ཐད་ནས་བལྟས་ན་ཡང་ཤར་ནུབ་གཉིས་ཀྱི་འབྲེལ་བ་འཛིན་ས་ཞིག་ཡིན་ཙ་ན། ཡུལ་དེར་ཡང་ནང་པའི་ཆོས་ཀྱི་བསམ་བློ་དེ་དར་ཡོད་པ་སྨོས་མ་དགོས་པ་ཞིག་རེད། ལྷག་པར་དུ་ཡང་སྟོན་པའི་རྣམ་ཐར་དང་འཁྲུངས་རབས་དེ་གཏམ་རྒྱུད་དང་ལོ་རྒྱུས། རིག་གནས་སྒྱུ་རྩལ་གང་གི་ཆ་ནས་བཤད་ན་ཡང་རིན་ཐང་ཆེ་ཞིང་མི་མང་པོའི་བློར་འཐད་པ་ཞིག་ཡིན་པས་ཆོས་ཀྱི་འབྲེལ་བ་དང་སྲིད་ཀྱི་འབྲེལ་བར་བརྟེན་ནས་ནུབ་གླིང་གི་ཡུལ་མང་བོ་དར་ཁྱབ་ཆེ་ཙམ་སོང་བར་བདག་གིས་འདོད་དོ།། ཡེ་ཤུའི་མཛད་པ་བརྗོད་ལུགས་དེ་རང་རེ་ནང་བ་པར་དཔེ་བལྟས་པ་ཡིན་མོད། ཡིན་ན་ཡང་རང་རེ་ནང་པ་ལ་གང་ཡོད་དེ་ཡེ་ཤུར་ཡོད་དགོས་པ་དང་། ཡེ་ཤུར་མེད་པ་དེ་ནང་པར་ཡང་མེད་དགོས་པས་མ་ཁྱབ་ལ། ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་དགོས་པས་མ་ངེས། ནང་པའི་ལྟ་གྲུབ་དེ་ཉིད་པ་ལི་སི་ཐན་གཙོ་བྱས་ནུབ་གླིང་དུ་སྤེལ་རྗེས་སུ། ཁོང་ཚོས་དར་སྤེལ་དང་བེད་སྤྱོད་བྱེད་དུས་རང་རང་གི་རིག་གནས་དང་ཁོར་ཡུག་མིའི་བློ་ཁ་དང་རན་པར་བཅོས་ནས་རང་གི་ཁྱད་ཆོས་ཡོད་པ་ཞིག་ཏུ་བཏང་བ་ཡིན། ལུགས་འདི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་གོམས་སྲོལ་ཞིག་ཀྱང་རེད། དེ་ལྟ་མ་ཡིན་པར་རྒྱ་གར་ན་ཇི་ལྟར་ཡོད་པ་དེ་བཞིན་དུ་ནུབ་གླིང་དུ་ཡང་དེ་ལྟར་གནས་དགོས་པའི་རྒྱུ་མཚན་ཅི་ཡང་མེད། དཔེར་ན། རང་རེ་ནང་པའི་ཆོས་ལུགས་འདི་ཉིད་བོད་དུ་དར་རྗེས་སུ་བོད་བརྒྱུད་ནང་བསྟན་ཞེས་བོད་རང་གི་ཁྱད་ཆོས་དང་ཡུལ་ཆོས་ཤིག་ཏུ་གྱུར་ཡོད་པ་དེ་བཞིན་ནོ།། གཞན་ཡང། 《ནང་པའི་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས》ཞེས་པའི་གཞུང་དུ། ཡེ་ཤུས་ཨ་ལན་མོའི་སྐད་ལ་བརྟེན་ནས་ནང་ཆོས་ལ་མཇལ་བར་མ་ཟད་ནང་ཆོས་ཁྲོད་ཀྱི་ལྟ་བ་མང་པོ་རང་ཆོས་སུ་བླངས(31)ཞེས་དང་། 《ཡེ་ཤུ་དང་རྒྱལ་པོ་ཟས་གཙང》ཞེས་པ་ན་ཡང་། ཡེ་ཤུ་ཆོས་ལུགས་འདི་ཉིད་ནང་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་བྲག་ཅིག་རེད། (32)ཅེས་ཀྱང་གསུངས་ཡོད། དོན་དམ་དུ་ཡང་། ཕྲན་གྱིས་དཔགས་ན་དེ་འདྲ་ཡིན་པར་འདོད་དེ། རང་རེ་ནང་པ་དང་ཡེ་ཤུ་ཆོས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་དངོས་ཤུགས་མཐུན་པ་མང་དུ་མཆིས། སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་མཛད་འཕྲིན་ལ་འདྲ་བ་བྱུང་རྐྱེན་ཐད། སྔོན་ནས་བཟུང་འབྲེལ་བ་ཡོད་པར་འདོད་མཁན་ཡོད་དེ། 《ཡེ་ཤུའི་ཆོས་ལུགས་ཀྱི་ལོ་རྒྱུས》ཞེས་པར། སྟོན་པ་སངས་རྒྱས་དང་ཡེ་ཤུ་གཉིས་ཀྱི་ལོ་རྒྱུས་ལ་འདྲ་བ་ཤིན་ཏུ་མང་སྟེ། ཡུལ་གཉིས་ཀྱི་སྣང་བརྙན་དང་གཤིས་ལུགས། སྐུ་བལྟམས་དུས་ལྷ་རྣམས་ཀྱིས་མཆོད་ཚུལ། ལུང་བསྟན་ཚུལ། སྐུའི་ཆ་བྱད་ལ་མཚན་བཟང་ལྡན་ཚུལ། ཆེར་སྐྱེས་ནས་མི་མང་གི་མགོན་དུ་གྱུར་ཚུལ་སོགས་ཧ་ལས་དགོས་པའི་མཐུན་པ་མང་། དེའི་རྐྱེན་ནི་སྟོན་པའི་རྣམ་ཐར་དེ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་བཞི་བའི་དུས་སུ་དེང་གི་ཡ་ཞི་ཡ་ཆུང་བ་དང་། པ་ལི་སི་ཐན་གྱི་མི་རིགས་མང་པོར་དར་ཁྱབ་བྱུང་ཡོད། 《མཱ་ཁི་འཕྲིན་བཟང་》ཁྲོད་ཀྱི་ཡེ་ཤུའི་རྣམ་ཐར་དེ་ཡང་ཤར་ཕྱོགས་ཀྱི་ཆོས་ལུགས་འཕྲོས་པ་རེད(33)ཅེས་ཀྱང་གསལ་བོར་གསུངས་ཡོད་པས་དཔག་ནུས། ལོ་རྒྱུས་དང་ཆོས་ཀྱི་འཕེལ་རིམ་དང་སྦྱར་ཏེ་སྟོན་པ་གཉིས་ཀྱི་མཛད་པར་མཐུན་ཆོས་ཡོད་ཚུལ་དང་གང་གང་ལ་དཔེ་བལྟས་ཚུལ་བཤད་ཟིན་ལ། འོག་ཏུ་འཛམ་གླིང་གི་ཆོས་ལུགས་གྲུབ་མཐའ་ཁག་གི་འབྲེལ་བ་དང་སྦྱར་ཏེ་ནང་པ་དང་ཡེ་ཤུ་ཆོས་ལུགས་གཉིས་ལ་འབྲེལ་བ་ཡོད་ཚུལ་ཅུང་ཙམ་བཤད་ན། སྤྱིར་ཆོས་ལུགས་ལ་གདོད་མའི་ཆོས་ལུགས་དང་གྲུབ་མཐའ་སྨྲ་བའི་ཆོས་ལུགས་གཉིས་སུ་དགར་ཆོག གདོད་མའི་ཆོས་ལུགས་ནི་གནའ་སྔ་མོའི་དངོས་ཀུན་བླ་ཡོད་དང་སྲོག་ཆགས་བཀུར་བ། མེས་པོའི་མཆོད་སྦྱིན་སོགས་འཕེལ་རྒྱས་ཕྱིན་པ་ལས་ཐོན་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་སྟེ། མི་རིགས་རང་གི་ཁྱད་ཆོས་དང་ཡུལ་ཁམས་ཀྱི་ཁྱད་ཆོས། ཚོ་ཁོག་གི་ཚད་བཀག་ཡོད་པའི་གདོད་མའི་དུས་ཀྱི་ཆོས་ལུགས་ཤིག་རེད། གྲུབ་མཐའ་སྨྲ་བའི་ཆོས་ལུགས་ནི་དེ་ལྟ་མ་ཡིན་པར། མི་རིགས་རང་བཞིན་དང་ས་ཁུལ་རང་བཞིན་མེད་པར་རང་རང་གི་སྟོན་པ་དང་། བསྟན་པ། ལྟ་བ་གསུམ་ལྡན་གྱི་ཚད་མཐོ་བའི་གཞུང་ལུགས་རང་བཞིན་གྱི་རིག་གནས་ཤིག་རེད། དཔེར་ན། ཡེ་ཤུའི་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས། ནང་པའི་ཆོས་ལུགས། བོན་ཆོས་ལྟ་བུའོ།། དེང་སྐབས་ལ་ལས་ཡེ་ཤུའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས། ཡེའུ་ཐེ་ཆོས་ལུགས་གསུམ་ལ་ཕན་ཚུན་བར་འབྲེལ་བ་ཡོད་པ་གླེང་གིན་ཡོད་མོད། ཡིན་ན་ཡང་ནང་པ་དང་དེ་དག་བར་འབྲེལ་བ་ཡོད་ཚུལ་གླེང་མི་འདུག བདག་གིས་བསམས་ན། གྲུབ་མཐའ་སྨྲ་བའི་ཆོས་ལུགས་ཤིག་ཡིན་ཕྱིན་དེ་དག་བར་འབྲེལ་བ་ངེས་པར་དུ་ཡོད་པར་འདོད་དེ། གཅིག་ནས་གྲུབ་མཐའ་སྨྲ་བའི་ཆོས་ལ་མི་རིགས་རང་བཞིན་དང་ཁོར་ཡུག་གི་ཚད་བཀག་མེད་ལ།
གཉིས་ནས་དེ་རྣམས་བྱུང་བའི་དུས་ཅུང་འཕྱི་བ། གསུམ་ནས་གཅིག་གཅིག་གི་རྨང་གཞི་དང་དཔེར་སོང་ཡོད་པ་དེ་དག་གི་རྐྱེན་གྱིས་སོ། དཔེར་ན། ནང་པ་དང་བོན་ཆོས། ནང་པ་དང་ཡེ་ཤུ་ཆོས་ལུགས། ཡེ་ཤུ་ཆོས་ལུགས་དང་ཡེའུ་ཐེ་ཆོས་ལུགས་སོགས་ལ་འབྲེལ་བ་ཡོད་པ་བཞིན་ནོ།། དེའི་རྐྱེན་གྱིས་ཡེ་ཤུ་ཆོས་ལུགས་ཀྱིས་རང་གི་ཡར་སྔོན་ནས་བྱུང་ཞིང་དར་ཆེ་བ། གཞུང་ལུགས་ཀྱི་ཚད་མཐོ་བའི་ནང་པར་དཔེ་བལྟས་ནས་རང་གི་གྲུབ་མཐའ་གསར་དུ་བཏོད་པ་ཡིན་པར་འདོད་དོ།། མདོ་ཧྲིལ་གྱིས་དྲིལ་ནས་བཤད་ན། ཡེ་ཤུའི་མཛད་རྣམ་བརྗོད་སྲོལ་དེ་ནང་པའི་སྟོན་པའི་རྣམ་ཐར་འཁྲུངས་རབས་དང་དཔེ་བལྟས་ནས་བྱུང་བར་འདོད་དེ། མཛད་པ་གཉིས་གཤིབ་ཏེ་བསྡུར་ན་འདྲ་བ་ཤིན་ཏུ་མང་ཞིང་རིགས་ལམ་མཐུན་པར་སྣང་བ་དང་གཅིག ལོ་རྒྱུས་དང་འབྲེལ་ནས་དཔྱད་ན་ཤར་ནུབ་གཉིས་ལ་ཆོས་སྲིད་ཀྱི་འབྲེལ་བ་དང་འགྲོ་འོང་། རིག་གནས་བརྗེ་རེས་ཀྱི་སྲོལ་སྔ་མོ་ནས་ཡོད་པ་དང་གཉིས། གྲུབ་མཐའ་སྨྲ་བའི་ཆོས་ལུགས་ཕན་ཚུན་བར་གཅིག་གཅིག་ལ་སྔོན་སོང་གི་རྒྱུ་དང་དཔེ་ལྟ་བའི་ཆོས་ཉིད་ཅན་གྱི་གོམས་སྲོལ་ཡོད་པ་དང་གསུམ་གྱི་སྒོ་ནས་སོ།།
ཟུར་བལྟའི་དཔྱད་གཞི།
(1)རྗེ་བཙུན་བྱམས་པ་མགོན་པོས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི། 《ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས》ཀྱི་ཤོག་ངོས26 ན་གསལ།
(2)(9)(13)མཁས་པ་ལྡེའུས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་གིས་པར་དུ་བསྐྲུན་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པའི》ཤོག་ངོས40.42.44ན་གསལ།
③ ⑥⒆(25)གུ་རུ་བཀྲ་ཤིས་ཀྱིས་བརྩམས་ཤིང་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གུ་བཀྲའི་ཆོས་འབྱུང》གི་ཤོག་ངོས23.24.26.33ན་གསལ།
(4)(英)凯文·奥顿奈尔,从人创造到虚拟(M)北京大学出版社,60
(5)《མཱ་ཁུ་འཕྲིན་བཟང》(ཚོད་ལྟའི་དེབ)གི་ཤོག་ངོས7ན་གསལ།
(7)(10)(16)(22)《དམ་པའི་གསུང་རབ་གསར་བའི་བའི》ཤོག་ངོས1.1.64.2.7ན་གསལ།
(8)(10)སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་ཤོག་ངོས52.54ན་གསལ།
(14)རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས་ཤིང་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ལྷོ་རོང་ཆོས་འབྱུང》གི་ཤོག་ངོས3ན་གསལ།
(15)(美)布鲁斯,圣母玛丽亚的故事(M)西安:陕西师范大学出版社,115
(17)《ལོ་ཀུའི་འཕྲིན་བཟང》(ཚོད་ལྟའི་དེབ)གི་ཤོག་ངོས10ན་གསལ།
(18)སྙན་བཟང་པ་དགེ་འདུན་གྱིས་བརྩམས་ཤིང་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ནང་དོན་རིག་པའི་སྤྱི་བཤད》ཀྱི་ཤོག་ངོས56ན་གསལ།
(21)(23)(26)《新约概论》46,4,52
(24)(法)欧内斯特,菜南耶酥铁一生(M)北京商务印书出版社,121
(27)(美)海斯,韦兰,世界史(M)北京三联书店178
(28)罗布逊,基督的起源(M)北京三联书店44
(29)(31)(32)(日)池田大作,我的佛教观(M)成都四川人民出版社,36,75,78
(33)杨真,基督教史纲(M)北京三联书店44