གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།སྐུ་གསུང་ཐུགས་རྟེན་གསུམ་ལས་ཐུགས་ཀྱི་རྟེན་མཆོད་རྟེན་ཡིན་བའི་རྒྱུ་མཚན་ལ་དཔྱད་བ།
སྤེལ་དུས།2010-04-30   ཡོང་ཁུངས་།《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》   རྩོམ་པ་པོ། འཇམ་དབྱངས་གྲགས་པ། འབྲུག་མོས་ཞུ་དག་བྱས།

ནང་དོན་གནད་བསྡུསའདིར་མཆོད་རྟེན་གྱི་དབྱེ་བ་དང་།   མཆོད་རྟེན་གྱི་མཚོན་དོན།   ཐུགས་ཀྱི་རྟེན་ལ་མཆོད་རྟེན་འབུལ་ཚུལ་གྱི་དཔེ་མཚོན་བཅས་བརྗོད་ཡོད་དོ།

གནད་ཚིགཐུགས་ཀྱི་རྟེན། མཆོད་རྟེན། ཡེ་ཤེས་ཆོས་སྐུ།

གཅིག

བོད་ཀྱི་ལོ་རྒྱུས་ཚད་ལྡན་དག་ལས་གསུངས་པ་ལྟར་ན་དུས་རབས་གསུམ་པའི་ནང་སྟེ་བོད་རྒྱལ་ལྷོ་ཐོ་ཐོ་རིའི་དུས་སུ་སངས་རྒྱས་བསྟན་པའི་དབུ་བརྙེས།   དུས་རབས་བདུན་པའི་ནང་སྟེ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སངས་རྒྱས་བསྟན་པའི་སྲོལ་ཕྱེ། དུས་རབས་བརྒྱད་པའི་ནང་དུ་མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་དང་། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཕེལ་འགྲིབ་སྣ་ཚོགས་བྱུང་བའི་དབང་གིས་བསྟན་པ་སྔ་དར་དང་ཕྱི་དར་ཞེས་པའི་ཐ་སྙད་བྱུང་བ་དང་།   བསྟན་པའི་ཕྱི་དར་གྱི་དུས་ནས་རྙིང་པ་མ་དང་། བཀའ་གདམས་པ་དང་། བཀའ་བརྒྱུད་པ་དང་། ས་སྐྱ་པ་དང་།   ཇོ་ནང་པ་དང་། རི་བོ་དགེ་ལྡན་པ་སོགས་གྲུབ་མཐའ་ཁག་གི་དབྱེ་བ་མང་དུ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་བར་བྱས། བསྟན་པ་སྤེལ་ཚུལ་གྱི་དབང་དུ་བཏང་ན།   སྤེལ་རྒྱུའི་བསྟན་པ་དེ་ནི་གང་ཡིན་ཞེ་ན། ཇི་སྐད་དུ། ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།། རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། ཞེས་གསུངས་པ་ལྟར། སྡེ་སྣོད་གསུམ་ལ་འཆད་ཉན་བྱས་ཏེ་ལུང་གི་བསྟན་པ་འཛིན་དགོས་པ་དང་། བསླབ་པ་གསུམ་ལ་ཉམས་ལེན་བྱས་ཏེ་རྟོགས་པའི་བསྟན་པ་འཛིན་དགོས་པ་ཡིན། དེ་ཡང་དབང་ལུང་ཁྲིད་གསུམ་གྱི་ཆོས་སྦྱིན་སྣ་ཚོགས་སྤེལ་བ་དང་། ཁྱད་པར་དུ་བླ་མེད་རྒྱུད་སྡེའི་དབང་དང་བཀའ་བསྟན་གྱི་ལུང་ལྟ་བུའི་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཚེ་ན། མཇུག་ཏུ་སློབ་མས་གཏང་རག་གི་མཆོད་པ་མཚོན་བྱེད་དང་། མ་འོངས་པར་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པའི་སྐུ་དང་།    གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་གྱི་གསུང་དང་།   ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་ཏེ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རང་ལ་ཐོབ་པའི་རྟེན་འབྲེལ་ལ་དམིགས་ཏེ།   སྐུའི་རྟེན་ལ་སངས་རྒྱས་བྱང་སེམས་ཀྱི་སྐུ་འདྲ་དང་། གསུང་གི་རྟེན་ལ་བཀའ་འགྱུར་དང་བསྟན་འགྱུར། ཡང་ན་གསུང་འབུམ་གང་རུང་དང་།   ཐུགས་ཀྱི་རྟེན་ལ་མཆོད་རྟེན་འབུལ་བའི་སྲོལ་དར་ཡོད་པ་ཡིན
                                                     གཉིས།

མཆོད་རྟེན་ཞེས་པ་ནི་མཆོད་པའི་ཞིང་ངམ་མཆོད་པའི་རྟེན་ཡིན་ལ། སྤྱིར་མཆོད་རྟེན་ལ་འདུན་པ་སླར་ལོག་པའི་མཆོད་རྟེན། དབུ་སྐྲ་བྲེགས་ཤིང་ངུར་སྨྲིག་བླངས་པའི་མཆོད་རྟེན།  ཕྱག་སོར་ལྔར་སེང་གི་ལྔ་སྤྲུལ་ནས་གླང་ཆེན་སྨྱོན་པ་བཏུལ་བ་ན་གྲོང་ཁྱེར་འདུལ་མཛད་མཆོད་རྟེན།   སྤྲེའུས་སྦྲང་རྩི་ཕུལ་ཏེ་ཤི་ནས་ལྷར་སྐྱེས་སྐབས་ཐུགས་རྗེ་འབྱུང་བའི་མཆོད་རྟེན། ལེགས་སྐྱེས་མས་འོ་ཐུག་དྲངས་པ་ན་ཉེར་ཞི་རྒྱལ་བའི་མཆོད་རྟེན། རིགས་ཅན་གསུམ་གྱི་དོན་མཛད་པ་ན་རྣམ་དག་མཆོད་རྟེན་སོགས་མང་དུ་ཡོད་པར་གསུངས་ཀྱང་ཡོངས་གྲགས་སུ་མཆོད་རྟེན་བརྒྱད་ཡོད།
      
མཆོད་རྟེན་བརྒྱད་ནི། 1.སྟོན་པ་སྐུ་འཁྲུངས་དུས་སུ་པདྨ་སྤུངས་པའི་མཆོད་རྟེན་སེར་སྐྱའམ་ལུམ་བིར་ཡབ་ཟས་གཙང་གིས་བཞེངས་པ་སྟེ་འདི་ལ་བཀྲ་ཤིས་འབྱུང་བའམ་བདེ་གཤེགས་འབྱུང་བའང་ཟེར།   2.སངས་རྒྱས་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་རྒྱལ་པོ་གཟུགས་ཅན་སྙིང་པོས་བཞེངས་པ།   3.མུ་སྟེགས་སྟོན་པ་དྲུག་བཏུལ་དུས་སུ་ཆོ་འཕྲུལ་མཆོད་རྟེན་ཛེ་ཏའི་ཚལ་དུ་ལི་ཙ་བི་རྣམས་ཀྱིས་བཞེངས་པ་སྟེ་འདི་ལ་མུ་སྟེགས་འདུལ་མཛད་མཆོད་རྟེན་ཡང་ཟེར། 4.རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་རྣམས་དབྱེན་བྱས་པ་མཆོག་ཟུང་གིས་འདུམ་པའི་ཚེ་བཞེངས་པའི་དབྱེན་འདུམ་མཆོད་རྟེན། 5.ཡངས་པ་ཅན་གསལ་ལྡན་དུ་བྱུང་བ། སྟོན་པས་སུམ་རྩེན་དུ་དབྱར་གནས་མཛད། ཕྱི་དྲོ་འཛམ་བུའི་གླིང་དུ་ཕེབས་པའི་ཚེ་བཞེངས་པའི་ལྷ་བབས་མཆོད་རྟེན། 6.སྟོན་པས་ཡུལ་ཝན་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་ཚེ།   ཁོང་རྣམས་ཀྱིས་སྦྱིན་བདག་མཛད་དེ་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན། འདི་ལ་ཆོས་འཁོར་མཆོད་རྟེན་ཡང་ཟེར།   7.སྟོན་པས་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བཞེངས་པའི་བྱིན་རླབས་མཆོད་རྟེན་ནམ་རྣམ་རྒྱལ་མཆོད་རྟེན།   8.རྩ་མཆོག་གྲོང་དུ་སྟོན་པ་མྱ་ངན་ལས་འདས་པའི་ཚེ་ཡུལ་མི་རྣམས་ཀྱིས་བཞེངས་པའི་མྱང་འདས་མཆོད་རྟེན་དང་བརྒྱད་ཡིན་ནོ།། འདི་བརྒྱད་ནི་སྟོན་པས་མཛད་པ་ཁྱད་པར་ཅན་གཙོ་བོར་གྱུར་པ་དག་བསྟན་པའི་ཚེ་ཡུལ་ཕྱོགས་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཆོད་པའི་རྟེན་བརྩིགས་ཏེ་དུས་སྟོན་གྱི་སྲོལ་ཚུལ་པ་ལས་བྱུང་བ་ཡིན་ནོ།།
                                                              གསུམ། 

མཆོད་རྟེན་གྱི་མཚོན་དོན་ནི། སྐྱབས་རྗེ་༧འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་མཛད་པའིམཆོད་རྟེན་བརྒྱད་ཀྱི་ཐིག་རྩལས། རྒྱུ་དང་འབྲས་བུའི་མཆོད་རྟེན་གྱི།། གཞི་རྨང་དགེ་བ་བཅུ་ཡིན་ཏེ།   །དེ་སྟེང་བང་རིམ་བཞི་བོ་ཡི།། དང་པོ་དྲན་པ་ཉེར་བཞག་དང་།། གཉིས་པ་ཡང་དག་སྤོང་བ་བཞི།། གསུམ་པ་རྫུ་འཕྲུལ་རྐང་བ་བཞི།   །བཞི་བ་དད་སོགས་དབང་པོ་ལྔ།   བུམ་སྟན་སྟོབས་སུ་གྱུར་པ་ལྔ།། བུམ་པ་བྱང་ཆུབ་ཡན་ལག་བདུན།   །བྲེ་ནི་འཕགས་ལམ་ཡན་ལག་བརྒྱད།། དེ་ལྟར་བྱང་ཆུང་ཕྱོགས་ཀྱི་ཆོས།   །སུམ་ཅུ་རྩ་བདུན་རྣམ་དག་ནི།། སངས་རྒྱས་ཉིད་དུ་དབྱེ་བ་ཡིན།   རྒྱུ་ཡི་ལམ་དུ་བྱེད་པ་ཡི།   འཁོར་བའི་སྐྱོན་བྲལ་པདྨའི་སྟེང་།   ཆོས་འཁོར་བཅུ་ནི་སྟོབས་བཅུ་སྟེ།། ལྷག་མ་དགོངས་པ་ཉེར་བཞག་གསུམ།  ཐུགས་རྗེའི་མདོ་གཟུངས་ཐུགས་རྗེ་དང་།   སྟོང་ཉིད་བཅུ་དྲུག་དབྱེར་མེད་དངོས།   གདུགས་དང་ཆར་ཁེབས་ཐབས་ཤེས་ཏེ།། ཟ་ར་ཚག་ནི་འཕྲིན་ལས་བཞི།   ཟླ་བ་ཉི་མ་མཁྱེན་པ་གཉིས།   ཏོག་ནི་གཉིས་མེད་ཟུང་འཇུག་སྐུ།    མེ་ཏོག་ཕྲེང་བ་སངས་རྒྱས་ཀྱི།   མ་འདྲེས་ཆོས་ནི་བཅོ་བརྒྱད་དང་། རྡོ་རིང་མི་འཇིགས་བཞི་ཡིན་ཏེ།    གསེར་དྲིལ་འཁྲོལ་བ་ཚངས་པའི་གསུང་། བ་དན་སྙན་པའི་གྲགས་པ་དངོས།། །ཤེས་རབ་སྒྲོན་མེ་ཕྲེང་བ་སྟེ།   ཏིང་འཛིན་སྒོ་བརྒྱའི་རྒྱན་ཕྲེང་མཛེས། དེ་དག་འབྲས་བུ་སངས་རྒྱས་ཀྱི། ཡོན་ཏན་རིན་ཆེན་མཆོད་རྟེན་ཡིན།   །ཞེས་གསུངས་པ་ལྟར་མཆོད་རྟེན་གྱི་མཚོན་དོན་ཕལ་ཆེར་ཡེ་ཤེས་ཆོས་སྐུ་སྟེ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡིན།
    
ཡང་གསུང་ཚུལ་གཞན་དུ།   ས་འཛིན་ནས་ནོར་བུའི་ཏོག་བར་ཐ་སྙད་རེ་ཡོད་ལ།   དེ་ཡང་ས་འཛིན་སྟེང་རྣམ་སྲས་བང་མཛོད་དམ་བཞུགས་ཁྲི། དེའི་ནང་ལྷའི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ནོར་མཛོད་ཡིན་པ་དང་། དེའི་ནང་དུ་སྲིད་པའི་རྫས་ཡོད་པར་གྲགས། དེའི་སྟེང་བང་རིམ་བཞི་ཡོད་པ་དེས་འཕགས་པའི་བདེན་པ་བཞི་མཚོན་པར་བྱེད།   དེའི་སྟེང་ཕྱི་བུམ་པའི་དབྱིབས་ཅན་ལ་ནང་ལྷའི་གཞལ་ཡས་ཁང་ལྟ་བུའི་བུམ་པ། དེའི་སྟེང་ཆོས་འཁོར་བཅུ་གསུམ་ཡོད་པ་དེས་རྡོ་རྗེ་ས་ལམ་བཅུ་གསུམ་མཚོན་པ་ཡིན་ལ། རྡོ་རྗེ་ས་ལམ་བཅུ་གསུམ་ནི། 1.རབ་ཏུ་དགའ་བ།   2.དྲི་མ་མེད་པ།   3.འོད་བྱེད་པ།    4.འོད་འཕྲོ་བ།   5.སྦྱང་དཀའ་བ། 6.མངོན་དུ་གྱུར་པ། 7.རིང་དུ་སོང་བ།   8.མི་གཡོ་བ།    9.ལེགས་པའི་བློ་གྲོས།   10.ཆོས་ཀྱི་སྤྲིན།   11.དཔེ་མེད་པ།   12.ཡེ་ཤེས། 13.རྡོ་རྗེས་ལམ་བཅས་བཅུ་གསུམ་མཚོན་པར་བྱེད་ལ།   དེའི་སྟེང་ཟ་ར་ཚགས་སམ་གདུགས།   ཆར་ཁེབས།   དེའི་སྟེང་ཟླ་བ་ཤེས་རབ་དང་ཉི་མ་ཐབས་མཚོན་པའི་ཐབས་ཤེས་ཟུང་འཇུག་ཅེས་གྲགས། དེས་ན་ས་དང་ལམ་ཞེས་པ་ནི་ཐུགས་རྒྱུད་ཀྱི་མཁྱེན་པ་ཡིན་ཏེ། ས་དང་། ལམ་དང་། མཁྱེན་པ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེས་ན་མཆོད་རྟེན་གྱི་མཚོན་དོན་ཕལ་ཆེར་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པའི་ཡེ་ཤེས་ཡིན།།
     
མདོར་ན། གོང་དུ་བཤད་པའི་མཆོད་རྟེན་བརྒྱད་པོའི་བང་རིམ་གྱི་རྣམ་པ་མི་འདྲ་བ་མ་གཏོགས། གཞན་རྣམས་ཕལ་ཆེར་འདྲ་བ་དང་།   ཡང་མཆོད་རྟེན་བརྒྱད་ལས་བྱང་ཆུབ་མཆོད་རྟེན་ནི།   སྟོན་པས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ཀྱི་དུས་ལ་བདུད་བཏུལ།   གུང་ལ་མཉམ་པར་བཞག   ཐོ་རེངས་རྒྱལ་རྔ་བརྡུང་བའི་དུས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་བཞེངས་པ་ཡིན་པས། མཆོད་རྟེན་གྱི་མཚོན་དོན་ཕལ་ཆེར་ཡེ་ཤེས་ཆོས་སྐུ་སྟེ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡིན་ལ།   དེ་བས་ཐུགས་ཀྱི་རྟེན་མཆོད་རྟེན་ཡིན་པའང་འདི་ལས་རྟོགས་པར་བྱའོ།།
                                                     བཞི།

  ཐུགས་ཀྱི་རྟེན་ལ་མཆོད་རྟེན་འབུལ་ཚུལ་གྱི་དཔེ་མཚོན་ཙམ་ཞིག་བཀོད་ན། གོང་ས་སྐྱབས་མགོན་བདུན་པ་མཆོག་ནས་སེམས་བསྐྱེད་མཆོད་པ་གནང་སྐབས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལགས་ཀྱིས་མཛད་པའིམནྜལབཤད་པའིམཇུག་ཏུ། རྗེ་ཡབ་སྲས་ཀྱི་བཀའ་སྲོལ་ཕྱག་རྒྱུན་ཇི་ལྟ་བ་བཞིན་གནང་བས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།   བྱེ་བྲག་ཏུ་ཐེག་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད།། འདུས་པ་རྒྱ་མཚོའི་ཚོགས་ལས།   ལ་ལས་ཐེག་ཆེན་ལས་ཕྱིར་མི་ལྡོག་པའི་ས་མངོན་དུ་མཛད། ལ་ལས་ཐེག་ཆེན་གྱི་སྒོར་ཆུད་དེ་རྒྱལ་བའི་སྲས་དམ་པར་གྱུར།   ལ་ལས་ཐེག་ཆེན་དུ་རིགས་ངེས་པའི་སྐལ་བ་ཅན་དུ་གྱུར།   ཐ་མ་རྣམས་ཀྱིས་ཀྱང་།   ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོར་སངས་རྒྱས་པའི་དུས་ན་འཁོར་གྱི་ཐོག་མར་གྱུར་ནས་ཐེག་པ་ཆེན་པོའི་ཆོས་ཀྱིས་འཚོ་བའི་རྟེན་འབྲེལ་སླུ་མེད་དུ་འགྲིག་སོང་བས་བདག་ཅག་ཐམས་ཅད་དེ་རིང་བསོད་ནམས་དང་སྐལ་བ་ལྡན་པ་ཡིན་ནོ།།
    
དེ་ལྟ་བུའི་བཀའ་དྲིན་གཟུགས་ཅན་དུ་གྲུབ་ན།   སྲིད་རྩེ་ལས་དཔངས་མཐོ་བ།   ནམ་མཁའ་ལས་ཞེང་ཆེ་བ། ས་གསུམ་ལས་ཁྱོན་ཡངས་པ་དང་།   མགོན་པོ་གང་གི་སྐུ་ཚོད་དང་བསྟུན་ན།   སྟོང་གསུམ་གསེར་གྱི་མཎྜལ་ལ། རིན་ཆེན་སྣ་ཚོགས་ཀྱི་ཚོམ་བུ་བཀོད་ཀྱང་།   ནམ་མཁའ་དབང་སྔོན་གྱི་ཁང་བཟང་ལ།   ཉི་ཟླ་སྐར་གསུམ་གྱི་བླ་རེ་བྲེས་རུང་།   ནགས་ཚུལ་དཔག་བསམ་གྱི་ལྗོན་པ་ལ།   ལྷ་མིའི་རིན་ཆེན་གྱི་མེ་ཏོག་བཞད་ཀྱང་།   རྒྱ་མཚོའི་ལ་ཆུ་ཐིགས་བསབ་ལན།   ནམ་མཁའི་ལན་ལ་ལག་མཐིལ་གྱི་བརྡབ་ལན། རི་རབ་ཀྱི་ལན་ལ་རྡུལ་ཕྲན་གྱི་དཔེ་ལས་མ་མཆིས་ཀྱང་། མེ་ཏོག་ཆུང་རུང་ལྷ་རྫས། གུར་ཀུམ་ཉུང་རུང་བུམ་རྫས་ཀྱི་དཔེ་ལྟར།   གཏང་རག་གི་མཎྜལ་མཚོན་བྱེད་ཙམ་དུ་ཞེས་སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས་ཏེ་འབུལ་བ་གྱ་ནོམ་པ་ཕུལ་བའི་སྐབས་སུའང་ཐུགས་ཀྱི་རྟེན་ལ་མཆོད་རྟེན་ཡོད།།
     
ཡང་རྟོགས་བརྗོད་དངུལ་གྱི་མེ་ཏོགཏུའང་། རབ་རྒྱལ་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ1980ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་ཁོང་གི་འཁྲུངས་ཡུལ་དུ་ཕེབས་སྐབས། མདོ་སྨད་གྲུབ་པའི་གནས་ཀྱི་ཕྱི་མོ་དན་ཏིག་དགོན་ལྷ་འབངས་ཐུན་མོང་གི་སྤྱན་དྲངས་པ་ལྟར་རྒྱ་ཞུར་དུ་ཆིབས་བསྐྱོད་གནང་སྟེ་བཀའ་ཆོས་ཀྱི་བཀའ་དྲིན་སྩལ་བའི་གཏང་རག་ལའང་། མཚན་དཔེའི་རྒྱུ་སྐར་སྟོང་གི་དྲ་བས་བཀླུབས། །ཕྱག་གཡས་ས་གནོན་ངན་འགྲོའི་འཕྲང་སྒོ་གཅོད།   མཐོང་ན་མི་མཐུན་མེད་པའི་མཛེས་སྡུག་ཅན། བྱིན་རླབས་གཏེར་མཛོད་སྐུ་ཡི་རྟེན་དུ་ཕུལ། ཞེས་སྐུའི་རྟེན་ལ་སྟོན་པ་ཤཱཀྱའི་དབང་པོའི་སྐུ་ཞིག་ཕུལ་བ་དང་།   གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་དོན།། ལག་པའི་རྫས་བཞིན་སྟོན་པའི་རྒྱུད་འགྲེལ་དང་།། དན་ཏིག་དཀར་ཆག་བླ་ཆེན་རྟོགས་བརྗོད་བཅས།   །མུན་སེལ་སྒྲོན་མེ་གསུང་གི་རྟེན་དུ་ཕུལ།། ཞེས་གསུང་གི་རྟེན་ལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའིབཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་བའི་རྒྱུད་རྟོགས་པ་བདུན་པའི་རྒྱ་ཆེར་བཤད་པ་རྡོ་རྗེའི་ཚིག་གི་སྒོ་འབྱེདཅེས་པ་པོ་ཏི་གཉིས་དང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་རང་གི་མཛད་པའི་དན་ཏིག་དཀར་ཆག་དང་བླ་ཆེན་དགོངས་པ་རབ་གསལ་གྱི་རྟོགས་བརྗོད་བཅས་ཕུལ་བ་དང་།   ཆ་ཚང་མ་ནོར་དབྱིབས་ལེགས་བང་རིམ་ཅན།   རིན་ཆེན་ཛྷེ་ཁྱིམ་ཁམས་ལས་ཡོངས་གྲུབ་པའི།   བདུད་འདུལ་བྱང་ཆུབ་ཆེན་པོའི་མཆོད་པའི་རྟེན། ཕན་བདེའི་དཔལ་སྟེར་ཐུགས་ཀྱི་རྟེན་དུ་ཕུལ།   །ཞེས་རྒྱུ་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཞིག་ཐུགས་རྟེན་དུ་ཕུལ་ཡོད་པ་ཡིན། དཔེ་འདི་གཉིས་ཀྱིས་མཚོན་ནས་བོད་བརྒྱུད་ནང་བསྟན་གྱི་ལུགས་སྲོལ་ལྟར་ན།   གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱིས་བཀའ་ཆོས་རྒྱ་ཆེན་པོ་གནང་བའི་མཇུག་ཏུ་གཏང་རག་གི་མཆོད་པ་ལ།   སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས་ཏེ་སློབ་མའི་འབྱོར་བ་དང་བསྟུན་ནས་འབུལ་བ་རྒྱ་ཆེར་འབུལ་བའི་སྲོལ་ཡོད་པ་དང་། དེ་ལས་མཆོད་རྟེན་ནི་ཐུགས་ཀྱི་རྟེན་ཡིན་པ་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060