གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། སྐྱབས་འགྲོའི་སྐོར།
སྤེལ་དུས།2015-04-30   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

མཆོད་བརྗོད།

སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །

ཆོས་ཉན་པའི་ཚུལ།
      
ད་ལྟ་ང་ཚོས་ཆོས་ཁྲིད་བཤད་རྒྱུ་ཡིན། ཁྱེད་རྣམ་པས་འུར་མ་རྒྱག་པར་ཐམས་ཅད་མཉམ་དུ་མར་སྡོད། དོན་ཆེན་པོ་དམིགས་བསལ་འདྲ་ཡོད་ན་མ་གཏོགས་ཕར་འགྲོ་ཚུར་འགྲོ་མི་བྱེད་རྒྱུ་དེ་དོན་དང་པོ་ཡིན། དོན་གཉིས་པ་སྐད་ཆ་མ་བཤད། སྐད་ཆ་བཤད་ན་ཆོས་ཁྲིད་མི་གོ་བའི་རྒྱུར་འགྱུར་བ་རེད། གསུམ་པ་བྱིས་པ་ཆུང་ཆུང་ཚོ་ལ་འུར་རྒྱག་གི་མ་འཇུག་པར་གཟབ་གཟབ་གྱིས་ཉོན། དེ་རིང་ཆོས་ཁྲིད་ཞུ་བའི་དོན་དུ་ཁྱེད་རྣམ་པ་ཐག་ཉེ་ས་དང་ཤིན་ཏུ་ཐག་རིང་པོ་ནས་འོང་བ་ཡིན་རྒྱུ་རེད། ང་ཐག་རིང་ཞིག་ནས་ཆོས་ཁྲིད་བཤད་པའི་དོན་དུ་འདིར་སླེབས་འོང་བ་ཡིན། དེ་ཡིན་ན་ཁྱོད་རྣམས་ལ་གོ་བརྡ་ཡང་དག་པ་ཞིག་འཕྲོད་དགོས་པ་རེད། དེ་རིང་ངས་བཤད་རྒྱུའི་ཆོས་ཁྲིད་འདི་གོ་བརྡ་འཕྲོད་པའི་དོན་དུ་རེད་མ་གཏོགས། མ་ཎི་འདོན་གྱིན་ཡོད་པ་མ་རེད། ས་ཏྭ་འཚོག་གིན་ཡོད་པ་མ་རེད། མ་ཎི་འདོན་རྒྱུ་དང་ས་ཏྭ་འཚོག་གིན་ཡོད་ན། གོ་བརྡ་མ་འཕྲོད་རུང་རང་གིས་འདོན་རྒྱུ་དེ་ཡང་དག་པ་ཞིག་བཏོན་ནས་བསྡད་ན་འགྲིག་གི་ཡོད་ཀྱང་། དེ་ནི་མ་རེད། དེ་རིང་ཡིན་ན་མིན་ན་ཐམས་ཅད་ལ་གོ་བརྡ་ཡང་དག་པ་ཞིག་འཕྲོད་དགོས་པ་རེད། གོ་བརྡ་གང་འཕྲོད་དགོས་པ་རེད་ཟེར་ན། དགེ་བ་བསྒྲུབ་ལུགས་སྡིག་པ་སྤོང་ལུགས་དེ་བཤད་རྒྱུ་ཡིན། ང་ཚོ་བོད་པའི་ནང་དུ། ཆོས་དེ་སུ་དང་སུ་ཡིན་ན་བསྒྲུབ་བསམ་པ་མ་གཏོགས་ཡོད་པ་མ་རེད། ཉིན་མོའི་སྐར་མ་འདྲ་བ་མ་གཏོགས། སྤྱིར་བཏང་ཐམས་ཅད་ཆོས་བསྒྲུབ་རྒྱུ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས། བླ་མ་དཀོན་མཆོག་གསུམ་ལ་དད་པ་བྱེད་མཁན་རྐྱང་རྐྱང་རེད། དེ་འདྲ་ཡིན་དུས་ཐམས་ཅད་ཀྱིས་ཆོས་ཡང་དག་པ་ཞིག་སྒྲུབ་ཤེས་ན་མི་བསམ་པ་གཅིག་ཀྱང་མེད། སུ་ཡིན་ཡང་ཆོས་བསྒྲུབ་བསམ་གྱིན་ཡོད་པ་རེད། དེ་ལྟར་ཡིན་ན་ཆོས་བསྒྲུབ་རྒྱུ་དེ་གང་འདྲ་ཞིག་བྱ་དགོས་རེད་ཟེར་ན། སྒྲུབ་ལུགས་དེ་ཡང་དག་པ་ཞིག་ཤེས་དགོས། ཆོས་བསྒྲུབ་སྟངས་དེ་མ་ཤེས་ན་ཆོས་ཡང་དག་ཅིག་བསྒྲུབ་མི་ཐུབ། ང་ཚོས་འཇིག་རྟེན་གྱི་བྱ་བ་ཞིག་བསྒྲུབ་དགོས་ནའང་བྱ་བ་དེ་ཡང་དག་པ་སྒྲུབ་ཤེས་ན་འགྲུབ་ཀྱི་རེད་མ་གཏོགས། སྒྲུབ་མ་ཤེས་ན་མི་འགྲུབ་པ་རེད། ཆོས་ཡིན་ནའང་དེ་དང་འདྲ་འདྲ་རེད། དེ་འདྲ་ཡིན་དུས་དེ་རིང་ང་ཚོས་ཆོས་སྒྲུབ་ལུགས་དེ་བཤད་པ་ཡིན་པས་གཟབ་གཟབ་གྱིས་ཉོན། ཉན་ནས་སེམས་ལ་འཛིན་དགོས། སེམས་ལ་འཇོག་རྒྱུ་དེ་གལ་ཆེ། སེམས་ལ་བཞག་ནས་རྗེས་མ་རང་རང་སོ་སོས་དགེ་བ་བསྒྲུབ་ཅི་ཐུབ་གང་ཐུབ་བསྒྲུབ་དགོས། རྒྱ་ཆེན་པོ་ཞིག་བསྒྲུབ་དགོས་ཟེར་ན་དཀའ་མོ་རེད་ཀྱང་། གང་ལ་གང་འཚམས་རེ་སུ་ཡིན་ཡང་དགེ་བ་བསྒྲུབ་རྒྱུའི་ཐོག་ལ་གཟབ་དགོས་ཀྱི་འདུག མ་ཡོ་མ་འཆུག་གྱིས་མ་གཏོགས་དགེ་བ་དེ་སྒྲུབ་མ་ཐུབ་ན། ང་ཚོས་སེམས་ཅན་མང་པོའི་སྲོག་བཅད་པ་སོགས་མི་དགེ་བ་རྐྱང་རྐྱང་བསྒྲུབས། དེ་འདྲ་བྱས་པ་ཡིན་ན་ང་ཚོ་ཚེ་ཕྱི་མ་ལ་འགྲོ་བའི་ཉིན་པར་ངན་སོང་དམྱལ་བ་ལ་འགྲོ་རྒྱུ་མ་གཏོགས་ཡོད་ཀྱི་མ་རེད། ཚེ་ཕྱི་མ་ལ་བསམ་བློ་བཏང་བ་ཡིན་ན་དེ་འདྲ་རེད། ཚེ་འདིའི་ཐོག་ནས་བཤད་ན་སེམས་ཅན་གྱི་སྲོག་བཅད་འདྲ་མི་འདྲ་མང་པོ་བྱས་པ་ཡིན་ན་བདེ་མོ་སྐྱིད་པོ་ཡོང་རྒྱུ་མེད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རྣམ་པས་ཆོས་ཁྲིད་འདི་གཟབ་གཟབ་གྱིས་ཉོན།
འཚོ་བ་སྐྱེལ་སྟངས་གསར་པ་བྱེད་དགོས་ཚུལ།
       ང་ཚོ་མཚོ་སྔོན་པོའི་ས་ཆ་འདི་འདྲ་ལ་མཚོན་པ་ཡིན་ན་མི་དགེ་བཅུ་པོའི་ནང་ནས་གང་གཙོ་བོ་རེད་ཟེར་ན། གཙོ་བོའི་ནང་ནས་གཙོ་བོ་དེ་སེམས་ཅན་གྱི་སྲོག་གཅད་རྒྱུར་ཧ་ཅང་གི་ཚབས་ཆེ་སའི་ས་ཆ་དེ་འདྲ་རེད། དེ་མ་ཡིན་པ་རྐུ་བྱེད་རྒྱུ་དང་། མི་གསོད་རྒྱུ་རྒྱག་རེས་བྱེད་རྒྱུ་སོགས་སེམས་ཅན་གྱི་སྲོག་བཅད་པ་ལ་བལྟས་ན་དེ་འདྲ་ཚབས་ཆེན་པོ་མ་རེད། ང་ཚོས་མི་དགེ་བ་བཅུའི་ནང་ནས་ཀྱང་ཧ་ཅང་ཚབས་ཆེ་ཤོས་དེ་གང་རེད་ཟེར་ན་སེམས་ཅན་གྱི་སྲོག་གཅད་རྒྱུ་དེ་རེད། དེང་སང་མང་པོ་ཞིག་གིས་སེམས་ཅན་གྱི་སྲོག་བཅད་དེ་ཁ་གསོས་ནས་བསྡད་ཡོད་པ་རེད། སེམས་ཅན་གྱི་སྲོག་མ་བཅད་ན་དེང་སང་ཁ་གསོ་ལུགས་ཡོད་ཀྱང་། ང་ཚོ་ལ་སྔོན་ཆད་ནས་དེ་འདྲ་ལོབས་སོང་བ་རེད། ལོབས་སོང་བའི་སྟོབས་ཀྱིས་ང་ཚོའི་འབྲོག་པ་ཞིག་ཡིན་ན་སེམས་ཅན་གྱི་སྲོག་མ་བཅད་ན་ཁ་སོས་ཀྱི་མ་རེད་བསམ་རྒྱུ་དང་། འབྲོག་པ་ཞིག་ཡིན་ན་སེམས་ཅན་གྱི་སྲོག་གཅད་རྒྱུ་དེ་འགྲོ་ལུགས་རེད། དེ་ལོས་ཡིན་བསམ་ནས་བསྡད་ཡོད་པ་རེད། འོན་ཀྱང་དོན་གྱི་ཐོག་ནས་དེ་འདྲ་མ་རེད། འབྲོག་པ་ཞིག་ཡིན་ན་སེམས་ཅན་ལ་བརྟེན་ནས་ཁ་གསོ་དགོས་པ་ཨེ་རེད་ཟེར་ན་དགོས་པ་རེད་མོད། སེམས་ཅན་ལ་བརྟེན་ནས་ཁ་གསོ་ཟེར་བ་དེ་སྲོག་གཅོད་རྐྱང་རྐྱང་བྱས་ནས་ཁ་གསོ་བ་དེ་མ་རེད། དེའི་ཐོག་ལ་བསྒྱུར་བཅོས་ཤིག་རྒྱག་རོགས་གྱིས། ང་ཚོས་དེ་སྔོན་ཡན་ཆད་སེམས་ཅན་གྱི་སྲོག་གཅད་དེ་ཁ་གསོས་ནས་ཡོང་བ་རེད། ད་ཕན་ཆད་ནས་བཟུང་སྟེ་སེམས་ཅན་གྱི་སྲོག་རྩ་བ་ནས་མི་གཅོད་ཟེར་ན་ཨེ་ཡོང་མི་ཡོང་མི་ཤེས་ཀྱང་། དེ་སྔ་ཡན་ཆད་དང་འདྲ་བ་སེམས་ཅན་གྱི་སྲོག་གཅད་རྒྱུ་ཚབས་ཆེན་དེ་འདྲ་ད་ནས་བཟུང་སྟེ་བྱེད་མི་ཉན། དེ་འདྲ་བྱེད་མ་ཉན་ན་ང་ཚོས་ཇི་ལྟར་ཁ་གསོ་དགོས་པ་རེད་ཅེ་ན། ཁ་གསོ་ཐབས་ཡོད་པ་རེད། དཔེར་ན། སེམས་ཅན་ཟོག་ལྟ་བུ་ལ་མཚོན་ན་མར་དང་། ཆུར་བ། འོ་མ། རྩིད་པ། ཁུ་ལུ་དང་། དེ་བཞིན་ལུག་ལ་བལ་ལ་སོགས་པ་དང་། ཐ་ན་ང་ཚོའི་ས་ཆ་ཤིང་མེད་ས་ཞིག་ཡིན་ན། ལྕི་བ། རིལ་མ། ཡན་ཆད་ཀྱིས་སེམས་ཅན་འདི་དག་ལ་བརྟེན་ནས་བེད་སྤྱོད་རྒྱུ་ཤིན་ཏུ་མང་པོ་རེད། དེ་ཙམ་གྱིས་ཆོག་པར་འདུག་པས་ཡིན་ན་མིན་ན་སེམས་ཅན་གྱི་སྲོག་བཅད་ནས་ཁ་གསོ་རྒྱུ་དེ་བྱེད་མི་ཉན་པ་རེད་གོ་སོང་ངམ། དེ་ཁྱེད་རྣམ་པའི་སེམས་ལ་དམ་པོར་འཛིན་རོགས་གྱིས། ང་ཚོའི་མཚོ་སྔོན་པོ་འདིའི་ཡར་མར་དེ་ལ་བསམ་བློ་བཏང་བ་ཡིན་ན། ཟོག་དང་ལུག་གཉིས་ཀའི་ནང་ནས་མང་ཤོས་དེ་ལུག་རེད། ལུག་མང་དུས་ཁྱིམ་ཚང་རེ་རེས་ལོ་རེ་ལ་ལུག་བརྒྱ་ཚོ་མང་པོ་དང་། ལུག་ཉུང་ཉུང་ཡིན་ན་ལུག་བཞི་བཅུ་ལྔ་བཅུ་ཡན་ཆད་བཤས་ཚོང་བརྒྱག་རྒྱུ་དང་། རང་གི་སྒོ་ཐོག་ནས་སེམས་ཅན་མང་པོའི་སྲོག་གཅོད་པར་བྱེད་དེ། ད་སྔོན་ཡན་ཆད་ང་ཚོའི་ཁ་གསོ་ལུགས་དེ་འདྲ་རེད། ད་ཕན་ཆོད་ང་ཚོས་བསྒྱུར་བཅོས་བརྒྱག་དགོས་པ་རེད། ཁ་སང་དེ་རིང་ཡིན་ན་དུས་རབས་གསར་པ་ཟེར་ནས་ཟས་གོས་དང་། མི་རྣམས་ཀྱི་བྱ་བ་སྤྱོད་པ་སོགས། ཐམས་ཅད་གསར་པ་ཞིག་རེད། གསར་པ་འདིའི་ནང་ལ་ང་ཚོས་ཁ་གསོ་ལུགས་དེ་ཡང་གསར་པ་ཞིག་བྱེད་དགོས་ཀྱི་རེད་མ་གཏོགས། ཡིན་ན་མིན་ན་སེམས་ཅན་གྱི་སྲོག་བཅད་ནས་ཁ་གསོ་ན་མི་ཉན། ཅི་ཞིག་མི་ཉན་པ་རེད་ཟེར་ན།
ཚེ་འདིའི་ཐོག་ལ་ཞི་བདེ་མེད་པ།
      
དོན་དང་པོ། ཚེ་ཕྱི་མ་ལ་མི་ཉན་རྒྱུ་བཤད་མ་དགོས་པ་རེད། ཚེ་འདིའི་ཐོག་ལ་བསམ་བློ་བཏང་བ་ཡིན་ན། དཔེར་ན། ད་དེ་རིང་ལུག་གཅིག་དང་ཡང་ན་ཟོག་གཅིག་བཤས་ཚོང་བྱས་ན་འདི་ལ་སྡུག་བསྔལ་མྱོང་རྒྱུ་ཡོད་པ་རེད། ཟོག་དང་ལུག་ཡིན་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་རྒྱུ་ཡོད་ན་དེ་ལ་ཤིན་ཏུ་དགའ་བ་བཤད་མ་དགོས་པ་རེད། དེ་མ་ཟད་བདེ་བ་ཆུང་ཆུང་ཙམ་ལས་མེད་ཀྱང་། རྟ་ཟོག་སེམས་ཅན་གཅིག་ཡིན་ནའང་དེ་རང་གི་ཐོག་ལ་ཡོད་ན་བསམ་ནས་བསམ་བློ་གཏོང་གིན་ཡོད་པ་རེད། སྡུག་བསྔལ་ཆེན་པོ་ཞིག་ཡིན་ན་མི་འདོད་པ་མ་ཟད་སྡུག་བསྔལ་ཆུང་ཆུང་ཞིག་ཡིན་ནའང་མི་འདོད་པ་རེད། ང་ཚོ་མི་དང་གཅིག་པ་རེད། བདེ་བ་ཆེན་པོ་མ་ཟད་ཆུང་ཆུང་ཡང་འདོད། སྡུག་བསྔལ་ཆེ་ཕྲ་གང་ཡིན་ཡང་མི་འདོད་པ་མི་ཡང་དེ་ལྟ་བུ་རེད། དུད་འགྲོ་སེམས་ཅན་རྣམས་དེ་དང་འདྲ་བར་གཅིག་མཚུངས་རེད། དེ་འདྲ་ཡིན་ན་ང་ཚོས་ད་ལྟ་བསམ་བློ་བཏང་ལུགས་གང་འདྲ་རེད་ཟེར་ན། ཟོག་དང་ལུག་ཐམས་ཅད་ཀྱི་སྟེང་ན་སྡུག་བསྔལ་སྣ་ཚོགས་པ། མཆུ་སྡོམ་པ་དང་། སྐེ་གཅོད་པ་སོགས་དེ་འདྲ་བྱས་ནས་སྲོག་བཅད་པ་ཡིན་ན། སྡུག་བསྔལ་ཡོད་པ་ང་ཚོས་ཧ་གོ་བཞིན་པ་རེད། དེ་རིང་ང་ཚོ་འདིའི་ནང་ལ་བྱིས་པ་ཆུང་ཆུང་འདྲ་ཡིན་ན་མ་གཏོགས། སེམས་ཅན་གྱི་མཆུ་བཅིངས་ན་སྡུག་བསྔལ་ཡོད་རྒྱུ་མ་རེད་བསམ་མཁན་གཅིག་ཀྱང་མེད་པ་རེད། ཡིན་ནའང་རྟ་དང་ཟོག་ལུག་འདི་ཚོའི་ཐོག་ལ་སྡུག་བསྔལ་དེ་ཡོང་གི་ཡོད་པ་རེད་མ་གཏོགས། ང་ཚོའི་ཐོག་ལ་སྡུག་བསྔལ་དེ་ཡོང་གི་ཡོད་པ་མ་རེད། ང་ཚོ་རང་གི་ཐོག་ལ་སྡུག་བསྔལ་དེ་མ་ཡོང་དུས། གཞན་རྟ་ཟོག་ལུག་འདི་རྣམས་ཀྱི་ཐོག་ཏུ་སྡུག་བསྔལ་ཡོང་ན་ཡང་དེ་ལ་བསམ་བློ་མི་གཏོང་ནས་སྡུག་བསྔལ་ཡོང་དུ་འཇུག་གི་ཡོད་པ་རེད། གང་རེད་ཟེར་ན། སྡུག་བསྔལ་འདི་ངའི་ཐོག་ལ་ཡོང་གི་མི་འདུག ང་ལ་ན་ཚ་དང་སྡུག་བསྔལ་གང་ཡང་མི་འདུག དེ་འདྲ་ཡིན་དུས་སེམས་ཅན་ལ་སྡུག་བསྔལ་ཡོད་ཀྱང་རུང་མེད་ཀྱང་རུང་བསམ་ནས། དེའི་ཐོག་ནས་སེམས་ཅན་འདི་རྣམས་བཤའ་བཙོང་དེ་འདྲ་བྱས་ན། ང་ཚོ་རང་རང་སོ་སོར་སྒོར་མོ་ཉུང་ཙམ་ཡོད་རྒྱུ་རེད། དེ་འདྲ་ཡིན་དུས་མི་ང་རང་གཅིག་པུའི་ཁེ་ཕན་དེའི་དོན་དུ་སེམས་ཅན་སྲོག་གཅད་རྒྱུ་དང་སྡུག་བསྔལ་ཆེན་པོ་གང་འདྲ་ཞིག་མྱོང་གི་ཡོད་ན་དེ་ལ་བསམ་བློ་ཙམ་ཡང་མི་གཏོང་བ་ད་ལྟའི་ང་ཚོའི་བསམ་བློ་དེ་ལྟ་བུ་རེད། ང་ཚོའི་བསམ་བློ་དེ་ནོར་བ་རེད། དེ་འདྲ་བྱེད་མི་ཉན། དེ་འདྲ་བྱས་པ་ཡིན་ན། དཔེར་ན། ས་ཆ་འདི་ན་ན་ནིང་ད་ལོ་མི་དང་མི་ཡི་བར་ལ་རྒྱག་རེས་བྱེད་རྒྱུ་སོགས་དེ་འདྲ་ཉུང་ཤོས་ཡིན་པ་རེད། དེ་ལྟར་ཡིན་ཡང་། རྒྱུན་དུ་དུད་འགྲོ་ལ་འདི་ལྟར་བྱས་པ་ཡིན་ན། མི་དང་མི་ཡི་བར་ལ་མགོ་བསྐོར་རྒྱུ་དང་། རྫུན་བཤད་རྒྱུ། རྐུ་བྱེད་རྒྱུ། འཕྲོག་བཅོམ་དང་། ནང་དམེ་བྱེད་པ་སོགས་འདི་ཚོ་ཡོང་ཐག་ཆོད་རེད། གང་རེད་ཟེར་ན། དཔེར་ན། མི་གཅིག་གི་ལག་ན་སྒོར་མོ་ཞིག་ཡོད་ན་དེ་རིག་ས་དང་གོ་ས་ཞིག་ལ་རྒྱལ་ཁབ་ཀྱི་ཁྲིམས་ཤིག་ཡོད་དུས་འཕྲོག་མི་ཕོད་ཀྱང་། མི་རིག་ས་དང་མི་གོ་ས་ཞིག་ལ་ཐུག་སོང་ན་དེ་འཕྲོག་གི་རེད། རྒྱུ་མཚན་གང་རེད་ཟེར་ན། ང་ཚོས་རྟ་ཟོག་སེམས་ཅན་འདི་ཚོ་ལ་སྡུག་བསྔལ་ཡོད་ཀྱང་རང་ལ་སྒོར་མོ་ཡོད་དུས་གསོད་པ་ལ་བསམ་བློ་མི་གཏོང་བ་རེད། དེ་བཞིན་མི་ལ་ཡང་འདྲ་བ་རེད། གཞན་གྱིས་མ་གོ་ན་མི་འདི་བསད་ནས་སྒོར་མོ་དེ་འཕྲོག་བསམ་པ་ཤར་ཡོང་གི་རེད། དེ་དང་འདྲ་བ་རང་གི་གྲོང་ཚོའི་ནང་ལ་ཁྱིམ་ཚང་རྒན་མོ་མ་བུ་ལྟ་བུ་ཉམ་ཆུང་དེ་ཚོའི་ས་ནས། འཕྲོག་བཅོམ་བྱེད་རྒྱུ་དྲན་ཡོང་གི་རེད། དེ་བཞིན་ཡུལ་སྡེ་ཕན་ཚུན་བར་ལ་གཅིག་དྲག་པོ་དང་གཅིག་ཉམ་ཆུང་ཡིན་ན། དྲག་པོ་དེ་སོང་ནས་ཉམ་ཆུང་ས་ནས་དགྲ་རྒྱག་པ་དང་། རྐུ་འཕྲོག་བྱེད་རྒྱུ་སོགས་དྲན་ཡོང་གི་རེད། གང་རེད་ཟེར་ན། ང་ཚོས་རྟ་ཟོག་ལུག་རྣམས་ལ་སྡུག་བསྔལ་ཡོད་པ་ཧ་གོ་བཞིན་ཡོད་མོད། འོན་ཀྱང་རང་གི་སྒོར་མོ་ཉུང་ཙམ་ཞིག་གི་དོན་དུ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། དེ་ལྟར་བག་ཆགས་དེ་གོམས་སོང་བ་ཡིན་ན། ང་ཚོ་མི་དང་མི་ཡི་བར་ལ་རྩོད་པ་དང་འཁོན་འགྲས་རྒྱག་རེས་འཛིང་རྩོད་ཇེ་མང་ལ་སོང་ནས་བདེ་མོ་དང་སྐྱིད་པོ་མི་ཡོང་བ་དེ་ལྟར་འགྱུར་འགྲོ་བ་རེད། ཚེ་འདིའི་ཐོག་ནས་བཤད་ན་དེ་རྒྱུ་མཚན་གཅིག་རེད།
རིམ་གྱིས་ཚེ་འདིའི་ཐོག་ལ་བདེ་སྐྱིད་མེད་པ།
      
རྒྱུ་མཚན་གཉིས་པ་ང་ཚོའི་ཟོག་དང་ལུག་འདི་ཚོ་ལ་ན་ཚ་སྡུག་བསྔལ་ཡོད་པ་རེད། དེ་ལྟར་ཡིན་དུས་འདི་ཚོ་ལ་བྱམས་སྙིང་རྗེ་ཅུང་ཟད་བྱེད་དགོས་པ་རེད་མ་གཏོགས། ང་ཚོ་ལ་དེ་སྔ་ཡན་ཆད་ཚུར་ཕན་མང་པོ་བཏགས་ཡོད་པ་རེད། གནོད་པ་ནི་སྣ་གཅིག་ཀྱང་བྱེད་མེད་པ་དེ་འདྲ་ཡིན་དུས། གཞན་པ་འོ་མ་དང་། ཞོ། མར། ཆུར་བ། བལ་ཁུལ་རྩིད་གསུམ་འདི་ཚོ་བེད་སྤྱོད་ན་ཆོག་གི་རེད། ང་ཚོ་འབྲོག་པ་སེམས་ཅན་ལ་བརྟེན་ནས་ཁ་གསོ་དགོས་དུས། དེ་ཙམ་ཞིག་བེད་སྤྱད་དགོས་ཀྱི་རེད། དེ་མ་ཡིན་པར་སེམས་ཅན་ལ་ཤ་ཚ་དང་སྙིང་རྗེ་རྩ་བ་ནས་མེད་པའི་སྒོ་ནས་འདི་ལྟར་བྱས་པ་ཡིན་ན། ང་ཚོའི་བྱིས་པ་ཆུང་ཆུང་འདི་ཚོས་རྒྱུན་དུ་ཕ་མ་རྣམས་ཀྱིས་ལུག་མང་པོ་བཤའ་རྒྱུ་དང་བཤས་ཚོང་བྱེད་པ་བྱིས་པ་འདི་རྣམས་ཀྱིས་མིག་གིས་མཐོང་རྣ་བས་ཐོས་དེ་ལྟར་བྱས་པ་ཡིན་ན། འདི་རྣམས་ཆེན་པོ་ཆགས་དུས་སེམས་ནང་ལ་སེམས་ཅན་གང་ཡིན་ན་གསོད་པ་དང་། བཤས་ཁང་ནང་ལ་འཕེན་རྒྱུའི་བསམ་པ་དེ་འདྲ་རྐྱང་རྐྱང་མ་གཏོགས། སེམས་ཅན་ལ་སྙིང་རྗེ་བྱེད་པ་དང་། མི་རུང་དང་མི་ཉན་སྙམ་པའི་བསམ་བློ་རྩ་བ་ནས་མེད་འགྲོ་བ་རེད། དེ་ལྟར་བྱས་པ་ཡིན་ན་མི་རབས་རྗེས་མ་འདི་ཚོ་ཐམས་ཅད་མི་གཏུམ་པོ། དམུ་རྒོད། མ་རུངས་པ། མི་ཐམས་ཅད་གཅན་གཟན་འདྲ་བར་འགྱུར་ནས། ང་ཚོ་མི་དང་མི་ཡི་བར་དང་། སྤྱི་ཚོགས་ལ་བདེ་འཇགས་མེད་པ། ང་ཚོའི་བོད་ཀྱི་སྤྱི་ཚོགས་ཀྱི་ནང་ལ་ཞི་བདེ་མེད་པ་དང་། བདེ་འཇགས་མེད་པ་དེ་འདྲ་འགྱུར་ཐག་ཆོད་ཡིན། སེམས་ཅན་དུད་འགྲོ་ལ་སྙིང་རྗེ་དང་སྲུང་སྐྱོབ་བྱེད་པ་དེ་མེད་ན། མཐར་ཐུག་མིའི་ནང་ལ་དེ་འདྲ་ཡོང་གི་རེད། དེ་འདྲ་ཡིན་དུས་ང་ཚོས་ཚེ་འདིའི་ཐོག་ལ་སེམས་ཅན་གྱི་སྲོག་གཅོད་པའི་བྱ་ངན་དེ་འདྲ་བྱེད་མི་ཉན་པ་རེད། སེམས་ཅན་མང་པོའི་སྲོག་འདི་ལྟར་བཅད་ནས་བསྡད་པ་ཡིན་ན། ང་ཚོ་ཚེ་འདིའི་ཐོག་ལ་མི་འདོད་པ་ན་ཚ་དང་། བྱ་བ་ལམ་འགྲོ་མེད་པ། ནད་ཡམས་སོགས་འཇིགས་པ་སྣ་ཚོགས་ཡོང་ཐག་ཆོད་ཡིན་པ་རེད། དེའི་ཕྱིར་ན་འདིའི་ཐོག་ལ་བསམ་བློ་བཏང་དགོས་པ་རེད། གལ་ཏེ་རང་གི་དོན་ལ་བསམ་བློ་རྩ་བ་ནས་མ་བཏང་ནའང་། སེམས་ཅན་ལ་སྙིང་རྗེ་ཅུང་ཙམ་ཡོད་དགོས། ང་ཚོ་བོད་པ་ཟེར་བ་འདི་བོད་ཕྲེང་བཟུང་ཟེར་ནས་བྱམས་དང་སྙིང་རྗེ་ཡོད་སའི་མི་རིགས་ཤིག་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པའི་མི་རིགས་ཤིག་ཡིན་ཟེར་གྱིན་ཡོད་རེད། དེ་འདྲ་ཟེར་གྱི་ཡོད་དུས་རང་གི་སྒོ་ཁར་ཡོད་པའི་དུད་འགྲོ་སེམས་ཅན་ཡིན་ནའང་འདྲ། དེ་བཞིན་དུ་མཚོ་སྔོན་པོའི་ཁ་ལ་ཡོད་པའི་བྱ་དང་ཉ་འདི་ཚོ་ལ་སྙིང་རྗེ་ཞིག་དགོས་པ་རེད། འདི་ཚོ་ལ་ན་ཚ་དང་སྡུག་བསྔལ་ནི་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་འདྲ་འདྲ་རེད། ངས་ཤ་ཚ་དང་སྙིང་རྗེ་མེད་པ་འདི་ལྟར་བྱས་པ་ཡིན་ན། མི་ཉན་པ་རེད་བསམ་པའི་བསམ་བློ་ཞིག་ཡོད་དགོས། དེ་འདྲ་ཞིག་མེད་ན་ང་ཚོས་སེམས་ཅན་ལ་རྩ་བ་ནས་བསམ་བློ་གཏོང་མི་ཤེས། སྲོག་རྐྱང་རྐྱང་བཅད་བསྡད་པ་ཡིན་ན། ང་ཚོ་བདེ་མོ་སྐྱིད་པོ་ཡོང་རྒྱུ་མེད་ཐག་ཆོད་པ་རེད། དེ་ཁྱོད་རྣམས་ལ་ཡིད་ཆེས་ཡོད་དགོས་གོ་སོང་ངམ། ཁྱོད་རྣམས་ཀྱིས་ག་ལེར་ཧ་གོ་ཡོང་གི་རེད། ཕྱོགས་གང་ནས་བཤད་ན་ཁ་སང་དེ་རིང་ང་ཚོས་སེམས་ཅན་གྱི་སྲོག་བཅད་ལུགས་འདི། ཆོས་ཀྱི་ཕྱོགས་ནས་བཤད་ན་ལོས་ཡིན་ཀྱང་། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་འདི་མི་ཉན་པ་ཞིག་རེད། དེས་ན་ང་ཚོས་སེམས་ཅན་གྱི་སྲོག་མ་བཅད་ན་ཇི་ལྟར་ཁ་གསོ་དགོས་ཀྱི་རེད་བསམ་ན། ཁ་གསོ་ཐབས་ཡོད། ཇི་ལྟར་ཡོད་པ་རེད་ཟེར་ན། ཁྱེད་རྣམས་ཀྱིས་ལས་ཀ་ལས་དགོས་པ་རེད། མང་ཚོགས་ནང་ནས་གཙོ་བོ་འབྲོག་པའི་སྐྱེས་པ་ཚོས་ལས་ཀ་རྩ་བ་ནས་ལས་ཀྱི་མེད་པ་རེད། འདི་ནས་ཕར། མགོ་ལོག་དང་ཁམས་རེད། འདི་ན་མཚོ་སྔོན་རེད། འདི་ནས་ཡར་སོང་ན་ཡུལ་ཤུལ་རེད། ནག་ཆུ་རེད། འབྲོག་པ་ཚང་མ་གཅིག་པ་རེད། འབྲོག་པས་ལས་ཀ་ལས་སྟངས་རྩ་བ་ནས་སློབ་ཀྱིན་མི་འདུག སྐྱེས་པ་ཚོས་ལས་ཀ་ལས་ཀྱི་མེད་པས་དེ་འདྲ་བྱེད་མི་ཉན། དེ་འདྲ་བྱས་ན་ཁ་སང་དེ་རིང་ཁ་སོས་ཀྱི་མ་རེད། ཡིན་ན་མིན་ན་སེམས་ཅན་གྱི་སྲོག་གཅད་རྒྱུ་མེད་ན་ཁ་མི་སོས་པའི་ལུགས་སྲོལ་ཐབས་སྡུག་དེ་འདྲ་བྱས་པ་ཡིན་ན། ང་ཚོ་ཕར་སོང་བཞིན་སོང་གི་ཁ་སོས་ཀྱི་མ་རེད། དེ་འདྲ་མི་ཉན་པས་ཁྱོད་རང་ཚོས་སེམས་ལ་ཟུངས། དེས་ན་གང་བྱེད་དགོས་ཀྱི་རེད་ཟེར་ན་ལས་ཀ་ལས་དགོས་པ་རེད། ཁྱོད་རང་སྐྱེས་པ་ཚོས་ལས་ཀ་ཞིག་ལོས། ང་ཚོས་ལས་ཀ་ལས་ཤེས་ཀྱི་མི་འདུག ཚོང་ནི་རྒྱག་མི་ཤེས། གྲོང་ཁྱེར་ནང་སོང་ནས་ཤེས་རིག་དང་ལག་རྩལ་ནི་མེད་ཅེ་ན། ཚོང་རྒྱག་མ་ཤེས་ན་ཡང་སྦྱང་ན་ཆོག་གི་རེད། ཚོང་རྒྱག་ཨེ་ཤེས་མི་ཤེས་རྩ་བ་ནས་མ་བལྟས་ན་མི་ཤེས་པ་ཇི་ལྟར་གོ   ད་སྔོན་ཚོང་རྒྱག་རྒྱུ་དང་ཚོང་ལ་བསམ་བློ་བཏང་མ་མྱོང་བ་རེད། སྦྱང་ན་ཤེས་ཀྱི་རེད། ཚོང་རྒྱ་ཆེན་པོ་དེ་འདྲ་རྒྱག་མི་ཤེས་པ་བདེན་པ་རེད། འོན་ཀྱང་ང་ཚོའི་ཁ་སོས་པའི་ཚོང་དེ་ཙམ་རེ་སྦྱངས་ན་དེ་ཤེས་ཐག་ཆོད་ཡིན། དེ་ལ་བསམ་མནོ་ཞིག་ཐོང་། གལ་ཏེ་ཚོང་ལས་མ་ཤེས་ནའང་ལས་ཀ་ལས་རྒྱུ་འདུག  འདིར་རི་མགོ་ན་དབྱར་རྩྭ་སོགས་སྨན་རྩྭ་རྐོ་རྒྱུ་དང་། དེ་མ་བྱས་ནའང་མཚོ་སྔོན་པོའི་ཁ་འདིའི་ཡར་མར་ལ་ཡུལ་སྐོར་སྤྲོ་འཆམ་དང་མི་མང་པོ་ཡོང་སའི་ས་ཆ་རེད། འདི་ནས་ཚོང་ཁང་དང་ཟས་ཁང་ཆུང་ཆུང་རེ་ལས་ན་དེ་ལ་བསམ་བློ་གཏོང་ས་ཡོད་པ་རེད། དེ་འདྲ་མ་ཡོང་ན་ཡང་རྫོང་ཐོག་ལ་སོང་ནས་ཁང་པ་དང་། ལམ་དང་། ས་རྐོ་རྒྱུ་དང་། རྡོ་སློག་པ་སོགས་དེ་འདྲའི་ལས་ཀ་ལས་ན་ཆོག་པ་རེད། ཁྱོད་རང་ཚོས་བསམ་ན་ང་ཚོ་ནི་འབྲོག་པའི་ས་ཆ་རེད། འདི་ན་ལས་ཀ་ཞིག་ལས་རྒྱུ་མི་འདུག་བསམ་ན། འདི་ན་མེད་ཀྱང་ཡར་མར་སོང་དང་ཁྱོད་རྣམས་སྐྱེས་པ་ཕོ་ཞིག་ཡིན་དུས་ཅུང་ཟད་གོ་ཆོད་ཡོང་གི་རེད། དེས་ན་ཕར་འགྲོ་ཚུར་འགྲོ་ཞིག་བྱས་ནས་ལས་ཀ་ལས་ན་ཆོག་པ་རེད། རང་གི་ལག་གཉིས་ལ་བརྟེན་ནས་ཁ་གསོས་པ་ཡིན་ན་ཁ་གསོ་ལུགས་འདི་ངོ་མ་རེད། འཛམ་བུ་གླིང་གི་མི་རྣམས་ཀྱིས་དེ་ལྟར་བྱེད་ཀྱིན་ཡོད་རེད། ང་ཚོ་བོད་པའི་ནང་ལ་འབྲོག་པ་ཚོས་དེ་ལྟར་བྱེད་དགོས་པ་རེད། ང་ཚོའི་ཁ་གསོ་ལུགས་འདི་ཉན་གྱི་མི་འདུག་ཁྱོད་རྣམས་ཀྱི་གོ་དགོས། རྩ་བ་ནས་ཉན་མི་འདུག དེ་ལྟར་བྱས་ན་དེང་སང་འཛམ་གླིང་གི་ཐོག་ན་བྱ་ནད་ཕག་ནད་ཅི་འདྲའི་མང་པོ་ཡོང་གི་མི་འདུག ཉིན་ཞིག་ཟོག་དང་ལུག་ཐམས་ཅད་དེ་ལྟར་ཤི་སོང་བ་ཡིན་ན། དེའི་ཉིན་པར་ལག་པ་སྟོང་པ་དང་། དེང་སང་གི་གནས་ཚུལ་འདིའི་དབང་དུ་བྱས་ན་ཁ་གསོ་ཤེས་ཀྱི་མེད་པ་རེད། དེ་འདྲ་ཉན་གྱི་མི་འདུག ཁ་སང་དེ་རིང་འདི་དུས་རབས་གསར་པ་ཞིག་ཡིན་དུས་གསར་པའི་ནང་ལ་སེམས་ཀྱི་སྲོག་བཅད་ནས་ཁ་གསོ་བ་འདི་མ་རེད། རང་གི་ལག་གཉིས་ལ་བརྟེན་ནས་ཁ་གསོ་བ་འདི་ཡིན་པས། འབྲོག་པའི་སྐྱེས་པ་རྣམས་ཀྱིས་སེམས་ལ་ཟུངས། བུད་མེད་རྣམས་ཀྱིས་ཟོག་བཞོ་རྒྱུ་དང་། འོ་མ་དཀྲོག་རྒྱུ། འདི་ཚོའི་ཐོག་ནས་ལས་ཀ་ལས་ཀྱིན་ཡོད་རེད། སྐྱེས་པ་ཚོས་རྩ་བ་ནས་ལས་ཀ་ལས་ཀྱི་ཡོད་པ་མ་རེད། འདི་ང་ལ་ཆ་རྒྱུས་ཡོད་ནས་བཤད་པ་ཡིན་མ་གཏོགས་ཚོད་འཇོག་གིས་བཤད་པ་མིན། སྐྱེས་པ་ཚོས་དོན་དག་འདྲ་མེད་ན་འཕྲུལ་རྟ་རེ་ཞོན་ནས་མར་རྫོང་ཐོག་དང་ཡར་འབྲོག་པའི་ཁྱིམ་ཚང་ནང་ལ་ཡར་མར་འཁྱར་ནས་འདུག་རྒྱུ་མ་གཏོགས་ལས་ཀ་བྱེད་ཀྱིན་མེད་པ་དེ་ལྟར་རེད། དེ་འདྲ་ཡིན་དུས་དེ་ལ་བསམ་བློ་ཞིག་གཏོང་རོགས་མ་ཡོ་མ་འཆུག་གྱིས། ད་དུང་ཁྱོད་རྣམས་འབྲོག་པ་ཞིག་ཡིན་ན་དེའི་ནང་ནས་འབྲོག་པ་ཕྱུག་པོ་ཟོག་དང་ལུག་མང་པོ་ཡོད་པ་དེ་ཚོས། འབྲོག་པའི་ནང་ནས་ཟོག་ལུག་མང་པོ་མེད་པའི་ས་ནས་རྩྭ་ས་ཉོ་རྒྱུ་དང་གཡར་བ་སོགས་བྱེད་ནས་དེའི་ཐོག་རང་གི་ཟོག་དང་ལུག་འདི་ཚོ་རྒྱ་བསྐྱེད་པ་དང་། རྩྭ་ས་དེའི་དོན་དུ་ཟོག་དང་ལུག་མང་པོ་བཤས་ཚོང་བརྒྱབས་ནས་སྒོར་མོ་སྦྱིན། དེ་འདྲ་བྱེད་ཀྱིན་ཡོད་འདུག དེ་ལྟར་མ་བྱེད། དེ་ལྟར་བྱས་ན་དོན་མེད་པ་རེད། གང་རེད་ཟེར་ན་རང་གི་ས་ཆའི་ཐོག་ཤོང་ཚོད་ཙམ་ཞིག་འཚོ་སྐྱོང་བྱས་ན་ཆོག་གི་རེད། འོན་ཀྱང་ཁྱོད་ཚོ་ལ་ཟོག་དང་ལུག་མང་པོ་འཕེལ་ཡོང་དུས་མི་ཤོང་ནས་དེ་ལྟར་མ་བྱས་ན་ཐབས་མི་འདུག་བསམ་ན། ཐབས་ཡོད་པ་རེད། ཐབས་ཇི་ལྟར་ཡོད་པ་རེད་ཟེར་ན། དེང་སང་འཛམ་གླིང་གི་ཐོག་ལ་མི་ཡར་མང་ནས་ས་འདིའི་སྟེང་ལ་མི་ཆུད་པའི་དཀའ་ངལ་ཡོང་གི་འདུག དེ་འདྲ་ཡོང་དུས་གང་ལྟར་བྱེད་ཀྱིན་འདུག་ཟེར་ན། མི་མི་སྐྱེ་བའི་ཐབས་ལ་ཚོད་འཛིན་བྱེད་ཀྱིན་ཡོད་པ་རེད། ཁྱོད་རང་ཚོའི་ཕྱུགས་ལུག་ས་ཐོག་ལ་མ་ཆུད་ན་དེ་ལྟར་བྱེད་ན་ཆོག་གི་རེད། འཛམ་གླིང་གི་མི་ལ་དེ་ལྟར་ཚོད་འཛིན་བྱེད་ཆོག་ན་ང་ཚོས་ཟོག་དང་ལུག་ལ་ཇི་ལྟར་ཚོད་འཛིན་བྱེད་མི་ཆོག་ཆོག་གི་རེད། དེ་ལྟར་ཆོག་དུས་ལུག་དང་ཟོག་མར་ཇེ་ཉུང་ལ་ཐོང་དང་། དེ་ནས་གནམ་ནས་མར་ལྷུང་ཡོང་བ་དང་། ས་ནས་ཡར་སྐྱེ་ཡོང་རྒྱུ་ནི་མེད། དེ་འདྲ་ཡིན་དུས་རང་གི་ས་ཐོག་ལ་ཤོང་ཚོད་ཙམ་རེ་འཚོ་སྐྱོང་གྱིས། དེ་ནས་བལ། ཁུལ་ལུ། རྩིད་པ། ཞོ། འོ་མ། དེང་སང་ང་ཚོའི་ཁམས་ཕྱོགས་དང་འདི་ཚོ་ལ་མར་རྒྱ་མ་གང་ལ་སྒོར་མོ་ཉི་ཤུ་རྩ་ལྔ་ཙམ་བྱེད་ཀྱི་ཡོད་རེད། ཁྱོད་ཚོས་འདི་ན་གང་བྱེད་ཀྱི་ཡོད་མི་ཤེས། སེམས་ཅན་བེད་སྤྱད་ནས་མར་དང་ཆུར་བ་སོགས་བཙོངས་ན་གོང་ཆེན་དེ་འདྲ་རེད། དེ་འདྲ་ཡིན་དུས་སེམས་ཅན་བཤའ་རྒྱུ་ཁོ་ན་ལ་བསམ་བློ་གཏོང་མི་དགོས། ང་ཚོའི་འབྲོག་པ་ཕྱུག་པོ་ཚོས་དེ་འདྲའི་ཕྱུགས་ལུག་མང་པོ་མ་འཚོ། ཕྱུགས་ལུག་མང་པོ་འཚོ་ན་དོན་མི་འདུག ང་ཚོས་རྒྱུ་རྫས་ལོངས་སྤྱོད་གསོག་རྒྱུ་འདི་གང་གི་དོན་རེད་ཟེར་ན། རང་བདེ་བ་དང་སྐྱིད་པའི་དོན་དུ་རེད། ཡིན་ནའང་ང་ཚོ་ལ་ཟོག་དང་ལུག་མང་པོ་ཡོད་ན་བདེ་སྐྱིད་ཡོད་པ་ཨེ་རེད་ཟེར་ན་བདེ་སྐྱིད་མེད་པ་རེད། ཟོག་དང་ལུག་ལ་ཕར་འཚོ་སྐྱོང་བྱེད་པའི་དོན་དུ་ཅི་འདྲའི་དཀའ་ལས་ཆེན་པོ་མི་འདུག མི་ཚེ་གཅིག་པོ་དེ་ལ་ཕྱུགས་ལུག་མང་པོ་བཤས་ཚོང་དང་། རང་གི་སྒོ་ཁར་བཤའ་བ་དེ་འདྲ་བྱས་ནས་ཚེ་གང་པོ་དེ་ལ་བདེ་སྐྱིད་གང་ཡང་མེད་པའི་ངང་། ཕྱུགས་ལུག་གི་རྗེས་ལ་སོང་ནས་འཁྱག་ལྟོག་གི་སྡུག་བསྔལ་གྱིས་མནར་ཞིང་མི་ཚེ་གཅིག་པོ་འདི་རྫོགས་སོང་ན། ཅི་ཞིག་ལྟ་ས་འདུག་ཁྱོད་རྣམས་ཀྱིས་བསམ་བློ་ཞིག་ཐོང་དང་། སེམས་ཅན་མང་པོ་བཙོངས་བའི་རིན་པ་དེས་གོས་དང་། ཡང་ན་བྱུ་རུའི་སྐེ་རྒྱན་ཆེན་པོ་བཏགས་རྒྱུ་དང་། དེ་མིན་ན་ཁྱིམ་དུ་བཟའ་ཚང་གསུམ་ཡོད་ན་མི་རེ་རེའི་རུམ་ནས་ལག་འཕྲིན་རེ་བཟུང་། དེ་འདྲའི་ཆེད་དུ་ཕྱུགས་ལུག་རྣམས་སྡུག་ལ་སྦྱོར་གྱིན་ཡོད་པ་རེད་མ་གཏོགས། ང་ཚོ་ལ་ཁ་ནང་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་མེད་ནས་ཁ་སང་དེ་རིང་བཤས་ལ་ཕབ་མཁན་ཉུང་ཤོས་གཅིག་དང་གཉིས་ལྟ་བུ་ཡིན་གྱི་རེད་མ་གཏོགས། བཤས་ཚོང་མཁན་ཚང་མ་དེ་འདྲ་མ་རེད། འབྲོག་པས་ཕྱུགས་ལས་ལ་བརྟེན་ནས་ཁ་གསོ་དགོས་པས། དེ་ཡིན་རྒྱུའི་དབང་དུ་བྱས་ནས་ང་ཚོ་ལ་མར་དང་། ཆུར་བ། བལ་ཁུ་རྩིད་གསུམ་ཡོད་པ་དང་། ཤི་སོང་ན་ཤ་དང་པགས་པ་འདི་ཚོ་ལ་བརྟེན་ནས་ང་ཚོས་འཚོ་བ་སྐྱེལ། དེ་སྔ་ཡན་ཆད་སེམས་ཅན་མང་པོའི་སྲོག་བཅད་ནས་འདུག་པ་དེའི་ཚབ་ཏུ་ང་ཚོས་ལག་གཉིས་ཀྱིས་ལས་ཀ་ལས། དེ་ལྟར་བྱས་ན་ཡོང་འབབ་འདྲ་འདྲ་འགྱུར་གྱི་རེད། སེམས་ཅན་མང་པོའི་སྲོག་བཅད་མི་དགོས་པ་རེད། དེ་འདྲ་མ་བྱས་ན་ང་ཚོའི་ལས་ཀ་ལས་ལུགས་འདི་ཉན་གྱི་མི་འདུག ཁྱོད་རྣམས་ལ་འདི་ལོབས་སོང་བ་རེད། ལོབས་སོང་དུས་དཔེར་ན་མི་ཞིག་གི་ཉིན་རེར་སེམས་ཅན་སྟོང་ཕྲག་རེ་བཤས་ནས། དེ་ལྟར་ཁོ་རང་ལོབས་སོང་བ་ཡིན་ན། སེམས་ནང་ལ་སྐྲག་དངངས་འཇིགས་གསུམ་སོགས་མེད་པར་གྱུར་ནས་འདི་འདྲ་ཞིག་ཡིན་བསམ་པའི་སེམས་པ་འགྱུར་འགྲོ་བ་རེད། གཞན་ཞིག་གིས་ཁྱོད་རྣམས་ཀྱི་ལས་ལུགས་འདི་ལ་བལྟས་ན་ངོ་མ་འཇིགས་སྐྲག་སྐྱེ་འོང་བ་ཞིག་རེད། དེ་ཡིན་དུས་ཕྱུག་པོ་ཐམས་ཅད་ལ་ངས་ད་ལྟ་བཤད་པ་དེ་ཡིན། རང་རང་ལ་ས་རྒྱལ་ཁབ་ཀྱིས་བསྒོས་བཞག་ཡོད་པ་རེད། དེའི་ཐོག་ལ་ཆུད་རྒྱུའི་ཕྱུགས་ལུག་མ་གཏོགས། གཞན་གྱི་ས་མང་པོ་གླས་ནས་དེའི་ཐོག་ལ་ཕྱུགས་ལུག་མང་པོ་རྒྱ་བསྐྱེད་དེ་འདྲ་བྱས་ན་དོན་མེད་རེད། ད་དུང་ངས་བཤད་རྒྱུ་དེ་ཡིན། ས་ཡི་དོན་རྐྱང་རྐྱང་ལ་ཅི་འདྲའི་སེམས་ཅན་མང་པོའི་སྲོག་གཅོད་ཀྱིན་མི་འདུག ཅི་འདྲའི་སེམས་ཅན་མང་པོ་བཤས་ཁང་ནང་ལ་དེད་ནས་ས་ཉོས་མི་འདུག དེ་འདྲ་མ་བྱེད། དེ་འདྲ་བྱས་ན་དོན་མི་འདུག ང་ཚོའི་དཔལ་འབྱོར་ཡར་གོང་འཕེལ་ལ་འགྲོ་དགོས་པ་ཨེ་རེད་ཅེ་ན། འབྲོག་པ་ཡིན་ནའང་འཚོ་བའི་ཆུ་ཚད་ཡར་ཇེ་བཟང་ལ་འགྲོ་དགོས་པ་རེད། རེད་དེ་ཡིན་ན་མིན་ན་སེམས་ཅན་གྱི་སྲོག་གཅད་རྒྱུ་ཁོ་ན་ལ་བརྟེན་ནས་ང་ཚོ་ཡར་རྒྱས་འགྲོ་དགོས་ཀྱི་ཨེ་རེད་ཟེར་ན། དེས་ཡར་རྒྱས་སུ་མི་འགྲོ་བ་རེད། ཡར་རྒྱས་འགྲོ་ལུགས་ནང་ནས་ཐབས་སྡུག་ཤོས་དེ་དེ་རེད། ཡར་རྒྱས་སོང་ན་ཆོག  འགྲོ་ལུགས་ཡག་བཙོག་མེད་བསམ་ན། དེ་ལོས་ཡོད། ང་ཚོ་མི་ལ་བདེ་སྐྱིད་ཡོད་དགོས་པ་རེད་མ་གཏོགས། བདེ་སྐྱིད་མེད་ན་སྒོར་མོ་ཞིག་ལག་ན་ཡོད་ཀྱང་ཅི་ཞིག་ཕན་ཐོགས་ཡོད། ཕན་ཐོགས་ཡོད་པ་མ་རེད། སེམས་ཅན་མང་པོའི་སྲོག་འདི་ལྟར་བཅད་ནས་བསྡད་ན། བདེ་མོ་སྐྱིད་པོ་ཞིག་ཚེ་ཕྱི་མ་ལ་ཡོང་རྒྱུ་ག་ལ་ཡོད་དེ། ཚེ་འདིའི་ཐོག་ལ་ཡང་ཡོང་རྒྱུ་ཡོད་པ་མ་རེད། ཁྱོད་ཚོས་འདི་འདྲའི་སེམས་ཅན་མང་པོའི་སྲོག་གཅོད་བསྡད་པ་ཡིན་ན། ག་ལེར་ད་ལྟ་ཡོད་པའི་སྐྱེས་པ་འདི་ཚོ་རྒས་ནས་ཤི་ཁ་ཚུན་ཆོད་དང་། བྱིས་པ་ཆུང་ཆུང་འདི་ཚོ་ཡར་འཚར་ལོངས་ཡོང་དུས། དེ་དུས་ང་ཚོ་ལ་གོ་རྒྱུ་ཡོད་ཀྱི་རེད། ས་ཐོག་ལ་རྩྭ་མི་སྐྱེ། རང་བྱུང་ཁམས་ཀྱི་གནོད་པ་འདྲ་དང་མི་འདྲ་ཞིག་ཡོང་། དེ་བཞིན་སེམས་ཅན་ལ་ཡིན་ན་དཀའ་འོ་མ་ཇེ་ཉུང་ལ་སོང་། ས་ཆ་འདི་ཡིན་ན་བསོད་ནམས་མེད་སའི་ས་ཆ། ཆུ་ཐམས་ཅད་སྐམ། རི་མགོ་ལ་རྩ་དང་སྨན་རྩྭ་མི་སྐྱེ། མི་ཐམས་ཅད་ཀྱི་སེམས་ན་གཅིག་གིས་གཅིག་གསོད་རྒྱུ་དང་། རྐུ་བྱེད་པ་དང་། འཕྲོག་རྒྱུ་དེ་འདྲ་རྐྱང་རྐྱང་མ་གཏོགས་པ་གཞན་ཅི་ཡང་མེད་པ་འགྱུར་གྱི་རེད། དེ་དུས་ང་ཚོ་མཇུག་རྫོགས་ལ་ཉེ་བ་ཡིན་རྒྱུ་རེད། ས་ཆ་འདི་དེ་འདྲ་ཞིག་འགྱུར་རྒྱུ་རེད། ད་ལྟ་མགོ་ཡིན། ད་རུང་ལོ་བཅུ་ཉི་ཤུའི་ནང་ལ་ལས་རྒྱུ་འབྲས་ཟེར་རྒྱུ་དེ། དེ་རིང་བསྒྲུབས་ན་དེ་རིང་རིག་འོང་བ་ཞིག་ཡིན་པ་མ་རེད། ཐམས་ཅད་ཀྱིས་བསམ་བློ་ཞིག་གཏོང་རོགས་གྱིས། ད་ནས་བཟུང་སྟེ་ཁྱོད་རྣམས་ཀྱིས་བསྒྱུར་བཅོས་ཤིག་རྒྱོབས། གོ་སོང་ངམ། ངས་ཁྱོད་རྣམས་ལ་རྒྱུ་མ་གསོག་ཟེར་གྱི་མེད། ང་ཚོ་ཡིན་ན་ཁྱོད་རྣམས་ལ་རྒྱུ་ཡོད་ན་དགའ། དཔལ་འབྱོར་གོང་འཕེལ་ལ་སོང་ན་དགའ། ང་ཚོ་བོད་པ་ཡིན་ན་དཔལ་འབྱོར་གྱི་རྗེས་ལུས་ཡིན་པས། རྗེས་ལུས་མིན་ན་དགའ་བ་རེད། ཡར་གོང་འཕེལ་ལ་སོང་ན་དགའ་རྒྱུ་རེད། འཚོ་བ་ཡིན་ན་ཇེ་བཟང་ལ་སོང་ན་དགའ་དང་མ་སོང་ན་དགའ་ཟེར་ན། ཡར་རྒྱས་སོང་ན་དགའ། དགའ་བས་མ་ཚད་ཨེ་འགྲོའི་རེ་བ་ཡང་ཡོད། ཡིན་ནའང་ང་ཚོས་སེམས་ཅན་གྱི་སྲོག་རྐྱང་རྐྱང་བཅད་ནས་ཡར་རྒྱས་འགྲོ་དགོས་པ་རེད་ཟེར་ན། དེ་ནི་མི་འགྲོ་བ་ཐག་ཆོད་པ་རེད། ལོ་ཁ་ཤས་ཕན་ཆོད་མི་འགྲོ་བ་རེད། ད་ཕན་ཆད་དེ་འདྲ་བྱེད་མི་ཉན། ང་ཚོ་འདིའི་ནང་ན་ཡོད་པའི་ལོ་ཉུང་བྱིས་པ་འདི་ཚོ་སློབ་གྲྭའི་ནང་ལ་ཞོག་དང་། སློབ་གྲྭའི་ནང་ལ་སོང་བ་ཡིན་ན་རིག་གནས་སྦྱང་ན་ཆོག་གི་རེད། ལག་རྩལ་སྦྱང་ན་ཆོག་པ་རེད། དེ་འདྲ་བྱས་པ་ཡིན་ན། རྗེས་མ་རང་རང་གི་ཁ་གསོ་རྒྱུའི་ཐད་ལ་དཀའ་ངལ་ཆེན་པོ་དགོས་ཀྱི་མ་རེད། ང་ཚོ་དེ་རིང་འདི་ན་ཡོད་པ་འདི་རྣམས་གསར་དུ་སློབ་གྲྭ་ནང་སོང་ནས་སློབ་སྦྱོང་བྱེད་ས་མེད་ཀྱང་། ང་ཚོས་ལས་ཀ་ལས། ཁྱོད་ཚོ་འབྲོག་པ་ཚོས་ཞིང་པ་ཚོ་ལ་བསམ་བློ་ཞིག་ཐོང་དང་། ཞིང་པ་ཚོས་ཇི་ལྟར་ཁ་གསོ་བཞིན་འདུག ཞིང་པ་རྣམས་ལ་ས་ཞིང་ཡོད་ཀྱི་རེད་ཟེར་ན། ཞིང་པས་ས་ཞིང་རྐྱང་པས་ཁ་སོས་ཀྱིན་ཡོད་པ་མ་རེད། འབྲུ་རིགས་མ་གཏོགས་གཞན་པ་ཁང་པ་ལས་བྱེད་སོགས་ཚང་མ་ཟུར་ནས་ཞོར་ལས་འཚོལ་དགོས་པ་རེད། ཐམས་ཅད་གཞུང་ལམ་ལས་ས་དང་ཁང་པ་ལས་ས་ལ་སོང་ནས་ལས་ཀ་རྐྱང་རྐྱང་ལས་མཁན་དེ་འདྲ་རེད། ང་ཚོའི་ས་ཆ་ལ་ཞིང་པ་ཚོ་དེ་འདྲ་ཡིན། ཁྱོད་ཚོའི་ས་ཆ་ལ་དེ་འདྲ་ཡིན་རྒྱུ་རེད། འབྲོག་པ་ཚོ་དེ་འདྲ་མ་རེད། ཡིན་ན་མིན་ན་སེམས་ཅན་གྱི་སྲོག་གཅད་རྒྱུ་རྐྱང་རྐྱང་མ་གཏོགས། སྐྱེས་པ་ཚོ་རང་གར་འཁྱར་འདུག་གིན་ཡོད་པ་རེད། རང་གར་འཁྱར་འདུག་དུས་སང་གནངས་སྒོར་མོ་ནི་མཁོ་ཡོང་བ་རེད། སྒོར་མོ་མཁོ་ཡོང་བའི་ཉིན་པར་དེ་དུས་སེམས་ཅན་གྱི་སྲོག་གཅད་རྒྱུ་དང་། སེམས་ཅན་བཙོང་རྒྱུ་དེ་འདྲ་རྐྱང་རྐྱང་བྱས་ནས། སེམས་ཅན་གྱི་སྲོག་ཁོ་ན་ལ་བརྟེན་ནས་ཁ་གསོ་རྒྱུ་འདི་སྡུག་པོ་ནང་ནས་ཤིན་ཏུ་ཐབས་སྡུག་རེད། དེ་སྐྱེས་པ་ཚོས་བསམ་བློ་ཞིག་ཐོང་། བྱིས་པ་ཆུང་ཆུང་ཚོས་དེའི་ཐོག་ལ་ཕལ་ཆེར་ཤེས་ཀྱི་མེད་ཀྱང་། སྐྱེས་པ་ལོ་ལོན་ཚོས་བསམ་བློ་ཞིག་བཏང་ན་བཏང་རྒྱུ་ཡོད་པ་རེད། ང་ཚོས་སེམས་ཅན་གྱི་སྲོག་མ་བཅད་ན་དེ་རིང་ཐམས་ཅད་མུ་གེས་ཤི་འགྲོ་བ་ཡིན་ན་ཁག་མེད་མོད། རང་རང་གི་ཁ་སོས་ནས་བཟུང་དེ་འདྲའི་སེམས་ཅན་གྱི་སྲོག་བཅད་དགོས་དོན་རྩ་བ་ནས་མི་འདུག སེམས་ཅན་ཐམས་ཅད་ཀྱིས་ང་ཚོ་ལ་ཕན་བཏགས་རྒྱུ་མ་གཏོགས་གནོད་ནི་བསྐྱེལ་མེད་པ་རེད། གནོད་བསྐྱེལ་མ་ཡོད་དུས་སེམས་ཅན་གྱི་སྲོག་བཅད་བསྡད་ན་རྩ་བ་ནས་མི་ཉན་པས། བསམ་བློ་བཏང་དགོས་ས་རྩ་བ་ངོ་མ་དེ་འདི་ཡིན། ཁྱོད་རྣམས་ཀྱིས་བསམ་བློ་ཞིག་ཐོང་འདིའི་ཐོག་ནས་ཞིབ་ཆ་དང་བླང་དོར་ཞིག་གྱིས། བསྒྱུར་བཅོས་ཤིག་རྒྱོབས་མ་གཏོགས་ཉན་གྱི་མི་འདུག སེམས་ཅན་གྱི་སྲོག་བཅད་ནས་ཁ་གསོས་ན་མི་སོས་པ་རེད། དེ་ཁྱོད་རྣམས་ཀྱིས་སེམས་ལ་ཟུངས། དེ་གཅིག་ཡིན།
ལོག་བཤད་ལ་རྒྱུ་མཚན་མེད་པ།
      
གཉིས་དེ་འདི་ན་འབྲོག་ཐོག་ལ་སློབ་གྲྭའི་ནང་ནས་འོང་བའི་སློབ་མ་རེ་གཉིས་ཙམ་ཡོང་ནས་ལས་རྒྱུ་འབྲས་ཡོད་པ་མ་རེད། ཚེ་སྔ་ཕྱི་ཡོད་པ་མ་རེད་ཟེར་ནས་ང་ཚོ་བོད་པའི་ནང་ནས་ས་ཆ་འདི་ལ་དེ་འདྲ་རེ་རེ་གཉིས་གཉིས་ཙམ་ཡོད་ས་རེད། ས་གཞན་ལ་དེ་འདྲ་བཤད་མཁན་དཀོན་པོ་རེད། འབྲོག་ཐོག་ལ་དེ་འདྲ་བཤད་མཁན་དེ་བས་ཀྱང་མི་འདུག ཁྱོད་ཚོའི་ས་ཆ་འདི་ན་དེ་འདྲ་ཉུང་ཤས་ཡོད་པ་རེད་ཟེར་གྱིན་འདུག  ཡོད་པ་ཡིན་ན་དེ་འདྲའི་ཁ་ལ་མཉན་མི་རུང་། གང་རེད་ཟེར་ན། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་ཟེར་རྒྱུ་དེ། འཛམ་བུ་གླིང་གི་ཐོག་ན་ཕུལ་དུ་བྱུང་བ་ང་ཡིན་ཟེར་ནས་ཚན་རིག་པ་དང་། མཚན་ཉིད་རིག་པ་པ་མཁས་པ་དེ་རྣམས་ཀྱིས་ཐག་མ་ཆོད་ནས་བསྡད་ཡོད་པ་དེ་འདྲ་ཞིག་རེད། དེ་ང་ཚོའི་འབྲོག་པ་ཞིག་གིས་ལས་རྒྱུ་འབྲས་ཡོད་པ་མ་རེད་ཟེར་ན་མེད་འགྲོ་བ་ཞིག་དང་། ཡོད་པ་རེད་ཟེར་ན་ཡོད་ཡོང་རྒྱུ་ཞིག་མ་རེད། དེ་ང་ཚོའི་ས་ཆ་ཆུང་ཆུང་ནང་གི་སྐད་ཆ་རེད། སྔོན་མ་རིག་གནས་གསར་བརྗེ་ནང་ལ་དེ་འདྲ་ཅི་རིགས་བཤད་ཡོད་པ་རེད། ལས་རྒྱུ་འབྲས་ཡོད་པ་མ་རེད། ཚེ་སྔ་ཕྱི་ཡོད་པ་མ་རེད། ཡོད་ན་ད་སྟོན་ཤོག་དང་། གང་ན་ཡོད། ཡོད་པ་མ་རེད་ཟེར་ནས་ལྷ་ཁང་བཤིགས། ཡི་གེ་ཐམས་ཅད་མེ་ལ་བསྲེགས། དེ་བཞིན་ང་ཚོ་ལ་སྲོལ་རྒྱུན་གྱི་རིག་གནས་ཅུང་ཙམ་ཡོད་པ་ཐམས་ཅད་མེད་པར་བྱས་ཡོད་པ་རེད། བྱ་བ་ལས་ཀ་དེ་བསྒྲུབས་ནས་ལོ་ཉི་ཤུ་སུམ་ཅུ་ཙམ་མ་གཏོགས་སོང་མེད་པས། ད་གསར་དུ་ཡང་སྒྲུབ་དགོས་ཀྱི་མ་རེད། ང་ཚོ་འབྲོག་པའི་ནང་ན་ད་དུང་རིག་གནས་ཡོད་པ་མ་རེད། རིག་གནས་མ་ཡོད་དུས་མི་རང་གི་བསམ་བློ་ཞིག་བཏང་ནས་ལས་རྒྱུ་འབྲས་ཡོད་དང་མེད་ཟེར་དགོས་ན་ཁྱོད་རྣམས་ཀྱིས་ཤེས་ཀྱིན་ཡོད་པ་མ་རེད། ཡོད་ཟེར་དགོས་ན་ཁྱོད་རྣམས་ཀྱིས་ད་དུང་ཤེས་ཡོད་ཀྱི་མ་རེད། མེད་ཟེར་དགོས་ན་དེ་བས་ཀྱང་ཤེས་ཡོད་པ་མ་རེད། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་ཟེར་བ་འདི་དེ་འདྲའི་ལས་སླ་མོ་ཞིག་མ་རེད། སྔོན་མང་པོ་ཞིག་གིས་འདི་བཤད་པ་རེད། བཤད་མ་མྱོང་བ་མ་རེད། རིག་གནས་གསར་བརྗེ་འདི་ཚོའི་དུས་ན་ལས་རྒྱུ་འབྲས་མེད། ཚེ་སྔ་ཕྱི་མེད། སངས་རྒྱས་མེད། ཆོས་མེད། དགེ་འདུན་མེད། ཆོས་སྒྲུབ་ན་ཕན་ཡོན་མེད། སྡིག་པ་མི་དགེ་བ་སྒྲུབ་ན་དེ་ལ་རྣམ་སྨིན་མེད། ཡར་ཞིང་ཁམས་ཟེར་བ་དེ་མེད། མར་གྱི་ངན་སོང་ཟེར་བ་དེ་མེད་ཟེར་ནས་བཤད་འདུག་མཁན་དེ་ཚོ། ད་ལྟ་ཆོས་སྒྲུབ་མཁན་གྱི་གཙོ་བོར་གྱུར་འདུག་པ་དེ་ཁྱོད་ཚོའི་ས་ཆ་དེ་འདྲ་རེད། ང་ཚོའི་ས་ཆ་ལའང་དེ་འདྲ་ཡིན། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཡོད་པ་མ་རེད་ཅེས་དེ་འདྲ་བཤད་ཡོང་དུས། ང་ཚོ་ལ་རིག་གནས་མེད་པའི་རྐྱེན་གྱིས་བྱིས་པ་ལོ་ཉུང་རེ་གཉིས་ཙམ་དེའི་རྗེས་སུ་འབྲངས་ན་ཁག་ཡོད་རྒྱུ་མ་རེད། བདེན་པ་ཡིན་ས་རེད་བསམ་རྒྱུ་རེད། མི་ཆེན་པོ་བསམ་བློ་གཏོང་ཤེས་མཁན་དེ་འདྲ་སུ་ཡིས་བསམ་རྒྱུ་མ་རེད། དོན་གྱི་ཐོག་ནས་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་མེད་ཟེར་བ་འདི་དེ་འདྲ་སླ་མོ་ཞིག་མ་རེད། དེ་ལ་རྒྱུ་མཚན་མང་པོ་ཞིག་བཤད་རྒྱུ་ཡོད་པ་རེད། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཡོད་ཀྱི་མ་རེད་མིག་གིས་མཐོང་གི་མི་འདུག་ཟེར་གྱི་ཡོད་རེད། ང་ཚོས་མིག་གིས་མ་མཐོང་བ་ཐམས་ཅད་མེད་པ་མ་རེད། དཔེར་ན། ལག་འཕྲིན་ཁ་པར་ནང་གི་སྒྲ་དེ་འཕྲིན་མདུང་ཟེར་ནས་ལྕགས་མདུང་ཞིག་གནམ་ལ་བསླངས་ཡོད་པ་དེའི་ཐོག་ནས་ཚུར་ཡོང་གི་ཡོད་རེད། དེ་རྣ་བ་ནང་ལ་གྲགས་ཀྱིན་ཡོད་པ་རེད། རེད་ཀྱང་དེ་མིག་གིས་མཐོང་གི་ཨེ་འདུག་བལྟས་ན་མི་མཐོང་བ་དང་། ལག་འཕྲིན་ཁ་པར་མེད་པར་རྣ་བས་ཉན་ན་མི་གོ་བ་རེད། དེ་ལྟར་ཡིན་ཡང་དེ་གཉིས་ཀྱི་བར་ཡོང་གི་ཡོད་རེད། དེ་ཚོ་དང་འདྲ་བ་ཞིག་རེད། སྔོན་ཆད་ཡིན་ན་མིག་གིས་མ་རིག་ན་མེད་པ་ཡིན་བསམ་མཁན་ཡོད་ཀྱང་། དེང་སང་མིག་གིས་མ་མཐོང་ན་མེད་པ་ཡིན་ཟེར་མཁན་གཅིག་ཀྱང་རིག་གནས་ཡོད་ས་ཤིག་ཡིན་ན་མེད་པ་རེད། ཅི་ཡང་མི་ཤེས་པ་དེ་རྣམས་ཀྱིས་ང་ཚོའི་མཚོ་སྔོན་གྱི་ས་ཆ་འདི་ན་དེ་འདྲ་རེ་ཟུང་གིས་སྔོན་ཆད་རིག་གནས་གསར་རྗེ་འདི་ཚོའི་སྐབས་ན་ལྷ་འདྲེ་དང་ལས་རྒྱུ་འབྲས་ཚེ་སྔ་ཕྱི་ཡོད་པ་མ་རེད་ཟེར་ནས་བཤད་འདུག་རྒྱུ་དེ་བཤད་ཀྱིན་ཡོད་རེད། འོན་ཀྱང་ལས་རྒྱུ་འབྲས་སོགས་མེད་ན་མེད་ལུགས་འདི་འདྲ་རེད་ཟེར་ནས་རྒྱུ་མཚན་བཤད་དགོས་ཀྱི་ཡོད་ཀྱང་། དེ་ནི་གཅིག་ལ་ཡང་བཤད་རྒྱུ་མེད་པ་རེད། དེས་ན་ལས་རྒྱུ་འབྲས་ཡོད་ན་ཡོད་སྟབས་བཤད་རྒྱུ་ཡོད་པ་ཨེ་རེད་ཟེར་ན། བཤད་རྒྱུ་ཡོད། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་ཡོད་ལུགས་བཤད་རྒྱུ་ཡོད་རེད། དེ་འདྲ་ཡིན་དུས་འདི་ཚོ་ལ་ལོ་ཆུང་ཚོས་གཟབ་གཟབ་གྱིས། དེ་ཚོ་ནི་དངོས་གནས་དྲང་གནས་ལྟ་བ་ཕྱིན་ཅི་ལོག་པ་རེད། གོ་སོང་ངམ། ང་ཚོ་མི་སྐྱ་ཕོ་མོ་ཚོ་ལ་མཚོན་ན་གང་འདྲ་ཞིག་ཡིན་དགོས་པ་རེད་ཟེར་ན། དོན་དང་པོར་འཇིག་རྟེན་ཡང་དག་གི་ལྟ་བ་ཡོད་དགོས་པ་རེད། འཇིག་རྟེན་ཡང་དག་གི་ལྟ་བ་དེ་གང་རེད་ཟེར་ན། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་ལ་ཡིད་ཆེས་ཡོད་པ་འདི་གཉིས་ལ་འཇིག་རྟེན་ཡང་དག་གི་ལྟ་བ་ཟེར། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བ་མ་ཡིན་ནོ། །ཞེས་གསུངས་ནས། འཇིག་རྟེན་ཡང་དག་གི་ལྟ་བ་དེ་སུའི་རྒྱུད་ལ་ཡོད་ན་དེ་ནི་ཚེ་རབས་སྟོང་གི་བར་དུ་ཡིན་ནའང་ངན་སོང་ལ་མི་འགྲོ་བ་ཡིན་གསུངས་ཡོད་པ་རེད། འཇིག་རྟེན་ཡང་དག་གི་ལྟ་བ་ལ་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་ཡོད་པར་ལྟ་བ་གཉིས་ཡོད་པ་རེད། སྐྱེ་བ་སྔ་ཕྱི་ཡོད་དང་མེད་ཟེར་བ་འདི་ལ་ཐེ་ཚོམ་ཙམ་ཡང་མི་དགོས། འདི་འཛམ་བུ་གླིང་གི་ཐོག་ལ་སྐྱེ་བ་སྔ་ཕྱི་ཡོད་པའི་ཡོད་ལུགས་དེ་ཚད་རིག་པས་ཞིབ་འཇུག་བྱས་ནས། སྐྱེ་བ་སྔ་ཕྱི་འདི་མེད་ཟེར་དགོས་ན་རྩ་བ་ནས་ཟེར་ཐུབ་ཀྱི་མི་འདུག  འདི་ཡོད་ཤས་ཆེ་འདུག་ཟེར་ནས་དེང་སང་ཚན་རིག་གི་ལྟ་བ་དེ་ཡིན་པ་རེད་མ་གཏོགས། སྔོན་ཆད་ཟེར་བ་བཞིན་འདི་མི་འདུག་ཟེར་གྱིན་ཡོད་པ་མ་རེད། ང་ཚོས་རང་གར་འབྲོག་པ་གཅིག་གཉིས་ཙམ་གྱིས་མ་གོ་ན་གོ་མདོག་བྱས་ནས་བཤད་བསྡད་ན་རྒྱུ་མཚན་ཡོད་པ་མ་རེད། ཚེ་སྔ་ཕྱི་ཟེར་བ་དེ་དེ་འདྲ་ཞིག་རེད། ལས་རྒྱུ་འབྲས་དེ་གང་འདྲ་ཞིག་རེད་ཟེར་ན། དེ་རིང་བྱ་བ་བཟང་པོ་ཞིག་བསྒྲུབས་ན་འབྲས་བུ་བཟང་པོ་ཞིག་དང་། ངན་པ་ཞིག་བསྒྲུབས་ན་འབྲས་བུ་ངན་པ་ཞིག་ཡོད་པ་རེད། དེ་ལས་སླ་མོ་ཞིག་རེད་མ་གཏོགས་དཀའ་མོ་ཞིག་མ་རེད། དཔེར་ན། དེ་རིང་མི་ཞིག་བསད་བཞག་པ་ཡིན་ན་མ་གོ་ན་མ་གཏོགས་གོ་སོང་ན། རྒྱལ་ཁབ་ཀྱི་ཁྲིམས་ཁང་ནང་ལ་འགྲོ་དགོས་ཀྱི་རེད། དེ་དང་འདྲ་བ་དེ་ལ་ང་ཚོས་ལས་རྒྱུ་འབྲས་ཟེར། དེ་བཞིན་དུ་ང་ཚོས་དམྱལ་བ་ཟེར་རྒྱུ་དེ་འཇིག་རྟེན་གྱི་ཁམས་ན་བྱ་བ་ངན་པ་རྐུ་དང་ཇག་རྒྱག་འདུག་མཁན་དེ་ཚོ་ལ་བཙོན་ཁང་ཞིག་ཡོད་འདུག་པ་དེ་དང་འདྲ་བ་རེད། དམྱལ་བ་ཟེར་བ་དེ་གཞན་ཞིག་མ་རེད། ཁྱོད་རྣམས་ཀྱིས་བསམ་བློ་ཞིག་ཐོང་དང་། འཇིག་རྟེན་གྱི་ཁམས་ན་ཁྲིམས་གང་ཡོད་དགོས་པའི་རྒྱུ་མཚན་གང་རེད། དེ་བྱ་བ་ངན་པ་མི་བསད་པ་དང་རྟ་སྒྱེལ་བ་རྐུ་བྱེད་པ་འདི་ཚོ་ལ་ཆད་པ་གཅོད་སའི་གནས་རེད། དམྱལ་བ་ཡང་དེ་དང་འདྲ་འདྲ་རེད་མ་གཏོགས་པ་གཞན་གང་ཡང་མ་རེད། འདི་མེད་བསམ་ན་རང་གིས་རང་མགོ་བསྐོར་གྱིན་ཡོད་པ་རེད། ང་ཚོའི་མི་སྐྱ་ཕོ་མོ་ནང་ལ་བསམ་ཡོད་ཚོས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་བསམ་མཁན་ཡོད་པ་མ་རེད་ཀྱང་། ལོ་ཉུང་རྣམས་ལ་གཞན་པ་ཚོས་མ་གོ་ན་གོ་མདོག་གིས་འབྲོག་ཐོག་ལ་ཡོང་ནས་བཤད་བསྡད་ན། ང་ཚོས་ཆོས་ནི་གཏིང་ཟབ་ཞིག་གོ་བཞིན་ཡོད་པ་མ་རེད། ང་ཚོ་ཆོས་ལ་དད་པ་ཡོད་པ་ཨེ་རེད་ཟེར་ན། སེམས་ནང་ལ་དད་པ་ཡོད་ཀྱི་རེད་ཀྱང་། ད་དེ་རིང་རེད་ཟེར་ན། ཡིན་ས་རེད་བསམ་རྒྱུ་དང་། མ་རེད་ཟེར་ན། ཡིན་ས་མ་རེད་བསམ་རྒྱུ་མ་གཏོགས་རྒྱུ་མཚན་ཤེས་ཀྱི་མེད་པ་རེད། རྒྱུ་མཚན་མི་ཤེས་རྒྱུ་དེ་གཙོ་བོ་བླ་མ་དང་། གྲྭ་པ། དགོན་པ་འདི་ཚོས་མང་ཚོགས་ཀྱི་ནང་ལ་ཆོས་ཁྲིད་བཤད་རྒྱུ་སོགས་གོ་བརྡ་ཡང་དག་པ་ཞིག་མ་འཕྲོད་པའི་ལན་པ་རེད། མང་ཚོགས་ཀྱིས་སློབ་སྦྱོང་མ་བྱས་པ་མ་རེད། སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་ཡོད་པ་རེད། དེའི་དབང་གིས་ཆོས་དེ་མ་གོ་བ་རེད། མ་གོ་དུས་ཁག་ཡོད་པ་མ་རེད། ལས་འབྲས་དང་ཚེ་སྔ་ཕྱི་ཡོད་པ་མ་རེད་ཟེར་ན་མེད་པ་ཡིན་ས་རེད་བསམ་རྒྱུའི་བསམ་པ་སྐྱེ་ཡོང་བ་རེད། ཆོས་གཏིང་ཟབ་ཞིག་མ་གོ་ན་དེ་འདྲ་རེད་ཀྱང་། ལས་རྒྱུ་འབྲས་ཟེར་བ་དེ་ལྟར་མ་རེད། དཔེར་ན། ནས་ཀྱི་ས་བོན་ས་ནང་ལ་བཏབ་བཞག་ན་རྗེས་མ་འབྲས་བུ་ཞིག་སྐྱེ་རྒྱུ་ཡོད་པ་རེད། འོན་ཀྱང་ནས་ཀྱི་ས་བོན་སྐྱ་བོ་དེ་ལ་བལྟས་ན་འདིའི་ནང་ན་མྱུ་གུ་སྐྱེ་བའི་ནུས་པ་ཞིག་ཡོད་ས་རེད་བསམ་རྒྱུ་ཞིག་ང་ཚོའི་མིག་གིས་མི་མཐོང་བ་རེད། ནས་སྐྱ་བོ་འདིའི་རྗེས་མ་མྱུ་གུ་དང་། སྙེ་མ་འབྲས་བུ་སྐྱེ་འོང་ས་རེད་བསམ་པའི་མིག་གིས་མཐོང་རྒྱུ་ཡོད་པ་མ་རེད། མ་ཡོད་ཀྱང་ས་འོག་འཕངས་བཞག་ན་སང་གནངས་དེའི་ཐོག་ནས་འབྲས་བུ་སྐྱེ་འོང་བ་རེད། དེ་དང་འདྲ་འདྲ་རེད། དེ་རིང་ང་ཚོས་སེམས་ཅན་གྱི་སྲོག་བཅད་བཞག་ན། ད་ལྟ་གོ་རྒྱུ་དང་རིག་རྒྱུ་ཡོད་པ་མ་རེད་ཀྱང་། རྗེས་མ་ནམ་ཞིག་ལ་སྨིན་ཡོང་བ་རེད། དེ་དུས་ངན་སོང་གསུམ་ལ་འགྲོ་དགོས་ཀྱི་རེད། ལས་རྒྱུ་འབྲས་ཟེར་བ་དེ་བསླུ་བ་མེད་པ་དེ་འདྲ་རེད། འདི་ལ་ཡིན་ལུགས་ཀྱི་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་པ་རེད། དེ་ཚོ་ཁྱོད་རྣམས་ཀྱིས་ག་ལེར་སློབ་སྦྱོང་བྱས་ན་ཆོག་གི་རེད། ང་ཚོས་ད་ལྟ་ཉི་མ་གཉིས་ཀྱི་ནང་ལ་འདི་ཆ་ཚང་བཤད་དགོས་ན་མི་ཚར་བ་རེད། ལས་རྒྱུ་འབྲས་ཟེར་བ་དེ་འདྲ་ཞིག་རེད། གང་ཡིན་ན་ལྟ་ས་མང་པོ་འདུག  དཔེར་ན། ཁྱོད་རྣམས་ཀྱིས་ཞིང་རྨོ་བ་འདི་ལ་སོ་ནམ་ཡག་པོ་ཞིག་བྱས་ན། དེའི་བྱ་བ་དེ་ལ་འབྲས་བུ་ཡོད་པ་རེད། རྗེས་མ་ལོ་ཏོག་ཡག་པོ་སྐྱེ་ཡོང་བ་རེད། དེ་དང་འདྲ་བར་བྱ་བ་ཕྱིན་ཅི་ལོག་པ་ཞིང་ནང་ལ་ས་བོན་ཡག་པོ་མི་འདེབས། ལས་ཀ་ཡག་པོ་མ་བྱས་ན་རྗེས་མ་ལོ་ཏོག་ཡག་པོ་མི་སྐྱེ་བ་རེད། དེ་དང་འདྲ་འདྲ་རེད། ང་ཚོས་དགེ་བ་བསྒྲུབས། སེམས་ཅན་ལ་ཕན་པ་བསྒྲུབས་ན་འབྲས་བུ་ཡག་པོ་ཞིག་རྗེས་ལ་འོང་རྒྱུ་ཡོད་པ་དང་། སེམས་ཅན་ལ་གནོད་པ་སྐྱེལ་སྲོག་བཅད་དེ་ལྟར་བྱས་བསྡད་པ་ཡིན་ན། འབྲས་བུ་ངན་པ་ཞིག་རྗེས་ལ་འབྱུང་རྒྱུ་ཡོད་པ་རེད། འཇིག་རྟེན་ཁམས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་ཐམས་ཅད་རྒྱུ་འབྲས་ཀྱི་ལམ་ནས་མི་འགྲོ་བ་གཅིག་ཀྱང་མེད་པ་རེད། རྒྱུ་ཡག་པོ་ཞིག་ཡོད་ན་འབྲས་བུ་ཡག་པོ་དང་རྒྱུ་སྡུག་པོ་ཞིག་ཡོད་ན་འབྲས་བུ་སྡུག་པོ་ཞིག་ཡོད་པས་ཐམས་ཅད་རྒྱུ་འབྲས་ཀྱི་ལམ་ནས་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་ང་ཚོས་བཤད་འདུག་རྒྱུའི་ལས་རྒྱུ་འབྲས་ཟེར་བ་དེ་འདི་རེད། དེ་རིང་སེམས་ཅན་གཅིག་གི་སྲོག་བཅད་ནས་ཤ་ཟོས་ནས་བསྡད་པ་ཡིན་ན་ད་ལྟ་ཅི་ཡང་གོ་རྒྱུ་མེད་པ་རེད། ཤ་ཟོས་ན་ཁ་ནང་ལ་ཞིམ་པ་དང་ཕོ་བ་རྒྱགས་ཡོང་བས་སྐྱིད་པོ་བྱས་ནས་བསྡད་ན་ཆོག་གི་རེད། ཡིན་ནའང་བྱ་བ་དེ་དེ་ནས་མཇུག་རྫོགས་སོང་བ་རེད་སྙམ་ན། དེ་མ་རེད། དཔེར་ན། མི་ཞིག་བསད་དེ་དེའི་ལག་ནས་སྒོར་མོ་འཕྲོག་སྟེ། མར་རྫོང་ཐོག་ལ་སོང་ནས་ཟས་ཁང་དང་ཉལ་ཁང་ནང་སོང་ནས་སྐྱིད་པོ་བྱས་ནས་བསྡད་པ་ཡིན་ན། ཉི་མ་གཉིས་ལ་གཞན་གྱིས་མ་གོ་དུས་ཁོ་སྐྱིད་པོ་རེད་བསམ་ནས་འདུག་གི་རེད། འོན་ཀྱང་དེའི་བྱ་བ་དེ་དེ་ནས་མཇུག་རྫོགས་སོང་བ་ཨེ་རེད་ཟེར་ན། དེ་ལྟར་མ་རེད། སང་གནངས་ག་ལེར་རྩ་བ་བཅད་ཡོང་གི་རེད། གོ་སོང་དུས་ཁྲིམས་ཁང་ནང་ལ་འགྲོ་དགོས་པ་རེད། དེ་དང་འདྲ་བར་ང་ཚོས་གཡག་དང་ལུག་བཤས་ནས་དེའི་སྒོར་མོས་ཤ་ཟ་བ་དང་། ཡང་མིན་ན་ཚོང་ཁང་ནང་ནས་ཉོ་ཚོང་བྱེད་པ་དང་། ཟས་ཁང་དང་། ཉལ་ཁང་ནང་ལ་སོང་ནས་ཉལ། ཤོ་རྒྱལ་སྐུག་པ་སོགས་བྱས་ན། ད་ལྟ་ཟོག་དང་ལུག་གཅིག་བཤས་པ་ཡིན་དུས་དེ་ལ་གོ་རྒྱུ་མེད་པས། མཇུག་རྫོགས་སོང་བ་རེད་ཟེར་གྱི་རེད། འོན་ཀྱང་བྱ་བ་དེ་མཇུག་རྫོགས་ཡོད་པ་མ་རེད། དེའི་རྗེས་ལ་ལས་རྒྱུ་འབྲས་ཟེར་བ་དེ་ཡོད་པས་ངན་སོང་དམྱལ་བ་ལ་འགྲོ་དགོས། ད་ལྟ་མི་ཡུལ་ནས་འགྲོ་ས་ཁྲིམས་ཁང་རེད། ལས་རྒྱུ་འབྲས་ཀྱི་འགྲོ་ས་དམྱལ་བ་རེད། ལས་རྒྱུ་འབྲས་ཟེར་བ་འདི་ལ་འདང་བརྒྱག་ཤེས་པ་ཞིག་གིས་བལྟས་ན། ཨོ་དེ་འདྲ་ཡིན་ངེས་རེད་ང་ཚོའི་མི་ཡུལ་དུ་གང་ལ་བསམ་ན་འདི་འདྲ་ཞིག་རེད། འདི་ཡང་དེ་འདྲ་ཞིག་མིན་ན་འགྲོ་ས་མི་འདུག་བསམ་རྒྱུ་དེ་འདྲ་རེད། འདི་འདྲའི་ཐོག་ལ་ང་ཚོས་བསམ་བློ་ལོག་པ་གཏོང་མི་ཉན། བསམ་བློ་ལོག་པ་གཏོང་སོང་བ་ཡིན་ན་ལོག་ལྟ་ཟེར་བ་དེ་རྒྱུད་ལ་སྐྱེས་ན་ད་སྔོན་ཡན་ཆད་དགེ་བ་བསྒྲུབས་པ་ཐམས་ཅད་རྒྱུན་ཆད་ནས་ཚང་མ་བརླག་འགྲོ་བ་རེད། དེ་ལ་གཟབ་གཟབ་གྱིས། ང་ཚོའི་ཁམས་ཕྱོགས་ལ་དེ་འདྲ་ཟེར་མཁན་མེད། ལྷ་ས་དབུས་གཙང་ཕྱོགས་ལ་བོད་པའི་ནང་ལ་དེ་འདྲ་བཤད་མཁན་མི་འདུག  ཡིན་ན་མིན་ན་ཨ་མདོའི་ནང་ནས་མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་རེ་རེ་གཉིས་གཉིས་ཙམ་དང་། དེའི་ནང་ནས་མི་རེ་གཉིས་ཙམ་རེད། དེ་རྣམས་ཀྱིས་གནའ་རིག་གནས་གསར་བརྗེའི་དུས་ཟེར་འདུག་རྒྱུ་དེ། ཡང་བསྐྱར་བཤད་ན་ཡག་པོ་ཞིག་རེད་བསམ་ནས་དེ་འདྲ་བཤད་ཀྱིན་ཡོད་འདུག དེ་འདྲ་དེས་ངོ་མ་ལས་རྒྱུ་འབྲས་མེད་པ་ཧ་གོ་ནས་བཤད་ཀྱིན་ཡོད་པ་མ་རེད། མ་གོ་ན་ཡང་རང་གར་དེ་འདྲ་ཟེར་འདུག་རྒྱུ་མ་གཏོགས་རྒྱུ་མཚན་ཡོད་པ་མ་རེད། རྒྱུ་མཚན་ཞིག་ངོ་མ་བཤད་རྒྱུ་ཡོད་ན་ཤོད་དང་ཆོག་མོད། བཤད་རྒྱུ་མེད། རིག་གནས་གསར་རྗེའི་སྐབས་སོགས་སུ་ལས་རྒྱུ་འབྲས་མེད་ཟེར་ནས་ལོ་ཉི་ཤུ་སུམ་ཅུ་ཙམ་བཤད་པ་རེད་ཀྱང་། མེད་ན་འདི་འདྲ་རེད་ཟེར་ནས་དཔེར་ན། ང་ཚོའི་སྐྱེས་པ་ཚོས་ཚིག་གིས་ཚིག་ལ་བརྒྱབས། ཚིག་སྐེ་ཐང་ལ་འཕངས་ཟེར་འདུག་རྒྱུ་དེ་འདྲ་ཞིག་བཤད་རྒྱུ་མི་འདུག ཁོང་ཚོས་རྒྱུ་འབྲས་མེད། ཡོད་ན་ད་སྟོན་ཤོག་དང་ཟེར་བ་རེད། ད་ལྟ་སྟོན་རྒྱུ་ཡོད་པ་མ་རེད། དཔེར་ན། ཁྱོད་རྣམས་ཀྱིས་ཞིང་རྨོས་པའི་ནང་ལ་རྗེས་མ་ལོ་ཏོག་སྐྱེ་རྒྱུ་མེད། ཡོད་ན་ད་སྟོན་ཤོག་དང་ཟེར་ན། དེ་རིང་སྟོན་རྒྱུ་མེད་པ་རེད། དེ་འདྲ་བ་རེད། དེ་ལ་ཡིད་ཆེས་དང་དེའི་རྗེས་ལ་ལོ་ཉུང་ཚོ་རྒྱུག་མི་ཉན། དེ་འདྲ་དེ་དོན་མེད་དང་། ང་ཚོ་ཚེ་འདི་ཕྱི་ཐམས་ཅད་ལ་མི་སྐྱིད་པའི་རྒྱུ་མ་གཏོགས། བདེ་སྐྱིད་ཡོང་བའི་ཐབས་དེའི་ནང་ན་ཅི་ཡང་མེད། སྤྱིར་ང་ཚོའི་བོད་ཀྱི་རིག་གནས་འདི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་ཡོང་བ་དང་། ཁྱད་པར་ཆོས་འདི་ལོ་སྟོང་ཕྲག་གཅིག་ལྷག་གོང་ནས་ཡོང་བ་རེད། ང་ཚོའི་ཕ་མེས་ཡང་མེས་ཐམས་ཅད་རིག་གནས་འདི་ལ་བརྟེན་ནས་ཡོང་བ་རེད། ང་ཚོའི་ཕ་མེས་ཡང་མེས་ཟེར་བ་དེ་ཚོ་བླུན་པོ་རེད། གླེན་པ་རེད། རྗེས་ལུས་རེད་དེ་འདྲ་བསམ་མི་ཉན། ང་ཚོའི་རིག་གནས་ཀྱི་ནང་ལ་དངོས་གནས་དྲང་གནས་སྔོན་ཐོན་གྱི་རིག་གནས་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཡོད་པ་རེད། ཁྱོད་རྣམས་ཀྱིས་དེ་འདྲ་མ་བསམ། དེ་ས་ཆ་འདི་ན་ཡོད་པའི་དམིགས་བསལ་གྱི་དོན་དག་ཞིག་རེད། དེ་ཁྱོད་རྣམས་ཀྱིས་གཟབ་གཟབ་གྱིས་དེའི་ཐོག་ལ་བསམ་བློ་ཞིག་ཐོང་།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005