| དེ་ཡང་སྔོན་ལ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དམར་པོ་རིའི་རྩེར་ཕོ་བྲང་བཏབ་པའི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་ནས། དངོས་གཞིའི་བརྗོད་བྱ་འཕགས་མཆོག་ལོ་ཀེ་ཤྭ་ར་བོད་དུ་གདན་དྲངས་པའི་སྐོར་བརྗོད་རྒྱུ་ཡིན།རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ལས།ས་འཛིན་བུ་མོས་མངལ་ཁུར་ལྟོ་བ་ན།།མངོན་པར་འཕགས་པ་གྲུ་འཛིན་གཉིས་པའི་རི།།རྩོད་པའི་དུས་ཀྱི་འཁོར་ལོས་བསྒྱུར་རྒྱལ་གྱི།།ཕོ་བྲང་དམར་པོ་རི་ཞེས་ཕྱོགས་ཀུན་ཁྱབ།།ཅེས་གསུངས་པ་ལྟར། རང་ཅག་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བར་མཛད་ཅིང་། དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། བདག་གིས་ཁ་བ་ཅན་འདིར་སེམས་ཅན་གྱི་དོན་བྱེད་པ་ལ། ས་ཕྱོགས་གང་དུ་ཕྱིན་ལ་བསྒོམ་སྙམ་པ་དང་། བདག་གི་ཡབ་མེས་ལྷ་ཐོ་ཐོ་རི་སྙན་ཤལ། ﹙གཉན་བཙན་﹚འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེས། ལྷ་ས་དམར་པོ་རིའི་རྩེ་ལ་བཞུགས་འདུག་པ། བདག་གིས་ཀྱང་ཡབ་མེས་ཀྱི་ཞབས་ཀྱིས་བཅག་པའི་ས་ཆ། བཀྲ་ཤིས་ཤིང་ཉམས་དགའ་བའི་ས་གནས་དེར་ཕྱིན་ལ། སེམས་ཅན་གྱི་དོན་བྱེད་པར་དགོངས་ཏེ། དམར་པོ་རིའི་རྩེར་ཕོ་བྲང་བཏབ་ནས་བཞུགས་སོ། དེའི་ཚེ་མཐའི་རྒྱལ་པོ་རྣམས་ཀྱིས་ཕོ་བྲང་བཞེངས་པའི་རྟེན་འབྲེལ་ལེགས་འབུལ་ཞུ་བར་ཡི་གེ་དང་བཅས་བློན་པོ་མངགས་པ་རྣམས་ལ་ལན་གྱི་ཆབ་ཤོག་སོ་སོའི་ཡི་གེར་བཏབ་ཅིང་། བཟང་པོའི་གསུང་དང་གྱ་ནོམ་པའི་དངོས་པོས་ཚིམ་པར་བྱས་ཏེ་བརྫངས་པས། རྒྱལ་པོ་ཀུན་ཡིད་རང་དབང་མེད་པར་དགའ་བར་གྱུར་རོ།
རབ་མཛེས་གསེར་ཕུང་བརྩེགས་པའི་ལྷུན་པོ་ལ།།རིན་ཆེན་སྣ་ཚོགས་ལས་གྲུབ་ཕྲ་བཀོད་ལྟར།།འཛམ་གླིང་མཛེས་པའི་དཔལ་ཡོན་རྒྱན་གཅིག་ཉིད།།བལྟ་བས་མི་ངོམ་ཕོ་བྲང་པོ་ཏ་ལ།།སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས།།གང་གི་རྣམ་སྤྲུལ་མི་རྗེའི་ཚུལ་བཟུང་བ།།བོད་ཁམས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེ།།སྲོང་བཙན་སྒམ་པོའི་མཛད་པར་སྙིང་ནས་གུས།།
ད་ནི་དངོས་གཞིའི་བརྗོད་བྱ་ཙནྡ་ཧ་རིའི་འཕགས་པ་①ལོ་ཀེ་ཤྭ་རའི་②སྐུ་བརྙན་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་དུ་པོ་ཏ་ལར་གདན་དྲངས་པའི་སྐོར།
སྲོང་བཙན་སྒམ་པོའི་ཐུགས་ཀྱི་དགོངས་པ་ལ། ད་རུང་ལྷོ་བལ་གྱི་ཕྱོགས་ན་སྦས་པའི་སྤྲུལ་སྐུ། ཕྱི་རབས་སེམས་ཅན་གྱི་དོན་བྱེད་པའི་རྟེན་ངོ་མཚར་ཅན་ཡོད་པ་དགོངས་ནས། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། རང་བྱོན་དེའི་ཐུགས་ཀ་ནས་འོད་ཟེར་ཅིག་འཕྲོས་ཏེ། བལ་པོའི་ཡུལ་དུ་སོང་ངོ། དེ་ལ་གཏད་ནས་གཟིགས་པས། རྒྱ་གར་དང་། བལ་པོའི་མཚམས་ཀྱི་ནགས་ཁྲོད་ཆེན་པོ་ཅིག་ན། ཙནྡ་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཅིག་ལ་རང་བྱོན་མཆེད་བཞི་བྱོན་པར་གཟིགས། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་བྱ་བ་དེ། རྟེན་དེ་རྣམས་སྤྱན་འདྲེན་དུ་བཏང་ངོ་། དེར་དགེ་སློང་གིས་མང་ཡུལ་③གྱི་གྲོང་དུ་ཕྱིན་པ་ན། ཡུལ་དེ་ན་ཡམས་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་མཐོང་། དེ་ནས་བྱོན་པ་ན། གྲོང་ཁྱེར་ཡམ་བུ་ཡ་གན་④བྱ་བ་ན། མཛེ་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་མཐོང་། དེ་ནས་བྱོན་པ་ན། རྒྱ་གར་དང་། བལ་པོའི་མཚམས་ན་སྟེང་གདོན་ཅིག་གིས་གློ་བུར་དུ་མི་མང་པོ་འཆི་པའི་སྡུག་བསྔལ་མཐོང་། དེའི་ནགས་ཁྲོད་ན། རྫི་བོ་ཅིག་གིས་མ་ཧེ་མང་པོ་སྐྱོང་གིན་འདུག་པས། མ་ཧེ་ལས་དང་སྐལ་བར་ལྡན་པ་ཞིག་གིས། ཉིན་མོའི་རིང་ལ་ནགས་ཁྲོད་དེར་ཕྱིན་ནས། ཙནྡ་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཅིག་འདུག་པ་ལ་བསྐོར་བ་བྱེད་ཅིང་ནུ་ཞོ་གཏོར་བས་དགོང་མོ་རྫི་བོ་ལ། མ་ཧེ་བདག་པོས་ན་རེ། ཁྱོད་ཀྱིས་ངའི་མ་ཧེའི་འོ་མ་བཞོས་འདུག་ཟེར་བ་ལ། རྫི་བོ་ན་རེ། ངས་ནི་མ་ཧེའི་འོ་མ་བཞེས་པ་མེད། མ་ཧེ་ནི་ཉིན་མོའི་རིང་ལ་ནགས་ཁྲོད་ཡ་གིར་འགྲོ་གི་འདུག་གོ་ཟེར་རོ། དེའི་སང་རྫི་བོ་དང་། མ་ཧེའི་བདག་པོ་གཉིས་ཀྱིས་འགྲོགས་ཏེ། ནགས་ཁྲོད་དེར་བལྟ་རུ་ཕྱིན་པས། མ་ཧེའི་དེ་ཙནྡ་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཅིག་ལ་སྐོར་བ་བསྐོར་ནས། ནུ་ཞོ་གཏོར་གིན་འདུག་པས་ངོ་མཚར་དུ་བྱས་སོ།དེ་ནས་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་བྱ་བས་རྒྱལ་པོའི་ཐུགས་དམ་ཙནྡ་གྱི་སྐུ་དེ་ལས་འབྱོན་པར་མཁྱེན་ནས། ཙནྡ་ཧ་རིའི་སྡོང་པོ་སྟ་རེས་བཅད་པ་དང་། སྐུ་བཞི་ཀས་གསུང་བྱོན་ཏེ། སྟོད་ཀྱི་དེ་ན་རེ། དལ་བུས་ཆོད་ལ་ང་མང་ཡུལ་གྱི་གྲོང་དུ་ཞོག་ཅིག་བྱ་བའི་སྒྲ་ཐོས། དེ་གཤགས་པའི་ནང་ནས། འཕགས་པ་ཝ་ཏི་⑤ཞེས་བྱ་བ་ཅིག་བྱོན་ནོ། དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་གྲོང་ཁྱེར་ཡམ་བུ་ཡ་འགན་དུ་ཞོག་ཅིག་བྱ་བའི་སྒྲ་བྱུང་ངོ། དེ་གཤགས་པའི་ནང་ནས། འཕགས་པ་དབུ་གང་ཞེས་བྱ་བ་ཅིག་བྱོན་ནོ། དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་རྒྱ་གར་དང་། བལ་པོའི་ས་མཚམས་སུ་ཞོག་ཅིག་བྱ་བའི་སྒྲ་བྱུང་། དེ་གཤགས་པའི་ནང་ནས་འཕགས་པ་འཇའ་མ་ལི་ཞེས་བྱ་བ་བྱོན་ནོ། དེའི་འོག་མ་དེས་སྒྲ་བྱུང་སྟེ། དལ་བུས་ཆོད་ལ་ང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡི་དམ་ལ་འགྲོ་འོ་ཞེས་བྱ་བའི་སྒྲ་བྱུང་ངོ་།དེ་ལྟར་འཕགས་པ་ཝ་ཏི་ནི་མང་ཡུལ་གྱི་གྲོང་དུ་བཞུགས་པས་སྐུ་དེའི་བྱིན་རླབས་ཀྱིས་ཡུལ་དེར་ཡམས་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་ལས་ཐར། འཕགས་པ་དབུ་གང་ནི་གྲོང་ཁྱེར་ཡམ་བུ་ཡ་གན་དུ་བཞུགས་པས་དེའི་བྱིན་རླབས་ཀྱིས་ཡུལ་དེར་མཛེ་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་ལས་ཐར། འཕགས་པ་འཇའ་མ་ལི་ནི་རྒྱ་བལ་གྱི་མཚམས་སུ་བཞུགས་པས་སྐུ་དེའི་བྱིན་རླབས་ཀྱིས་ཡུལ་དེར་སྟེང་གདོན་གྱིས་མི་མང་པོ་འཆི་བའི་སྡུག་བསྔལ་ལས་ཐར།དེ་ནས་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་བྱ་བ་དེས་འཕགས་པ་ལོ་ཀེ་ཤཱར་བོད་ཀྱི་ཡུལ་དུ་གདན་དྲངས་ནས། རྒྱལ་པོ་སྲོང་བཙན་སྒམ་པོར་ཕུལ་པས། རྒྱལ་པོ་ཤིན་ཏུ་དགྱེས་པར་གྱུར་ནས། ཡི་དམ་གྱི་ལྷ་དང་མཇལ་བས། ད་ནི་སེམས་ཅན་གྱི་དོན་བྱེད་པ་ལ་ཚེགས་མེད་དོ་དགོངས་སོ། སྐུ་དེའི་བྱིན་རླབས་ཀྱིས་བོད་ཡུལ་དུ་དམ་པའི་ཆོས་དར་ཞིང་། དགེ་བཅུའི་ཁྲིམས་དང་ལྡན་པར་གྱུར་རོ། དེའི་རྗེས་སུ་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་ཞེས་བྱ་དེའང་། སླར་འོད་དུ་གྱུར་ནས། རྒྱལ་པོའི་སྨིན་མཚམས་སུ་ཐིམ་པར་གྱུར་རོ།
སྲོང་བཙན་དགོངས་པ་རྟ་བདུན་དབང་པོ་ཡི།།
འོད་ཟེར་དཔག་མེད་རྒྱ་བལ་མཚམས་སུ་འཕྲོས།།
ཙནྡ་ཧ་རིའི་སྡོང་པོ་ལས་འཁྲུངས་པའི།།
རང་བྱོན་འཕགས་པ་མཆེད་བཞིར་གུས་ཕྱག་འཚལ།།
|