གནས་ཡུལ། མདུན་ངོས། ཆོས་ལུགས་མི་སྣ།
 
 
༄༅།།གྲུབ་པའི་དབང་ཕྱུག་ཆེན་པོ་དར་མ་དབང་ཕྱུག་གི་རྣམ་ཐར།
སྤེལ་དུས།2009-04-22   ཡོང་ཁུངས་།བོད་ལྗོངས་ནང་བསྟན།    རྩོམ་པ་པོ། སྐལ་བཟང་ཆོས་དབྱིངས་དང་འདུན་འདུན། འབྲུག་མོས་ཞུ་དག་བྱས།
     ཐོག་མར་རྗེ་འགྲོ་བའི་མགོན་པོ་འབམ་རོམ་པ་དེ་ནི། སྔོན་སད་མི་བདུན་གྱི་ནངནས་བྲན་ཀ་ཨེཏྲནི་བཀཱི་ཏའི་རིགས་རྒྱུད། བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་བཀའི་མདུན་ན་འདོན་ཆེན་པོའི་བྲན་ཀ་བན་དཔལ་ཡོན་ཏན་གྱི་རྒྱུད། ལོ་ཙཱ་བ་དེ་ཉིད་གདུང་རབས་བཅུ་གཅིག་ན་འཕན་ཡུལ་གྱི་དཀའ་བ་ཡུལ་སྣེ་ཞེས་པ་ན། ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་མེ་མོ་ལུག་ལ་སྐུ་བལྟམས། སྲས་གསུམ་ཡོད་པའི་འབྲིང་པོ་ཡིན་ཞིང་། མཚན་འབུམ་སྐྱབས་གསོལ། དགུང་ལོ་བདུན་དུ་སོན་སྐབས་ཉིན་གཅིག་བུད་མེད་མཁའ་འགྲོའི་གཟུགས་སུ་བྱས་པའི་གོས་རས་ཕྲུག་གཉིས་བརྩེགས་གྱོན་པ་འཁོར་བུད་མེད་བཅུ་བཞིས་བསྐོར་བ། ལག་ཏུ་ཆགས་ཤིང་ཐོགས་པ་ཞིག་བྱུང་བ་ལ། ཁོང་གིས་ཁྱོད་སུ་ཡིན་བཟླས་པས་བདག་དྭགས་པོ་སྙེ་སྒོམ་གྱི་སློབ་མ་ཡིན་ཟེར། བླ་མ་རིན་པོ་ཆེ་དེ་ལ་བུད་མེད་ཀྱི་སློབ་མ་ཡོད་པ་མ་ཚོར་བྱས་པས། མོ་ན་རེ། འོ་ན་སྙེ་སྒོམ་ལས་ང་བཟང་བ་ཅི་ཆ་ཟེར་བས། ཁོང་ཚིག་དེ་ལ་མ་དགའ་ནས་ཁྱོད་རིན་པོ་ཆེ་དེ་ལས་བཟང་བ་ཨང་བྱས་ཤིང་། བྱིས་པ་རྩེ་རོགས་མང་པོ་ཡོད་པ་ལ་འགྲན་ནས་བུད་མེད་དེའི་ཕྱོགས་སུ་ས་རྡོ་མང་པོ་གཏོར་བས། ཁྱོད་དྭགས་པོ་སྙེ་སྒོམ་གྱི་ཁ་འཛིན་བྱེད་ལུགས་ལ་དད་པ་ཨེན་ཙམ་ཡོད་རྟགས་སུ་འདུག་པས། ཁྱོད་དང་ང་གཉིས་མི་འཐབ་ཟེར་ནས་སོང་སྐད། དེས་རྐྱེན་བྱས་པ་འདྲ་བ་བྱུང་ནས་དེ་ནུབ་མནལ་ཡེ་མ་བྱུང་མཚན་ཐོག་ཐག་ཏུ་སྒམ་པོར་སླེབས་ནས་སྙམ་པའི་ཡིད་སྨོན་གྱིས་བླ་མ་རིན་པོ་ཆེ་ཐུགས་རྗེས་གཟིགས་བྱ་ནས་གསོལ་བ་དྲག་ཏུ་བཏབ་པས། ཐོ་རངས་མནལ་ཅུང་ཟད་འཐུམ་པའི་ཚེ། ཤར་ཕྱོགས་ནས་འོད་དཀར་པོ་ཉི་མའི་སྲབ་མདའ་ལྟ་བུ་ཞིག་བྱུང་ནས་ཐུགས་ཀར་ཕོག་པ་རྨིས། ཕྱི་ཉིན་ཅི་ཡིན་སྙམ་པའི་ཐེ་ཚོམ་གྱིས་དགེ་བའི་བཤེས་གཉེན་དབང་གཞོན་ལ་དྲིས་པས། ཁྱོད་ཀྱིས་བླ་མ་ལ་གསོལ་བ་བཏབ་པའི་བྱིན་བརླབས་ཡིན་གསུངས། དགུང་ལོ་བརྒྱད་པ་ལ་མཁན་པོ་ཀ་བ་དར་མ་སེང་གེ་དང་སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་གསོལ། ཡབ་མེས་ཀྱིས་བཞེངས་པའི་དཀའ་བ་ཡུལ་སྣ་ཞེས་པའི་གཞིས་ཤིག་ཡོད་པ་དེར་བཞུགས། དེའི་དུས་སློབ་དཔོན་དབང་གཞོན་གྱིས་གཏོར་ཆེན་མཛད་ནས་གཏོར་དབང་བསྐུར་ཆོས་སྐྱོང་ཆེན་པོ་ཁྱེད་ཀྱིས་བདག་ལ་སྡོང་གྲོགས་མཛད་པ་དེ་ལས་ཀྱང་ལྷག་པའི་སྡོང་གྲོགས་ངའི་བཙུན་ཆུང་འདི་ལ་མཛོད་ཅིག སྐུ་གསུང་ཐུགས་མ་གཡེལ་བར་ལུས་དང་གྲིབ་མ་ལྟར་འགྲོགས་ཤིག་གསུངས་ནས་གཏོར་མ་སྤྱི་བོར་བཞག་ཕྱིན་ཆད་ཁྱོད་ཀྱིས་བསྟན་པ་དང་། སེམ་ཅན་ལ་ཕན་པ་ཐོགས་ཤིང་ཆོས་སྐྱོང་ཁྱོད་ཀྱི་རྗེས་སུ་འབྲངས་གསུངས། ཡང་སློན་དཔོན་གྱིས་མནལ་ལྟས་བརྟགས་པས་ཤིན་ཏུ་བཟང་བ་བྱུང་ཞིང་ཆོས་སྐྱོང་ལའང་བཅོལ་གཏད་ནན་ཏན་དུ་མཛད་དོ།   དེ་ནས་དགུང་ལོ་བཅུ་གཅིག་ལོན་ཙ་ན། དགེ་བཤེས་བྱ་ཡུལ་བ་མཁར་བུ་དགོན་དུ་རབ་གནས་ལ་སྤྱན་དྲངས་པ་དང་མཇལ། ལམ་རིམ་གྱི་ཁྲིད་དང་། མི་གཡོ་བའི་བཟླས་ལུང་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་ལ་སོགས་པའི་རྗེས་གནང་ཞུས། དེ་ནས་གྲུམ་ལུང་པའི་སྤྱན་སྔར་བྱོན་ཏེ་བྱམས་ཆོས་སྡེ་ལྔ། བསླབ་བཏུས་སྤྱོད་འཇུག་སོགས་ཆོས་མང་དུ་གསན། སྐྱེས་བུ་གསུམ་གྱི་ཁྲིད་ཀྱང་བྱ་གསུངས་ནས་མཛད། སློབ་དཔོན་སྐ་བ་ས་ལས་འདུལ་བ་མདོ་རྩ་སོགས་ཆོས་ལ་སློབ་གཉེར་བྱེད་བཞིན་ཡོད་ཙ་ན། རྗེ་སྒམ་པོ་པའི་སྙན་པ་ཐོས་པས་ཤིན་ཏུ་ད་པར་བྱུང་། འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཐུགས་དགོངས་བཏང་བས། མཚན་ཉིད་ཀྱི་ཆོས་ཐམས་ད་བུ་རམ་གྱི་གཟུགས་བརྙན་དང་འདྲ་ཞིང་། གསང་སྔགས་ཐབས་ཀྱི་ལམ་ཉེ། ཁ་ན་མ་ཐོ་བ་གསུམ་རང་ལུས་ཀྱི་ཤ་རུས་ལ་ཐུག་པ་ལྟར་འཛེམ་རུང་། འཆི་ཁར་ཞེ་སྡང་དང་ལོག་ལྟ་ཅུང་ཟད་ཙམ་སྐྱེས་ནས་ངན་སོང་དུ་འགྲོ་ངེས། འཆི་བ་མི་རྟག་པ་བསྒོམ་པ་ཆོས་ཀྱི་རྩ་བ་ཡིན་རུང་། དུས་རྒྱུན་དུ་བསྒོམས་ཀྱང་འཁོར་བའི་ཞེན་པ་དྲུང་ནས་འབྱིན་ནུས་པའི་ངེས་པ་མེད། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ལྟར་བྱེད་པ་འདིས་ཀྱང་སྟབས་མ་ལེགས་ན་ང་རྒྱལ་དུ་འགྲོ། བྱམས་དང་སྙིང་རྗེ་གཞན་ཕན་གྱི་དངོས་རྒྱུ་ཡིན་ཀྱང་དམིགས་པ་མེད་པའི་སྟོང་ཉིད་དང་ཟུང་དུ་འཇུག་པའི་བློ་གདེང་མེད་ན་ང་གཞན་དོན་འབྱུང་བའི་ངེས་པ་མེད། བླ་མ་དམ་པ་དཀོན་མཆོག་གསུམ་གྱི་རྩ་བ་ཡིན་རུང་། བྱིན་མཐུ་མེད་པའི་བླ་མ་བསྟེན་ན་དཔེར་ན། ཆུ་དཀྲོག་པས་མང་མི་འབྱུང་བ་དང་འདྲ་བས་སློབ་མའི་བརྩོན་འགྲུས་དཀའ་ཚེགས་སུ་འདུག བླ་མ་མཚན་ལྡན་ཞིག་བཙལ་དགོས་དགོངས་ནས་དེ་ནུབ་མནལ་མ་བྱུང་། ཕྱི་ཉིན་ཆུང་གཟིམ་སྒོ་ཨ་བྱོན་ཙ་ན་གད་ཕུག་ཞིག་ཏུ་རྣལ་འབྱོར་པ་གཞོན་མཛེས་དབུ་སྐྲ་ཕོ་ཁར་ཡོད་པ་ཚོག་པུར་བཞུགས་འདུག་པ་ལཁྱེད་གང་ནས་བྱོན་གང་དུ་བཞུད་བྱས་པས། བདག་དྭགས་ཕྱོགས་སྒམ་པོའི་དྲུང་ནས་འོང་། ད་ནི་ག་འགྲོའི་ངེས་པ་མེད་གསུངས། དེར་ཁོང་དགའ་བ་དང་མོས་གུས་ཚད་མེད་པ་སྐྱེས་ཏེ་བླ་མ་སྒམ་པོ་པ་དེ་སྙན་པ་ཤིན་ཏུ་ཆེ་རབས་གདའ་བ། ད་ལྟ་སྐུ་ཁམས་བདེ་འམ། སྐུ་འཁོར་ཅི་ཙམ་བདོག། དམ་ཆོས་གཙོ་བོ་ཇི་མཛད་ལགས་ཞུས་པས། རྣ་འབྱོར་པ་དེས་ཀྱང་ཕྱག་ཐལ་མོ་སྦྱར་ནས་བླ་མ་རིན་པོ་ཆེ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུལ་བྱའི་དོན་དུ་བྱོན་པ་ཞིག་ལགས། དེང་སང་སྐུ་ཁམས་བདེ་བར་བཞུགས། སྐུ་འཁོར་མང་པོ་འདུག། ཆོས་ངེས་དོན་སྙིང་པོ་ཐེག་ཆེན་མན་ངག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་ཁོ་ན་འཆད་ཟེར། སྐུ་ཆེ་བའི་ཡོ་ཏན་མང་དུ་བརྗོད་ནས་སྟོན་ཆུང་ཁྱོད་རིན་པོ་ཆེ་དེ་ལ་དད་མོས་རབ་གཅིག་འདུག་པས་ངས་དྲང་ཚད་སྨྲས་པ་ཡིན། ཁྱོད་དེ་སྔ་བར་ཆད་ཅུང་བྱུང་འདུག་པ་ལ་ད་འགྲོ་བར་འདོད་ན་མྱུ་དུ་སོང་གསུངས་པས།  དེར་འགྲོ་བའི་ཐུགས་ཐག་བཅད། ད་ཁྱེད་ཀྱིས་བདག་འགྲོ་བའི་གྲོགས་མཛོད་ཅིག་བདག་གིས་རྩམ་པ་ཞིག་འབུལ་ཞུས་པས། རྣལ་འབྱོར་པ་ལ་འགྲོ་འོང་གཏད་སོ་མེད། རྩམ་པ་མི་དགོས། ཁྱོད་རང་རིན་པོ་ཆེ་ལ་གསོལ་བ་ཐོབ་ནས་སོང་དང་བར་ཆད་མི་འོང་གསུངས་ནས་གཤེགས་པར་གདའ། དེ་ནས་རང་ཡུལ་དུ་བྱོན་ནས་འགྲོ་བའི་ལམ་ཆས་བྱས། སྤོས་ཁ་སངས་རྒྱས་སྒོམ་པ་ལ་ཁྱེད་དྭགས་པོ་མཇལ་དུ་མི་འགྲོ་འམ་གསུངས་པས། ཁོང་ཡང་དད་ནས་འགྲོ་ཟེར། ཁོང་རྣམ་གཉིས་ཀྱིས་ཇ་དང་གསེར་ཁྱེར་ནས། གཉེན་འདུན་གྱིས་མ་ཚོར་བར་བྱོན་པས་དྭགས་ལྷ་སྒམ་པོར་སླེབསསྒམ་པོ་དང་མལ་ནས་ཇ་དང་གསེར་ཕྱག་སྟེན་དུ་ཕུལ་ཅིང་ངེད་བླ་མ་རིན་པོ་ཆེའི་སྙན་པ་ཐོས་པས་ཡི་འཕྲོགས་ཏེ་ད་ནས་ཆོས་ཞུ་རུ་འོང་བ་ལགས་པས་ཐུགས་ལ་འདོགས་པར་ཞུ་ཞུས་པས། བླ་མས་དེ་ལྟར་བྱ་གསུངས། ཁྱེད་ཀྱིས་ངེས་པར་ཆོས་བྱེད་ན་འཁོར་བ་ལས་ཡི་བྱུང་སྟེ་བསླབ་ཁྲིམས་མིག་ལྟར་བསྲུང་། བླ་མ་ལ་ཟོལ་མེད་ཀྱིས་མོལ་གུས་བསྐྱེད། རྒྱུ་འབྲ་ལ་བླངས་དོར་དགོས། དེ་ལྟར་ན་ཡོན་ཏན་སྐྱེ་བ་ཡིན་གསུངས།   དེ་ནས་ཚེས་བཅུའི་ནངས་པར་ཚོགས་འཁོར་མཛད་སྐབས་སུ་བླ་མར་མི་ཕྱེད་པའི་དད་པ་སྐྱེས་ཚེ། རྗེའི་ཞལ་ནས། ཁྱོད་མོས་གུས་ཆེ་བ་འདུག ཁྲིད་རྒྱུ་མང་པོ་ཞིག་མེད་ཁྱོད་ཀྱིས་འགྲོ་བ་མང་པ་ལ་ཕན་ཐོགས་པ་གཅིག་འོང་བ་ཡིན། ཁྱེད་རང་ནང་དུ་སྡོད་གསུངས་ནས་ཐུགས་ལ་ཤིན་ཏུ་བཏགས་པར་མཛད། དེ་མཚམས་ཟླ་གཅིག་ཙམ་སོང་བ་ན་ཁོང་སྐུ་ཁམས་མ་བདེ་ནས་སྐུ་ལ་ཆུ་བུར་མང་པོ་བྱུང་ཚེ་བླ་མར་གསོལ་པ་བཏབ་པས། དེ་ནུབ་མཚོ་ནག་པོ་ཞིག་གི་ནང་དུ་ཉ་ལྕོང་མང་པོ་འདུག   དེར་འཇིགས་བཞིན་དུ་འགྲོ་བ་ལ་བླ་མ་མཇལ་ནས་ཞུ་བསམ་མ་ཐག། བླ་མ་རིན་པ་ཆེ་ཁྲོ་ཚུལ་གྱིས་ཕེབས་ནས་གཡོན་གྱིས་སྲིན་ལག་བཟུང་སྟེ། བསམ་ངག་ཞེ་སྡང་གི་སྦྱོར་བ་ཡིས་རིགས་ངན་དུད་འགྲོའི་གནས་དག་ཏུ། རྐྱེན་ངན་རྣམ་རྟོག་ཡིད་འཇུག་ཀྱང་ལས་ངན་གྱི་གནས་སུ་འཆར་དགོས་ཡོད། སྣང་སྲིད་འཁོར་འདས་རང་གི་སེམས། མོས་གུས་བརྟེན་པ་རྟེན་འབྲེལ་གྱི་གནད་ཐུགས་རྗེའི་ལྕགས་ཀྱུས་རྒྱུན་དུ་འཛིན། འགྱུར་མེད་བདེ་ཆེན་གནས་སུ་འདོང་། གསུངས་ཤིང་ཕྱག་གིས་ཡར་འཐེན་ནས་དཔོན་སློབ་གཉིས་ནམ་མཁའ་ལ་གཤེགས་པ་རྨིས། མནལ་སད་པ་དང་སྐུ་ཁམས་དྭངས་ཏེ་བདེ་གསལ་མི་རྟོག་པའི་ཉམས་མྱོང་སྐྱེས། ཡང་ཉིན་གཅིག་བླ་མར་གསོལ་བ་འདེབས་བཞིན་བཞུགས་ཙ་ན། སྒོམ་པ་ཡེ་ཤེས་གཡུང་དྲུང་བྱ་བ་བྱུང་ནས་ཁྱོད་རིན་པོ་ཆེའི་སྐུ་མདུན་དུ་མྱུར་བར་ཤོག་གསུང་གིན་འདུག་ཟེར་བས། དེ་མ་ཐག་བྲག་ལུང་ཆེན་པོ་ཡོད་པའི་སྟོད་སྨད་སྐོར་ལམ་ནས་འབྱོན་ལོང་མེད་པར་ཐད་ཀར་མཆོངས་ནས་འགྲོ་དགོས་བྱོན་པས། ཞབས་འདྲེད་ནས་གཡང་ལ་ལྷུང་བ་དང་། བླ་མར་གསོལ་བ་བཏབ་མ་ཐག་ཏུ་ཞབས་ཐེམ་བྲག་ལ་ཚུགས་ནས། ཕ་ཀི་ན་ཕྱུགས་རྫི་གཅིག་འདུག་པ་དེ་མཐོང་བས། ཡུལ་མི་ལ་སྦྲན་ཏེ་ཐག་པ་མང་པོ་མཐུད་བྱུང་པ་དེ་ལ་ཕྱག་འཇུ་ནས་བྱོན་པས་སྐུ་ལ་སྐྱོན་མ་བྱུང་། བླ་མའི་མདུན་དུ་བྱོན་ནས་དེ་སྐད་ཞུས་པར་ཁྱོད་ང་ལ་དད་མོས་ཆེ་བ་དེས་འཆི་ལྟས་རྣམས་བཟློག་པ་ཡིན་གསུངས། ཡང་ཉིན་གཅིག་བྱིན་རླབས་དབང་བསྐུར་ཞུས་པས། བླ་མའི་ཞལ་ནས། མདང་ངས་ཁྱོད་ལ་དབང་བསྐུར་བས་སྡིག་སྒྲིབ་ང་རང་བས་ཁྱོད་དག་པར་འདུག། འདིའི་ཚོགས་པ་བདུན་བརྒྱའི་ནང་ནས་དར་མ་དབང་ཕྱུག་དང་མགར་སྒོམ་དཀར་པོ་གཉིས་ལས་ཉམས་རྟོགས་མཐོ་བ་མེད་གསུངས། བླ་མའི་སྐུ་སྲོག་གི་རྐྱེན་བཞི་བཟློག་ཚུལ་ནི་རིན་པོ་ཆེ་མཛོ་དཀར་ཡུ་ཞིག་ལ་ཆིབས་ཏེ་སྐེད་འཕྲང་ནས་ཕེབས་ཚེ་མཛོ་འདྲེད་དེ་སྐུ་ལྷུང་པ་བར་སྣང་ནས་བླངས།  ཡང་ལྷ་ལུང་བྱ་བར་ཆིབས་རྟ་ལུག་གུ་ཆིབས་ནས་ཕེབས་སྐབས་རྟ་འདྲོགས་ནས་སྐུ་ལྷུང་བ་ནམ་མཁའ་ནས་ཟིན། ཡང་རབ་གནས་སྐབས་རྡུལ་ཚོན་དང་རབ་གནས་ལྷ་བཤོས་རྣམས་ཧབ་ཐོབ་བྱེད་པར་ཁྲོམ་འུར་ཚེ་གྲྭ་པ་རྣམས་གར་སོང་མེད། ཁོང་གིས་རིན་པོ་ཆེ་བཙན་གྱིས་ཁུར་ནས་རྒྱུག་པས་ཐར་ང་ཡང་སྡོམ་ལུང་དུ་ཆིབས་པས་འཕང་ཚེ་སྐུ་ཟུར་ནས་ཟིན་པ་སོགས་སྒོ་གསུམ་གྱི་བགྱི་བ་གཞན་གྱིས་བསྒྲུབ་དཀའ་བའི་ཞབས་ཏོག་མང་པོ་བསྒྲུབས། བླ་མ་ཤིག་ཏུ་མཉེས་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས། མཉམ་རྗེས་འདྲེས་པའི་དོན་ལས་མི་འདའ་བར་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་རྟག་པར་བཞུགས་པ་ཡིན་ནོ། ཉིན་ཞིག་རྗེ་ཡི་ཞལ་ནས། ད་ངས་ཁྱོད་ལ་གདམས་ངག་རྣམས་ནི་ལྷག་ལུས་མེད་པར་བྱིན་ཚར་བ་ཡིན། བདག་དང་ནམ་ཡང་འབྲལ་བ་མེད་ཀྱིས་ཁྱོད་བྱང་འབམ་རོམ་བྱ་བའི་རི་ཁྲོད་དབེན་ཞིང་ཉམས་དགའ་བ་ཏེ་སིའི་གངས་རྒྱུད། གནོད་བྱིན་གངས་བ་བཟང་པོའི་ཞོལ་མར་པའི་སྒྲུབ་གནས་ཤིག་ཡོད་པ་དེར་སོང་ལ་སྒྲུབ་པ་གྱིས་དང་འགྲོ་བ་མང་པོ་ལ་ཕནཔར་འགྱུར་རོ། བུ་ཁྱོད་དང་ང་གཉིས་འགྲོགས་ཡུན་རིང་། ལུས་སྲོག་ལྟོས་མེད་ཀྱིས་ཞབས་ཏོག་མང་པོ་བསྒྲུབ་པ་ལ་བསུན་པ་སྐྱེ་མ་མྱོང་བ་དེ་ཀས་འཚེངས་གསུངས་ནས་གསེར་སྲང་གང་དང་ཕྱག་དཔེ་རྣམས་གནང་། གསེར་འདི་དང་པོ་སྒྲུབ་རྒྱགས་གྱིས། དེ་ནས་ལྷ་འདྲེས་འཚོ་བ་སྟེར། ཕྱིས་མི་ཡི་འཚོ་བ་འོང་གསུངས། བླ་མ་རིན་པོ་ཆེ་ཁྱེད་ཀྱི་སྐུ་དྲུང་དུ་མ་ཤི་བར་སྡོ་དགོས་ཞུས་ནས་སྤྱན་ཆབ་བསིལ། གསེར་ཡར་ཕུལ་བས་རྟེན་འབྲེལ་འགྲིག་གསུངས། ད་ཁྱོད་ཀྱི་ངོ་མི་ལྡོག་པས་ཟླ་གཅིག་གི་བར་འོ་སྐོལ་ཕ་ཕད་ལྷན་དུ་སྡོད་གསུངས་པ་ལ་དར་མ་དབང་ཕྱུག་ཁོང་ཐུགས་མ་ཆེས་ནས་ཕྱག་འཚལ་མནྜལ་ཕུལ་ཏེ་རིན་པོ་ཆེ་ཁྱེད་སྐྱེ་འཆི་ལ་དབང་ཐོབ་པས་བསྐལ་བར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ཞུས་པས། འགྲོ་དོན་ད་ལྟ་ལས་གཞན་ཆེ་བ་ཅིས་ཀྱང་མི་སྡོད་གསུངས། དེ་ནས་ཤིན་ཏུ་སྐྱོ་བའི་ངང་ནས་ཞབས་ཏོག་བྱེད་ཀྱིན་བཞུགས་ཙ་ན་ཞག་སོ་གསུམ་ནས་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་འབུམ་མ་ཚར་བར་སྒམ་པོར་བཞུགས། དེ་མཚམས་ལུང་བསྟན་པ་བཞིན་དགུང་ལོ་ཉེར་བརྒྱད་པ་ཤིང་ཕོ་ཁྱིའི་ལོ་ལ་བྱུང་འབམ་རོམ་དུ་བྱོན་ནས་རྫ་དེའུ་རིན་ཆེན་སྤྲུངས་པ་སོགས་སུ་རྩེ་གཅིག་ཏུ་སྒྲུབ་པ་མཛད། མི་མ་ཡིན་མང་པོས་ཆོས་ཞུས་པའི་ཚེ་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་བསྟན་པས་འབུལ་བ་ཡོད་ཟེར་ཅིང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཡལ། ཞག་འགའ་སོང་ཙ་ན་ལུང་པའི་ཕུར་བྱ་འབྲི་གཅིག་ལྕེ་སྤྱང་རྣམས་ཀྱིས་བསད་པ་དེ་གཟིགས་ཚེ་མི་མ་ཡིན་གྱིས་འབུལ་བ་ཡོད་ཟེར་བ་དེ་འདི་ཡིན་དགོང་ནས། ཏིང་ངེ་འཛིན་གྱིས་ཁོང་རྣམས་བཀུག་སྟེ་ཁྱེད་རྣམས་ལ་ང་ཡིས་ཆོས་བཤད་པའི་དམ་སྡོམ་ལས་འགལ་གསུངས་པར་ངེད་རྣམས་མིན། ཡ་ཀི་ཕུ་ན་བཙན་བདུད་གཤེན་རྗེ་དྲི་ཟའི་ཚོགས་དཔག་ཏུ་མེད་པ་ཡོད། དེ་རྣམས་འཁོར་ལྕེ་སྤྱང་གི་གཟུགས་ཅན་མང་དུ་ཡོད་པ་རྣམས་ཀྱིས་བསད་པ་ཡིན། ངེད་རྣམས་སློབ་དཔོན་མདྨ་ལས་ཆོས་མང་པོ་ཞུས་ནས་དམ་ལ་གནས་པ་ཡིན། དེང་ཕྱིན་ཆད་ཁྱེད་ཀྱི་དམ་ལ་གནས་ཤིང་ཅི་གསུངས་བསྒྲུབ། མ་འོངས་པར་ཁྱེད་ཀྱི་ཆོས་བརྒྱུད་རྣམས་ལ་སྡོང་གྲོགས་བྱེད་པར་བྱའོ་ཞེས་ཁས་བླངས་ནས་བཞུད་དོ། ཡང་རྫ་ཕུག་ཏུ་བཞུགས་པའི་ཚེ་ཡུལ་དེའི་ལྷ་འདྲེ་རྣམས་འཁྲུག་པ་གཟིགས་ནས་བྱམ་པ་དང་སྙིང་རྗེ་ཆེན་པོས་སྐད་ཅིག་ལ་འཁྲུགས་པ་བཟླུམས། དེ་ཡི་དྲིན་ལན་གྱི་ཚུལ་དུ་ལྷ་འདྲེ་རྣམས་ཀྱིས་འཚོ་བ་དང་། སྡོང་གྲོགས་ཡུན་རིང་དུ་བསྒྲུབས། བྲག་དམར་རྫོང་ཆེན་དུ་བཞུགས་ཚེ་ནམ་མཁར་རྨ་བྱའི་གདུགས་ཀྱི་ལི་ལི་འཁོར་བའི་འོག་ཏུ་དྭགས་་པོ་རིན་པོ་ཆེ་བཞུགས་པ་གཟིགས། རབ་གནས་ཚེ་སློབ་མ་མང་པོས་བླ་མའི་སྐུ་སངས་རྒྱས་ཤཱཀྱ་ཐུབ་པར་མངོན་སུམ་དུ་མཇལ། ཚོགས་འཁོར་སྐབས་སྟོན་པ་རིན་ཆེན་གྱི་བླ་མ་རིག་འཛིན་རྡོ་རྗེ་འཆང་དུ་མཐོང་། ཡང་གཟིམ་མལ་དུ་བཞུགས་ཚེ་ཤེས་རྒྱལ་གྱིས་འཁོར་ལོ་བདེ་མཆོག་ཏུ་མཐོང་། གཞན་གྱི་སེམས་རྒྱུད་འདས་མ་འོངས་ད་ལྟ་དུས་གསུམ་ཐམས་ཅད་མཁྱེན་ཅིང་ལུང་བསྟན་པ་སོགས་ཀྱི་ངོ་མཚར་བའི་མཛད་པ་ནི་བརྗོད་ཀྱིས་མི་ལངས། གྲུབ་པ་གཉིས་ཆར་ཐོབ་པའི་རྟགས་སུ་ཇག་པའི་འབུལ་རྟ་དེ་བླ་མས་ཕྱག་རྒྱ་བསྟན་ཙམ་གྱིས་ཇག་པ་རྣམས་རིངས་ཤིང་རྒྱས། ཡང་སྐྱོ་དུ་སྐམ་བྲག་ཏུ་བཞུགས་སྐབས་ཆུ་མེད་པ་ལ་བདེན་པབརྗོད་ཅིང་ཕྱག་འཁར་བཙུགས་པས་ཆུ་རྡོལ། གཞན་ཡང་ནམ་མཁའ་ལ་འཕུར་ཅིང་རི་བྲག་ལ་ཐོགས་མེད་དུ་འབྱོན་པ་ཆུ་ལ་མི་བྱིངས་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཡས་སོ། རྗེ་སྒམ་པོ་པར་རབ་སྒྲུབ་པའི་ཞབས་ཏོག་ཏུ་དམིགས་ཏེ་རྫ་རིན་སྤུངས་པར་ལོ་བཞི། མདོ་ཡི་བྲག་དམར་རྫོང་ཆེན་ལ་ལོ་བདུན། འཕེན་ལ་ལོ་གསུམ་དེ་དག་གི་ཚེ་མི་མ་ཡིན་གྱི་ཞབས་ཏོག་བགྱིས་ཤིང་།གཙོ་བོར་རླུང་རིག་པའི་དཀའ་ཐུབ་འབའ་ཞིག་ལ་བརྟེན་ནས་རྣམ་གཡེང་གི་རྐྱེན་གྱིས་སྐུ་གསུང་ཐུགས་སྙོམས་ལས་སུ་མ་ཤོར་བར་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་ཐབས་གྲོལ་གྱིས་ལམ་མཆོག་མངོན་དུ་གྱུར་ཏེ་གྲུབ་པ་ཆེན་པོའི་ས་བརྙེས་ནས་རྟོགས་པའི་མཐར་ཐུག། ཏིང་ངེ་འཛིན་གྱིས་དངོས་སུ་འཚོ་བ་བྱུང་། དེའི་དུས་སུ་བཀའ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་སོགས་མགུར་ཆེན་ཉི་ཤུ་རྩ་དགུའི་སྐོར་རྣམས་གསུངས། ཏིང་ངེ་འཛིན་གྱིས་ལྷ་འདྲེ་ཐམས་ཅད་ཆོས་ལ་བཀོད། དེ་ནས་ཁམས་སུ་བྱོན། དཔོན་ཆེན་ཡེ་ཤེས་གསལ་གྱིས་ཞབས་ཏོག་མཛད། སྐྱོ་དུ་བྲག་དཀར་ལ་ལོ་གསུམ་བཞུགས་ཤིང་སྟག་སྒོམ་ལ་སོགས་པའི་དགེ་བཤེས་མང་དུ་འདུས། གདུལ་བྱ་དཔག་ཏུ་མེད་པ་བསྐྱང་། སྤྱིར་ཁམས་སུ་ལན་གསུམ་བྱོན་ཞིང་ཀོ་མཚོ་དང་ལོ་སྡེའི་དགོན་པ་བཏབ། དེ་ནས་ཆེ་བར་ལྷ་ཁང་དུ་ཕྱག་ཕེབས། ཡོན་བདག་དར་ཁྲ་བས་བུ་དང་རྟ་ལ་སོགས་པ་ཕུལ། དེ་ནུབ་བུ་ཆུང་གཟིམ་ཆུང་རྩར་བཞུགས་ཤིང་། ཕྱག་སྤྱི་བོར་བཞག་ནས་ཨོ་ཨཱ་ཧཱོུཾ་གི་ཁྱོད་ལ་དབང་བསྐུར་བ་ཡིན། གྲུབ་ཐོབ་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་གསུངས་ཏེ། ཕྱིས་ཏི་ཤྲྀ་རས་པ་ཡིན། རིན་པོ་ཆེ་སྟག་ལུང་ས་མཚམས་ཀླུང་དུ་བྱོན་པས་མཇལ། ཆོས་ཀྱི་བཀའ་མཆིད་ཀྱང་མང་དུ་མཛད། དེ་ནས་ས་ཕོ་རྟ་ལ་ཆོས་རྗེ་འབྲི་ཁུང་པ་སྐུ་འཁོར་ཁྲི་ཚོ་གསུམ་ནམ་རར་བྱོན་པའི་ལམ་དུ་མཇལ། སེམས་བསྐྱེད་དང་ཕྱག་ཆེན་པོའི་གདམས་པ། འགའ་ཞིག་གསན་རེས་གནང་། དཔོན་པོ་ཤེས་རབ་བྱང་ཆུབ་སོགས་འབུལ་བར་ཕུལ་ནས་བསྙེན་བསྐུར་ཕུན་སུམ་ཚོགས་པ་མཛད། དེ་ནས་སླར་འབམ་རོམ་དུ་ཕེབས་ཏེ་བྲག་དམར་ལོགས་ལ་སྤྲུལ་པའི་གཙུགས་ལག་ཁང་དང་དགོན་པ་བཏབ། སྐུ་གསུང་ཐུགས་རྟེན་རྒྱུ་དང་བཟོ་དབྱིབས་ཀྱི་བཀོད་པ་ཕུལ་དུ་ཕྱིན་པ་མང་དུ་བཞེངས། མཛད་ཆོས་ཀྱང་བདེ་མཆོག་དང་ཕག་མོའི་སྒྲུབ་སྐོར།   ཆོས་དྲུག་གི་ཁྲིད་རྒྱས་པ། གནད་ཆོས་བཅུ་གསུམ། བསྟོད་ཚོགས་དང་། ཞལ་གདམས་མགུར་ཆེན་སོགས་མང་དུ་མཛད། འདུས་པའི་འཁོར་ཡང་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་སྤྱད་པས་ཚོགས་ཀྱི་ཞིང་མཆོག་རྨད་དུ་བྱུང་ལ། ནང་དུ་རིམ་གཉིས་ཀྱི་དོན་ལ་གཞོལ་བས་ཉམས་རྟོགས་ཀྱི་རྩལ་རྫོགས་པ། རྩ་རླུང་ལ་དབང་ཐོབ་པས་གཏུམ་མོའི་དྲོད་ཀྱིས་གངས་སུལ་དུ་སེང་གེ་ལྟར་འཕྱོ་ཞིང་དངོས་སྣང་གི་ཞེན་པ་དྲུང་འབྱིན་ནུས་པ། ཕྱག་ཆེན་གྱི་རང་ཞལ་མངོན་སུམ་དུ་གྱུར་པས་འཁྲུལ་རྟོག་ཆོས་ཉིད་དུ་ཤར་བམཉམ་རྗེས་འདྲེས་པས་རྩོལ་མེད་ལྷུན་གྲུབ་ཀྱི་དགོངས་པ་ལས་གཡོ་བ་མི་མངའ་བར་གཞན་ཕན་གྱི་འཕྲིན་ལས་ཤུགས་འབྱུང་དུ་སྤྲོད་བའི་མི་ཡི་སེང་གེ་བགྲང་གིས་མི་ལང་བ་བྱོན་པ་ཡིན་ནོ། དེ་ལྟར་འབའ་རོམ་རང་དུ་སྒྲུབ་པམཛད་པ་དང་ཚོགས་པ་བསྐྱང་བ་ཟུང་འབྲེལ་ལ་ལོ་བཅུ་གཅིག་བཞུགས། སློབ་མའི་ཚོགས་མང་དུ་འདུས་པ་ལ་བརྒྱུད་པའི་བཀའ་སྲོལ་ཐུན་མོང་གྲོལ་མལ་ཐུན་མིན་ཐབས་ལམ་སོགས་གདུལ་བྱའི་སྐལ་བ་དང་བསྟུན་ནས་གསང་ཆེན་གྱི་མན་ངག་སྙན་བརྒྱུད་དམར་ཁྲིད་ཁོ་ན་མཛད། ཁྱད་པར་སྲིབ་ལམ་བསྲེ་འཕོའི་གདམས་པ་དང་རིག་པ་རྐྱང་འདེད་ཀྱི་ལམ་གྱིས་མཐར་འབྲས་བུ་བྱང་ཆུབ་ཆེན་པོར་བཟློ་བར་མཛད་པ་ནི་རྗེ་བླ་མ་འབའ་རོམ་པ་ཉིད་ཀྱི་ཁྱད་ཆོས་བླ་ན་མེད་པ་སྟེ། དེ་ལྟ་བུའི་ཐབས་མཁས་ཀྱི་གྲུ་གཟིངས་དམ་པར་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་མཛད་དེ་ཐུགས་རྗེ་ཚད་མེད་པའི་མཉན་པས་ཐབས་གྲོལ་གྱི་སྐྱ་བ་བརྩོན་པའི་ཕྱག་གིས་བསྐུལ་ཏེ་སྲིད་པའི་མཚོ་ཆེན་ལས་བསྒྲ་ནས་ཐར་མཆོག་སྐུ་བཞིའི་དགའ་བའི་ཚལ་ཡངས་པོར་བསྐྱིལ་བས་དོན་གཉིས་ལྷུན་གྲུབ་ཀྱི་དཔལ་རོལ་བའི་དགའ་སྟོན་ཆེས་ཆེར་སྟེར་ཅིང་འགྲོ་བ་ཡོངས་ཀྱི་མགོན་དང་དཔུང་གཉེན་དུ་བཞུགས།བླ་མ་རིན་པོ་ཆེ་ཁོང་སྲིད་པའི་ཆུ་བཞི་ལས་བསྒལ་ཟིན་པས་སྐྱེ་འཆིའི་མཚན་མ་ལས་གྲོལ་ཡང་གདུལ་བྱ་རྣམས་ཆོས་ལ་བསྐུལ་བ་དང་སྐུ་དངོས་ཀྱི་མཛད་རྗེས་གྲུབ་ནས་ཞིང་གཞན་དུ་འགྲོ་དོན་གྱི་དུས་ལ་བབས་པར་མཁྱེན་ནས་སངས་རྒྱས་ཀྱི་མཛད་སྒོ་དང་མཐུན་པར་ཐུགས་གཞན་དུ་གཏད་པའི་རྣམ་པས་སྐུ་ཅུང་ཟད་བསྙུང་བའི་ཚུལ་བསྟན། ཞལ་ནས་ཁོ་བོ་ནི་གཞན་དོན་དུ་འགྲོ་བས་ཆོས་ཕྲུག་གསར་པ་རྣམས་ང་ཡིགམ་འཇོག རྙིང་པའི་གྲྭ་སློབ་དང་ཡོན་བདག་རྣམས་ཤོག   ད་དུང་སྨོན་ལམ་དང་རྒྱས་འདེབས་གྱིས་གསུངས་ནས་བསྔོ་སྨོན་དང་ཞལ་ཏ་རིམ་བཞིན་གནང་བའི་མཐར། དགུང་གྲངས་བདུན་ཅུ་རྩ་གསུམ་ལ་ཕེབས་པ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་གཉིས་ལ་ངོ་མཚར་བའི་ལྟས་ནམ་མཁར་འོད་དམར་པོས་ཁྱབ་པ་དང་། མེ་ཏོག་གི་ཆར་འབེབས་པ། རོལ་མོའི་སྒྲ་གྲགས་པ། ཌཱ་མ་རུ་དང་ཅང་ཏེའུ་འཁྲོལ་བ་ས་གཡོ་བ་དང་། འུར་ཆེན་པོ་དང་། འོད་ཁ་དོག་སྣ་ཚོགས་པ་དང་། འཇའ་ཚོན་བཀྲ་བ་སོགས་ཆོ་འཕྲུལ་དཔག་མེད་དང་བཅས་ཏེ་གཟུགས་སྐུ་དབྱིངས་སུ་བསྡུ་བའི་བཀོད་པ་བསྟན་ཏོ། དེ་ནས་སྐུ་གདུང་ཡི་དམ་དུ་མའི་དཀྱིལ་འཁོར་དང་བཅས་ཞུགས་སུ་ཕུལ་བའི་ཚེ་ནམ་མཁའི་གདུང་དུད་རྣམས་འཇའ་འོད་ཁ་དོག་སྣ་ལྔ་ལས་གྲུབ་པའི་དབྱིབས། ལྗོན་ཤིང་པདྨ་རྒྱལ་མཚན་བ་དན་ལྟ་བུས་ཡོངས་སུ་ཁེབས་པར་གྱུར་པ་སོགས་གདུལ་བྱའི་ཡིད་དབང་འཕྲོགས་པའི་ངོ་མཚར་སྒྱུ་མའི་བཀོད་པ་འབྱམས་སུ་ཀླས་ཀྱང་འདིར་ཕྱོགས་ཙམ་ལས་མ་སྤྲོས་སོ། དད་པའི་རྟེན་དུ་རིང་བསྲེལ་ཁ་དོག་ལྔ་ལྡན་དང་བཀྲ་ཤིས་པའི་རྟགས་བརྒྱད། རྗེ་མཙུན་མའི་སྐུ་རྣམས་གསལ་པོར་བྱོན་པ་ཡིན་ནོ། རྗེ་བླ་མ་རིན་པོ་ཆེའི་འདི་ཉིད་ལ་སློབ་མའི་རྣམས་གྲངས་བྱུང་ཚུལ་ནི། ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། རྒྱུད་འཛིན་གྱི་སློབ་མ་ལྔ་སྟེ་གཙོ་བོར་མི་ཡི་སློབ་མ་བཅུ་གསུམ་ལས། དང་པོ་བཞི་ནི་བཙེ་རོ་དབང་ཕྱུག་སེང་གེ། བྲན་ཀ་ཇོ་བཙུན་ནམ་མཁའ། བླ་མ་ཆེན་པོ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་དང་བཞི། གཉིས་པ་ཉེ་སྲས་བཞི་ནི། བྲན་ཀ་ལྷ་སྟོན། སྟོན་པ་གཞོན་བླ་གྲགས། ཁྱིམ་མྱེས་ཨརྱ་དེ་ཝ། ལྷ་རྗེ་བློ་མཆོག་དང་བཞི། གསུམ་པ་རྒྱུད་འཛིན་ལྔ་ནི། བློ་འབྲི་གུང་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ་བ། བླ་མ་སེང་གེ་རྒྱལ་མཚན། དབོན་པོ་ཤེས་རབ་བྱང་ཆུབ་དང་ལྔ། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་འགྲན་པའི་ཟླ་མ་མཆིས་པ་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ནི་ཏྀ་ཤྲྀ་ཤེས་རབ་སེང་གེའོ། གཞན་ཡང་མི་དང་མི་མ་ཡིན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་འགྲོ་བ་ལྷ་དང་བཅས་པའི་གཙུག་ནོར་དམ་པ་བཞུགས་པས་བརྒྱུད་འཛིན་གྱི་སློབ་མས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་ནས་གཞན་ཕན་ཕྲིན་ལས་ཀྱི་ཉི་གཞོན་ཕྱོགས་མེད་དུ་འབར་བ་ལ་བརྟེན་ནས་དཔལ་ལྡན་འབམ་རོམ་བཀའ་བརྒྱུད་ཅེས་འཛིན་མའི་ཁྱོན་འདིར་གྲགས་པའི་བ་དན་གཡོ་བ་འདི་ཉིད་དོ། དེ་ལྟར་རྗེ་བླ་མ་མཆོག་གིས་གདན་ས་འབམ་རོམ་བཤད་སྒྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་གཅུང་ཇོ་བཙུན་ནམ་མཁའ་རྒྱལ་མཚན་བཞུགས པའི་བླ་མའི་ནང་རྟེན་ལ་གདུང་རྟེན་ཆེན་མོ། སྐུ་ལྡེར་གསུང་འབྱོན་མ། མཆོད་ཁང་རྙིང་མ་རྣམས་བཞེངས། གདན་ས་ལོ་བཅུ་མཛད་ནས་ས་ཕོ་འབྲུག་ལ་སྐུ་གཤེགས་སོ། དེ་ནས་དབང་ཕྱུག་རྒྱལ་མཚན། ཤེས་རབ་དབང་ཕྱུགདབང་ཕྱུག་རྒྱལ་པོ། གཞོན་ནུ་ཤེས་རབ་སོགས་དཔོན་རྒྱུད་རྣམས་ཀྱིས་གདན་ས་རིམ་པར་འཛིན་པ་ཡིན་ལ། འདིའི་བརྒྱུད་འཛིན་ཐམས་ཅད་ཀྱི་ནང་ནས་ཉི་མའི་དཀྱིལ་འཁོར་བ་ལྟར་གསལ་བ་ནི་འགྲོ་མགོན་ཏི་ཤྲྀ་རས་པ་སྟེ། འདིས་བླ་མའི་གདན་ས་ལོ་མང་མཛད་ཅིང་རྟེན་བཞེངས་ཀྱི་བྱེད་སྒོ་ཆེ། ཆོས་ཀྱི་བརྒྱུད་པ་འགའ་ཡི་ཡུལ་ནས་མདོ་ཁམས་ཀྱི་ཕྱོགས་སུ་སྤེལ་བས་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་བས་སློབ་བརྒྱུད་མང་དུ་བྱུང་བའི་བཀའ་སྲོལ་ཉམས་པ་མེད་པར་དེང་དུའང་གནས་སོ། གུས་པས་བགྱིས་སོ་འདིར་འབད་དགེ་བའི་མཐུས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་འཛིན་སྐྱོངས་སྤེལ་བའི་དམ་པ་རྣམས། །སྐུ་ཚེ་མི་ཤིག་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཞེད་དོན་ལྷུན་འགྲུབ་མཁའ་ཁྱབ་སེམས་ཅན་རྣམས། ཆོས་བཞིན་བདེ་ནས་བདེ་བར་གྲོལ་གྱུར་ཅིག། །བདག་ཅག་དེང་ནས་བྱས་ཆུབ་མཆིས་ཀྱི་བར། །རང་དོན་ཆོས་སྐུ་མངོན་གྱུར་གཞན་དོན་གྱིས། །འཁོར་བདོངས་སྤྲུག་ཕྲིན་ལས་མཁའ་ཁྱབ་པ། དཔལ་ལྡན་འབམ་རོམ་པ་ལྟར་འགྲུབ་གྱུར་ཅིག།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060