སྣང་སྟོང་དབྱེར་མེད་རྡོ་རྗེའི་རང་བཞིན་སྐུ། །གྲགས་སྟོང་དབྱེར་མེད་ཡན་ལག་དྲུག་ཅུའི་གསུང་། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་མོའི་ཐུགས། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ལ་འདུད། །མཁྱེན་པའི་ཡེ་ཤེས་ལྷ་མོ་ཡངས་པ་ལ། །བརྩེ་བའི་ཐུགས་རྗེའི་དཀྱིལ་འཁོར་རབ་ཏུ་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་ཞིང་ལ་འཕྲོས། །ཁྱབ་བདག་ཀརྨ་པ་ལ་གུས་འདུད་ནས། །སངས་རྒྱས་གཉིས་པ་པད་མ་འབྱུང་གནས་ཀྱི། །སྒྲུབ་ཐབས་གསང་འདུས་བླ་མ་ལེ་བརྒྱད་ལས། །ལས་མཐའི་གར་འཆམ་ཚེས་བཅུ་ཆེན་མོ་ཞེས། །ཡོངས་གྲགས་གཏམ་གྱི་རོལ་མོ་འདི་ནས་སྤྲོ། །དེ་ཡང་ས་བཅད་ཀྱི་དབང་དུ་གཉིས་ལས། སྤྱི་དང་བྱེ་བྲག་ཏུ་བཤད་པར་བྱ་སྟེ། དང་པོ།སྤྱི་ལ་གར་འཆམ་གྱི་གཞུང་དང་འབྲེལ་བའི་ལོ་རྒྱུས་དང་།བྱེ་བྲག་སྒར་ཆེན་ཚེས་བཅུ་ཆེན་མོའི་སྒྲུབ་མཆོད་གར་འཆམ་དང་འབྲེལ་བའི་སྐོར་ལས་ས་བཅད་དང་པོ་གར་འཆམ་གྱི་གཞུང་དང་འབྲེལ་པའི་ལོ་རྒྱུས། དང་པོ་སྤྱིར་གར་འཆམ་ཞེས་པ་ནི་ལག་པའི་ཕྱག་རྒྱ་གཙོ་བོར་བྱས་པ་དང་ཞི་བའི་ཉམས་བཅུ་དྲུག་གི་སྒོ་ནས་ལྷ་ལ་མཆོད་པ་འབུལ་བ་ནི་གར་དང་ལུས་ཀྱི་ཉམས་འགྱུར་དང་རྐང་བའི་སྟབས་སྟབས་གཙོ་བོར་བྱས་ཤིང་། གདོན་བགེགས་འདུལ་བའི་རྣམ་འགྱུར་བཅུ་གཉིས་མཚོན་པར་བྱས་པ་འཆམ་ཞེས་བརྗོད་པ་ཡིན།འདི་ཉིད་མདོ་སྔགས་གཉིས་ལས་གསང་སྔགས་རྒྱུད་སྡེའི་དགོངས་པ་ཡིན་ཏེ། འཇམ་དཔལ་མཚན་བརྗོད་ལས། ལག་པ་བརྒྱད་པོ་ཀུན་བསྐྱོད་ཅུང་། །གོམ་པའི་སྟབས་ཀྱི་གར་བྱེད་པ། དཔལ་ལྡན་ལག་པ་བརྒྱད་པ་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ།།སོགས་དང་།དེ་བཞིན་མགོན་པོའི་ཆོས་སྐོར་སོགས་ལས་མང་དུ་གསུང་ཤིང་བསྟན་པ་སྔ་དར་གྱི་སྐབས་སུ་རྣལ་འབྱོར་པ་རྣམས་ཀྱིས་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་མཛད་པ་ལས་གཞན་དུ་མི་མངོན་པར་མཛད།བསྟན་པ་ཕྱི་དར་གྱི་དུས་སུ་གསང་སྔགས་སྔ་འགྱུར་ལུགས་ཀྱི་རྡོ་རྗེས་སུ་རིམ་བཞིན་ས་སྐྱའི་གུར་མགོན་མདོས་འཆམ་དང་། སློབ་དཔོན་པད་མའི་ཚེས་བཅུའི་གར་འཆམ་སོགས་གངས་ཅན་རིས་མེད་གྲུབ་མཐའ་ཁག་གི་དགོན་སྡེའི་ནང་དར་ཁྱབ་བྱུང་ཡོད།གཉིས་པ། འཆམ་གྱི་རྒྱུ་མཚན་བཤད་པར། སྤྱིར་ན་རྐང་པ་རྡོ་རྗེའི་བགྲོས་ཀྱི་ས་ག་དང་། ཟླུམ་པོ་རྡོ་རྗེ་རྩེ་གཅིག་པ་དང་།རྡོ་རྗེ་རྩེ་གསུམ།རྩེ་ལྔ་པ།སྣ་ཚོགས་རྡོ་རྗེ་ལ་སོགས་བསྒྲུབ་བྱའི་དཀྱིལ་འཁོར་གང་དང་གང་གི་ས་གཞི་དེས་མཚོན།མ་དག་སྣོད་ཀྱི་སྐྱོན་ཐམས་ཅད་སྦྱངས་ཏེ་དག་པའི་ཞིང་ཁམས་རབ་འབྱམས་སུ་བསྒྱུར་བར་བྱ་བའི་ཆེད་དང་།ཡང་སྒོམ་འཆམ་ར་དེ་ཡང་ཐ་མལ་བའི་སྣང་ཞེན་དང་བྲལ་ཏེ་རྟེན་གཞལ་ཡས་ཁང་དང་།བརྟེན་པ་ལྷ་དང་ལྷ་མོའི་རྣམ་པའམ་བསིལ་བ་ཚལ་སོགས་སུ་དུར་ཁྲོད་ཆེན་པོའི་ས་གཞིར་བྱིན་གྱིས་བརླབས་ཏེ་སྒོམ་དགོས་པ་ནི་སྐབས་བསྟུན་ལས་སྦྱོར་དང་འབྲེལ་བའི་དབང་དུ་བྱས་ཤིང་།གཞན་དུ་ལས་བཞི་སོ་སོའི་ཁྱད་ཆོས་རེ་ཡོད་པར་ངེས་པ་ཙམ་དུ་མ་ཟད།ཐུན་མོང་པ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས་ཏེ་དལ་བའི་འབྲས་བུ་དོན་ལྡན་དུ་འགྱུར་བར་བྱ་བའི་ཆེད་དང་།ཐུན་མོང་མ་ཡིན་པ་ལྟར་ན་སེམས་ཀྱི་གཞོན་བྱར་གྱུར་པའི་རྩ་རླུང་སྦྱངས་ཏེ་ལས་རླུང་ངྷཱུ་ཏཱིར་བཞུགས་ནས་འབྲས་དུས་སུ་དཔེས་བརྒྱན་པའི་གཟུགས་སྐུ་འགྲུབ་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་ཡོད་པར་གསུངས་སོ།།
གསུམ་པ། འཆམ་པ་རྣམས་ཀྱི་མཚན་ཉིད་ནི། ། ལུས་སྟོབས་རྒྱས་ལ་དབང་པོ་སྐྱོན་ཅན་མ་ཡིན་པ། ལམ་ཐུན་མོང་བའོ་རྒྱུད་སྦྱང་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། དམ་སྡོམ་ཚུལ་བཞིན་བསྲུང་རྒྱུ་སྨོས་མེད་ཐོག རབ་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་དང་། ཐ་མའང་ལས་རུང་གི་བསྙེན་པ་སྔོན་དུ་འགྲོ་དགོས་པ་དང་།གར་འཆམ་དངོས་གཞིའི་སྐབས་སུའང་ལྷ་གང་གི་ཆས་སྤྲས་པ་དེ་དང་དེའི་ང་རྒྱལ་བཟུང་སྟེ།ངག་རྩ་སྔགས་དང་མི་བྲལ་བ་དང་ཡིད་ལྷའི་གསལ་སྣང་དང་མི་བྲལ་བ། ལུས་ཀྱི་ཉམས་འགྱུར་ཐམས་ཅད་སྒེག་པ་དང་དཔའ་བ་མི་སྡུག་པ་བཅས་ཀྱི་སྐུའི་ཉམས་སུ་རྫོགས་པ།མདོར་ན་འཁྱེར་གསོ་གསུམ་གྱི་བླ་མའི་རྣལ་འབྱོར་དང་མི་བྲལ་ཞིག་དགོས།བཞི་པ།ཆམ་གོས་སྐོར་བ།སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསྒྲལ་སྐབས་ཀྱི་ཆས་སུ་བཞུགས་ན་རྟེན་འབྲེལ་གྱི་ཁྱད་པར་ཡོད་ཚུལ་དམ་པའི་གསུང་ལས་བྱུང་བ་དེ་དུས་ཕོད་ཀ་ཞེས་པ་འདི་ཡིན། དེའི་ཕུ་ཐུང་གཉིས་སུ་མདའ་གཞུ་བཅུག་ཡོད་པ་དང་། ཡང་ཞྭ་ནག་ཅེས་ན་ནི་ཀུན་མཁྱེན་ལྔ་པ་ཆེན་པོས། མིག་དམན་མདངས་འཛིན་བདུད་ཕོད་ལྷབ་ལྷུབ་གཡོ། །ལྷ་ཕུར་ཐོགས་ཤིང་སྲིད་པའི་སྤྱི་ཞྭ་གྱོན།།ཞེས་གསུངས་པ་ལྟར་ཞྭ་ནག་གི་མིང་ལ་སྔོན་དུས་སུ་སྲིད་པའི་སྤྱི་ཞྭ་ཞེས་འབོད་པར་གྲགས།
ལྔ་པ།ཀུན་སྤྱོད་དང་རྔ་རོལ་སོགས་ཀྱི་སྐོར་ལ།འཆམ་གོས་གྱོན་སྐབས་གཡས་ནང་བླང་སྟེ་གར་སྟབས་པད་སྐོར་གྱིས་གྱོན་དགོས་པ་ལས་རྒྱུན་སྤྱོད་ཀྱི་གོས་གྱོན་ལྟ་བུར་མི་རུང་གསུངས་པ་དང་།དེ་བཞིན་འཆམ་རར་བསྐྱོད་སྐབས་ཐ་མལ་པའི་གོམ་སྟབས་མ་ཡིན་པར་རྡོ་རྗེའི་བགྲོད་ཀྱིས་ལིང་ལིང་དུ་ཕེབས་དགོས་པ།རྔ་བརྡུང་སྐབས་མཚུར་ཕུ་འཇམ་དབྱངས་ཆེན་པོས། རྔ་ཟུར་གཡས་ཀྱི་དཔུང་པར་གཏད། །རྔ་ཡི་འཁོར་གཡོག་གཉིས་པོ་ཡང་། །མ་བསྡོམ་ཙམ་དུ་གཟུང་བར་བྱ། །མཚམས་ཀྱི་ལྷ་མོའི་གནས་མི་དཀྲུག རྩ་གསུམ་གནས་སུ་བགྲོད་མི་བྱ། །སེང་ཆེན་རྣ་འགྲམ་བཅག་མི་བྱ། །རྒྱ་མཚོའི་ཀློང་ནས་དཀྲུག་མི་བྱ། །གྱེན་དུ་དཔག་ཚད་བདུན་འཕགས་ན། །དེ་ནས་སྐད་ཀྱི་མཛོད་ཡོད་པས། །མདའ་འཕན་ལྟ་བུའི་སྐྱོན་སྤངས་ཏེ། །བཅུ་དང་འཁོར་བ་ཙམ་གྱིས་བསྒྲོད་པ་སྤངས།།ཞེས་གསུངས་པ་ལྟར་རྔའི་དཀྱིལ་འཁོར་གསུམ་གཉིས་ཕུད་པས་གསུམ་གཅིག་གི་མཚམས་སུ་རྔ་གཡོག་བསྟུན་དགོས་པ་དང་། དེའི་ཕན་ཡོན་ནི། གསེར་མདོ་ལས། རྔ་ཆེའི་སྒྲ་སྐད་འདི་ཡིས་ནི། འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་འགྱུར་ཅིག་ཅེས་དང་། ཧེ་རུ་ཀ་མངོན་འབྱུང་དང་མེ་ལྕེ་འབར་མའི་རྒྱུད་སོགས་ལས་རྔ་བརྡུང་ཚུལ་དང་ཕན་ཡོན་སོགས་དུ་མ་གསུངས། རོལ་མོ་དཀྲོལ་ལུགས་ཀྱང་སྟག་མོའི་ཁ་དང་རྒོད་པོའི་གཤོག ཡང་ན་གླང་པོའི་རྣ་ལྟར་བརྡུང་། ཞེས་པ་གསུངས་པ་ལྟར་དགོན་པ་དང་གྲྭ་ཚང་སོ་སོའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཇི་བཞིན་གར་འཆམ་དང་ཕན་ཚུན་གཞོགས་འདེགས་ཀྱིས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ཞིག་དགོས་སོ།།
ས་བཅད་གཉིས་པ་བྱེ་བྲག་ཏུ་སྒར་ཚེས་བཅུ་ཆེན་མོའི་སྒྲུབ་མཆོད་གར་འཆམ་དང་འབྲེལ་བའི་སྐོར་བཤད་པ་ལ། དེ་ཡང་དང་པོ་དོན་དམ་དུ་རྒྱལ་བ་རྡོ་རྗེ་འཆང་གི་སྣང་ངོར་སངས་རྒྱས་ཟིན་ཀྱང་། ཀུན་རྫོབ་ཏུ་སྙིགས་དུས་འགྲོ་བ་རྣམས་ཀྱི་དོན་དུ་སྤྲུལ་སྐུའི་རྣམ་པར་རོལ་བ་བསྐལ་བཟང་སངས་རྒྱས་དྲུག་པའི་རྣམ་འཕྲུལ་དཔལ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པའི་གདན་ས་གོང་འོག་བར་གསུམ་ལས་འོག་མིན་ཐུགས་ཀྱི་གདན་ས་དཔལ་གྱི་སྟོད་ལུང་མཚུར་ཕུ་ཞེས་མཚན་གྱི་རྔ་བོ་ཆེ་སྲིད་པ་གསུམ་གྱི་ཁྱོན་འདིར་གྲགས་པའི་གནས་འདིར།ཨོ་རྒྱན་གྱི་ཡུལ་དུ་ལྷ་ལྕམ་མཎྜ་ར་བ་དང་ཡབ་ཡུམ་གཉིས་ལྷན་ཅིག་ཏུ་ཞག་བདུན་མེ་ལ་བསྲེགས་པས་མ་འཚིག་པའི་དུས་ཆེན་སྟེ་ས་ཟླའི་ཚེས་བཅུའི་ཉིན་མཚུར་ཕུའི་དབྱར་འཆམ་ཞེས་གསང་འདུས་བླ་མ་ལེའུ་བརྒྱད་པའི་སྒྲུབ་ཐབས་ཀྱི་སྒོ་ནས་ལས་མཐའི་རྡོ་རྗེའི་གར་འཆམ་ཞིག་མཛད་སྲོལ་ཡོད། སྐྱབས་མགོན་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་ཐེག་པ་མཆོག་གི་རྡོ་རྗེ་ཉིད་ཟངས་མདོག་དཔལ་གྱི་རི་བོར་ཨོ་རྒྱན་སྤྱན་སྔར་རིག་འཛིན་ཕོ་མོ་རྣམས་ཀྱིས་ཚེས་བཅུའི་གར་འཆམ་མཛད་པ་རྣམས་ལ་རྗེ་ཉིད་ཀྱིས་འཁྲབ་ཁྲིད་དངོས་སུ་མཛད་པའི་གར་གྱི་སྟངས་སྟབས་དང་ཉམས་འགྱུར་རྣམས་མགོན་པོ་གང་གིས་གཟིགས་སྣང་དང་དབྱེར་མེད་པ་ཞིག་བྱུང་སྟབས།སྐབས་དེར་ཚེས་བཅུ་ལོ་བརྒྱད་ཀྱི་ཆོ་གའི་གཞུང་དང་ལག་ཆོས་རྒྱལ་གྱིས་ཚོགས་དབུར་ཕེབས་ནས་སྦྱོར་དངོས་རྗེས་གཙང་གི་སྒྲུབ་པ་མཛད།སྐབས་དེར་བསྟན་པའི་སྦྱིན་བདག་སྤོ་བོ་ཀར་རྣམ་སྡེ་པ་དང་། ལ་དྭགས་རྒྱལ་པོ། སྡེ་དགེ་རྒྱལ་པོ་སོགས་ཀྱིས་རྗེ་ཉིད་ལ་སྐུལ་མ་ཞུས་པ་ལྟར། ཚེས་བཅུའི་སྒྲུབ་མཆོད་ཐོག་ལས་མཐའི་གར་འཆམ་འདི་དག་གསལ་འཛུགས་མཛད།ཡང་ལོ་རྒྱུས་འགའ་ཞིག་ལ་རྗེ་བཅུ་བཞི་པའི་དགོངས་བཞེད་ལྟར་ལྷ་སྲས་མི་རུབ་བཙན་པོའི་རྣམ་འཕྲུལ་གཏེར་ཆེན་མཆོག་འགྱུར་གླིང་ཁས་ཟངས་མདོག་དཔལ་རིམ་ཨོ་རྒྱན་གྱི་སྤྱན་སྔར་རིག་འཛིན་ཕོ་མོ་རྣམས་ཀྱི་ཚོགས་གྲལ་དུ་བྱོན་ནས་ཚེས་བཅུའི་གར་འཆམ་མཛད་པ་ཇི་ལྟར་རྡོ་རྗེའི་གར་འཆམ་པ་རྣམས་ལ་གཏེ་ཆེན་ཉིད་ཀྱིས་སློབ་ཁྲིད་མཛད་པར་གྲགས། གང་ལྟར་གར་འཆམ་འདི་ནི་རབ་བྱུང་བཅི་བཞིའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་༡༨༣༢ལོར་རྒྱལ་མཆོག་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་གསར་འཛུགས་མཛད་པ་ཞིག་ཡིན་ནོ།།
གཉིས་པ།ཧོར་ཟླ་བཞི་པའི་ཚེས་གསུམ་ནས་ཚད་མ་དང་གྲལ་འཛིན་བྱས་ཏེ་ཚེས་བཅུའི་སྒྲུབ་མཆོད་དངོས་གཞི་ཚུགས་པ་དང་།ཚེས་བདུན་བརྒྱད་ཀྱི་གཟའ་གང་བཟང་ལ་རིང་ཚད་སྤྱི་ཁྲེ་སུམ་ཅུ་ལྷག་ཙམ་ཡོད་པའི་སྒར་ཆེན་རྟེན་གཙོ་ཕྱི་འདོན་བཞིའི་ཡ་གྱལ་སྐུ་རླུང་བཀྲ་ཤིས་རིང་མོ་སྐུ་བཞེངས་ཞུ་དགོས།ནབཟའ་བ་དགན་གྱི་ཚོན་མདོག་རྣམས་སྐྱབས་མགོན་ཆེན་པོའི་སྐུ་ཁམས་དང་རྩིས་འབྲས་ལ་གཞིགས་ཏེ་གསོལ་བ་དང་།སྐུ་བཞེངས་ཞུ་སྐབས་དར་ཆེན་གྱི་ཕྱོགས་གསུམ་ནས་འཐེན་ཐག་ལག་ངར་གྱི་ཕྲ་སྤོམ་ཙམ་རེ་བཏགས་ཏེ།ཨོམ་རྒྱུག་དང་སྡིག་ར་རིང་ཐུང་ཤ་ཕོ་བཅས་གོ་སྒྲིགས་ཀྱིས་དར་ཆེན་གྱི་དབུ་དོག་མཐོ་ཚད་ཐོག་བརྩེགས་གཅིག་ཙམ་གྱི་བར་སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་བཞེངས་པ་དང་།དེ་མཚམས་ཕོ་བྲང་གི་རྩེ་ནས་རྒྱལ་དབང་མཆོག་གམ་རྒྱལ་ཚབ་གང་རུང་གིས་རབ་གནས་མཛད་དེ་སྙན་གནས་རྒྱ་གླིང་བཏབ་མ་ཐག་དར་པོ་ཆེ་དེ་རང་འགུལ་གྱིས་བཞེངས་པ་ལས་སྐྱེས་བུའི་རྩོལ་བར་དེ་ཙམ་བརྟེན་མི་དགོས་པ་བཅས་བྱིན་རླབས་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡོད།ཚེས་དགུའི་ཉིན་གར་འཆམ་དངོས་གཞིའི་སྟ་གོན་སྐྱ་འཆམ་ཞེས་པ་ན་བཟའ་ཟམ་བཞེས་ལས་འཆམ་གོས་བཞེས་མི་དགོས་པའི་གར་འཆམ་ལེ་ཚན་ཆ་ཚང་ཞིག་འཁྲབ་དགོས།
ཚེས་བཅུའི་ཉིན་ཞོགས་པ་ལས་རྡོར་པས་རོལ་ཁང་དུ་སྦྱོར་པ་མཆོད་རྟེན་གྱི་ཡོ་བྱད་རྣམས་བྱིན་ཆགས་པར་བཤམས་ཟིམ་རྗེས་རིམ་བཞིན་དབུ་མཚད་རྣམས་དང་རྒྱ་གླིང་པ། རྐང་གླིང་པ། དུང་དམར་པ། མཆོད་དཔོན། རྔ་པ་གཉིས་བཅས་ལྭ་ཁྲ་ཆོས་གོས་བཞེས་ཏེ་བཞུགས་གདན་དུ་འཁོད། འཆམ་ཁང་དུ་བརྡ་བྱུང་བ་དང་། དངུལ་གྱི་རྒྱ་གླིང་བཞི། སྤོས་སྣེ་གཅིག གསེར་དངུལ་བཀྲ་མའི་སྤོས་བརྒྱད་སྒྲིགས། དངུལ་གྱི་ཕུད་ཀོང་འཇོག་སྣོད་དངུལ་གཞོང་གཉིས།གསེར་དངུལ་བཀྲ་མའི་གསེར་སྐྱེམས་སྣོད་བྱ་མ་བུམ་གཉིས་བཅས་སྟེགས་མཁན་རྣམས་ལ་ཧོར་གོས་ཚོན་ཁྲ་དང་རྒྱ་སེང་སོགས་ཀྱི་ཕྲ་ཁེབས་དང་རྩེ་ཞྭ་གསོལ། དངུལ་གྱི་མཆོད་འབྲུའི་སྣོད་དང་དངུལ་གྱི་ཕུད་ཀོང་སྐེད་པར་དར་ཚོན་སྣ་ལྔས་བརྒྱན་པ་རྣམས་ཀྱི་སྣོད་དངུལ་གཞོང་འཁུར་མཁན་གཉིས་ལ་པཀྴིའི་བུམ་བསྟན་ཞེས་པ་སོགས་གོས་ཅན་གྱི་རྟེན་ཕེབས་ཕྲག་འཕེན་བྱས་ཏེ་རྟེན་འབྲེལ་ཞྭ་ཆུ་རེ་གྱོན་པ་བཅས་གྱི་མདུན་བསུས་ཏེ།དང་པོ་ཞྭ་ནག་གསེར་སྐྱེམས་ལ་འཆམ་དཔོན་དང་འཆམ་དམངས་ཐམས་ཅད་ཞྭ་ནག་དང་ཕོད་ཀ་ཟོར་པང་བཅས་བཞེས་ཏེ།བྷན་ཕུར་ཐོགས་པ་དགུ་བཅུའི་སྐོར་ཐོན་ནས་རྡོ་ར་འཁོར་བ་དང་མཆོད་འབྲི་འབུལ་ཁང་གཡས་གཡོན་གཉིས་སུ་གྱེས་ནས་མཆོད་འབྲི་འགྱེས།འཆམ་པ་རྣམས་ཀྱིས་ལག་གཡས་གསེར་སྐྱེམས་ཀྱི་ཕུད་ཕོར་དང་།གཡོན་བྷན་ཕུར་མཉམ་དུ་སྐུར་བསྟེན་ཏེ་འདོན་འཆམ་སྦྲགས་མས་གསེར་སྐྱེམས་ལན་གསུམ་མཆོང་མཐར་བཞི་ཚན་རེས་ལོག་འཆམ་སྐྱོན་ཏེ་རིམ་གྱིས་མཐའ་སྡུད།
གཉིས་པ།ས་འདུལ་ལ་སྤྱན་འདྲེན་རྒྱ་གླིང་སྤོས་སྣ་སོགས་གོང་བཞིན་ཁྲོ་ཞལ་བྷན་ཕུར་ཐོགས་པའི་གར་འཆམ་པ་རྣམས་ཟིང་རྒྱུགས་ཀྱིས་རྡོ་ར་འཁོར་བ་དང་། ས་གཞི་འདུལ་བ་དང་སྤྱར་བ། དེ་བཞིན་ཞིང་བཅུ་ཚང་པའི་བསྟན་དགྲར་ཡུང་ཟོར་འཕེན་པ་སོགས་གྲུབ་ནས་མཐར་ཏྲི་ཤུལ་ལ་བགྲོད་ཀྱིས་རིམ་པར་བསྡུའོ། །
གསུམ་པ་བྱིན་འབེབས།འདི་ནི་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཤིང་གནས་མཆོག་བྱིན་གྱིས་བརླབས་པ་དང་།སྒྲུབ་མཆོག་ལ་དབང་བསྐུར་བའི་རིམ་པ་སྟེ།བྱིན་འབེབས་མཁའ་འགྲོ་མ་བཅུ་དྲུག་རིགས་ལྔ་ཐོར་ཚུགས་དང་། སྟོད་ལྷེ། གོས་པང་བ་སོའི་རུས་རྒྱན་དང་གཟི་བྱུར་གྱི་དོ་ཤལ་སོགས་ཀྱིས་བརྒྱན། ཕྱག་གཡས་བ་སོའི་ཌཱ་མ་རུ་དང་གཡོན་ཧོར་ལིའི་དྲིལ་བུ་གསེར་གྱི་རྩེ་རྡོར་ཅན་བཅས་བསྣམས།ཐམས་ཅད་ཀྱིས་ཌཱ་དྲིལ་དཀྲོལ་བཞིན་དལ་བུས་ཟླ་ཚེས་ལྟར་འཁོར་འཕྲལ།རོལ་ཁང་གི་རིལ་དབྱངས་དང་བསྟུན་ནས་བྱིན་འབེབས་ཀྱི་སྟངས་སྟབས་དང་དམིགས་རིམ་རྣམས་གྲུམ་མཐའ་བཛྲ་གུ་རུའི་བརྫབས་དབྱངས་ཀྱིས་རིམ་པར་བསྡུས།
བཞི་པ།དུར་ཁྲོད་བདག་པོ།དུར་བདག་བཞི་བཙུན་ཆུང་གཉིས་གཡས་སྐོར་དང་གཉིས་གཡོན་སྐོར་བྱས་ཏེ་རྡོ་ར་འཁོར་བ་དང་ཕན་ཚུན་ཐལ་བྱུང་དུ་དཔུང་གཡས་སྤྲོད་གཡོན་སྤྲོད་སོགས་ཤིན་ཏུ་འཁྲུག་འི་གར་འཆམ་གྱིས་བསྡུས།ལྔ་པ།གཏུམ་རྔམ།རྡོ་རྗེ་སྲིན་པོའི་གཏུམ་རྔམ་ནི་ཁྲོ་མོ་རྣམས་ཕྱག་མཚན་རལ་གྲི་དང་བནྡྷ་བསྣམས་ཏེ་ལག་གཉིས་རྒོད་གཤོག་ལྟར་བརྐྱངས། རོ་སྟོད་སེང་གེ་ལྟར་འགྱིངས། ཐོར་ཚུགས་བར་སྣང་ལ་འཕྱོ། བྲང་གླིང་བཞི་ལྟར་བགྲད། ཞབས་ཀྱི་རུ་ཏྲ་གནོན་ཚུལ་ངང་ནས་གྲི་ངོམ། གཏོར་ངོམ། ཟིལ་གནོན་སོགས་གར་འཆམ་གྱིར་རིམ་པས་བསྡུས།
དྲུག་པ།ཚོགས་ལེན།འདི་རྡོ་རྗེའི་ཚོགས་ཞིང་བཅུའི་བསྟན་དགྲ་རྣམས་བསྟེམས་ཤིང་བསྒྲལ་སྟེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བའི་དོན།ཁྲོ་འབག་དམར་པོའི་འཆམ་པ་དགུ་བཅུའི་སྐོར་རྔམས་ཤིང་རིངས་སྟབས་འདུར་རྒྱུག་གིས་དོན། ཐམས་ཅད་ཀྱིས་ཕུར་པ་ཐལ་མོ་གཉིས་ཀྱི་དབར་སྒྲེལ་ལིང་འཆམས། ཚོགས་སྐེ་བསྒྲལ། བསྒྲལ་རོ་རྣམས་བནྣྷར་བླུགས་ཏེ་མཆོད་བརྒྱང་པད་འགྱིངས་གསུམ་གྱིས་འཆམ་ནས་རིམ་བཞིན་བསྡུས།
བདུན་པ། འཁྱུད་པ། བརྒྱད་པ། ཡཀྴ། དགུ་པ་ཟིལ་སྐོར་གྱི་གར་འཆམ་ཕྱེད་ཙམ་ནས་གཡས་གཡོན་གཉིས་ནས་ཤོག་སྦག་གི་སྒྲའི་ཁྲོད། བཅུ་པ་གིང་ཆེན་ཕོ་མོ་བཅུ་དྲུག་སྟེ།ཕོ་གིང་དཀར་པོ་རྣམས་གཡས་དང་མོ་གིང་དམར་པོ་རྣམས་གཡོན་ནས་ལུག་གུ་རྒྱུད་དུ་རྒྱུགས་ཏེ་ལེ་ཚན་རིམ་པ་རྣམས་ཀྱི་མཐར་ནོར་བུ་པང་ལེན་དང་ཁྲོམ་རྒྱུགས་ཅུང་ཟད་བྱས་ནས་རྔ་དང་།རྔ་སྐུལ།རུ་དར་བཅས་བཞག་སྟེ་སོ་སོའི་ལུས་རྩལ་གྱིས་རྐང་ལག་ས་ལ་རེས་ཀྱིས་བཙུགས་ཏེ་འཕག་མཆོང་ངང་ལོག
བཅུ་གཅིག་པ།ཚེ་རིང་རྣམ་དྲུག་ལ།ཕྲེད་གླིང་གཏོང་མཁན་སྔར་རྒྱ་ནག་གོང་མའི་ཆས་སྤྲས་པ་བཞི་བསྒྲིགས་ཀྱིས་གླིང་བུའི་གདངས་དབྱངས་དང་བསྟུན།དང་པོ་མི་ཚེ་རིང་ཕྱག་གཡས་རླུང་གཡབ་དང་གཡོན་ཤིང་འབྲས་ཀྱི་ཟ་མ་ཏོག་བསྣམས་པ།ཧ་ཕྲུག་རྨ་བྱའི་གདུགས་དང་དཀར་ཡིལ་བུམ་པ་ཐོགས་པ་གཉིས་བཅས་སྐུ་འཁོར་གསུམ་དལ་བུའི་སྒོ་ནས་ཐོན་ཏེ་རྡོ་རིང་ལ་བསྐོར།དེ་ནས་རྟེན་འབྱུང་གི་ཆེད་དུ་རྒྱལ་བའི་དབང་པོའི་འཆམ་གཟིགས་ཁང་དུ་མཇལ་ཕྱག་ཏུ་བཅར། སླར་རྡོ་རིང་གི་མདུན་དུ་ཞལ་ཕོ་བྲང་ལ་ཕྱོགས་ཏེ་བཞེངས། གླིང་བུ་བསྟུན་ནས། བྱ་ཚེ་རིང་དང་། ཤྭ་བ་ཚེ་རིང་། ཤྭ་ཕྲུག་གཉིས། རྨ་བྱ་གཉིས་བཅས་ཐོན་ཏེ་ཞི་དལ་ལྷོ་གསུམ་གྱི་སྒོ་ནས་མཐའ་བསྡུས། དེ་ནས་ཤོག་སྦག་གི་སྒྲའི་ཁྲོད་དུ་རྒྱ་སེང་དོན། གནམ་མཆོངས། འཁྲབ་རྒྱུགས། མགོ་འཁྱེར་དང་མཇུག་འཁྱེར་སྒལ་རིལ་གྲུ་གུ་ནམ་མཁར་འཕངས་པ་ཁ་ཡིས་བླངས་པ་སོགས་ལུས་རྩལ་སྣ་ཚོགས་ཀྱི་རྩེད་སྣ་དང་། རྒྱ་རྣམས་ཀྱིས་རྒྱུག་པ་རིང་པོ་ཕྲེད་ལ་བཟུང་པའི་སྟེང་བྱ་མཁན་རྩེ་བ་དང་། དབྱུགས་སྐོར་དབྱུགས་སྤྲོད། དབྱུགས་མཆོངས་སོགས་ཀྱི་རྩེད་སྣ་རྣམས་གྲུབ་རྗེས་རྒྱ་ནག་གོང་མ་ཆེན་པོ་དཔོན་ཉམས་དང་ལྡན་པའི་སྒོ་ནས་དལ་གྱིས་ཕེབས་རྗེས། སྔར་མིང་གོང་མའི་དུས་སུ་རྒྱལ་མཆོག་ཀརྨ་པར་གོང་མ་ཆེན་པོ་རྒྱལ་བློན་རྣམས་ནས་དད་གུས་ཇི་ལྟར་མཚད་པ་བཞིན་རྒྱ་ལུགས་ཀྱི་གུས་འདུད་རིམ་པ་རྣམས་ཆ་ཚང་ཞིས་རྗེས་རྒྱ་སེང་དང་བཅས་པ་ཕྱིར་ལོག དེ་ནས་དུད་ཆེན་བཞི་དང་རྒྱ་གླིང་བཞིས་སྙན་གསན་འབུལ་མཐར་གུ་རུ་མཚན་བརྒྱད་ཀྱི་སེར་སྤྲེང་རྣམས་རིམ་པར་འཆམ་རར་ཕེབས། དེ་རྗེས་རྒྱའི་རོལ་ཆ་རིགས་བཅུ་དྲུག་གི་འབུད་དཀྲོལ་བ་རྣམས་རང་རང་ཆས་གོས་ཀྱིས་བཀླུབས་ཏེ་རོལ་ཆ་དྲ་བ་མའི་བཀོད་འདོམས་འོག་སྙན་གསན་དལ་འབྲིང་འབྲེལ་བ་བཅས་ངོ་སྤྲོད་དང་སྒྲིགས་དགོས། དེ་ནས་རྒྱལ་ཆེན་བཞི་ལས་སྔོན་མ་གཉིས་དང་། སྦྱིན་བདག་དགེ་བསྙེན་ཧ་ཤང་ལ་ཧ་ཕྲུག་ཆུང་ངུ་བཞི་བསིལ་གཡབ་དང་། མེ་ཏོག་ཆུན་པོ། རོལ་ཆུང་བཅན་ཐོགས་པ་རྣམས་རིམ་པར་བྱོན།
བཅུ་གཉིས་དེ་རྗེས་གུ་རུ་བཚན་བརྒྱད་ཕེབས་པའི་ཐོགམར་སེང་གེ་སྒྲ་སྒྲོགས། དེ་ནས་རིམ་བཞིན་མཚན་བརྒྱད་རྣམས་གོ་རིམ་བཞིན་ཕེབས། སེང་གེ་སྒྲ་སྒྲོགས་དང་རྡོ་རྗེ་གྲོ་ལོད་རྣམ་གཉིས་དགའ་བ་ཡོངས་འགྱུར་གར་གྱི་སྟངས་སྟབས་དང་བཅས་སེར་སྤྲེང་གི་ནས་ནང་དོན་ཏེ་བྱོན། བཀའ་དྲིན་ཅན་གྱི་གསོལ་འདེབས་པ་བཅུ་དྲུག་རིགས་ལྔ་ཐོར་ཚུགས་གདུང་མ་དང་སྟོད་བྷེ་གོས་པང་རུས་རྒྱན་སོགས་ཀྱིས་བརྒྱན་ཏེ་ཌཱ་དྲིལ་དཀྲོལ་བཞིན་བྱོན། ཁྲོ་བ་གཉས་ཀྱི་གར་འཆམ་རྡོ་ར་འཁོར་བ་དང་གུ་རུ་ཡབ་ཡུམ་རོལ་ཁང་གི་མདུན་ནས་ཞལ་ཤར་དུ་གཟིགས་ནས་བཞུགས། གཞན་རྣམས་ཀྱང་རང་རང་གི་ཁྲིའི་ཤིང་སྟེང་དུ་གཙོ་བོ་གུ་རུ་ཡབ་ཡུམ་གྱི་གཡས་གཡོན་ནས་ཕན་ཚུན་ཞལ་སྤྲོད་ཐོག་སྐུ་རྒྱབ་ཏུ་རྨ་བྱའི་སྒྲོ་གདུགས་དང་བཅས་གྲལ་ལ་འཁོད། བཀའ་དྲིན་ཅན་གྱི་གསོལ་འདེབས་པ་རྣམས་མཚན་བརྒྱད་ཀྱི་སྤྱན་སྔར་ཟླ་ཚེས་ལྟར་འཁོད་དེ་ཌཱ་དྲིལ་དཀྲོལ་ཞིང་གར་འཆམ་དང་བཅས་དབྱངས་རྟ་སྙན་པོས་གུ་རུའི་སྐུ་གསུང་ཐུགས་ལ་བསྟོད་པ་འབུལ།
བཅུ་གསུམ་དཔའ་བོ་བཞི་ཞལ་འབག་སྙན་གཤོག་དང་སྟག་གཤམ། ཕྱགས་མཚན་ཌཱ་དྲིལ་བསྣམས་ཤིང་གུ་རུའི་སྐུ་གསུང་ཡོན་ཏན་འཕྲིན་ལས་ལ་རབ་ཏུ་བསྟོད་པའི་གར་ནོར་བུ་དགའ་འཁྱིལ་གྱི་སྟངས་སྟབས་སོགས་ཀྱིས་རིམ་པར་གྲུབ།
བཅུ་བཞི་པ། དཔའ་མོ་སྟེ་བཙུན་ཆུང་ལྔས་ཕྱག་མཚན་རྔ་ཆུང་དང་བཅས་ཕྲེང་གླིང་བཞིའི་རྟ་དབྱངས་དང་བསྟུན་ནས་རྡོ་ར་འཁོར། དེ་ནས་རྔ་སྟེང་བརྡུང་འོག་བརྡུང་སོགས་ཀྱིས་གུ་རུའི་གསོལ་འདེབས་ཀྱི་དབྱངས་རྟ་སྙན་འཇེབས་ཕྲ་ལ་རིང་བའི་འགྱུར་ཁུག་སྐྱོ་ཤས་འཕེལ་བའི་མཐར། ལོག་འཆམ་ཤང་ཤང་འགྲོས་ཀྱིས་རེ་རེ་བཞིན་མཐའ་བསྡུས།
བཅོ་ལྔ་པ། ལྷ་དབང་བརྒྱ་སྦྱིན་གཞུང་སྒོའི་ཡོལ་བ་ནས་པི་ཝང་སྐུལ་ཞིང་གཡས་སུ་ལྷའི་བུ་མེ་ཏོག་གི་བུམ་པ་བཟུང་བ་དང་། གཡོན་དུ་ལྷའི་བུ་མོ་མེ་ཏོག་སིལ་མའི་སྣོད་བཟུང་བ་རྣམས་དལ་བུར་ཐོན། ཧ་ཤང་ཧ་ཕྲུག་བཅས་གདན་ལས་བཞེངས་ཏེ་གུས་འདུད་དང་བཅས་རང་གནས་སུ་བཞུགས། དེ་ནས་བརྒྱ་སྦྱིན་གྱིན་ཏམ་བུ་རའི་སྒྲ་དང་ལྷན་ཅིག་ཏུ་གུ་རུའི་སྐུ་གསུམ་གྱི་ངོ་ངོར་བསྟོད་དབྱངས་ཕུལ་ཏེ་མེ་ཏོག་ཐོར་མཐར་ཕྱིར་ལྡོག
བཅུ་དྲུག་པ།གུ་རུ་མཚན་བརྒྱད་རྣམས་རང་རང་གི་ཁྲི་ལས་བཞེངས་ཏེ་བསྟོད་ཚིག་དང་བསྟུན་ནས་གར་འཆམ་མཛད་མཐར་སེར་སྦྲེང་རྣམས་རིམ་པར་བསྡུས། རྡོ་རྗེ་གྲོ་ལོད་ཀྱིས་ཐོག་དྲངས་མཚན་བརྒྱད་རྣམས་རིམ་བཞིན་ཕེབས། སེང་གེ་སྒྲ་སྒྲོགས་ཀྱིས་དགའ་བ་ཡོང་འགྱུར་ལན་གསུམ་ནས་རྒྱལ་ཆེན་བཞི་ལས་སྔ་མ་གཉིས་དང་བཅས་འདུ་ཁང་དུ་བསྡུས། དེ་རྗེས་བཀའ་དྲིན་ཅན་གྱི་གསོལ་འདེབས་པ་རྣམས་རང་རང་གི་གྲལ་ནས་བཞེངས་ཏེ་ཌཱ་དྲིལ་དཀྲོལ་ཞིང་རྒྱལ་ཆེན་ཕྱི་མ་གཉིས་རྣམ་ཐོས་སྲས་ཀྱི་རྗེས་ནས་མཐུད་དེ་འཆམ་ཁང་དུ་ལྡོག
བཅུ་བདུན་པ། དཔལ་ལྡན་ཞིང་སྐྱོང་དབང་བོའི་གར་འཆམ་སྤོས་སྣེ་སྤོས་ཕོར། རྒྱ་གླིང་སོགས་གོང་བཞིན་སྣེ་དྲངས། ཐོག་མར་ཞིང་སྐྱོང་ཡབ་དང་། བམ་གཅིག་(སྤྲེའུ་)དེ་རྗེས་ཞིང་སྐྱོང་ཡུམ་དང་བམ་གཅིག སེང་ཞལ་རུ་དར་དང་བཅས་རིམ་པར་ཐོན་ཏེ་རྡོ་ར་འཁོར་བ་དང་། པད་རོལ་སྐྱུར་གསུམ་དང་། གཏོར་ངོམ། མདུང་ངོམ། རུ་རྡབ་གཏོར་ཟོར་སོགས་དྲག་པོའི་གར་གྱི་སྟངས་སྟབས་རིམ་པར་གྲུབ་རྗེས་རིམ་བཞིན་འཆམ་ཁང་དུ་བསྡུས། དེ་རྗེས་རོལ་ཁང་ནས་ཆོ་གའི་རྗེས་ཀྱི་རིམ་པ་རྣམས་གསུངས་ཏེ་ཚེས་བཅུ་ཆེན་མོའི་སྒྲུབ་མཆོད་དང་ལས་མཐའི་རྡོ་རྗེའི་གར་འཆམ་དང་བཅས་པ་ཡོངས་སུ་གྲུབ་པའོ།།
ཚེས་བཅུ་གཅིག་ཉིན་གོས་སྐུ་ཁམས་གསུམ་ཟིལ་གནོན་གྱི་ཞག་འབྱེད་སྐོར་ལ།སྤྱིར་དར་གོས་ལས་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་པའི་སྲོལ་འདི་ནི་ཐོག་མར་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་སྐབས་གོང་མའི་དཔོན་མོ་པུ་སྤུ་ད་རིའི་རྨི་ལམ་དུ་ངསང་རྒྱས་ཀྱི་སྐུ་བ་དན་ཡང་དབེན་འདི་དང་མཉམ་པ་ཞིག་བཞེངས་དགོས་པའི་ལུང་བསྟན་ལྟར་རྗེ་ཉིད་ཀྱིས་སྐུ་རྒྱུའི་རིན་བཅུ་ཆ་གཅིག་དང་། བཞེངས་ཐབས་ཀྱང་ཐང་ཆེན་ཆེན་པོ་ལ་རྡོ་དཀར་གྱི་བཅད་མཛད་ནས་དཔེ་རིས་ཕྱག་བཀོད་གནང་བའི་དཀྱིལ་དུ་སྟོན་པའི་སྐུ་དང་། གཡས་གཡོན་གཉིས་སུ་བྱམས་པ་དང་འཇམ་དཔལ་གཉིས་ཡོད་པའི་གོས་སྐུ་ཆེན་མོ་མཛོ་རྒྱབ་ཉི་ཤུ་རྩ་བཞི་ཡོད་པ་དེ་དཔོན་མོ་ནས་རྗེ་ཉིད་ལ་འབུལ་བར་མཛད། དེའི་ལྡེམ་གཅིག་འབྲི་གུང་ལ་གནང་། ལྡེམ་གཅིག་ཀོང་རྩེ་ལ་སྒང་དུ་བཞུགས། གཙོ་བོ་དོ་སུམ་སུ་སོ་གཉིས་ཡོད་པ་དེ་ཀོང་པོ་ཞོ་ཁར་བཞུགས་པ་སོགས་དུས་དེ་ནས་བོད་དུ་གོས་སྐུ་བཞེངས་པའི་སྲོལ་དར་བ་ཡིན་འདུག གོང་གསལ་གོས་སྐུ་དེ་དག་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་ཙམ་ཀར་སྲིད་ལ་ཉམས་གུད་བྱུང་བའི་སྐབས་མི་མ་ཡིན་གྱི་འགྲོ་དོན་ལ་ཕེབས་པར་གྲགས། ཕྱིས་སུ་གོས་སྐུ་མཐོང་ར་རང་གྲོལ་འཛམ་གླིང་རྒྱན་ཞེས་པ་འདི་ལ་དབུས་སུ་གཙོ་བོར་སྟོན་མཆོག་ཤཱཀྱའི་རྒྱལ་པོ། གཡས་གཡོན་གཉིས་སུ་མཆོག་ཟུང་ཤཱ་རིའི་བུ་དང་མོའི་འགལ་གྱི་བུ་བཅས་སྟོན་པ་གཙོ་འཁོར་གསུམ་དང་། དབུ་ཀླད་དུ་ཆོས་སྐུ་ཡུམ་ཆེན་མོ། གཡས་སུ་སངས་རྒྱས་གཉིས་པ་གུ་རུ་པད་མ་འབྱུང་གནས། གཡོན་དུ་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི། ཞབས་ལོགས་དཀྱིལ་དུ་བསྟན་སྲུང་མགོན་པོ་བེར་ནག་ཅན་དང་གཡས་སུ་ལྷ་མོ་རང་བྱུང་རྒྱལ་མོ། གཡོན་དུ་དམ་ཅན་མགར་བ་ནག་པོ་བཅས་གཙོ་འཁོར་རྣམས་ཀྱི་སྐུ་བྱོན་ཤིན་ཏུ་ལེགས་ཤིང་རྒྱན་གོས་རྒྱ་གཙང་ཞེ་གཅིག་ལས་གྲུབ་པ་ལ་ཟ་འོག་ཚོན་ཁྲའི་གོང་གཤམ་དང་། སྨན་རྩེའི་ཞལ་ཁེབས་བཅས་ཆ་ཚང་ལ་རིང་ཚད་ལ་སྤྱི་ཁྲེ་བརྒྱ་དང་བཞི་བཅུ་ཞེ་བཞི་དང་། ཞེང་ཚད་ལ་སྤྱི་ཁྲེ་སུམ་ཆུ་སོ་གཉིས་ཡོད་པ་དེ་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་སྐྱ་བྲིས་དང་ཞལ་བཀོད་སོགས་མཛད་ནས་བཞེངས་པར་གྲགས་པ་བྱིན་རླབས་གཟི་བརྗིད་ཀྱི་མཚན་ཁ་འབར་བ་དེ་དག་ལོ་བཅུའི་གོད་ཆག་གི་ཁྲོད་དུ་འབྱུང་བཞིའི་མངལ་དུ་ཐིམ་ཟིན་ཀྱང་། བར་ལམ་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་ཐུགས་རྗེའི་འཛུམ་ཞལ་གདན་ས་འདི་ཉིད་དུ་ཕྱོགས་ཏེ། དགོན་མ་ལག་དང་བཅས་པ་ཞིག་གསོ་མཛད་པ་དང་སྦྲག་སྒར་ཆེན་རྟེན་གཙོ་ཕྱི་འདོན་བཞིའི་ཡ་གྱལ་གོས་སྐུ་ཆེ་མོ་འདི་ཡང་བསྐྱར་གོས་ཞུས་ཐུབ་པ་བྱུང་ཡོད། དེ་ཉིན་བཀྲ་ཤིས་ཁྲ་རིང་ལ་སོགས་པའི་ཆོས་རྫས་ལྡ་ལྡིའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རིམ་པར་བསྒྲེངས་ཐོག འདུ་ཁང་ནས་སྤོས་སྣེ་དང་རོལ་མོ་སོགས་ཀྱི་སེར་སྦྲེངས་དང་བཅས་གོས་སྐུ་ཆེན་མོ་དགེ་འདུན་ཚོགས་མང་གི་ཕྲག་སྟེང་དུ་གདན་ཞུས་ཀྱིས་ཐང་རའི་དབུ་རྩེར་ཕེབས་པ་དང་རིམ་བཞིན་ཞལ་འབྱེད་མཛད་དེ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་མཇལ་པ་ལྷོད་སྨིན་དང་། འདབས་སུ་དགེ་འདུན་ཚོགས་མང་ནས་འཁྲུལ་གསོལ་རབ་གནས་ལ་སོགས་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་རྒྱན་མཐར། ཡང་ཡང་སེར་སྦྲེངས་རྣམས་ཀྱིས་མཐའ་རྒྱན་མཐར། ཡང་ཡང་སེར་སྦྲེངས་རྣམས་ཀྱིས་མདུན་བསུས་ཏེ་གོས་སྐུ་ཆེན་མོ་སྒར་ཆེན་འདུ་ཁང་དུ་གདན་ཞུས་ཏེ་མཛད་སྒོ་གྲུབ། ཚེས་བཅུ་གཉིས་ཉིན་རྒྱལ་མཆོག་ཀརྨ་པ་ཆེན་པོ་སྒར་ཞུགས་ཡོད་ཚེ་རྗེ་ཅན་ཞིག་ཀྱང་བསྩལ་གྱི་ཡོད། གལ་ཏེ་རྒྱལ་དབང་མཆོག་ཞབས་སོར་གཞན་དུ་འཁོད་ཚེ། བབ་ཡོད་ཀྱི་བླ་སྤྲུལ་གང་རུང་ཞིག་གིས་གོང་གསལ་བཀའ་དབང་དེ་དག་གནང་ནས་སྒར་ཆེན་ཚེས་བཅུ་ཆེན་མོའི་མཛད་སྒོ་ཡོངས་རྫོགས་ཞེགས་གྲུབ་ཟིན་ཏེ་འདབ་མ་རྒྱས་པའི་མེ་ཏོག་ལ་སྦྲང་བུའི་འདུ་འགོད་ཀྱིས་དྲན་པ་ལྟར་གྱི་དད་ལྡན་སྐྱ་སེར་རྣམས་ཀྱང་རྟ་གཡག་རླངས་འཁོར་ལ་སོགས་རང་མཁོའི་འགྲིམ་འགྲུལ་ལ་བརྟེན་ནས། དད་གུས་སྤྲོ་གསུམ་གྱི་ངང་གཤེགས་པ་སོགས་མདོར་ན་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་འདི་ནི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་འདི་ལགས་སོ།།
ཞུ་དག་པ་རྡེའུ་དཀར་ནག་ཡིན།